བླ་བྲང་རིག་གནས་རྟེན་གཞི་བྱས་པའི་འབེལ་དཀར་ཐང་གའི་སྒྱུ་རྩལ་པེ་ཅིང་དུ་འགྲེམས་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-11



           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཐང་ག་ནི་སྤོ་སྒུལ་ཐུབ་པའི་ལྡེབས་རིས་ཏེ། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་མངོན་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དང་མཛེས་རྟོག་ལྟ་བ་འདུས་ཡོད། ཉེ་ལམ་“འབེལ་དཀར་སྤུས་ལེགས་ཐང་གའི་སྒྱུ་རྩལ་གཟིགས་རྟོག་འགྲེམས་སྟོན་”པེ་ཅིང་དུ་གཉེར་བ་དང་། འགྲེམས་སྟོན་ནི་འབེལ་དཀར་རིག་གནས་རྒྱུན་འཛིན་དར་སྤེལ་བཤམས་སྟོན་གླིང་ཚད་ཡོད་ཀུང་སི་དང་པེ་ཅིང་གྲོང་ཁྱེར་སྤྲོ་སྐྱིད་གླིང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས།
འབེལ་དཀར་ཐང་གའི་སྒྱུ་རྩལ་བརྩམས་ཆོས། གཡོན་ནས་གཡས་བར་སྤྱན་རས་གཟིགས་ཕྱག་བཞི་པ་དང་ཤཱཀྱ་ཐུབ་པ། འཇམ་པའི་དབྱངས།
“འབེལ་དཀར་སྤུས་ལེགས་ཐང་གའི་སྒྱུ་རྩལ་གཟིགས་རྟོག་འགྲེམས་སྟོན་”གྱི་ཡུལ་དངོས།
           འབེལ་དཀར་ཐང་གའི་སྒྱུ་རྩལ་རིག་གནས་ཀྱིས་“འཛམ་གླིང་བོད་རིག་པའི་གླིང་”དུ་འབོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་ལོ་རྒྱུས་ཀྱི་ཐོན་ཁུངས་ཟབ་མོ་རྟེན་གཞི་བྱས་ཏེ། གྲུབ་མཐའ་རིས་མེད་རིང་ལུགས་པའི་རིག་སྒྲ་ཐང་གའི་སྒྱུ་རྩལ་དར་སྤེལ་དམིགས་གཞིར་བཟུང་ཞིང་། ཕྱོགས་ཡོངས་ནས་སྔོག་འདོན་དང་ལེགས་སྒྲིག སྲུང་སྐྱོང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དར་སྤེལ་གཏོང་བ་དམིགས་ཡུལ་གཙོ་བོ་ཡིན། འབེལ་དཀར་ཐང་གའི་སྨྱུག་ཁ་ཞིབ་ཅིང་ཕྲ་ལ་བྲིས་ཆ་ལྷུག་པོ། ཐིག་རྩར་མཉེན་ལྕུག་ཆེ་ཞིང་ཐིག་རིས་གསལ་བ། མི་སྣའི་སྣང་བརྙན་ཞིབ་ཅིང་ཕྲ་ལ་གསོན་ཉམས་ལྡན་པས་ཟིང་ཟིང་དང་བྲལ་བའི་ཉམས་སྣང་ཁྲོད། ཡི་གེས་འགྲེལ་བརྗོད་མི་དགོས་པར་ཐོག་མའི་བསམ་འདུན་གྱི་སྟབས་བདེ་རིང་ལུགས་ཀྱི་བསམ་བློ་དང་ཀུན་ལས་འཕགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཐད་ཀར་མངོན་ཡོད།
           འབེལ་དཀར་ཐང་གའི་སྒྱུ་རྩལ་དྲིལ་བསྒྲགས་བརྙན་ཐུང་ལ་བལྟས་རྗེས། གཙོ་གཉེར་ཕྱོགས་ཀྱིས་འབེལ་དཀར་བཤམས་སྟོན་གླིང་གི་རིག་གནས་རྒྱབ་ལྗོངས་དང་། བཤམས་སྟོན་གླིང་གིས་གསར་རྩོམ་གནང་བཞིན་པའི་ཚོན་རིས་སྒྱུ་རྩལ་ཞལ་ཐང་ཆེན་མོ། འབེལ་དཀར་ཐང་གའི་འབྱུང་ཁུངས་དང་སྒྱུ་རྩལ་པ་རྒན་གྲས་ཀྱི་ངོ་སྤྲོད་མདོར་བསྡུས། འབེལ་དཀར་ཐང་གའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་རིན་ཐང་བཅས་ནང་དོན་ཕྱོགས་བཞི་ནས་འབེལ་དཀར་ཐང་གའི་སྒྱུ་རྩལ་སྤུས་རྟགས་ཀྱི་རིན་ཐང་ངོ་སྤྲོད་བྱས།
དགེ་རྒན་ཆེན་མོ་ཉིང་ཆིང་གིས་གཟིགས་རྟོག་ཚོགས་འདུ་གཙོ་སྐྱོང་གནང་།
མགོན་པོ་རྣམ་རྒྱལ་གྱིས་ཡུལ་དངོས་སུ་གཏམ་བཤད་གནང་།
ཚོགས་ཞུགས་སྐུ་མགྲོན་ཚོས་འབེལ་དཀར་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་རྟོག་གནང་།
           འགྲེམས་སྟོན་ཐོག སྐུ་མགྲོན་60ལྷག་གིས་མཉམ་དུ་འབེལ་དཀར་རིག་གནས་རྒྱུན་འཛིན་དར་སྤེལ་བཤམས་སྟོན་གླིང་གི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་ལ་གཟིགས་རྟོག་བྱས་ཏེ། འབེལ་དཀར་ཐང་གའི་སྒྱུ་རྩལ་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་འབྲེལ་བློར་འབབ་པའི་བརྩམས་ཆོས་བླུས། དུས་མཚུངས་སུ་འབེལ་དཀར་རིག་གནས་རྒྱུན་འཛིན་དར་སྤེལ་བཤམས་སྟོན་གླིང་ཚད་ཡོད་ཀུང་སི་དང་ཚོགས་ཞུགས་སྐུ་འགྲོན་རྣམས་ཀྱི་ལྟ་ཚུལ་གཅིག་མཐུན་གང་ལེགས་བྱུང་སྟེ་མ་འོངས་པར་སྔར་བས་མཉམ་ལས་བྱེད་པའི་ཇུས་གཞི་གཏན་འཁེལ་བྱས། གཅིག་ནི་འབེལ་དཀར་ཐང་ག་དུས་བཅད་ལྟར་ཨ་མེ་རི་ཁ་གླིང་ཆེན་བྱང་མར་འགྲེམས་སྟོན་བྱེད་པ། གཉིས་ནས་ཟླ་10པའི་ཟླ་སྨད་དུ་ཀྲུང་གོའི་ཡིད་རྟོན་དངུལ་ཁང་སྒེར་གྱི་དངུལ་ཁང་གི་ལྟེ་གནས་སུ་འགྲེམས་སྟོན་བྱ་རྒྱུ་ཐག་བཅད། གསུམ་ནི་ཟླ་11པའི་ཟླ་འགོར་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འགྲེམས་སྟོན་བྱ་རྒྱུ་ཐག་བཅད།
           འབེལ་དཀར་རིག་གནས་རྒྱུན་འཛིན་དར་སྤེལ་བཤམས་སྟོན་གླིང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོངས་སུ་ཡོད། བོད་རིག་པ་འཕེལ་རྒྱས་རྨང་གཞིར་བྱས་ཏེ་བླ་བྲང་རིག་གནས་དར་སྤེལ་གཏོང་བ་སྲོག་ཤིང་དང་། ཁྱོན་ཡོངས་ནས་འབེལ་དཀར་རིག་གནས་རྒྱུན་འཛིན་དར་སྤེལ་བཤམས་སྟོན་གི་རྣམ་གྲངས་ཆེན་པོ་དྲུག་ལག་བསྟར་བྱེད་པ་དང་། བོད་ཀྱི་རིག་གནས་འབྲེལ་ཡོད་ཐོན་ལས་གསར་སྤེལ་དང་གསར་གཏོད་བྱེད་བཞིན་ཡོད། མིག་སྔར་“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀན་ལྷོའི་བོད་རིགས་ཐང་ག་རྒྱུན་འཛིན་དང་སྲུང་སྐྱོང་རྟེན་གཞི་”དང་“ཀན་སུའུ་ཞིང་ཆེན་རིག་གནས་ཚོང་འདུས་ཐོན་སྐྱེད་རྟེན་གཞིའི་”ཆོག་མཆན་ཐོབ་ཡོད།
           གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ནས་འགོ་ཚུགས་ཏེ། དེ་བས་ལེགས་པའི་བརྩམས་ཆོས་གསར་རྩོམ་བྱེད་པར་བརྩོན་ལེན་དང་། འབེལ་དཀར་ཐང་གའི་སྤུས་རྟགས་རིན་ཐང་རིམ་གྱིས་གོང་དུ་གཏོད་ནས་ཐུན་མོང་མ་ཡིན་པའི་ཀན་ལྷོ་བླ་བྲང་གི་རི་མོའི་ཉམས་འགྱུར་ལྡན་པའི་ཐང་གའི་སྒྱུ་རྩལ་རིམ་བཞིན་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུ་ཡིན།
 
འབེལ་དཀར་དངུལ་བྲིས་ཐང་ག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།
 
འབེལ་དཀར་ཐང་གའི་སྒྱུ་རྩལ་བརྩམས་ཆོས། གཡོན་ནས་གཡས་བར་ཛམ་ལྷ་རིགས་བརྒྱད། དཔལ་ལྡན་ལྷ་མོ། རྟ་མགྲིན་མགོན་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1