སི་ཁྲོན་གྱི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པར“གཉིས་གཏོད”ཀྱི་གསོན་ཤུགས་གསར་པ་མངོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-16



     འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཡུས་གོ 
     སྟོན་མཇུག་ཏུ་སི་ཁྲོན་ཐུང་ཅང་རྫོང་ཤིན་ལུང་ཤང་ཡུས་ཤིས་གྲོང་ཚོའི་ལས་གཏོད་དཔེ་སྟོན་གླིང་དུ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་པ་དང་ཆུ་རིས་ཤིག་ཤིག་གི་དེང་དུས་ཉ་ལས་རྟེན་གཞིར་ཡུལ་སྐོར་བ་རྒྱུན་ཆད་མེད་པར་་ཡོང་ནས་བག་ཕེབས་ངང་ཉ་འཛིན་པ་དང་། རྩེད་འཇོར་རོལ་བ། པར་ལེན་པ་སོགས་ཅི་དགར་རོལ་བཞིན་ཡོད་པ་དང་། དེ་དང་བར་ཐག་མི་རིང་བའི་ཁུལ་དུ་རིག་གནས་ཐོན་ལས་རྣམ་གྲངས་བྲེལ་བརྩོན་ཆེན་པོས་ཨར་སྐྲུན་བྱེད་བཞིན་ཡོད་པ་དེ་ནི་སི་ཁྲོན་གྱི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་བསྡུས་རིས་ཤིག་རེད། ད་ཕན་ལོ་ཤས་རིང་པཱ་ཧྲུའུ་ཡི་ས་གཞི་ཆེ་མོར་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད།
     སི་ཁྲོན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་ཁུར་བས་གསར་འགོད་པར་འདི་ལོའི་ཟླ་9པའི་ཟླ་མཇུག་བར་སི་ཁྲོན་ཞིང་ཆེན་ཡོངས་སུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་མི་གྲངས་ཁྲི་4.9འཕར་བ་དང་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་ཁེ་ལས་ཁྲི་1.2མང་དུ་ཕྱིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་50.94བྱུང་བ་དང་མི་ཁྲི་13.16ལས་ཞུགས་ལ་བསྡུས་ཡོད་ཅེས་བཤད་པ་རེད།
     རྟེན་གཞི་སྣེ་འདྲེན་དུ་བྱས་ནས་ལས་རྣམ་གསར་པར་ཁྲིད་སྟོན་བྱས་ཤིང་། མིག་སྔར་སི་ཁྲོན་ཀྲུང་ཅང་རྫོང་ཕུའུ་ཤིན་གྲོང་རྡལ་དབྱིན་པའོ་གྲོང་ཚོའི་ཏུང་ཏུང་ཤིང་འབྲས་ཀྭ་ལོའུ་མཉམ་ལས་ཁང་གི་ཀྭ་ལོའུ་འདེབས་འཛུགས་རྟེན་གཞིར་བྲེལ་བརྩོན་གྱི་རྣམ་པས་ཁེངས་པ་དང་དུད་ཚང་དབུལ་པོའི་གྲོང་མི་ལིའུ་ཅིས་ཧྭ་དང་གྲོང་མི་གཞན་དག་ཚོས་ཞིང་ནང་དུ་སེར་ཐིང་ཐིང་གི་ཀྭ་ལོའུ་འཐུ་བཞིན་ཡོད། ལིའུ་ཅིས་ཧྭ་ཡིས“དེ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན”པ་དང“རྟེན་གཞིར་ལོ་གཅིག་ལས་ཀ་བྱས་ཚེ་ཉུང་མཐར་ཡང་ཡོང་འབབ་སྒོར་བཞི་སྟོང་ལྔ་སྟོང་ཙམ་ཡོང་གི་ཡོད”ཅེས་བཤད།
     རྟེན་གཞི་དེའི་སྣེ་ཁྲིད་པ་ནི་དབྱིན་པའོ་གྲོང་ཚོའི་ལོ་43ལ་སླེབས་པའི་གྲོང་མི་ཝང་ཁའེ་ཏུང་ཡིན་ཞིང་། ཁོང་གིས་ཀོང་ཏུང་སོགས་སུ་ལོ་13རིང་གླ་པ་བྱས་པ་དང་ཀྭ་ལོའུ་འདེབས་འཛུགས་ལག་རྩལ་དང་ཁྲོམ་རའི་འཁོར་རྒྱུག་བྱེད་སྟངས་སློབ་སྦྱོང་བྱས། ལོ་ཤས་གོང་ཕ་ཡུལ་དུ་ལོག་ནས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་ཀྭ་ལོའུ་འདེབས་འཛུགས་རྟེན་གཞི་གསར་སྐྲུན་བྱས་པས་གྲོང་ཚོའི་ནང་གསར་དར་ཐོན་ལས་བྱུང་ཡོད། མིག་སྔར་མཉམ་ལས་ཁང་གིས་ཧྲེ་ཡོན་དུད་ཚང་190ལྷག་ཙམ་འཕེལ་རྒྱས་བཏང་ནས་ཀྭ་ལོའུ་རྟེན་གཞི་མུའུ་6000ལྷག་ཙམ་བསྐྲུན་པ་རེད།
     ཏེ་དབྱང་གྲོང་ཁྱེར་ལུའོ་ཅང་ཆུས་ཏེའོ་ཡོན་གྲོང་རྡལ་ཧྲུན་ཧོ་གྲོང་ཚོའི་གྲོང་མི་དབྱང་ཧུང་ཅུན་གྱིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་སྲིད་ཇུས་ཇེ་ཡག་ཏུ་ཕྱིན་པར་བརྟེན་ཕྱི་ཕྱོགས་སུ་ལོ་བཅུ་གྲངས་ཁ་ཤས་འབད་འབུངས་བྱས་ནའང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་སེམས་ཐག་བཅད་པ་ཡིན”ཞེས་སྙིང་གཏམ་བཤད་པ་དང་ལོ་3རིང་དབྱང་ཧུང་ཅུན་གྱིས་ས་ཞིང་མུའུ་2500ལྷག་ཙམ་འགན་གཙང་བླངས་ནས་གཡེར་མའི་རྟེན་གཞི་བསྐྲུན་པ་རེད།
     གྲོང་ཚོའི་དུད་ཚང་དབུལ་པོ་40ལྷག་ཙམ་གྱིས་ལོ་ལྟར་གཡེར་མའི་གླིང་དུ་གླ་པ་རྒྱུག་པ་དང་གཡེར་མ་འཐུ་རིང་གྲོང་ཚོ་དེ་རང་དང་ཉེ་འཁོར་གྲོང་ཚོའི་གླ་པ་མི་500ལྷག་ཙམ་ཟིན་ནས་ལོ་གཅིག་རིང་ངལ་ནུས་གླ་ཆ་ཁོ་ན་སྒོར་ཁྲི་100ལྷག་ཙམ་སྤྲོད་དགོས་ཀྱི་ཡོད་པ་རེད། ད་ཆ་གཡེར་མའི་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དེའི་དུད་ཚང་དབུལ་པོ་ཚང་མ་2017ལོར་དབུལ་སྒྲོལ་ཐུབ་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་ཡོད་པ་རེད།
     ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་ཅིང་། སི་ཁྲོན་གྱིས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་《ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་སྲིད་ཇུས་དྲིལ་བསྒྲགས་ལག་དེབ་》ཁྲི་10ལྷག་ཙམ་རིན་མེད་ངང་སྤྲད་པ་དང་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་སྐྱེ་ཁུངས་སི་ཁྲོན་ནས་ཡིན་པའི་ཞིང་པ་ལས་མི་གཅིག་སྡུད་ཁུལ་དུ་བསྐྱོད་དེ་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་བཟང་པོ་བཏོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་ཐུང་ཅང་རྫོང་གིས་རིམ་རྩིས་བརྒྱབ་ན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་མི་2700ལྷག་ཙམ་གྱི་ཡིད་དབང་བཀུག་པའི་ནང་ཞིང་པ་ལས་མི་2200ལྷག་ཙམ་ཡོད་པ་དང་ཕ་ཡུལ་དུ་ལོག་ནས་བྱ་གཞག་སྐྲུན་མཁན་གྱི་མ་འཇོག་གཞི་ཁྱོན་ཁྲི་100ཡན་ཟིན་པའི་ཁེ་ལས་400ལྷག་ཙམ་ཡོད་པ་དང་ཁྱོན་མི་ཁྲི་2.16ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་ལས་དུད་ཚང་དབུལ་པོའི་མི་7800ལྷག་ཙམ་ལས་ཞུགས་ཐུབ་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1