གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༡༦ཉིན།

གོ་ལ་ཧྲིལ་པོས་དྲོད་ཚད་ཚོད་འཛིན་ལ་གཞོལ་དགོས་པའི་རེ་འབོད་བྱས་པ།


     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་དབར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དོན་ཨུ་ལྷན(IPCC)གྱིས་ཧན་གོའི་རེན་ཁྲོན་དུ“གོ་ལ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5མཐོ་རུ་ཕྱིན་པའི་དམིགས་བསལ་སྙན་ཞུ”ཁྱབ་བསྒྲགས་བྱས་པ་རེད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་དེ་བཞིན་རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་རྒྱལ་ཁབ་ཁག་གིས་བྱ་སྤྱོད་སྤེལ་ཏེ་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5ནང་ཚུན་དུ་ཚོད་འཛིན་ཐུབ་པའི་འབད་བརྩོན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
    སྙན་ཞུའི་ནང་གལ་ཏེ་དྲོད་ཚད་མཐོ་རུ་འགྲོ་ཚད་དེ་ད་ལྟའི་མྱུར་ཚད་ལྟར་མགྱོགས་སུ་ཕྱིན་ན་སྔོན་རྩིས་བྱས་ན་གོ་ལ་ཧྲིལ་པོའི་དྲོད་ཚད་2030ལོ་ནས་2052ལོ་བར་བཟོ་ལས་ཅན་གོང་གི་ཆུ་ཚད་ལས་ཧྲེ་ཧྲི་ཏུའུ་1.5མཐོ་རུ་འགྲོ་རྒྱུ་རེད། འོན་ཀྱང་གོ་ལ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5ནང་ཚུན་དུ་ཚོད་འཛིན་ཐུབ་ན་མིའི་རིགས་དང་སྣོད་བཅུད་མ་ལག་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་བསྟན་ཡོད།
     ཚེས་8ཉིན་ཀུ་ཐེ་ལེ་སིས་སྤེལ་བའི་གསལ་བསྒྲགས་ནང་གོ་ལ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5ལས་མི་བརྒལ་བའི་དམིགས་ཚད་མངོན་འགྱུར་བྱ་ཆེད། རྒྱལ་ཁབ་ཁག་གིས་ངེས་པར་དུ་ཛ་དྲག་གི་བྱེད་ཐབས་སྤྱད་དེ་2050ལོར་དྲོད་ཁང་རླངས་གཟུགས་འབུད་ཚད་ཉུང་དུ་གཏོང་བའི་འགན་ལེན་བྱེད་དགོས། ཞིབ་ཕྲ་བརྗོད་ན། རྒྱལ་ཁབ་ཁག་གིས་ངེས་པར་དུ་ནགས་ཚལ་གཅོད་མཚམས་འཇོག་པ་དང་ལྗོན་ཤིང་མང་ཙམ་འདེབས་དགོས་པ་དང་། རྫས་འགྱུར་རྡོ་རྒྱུ་སྤྱོད་ཚད་ཉུང་དུ་བཏང་ནས་2050ལོའི་གོང་དུ་རྡོ་སོལ་སྤྱོད་མཚམས་འཇོག་དགོས་པ། རླུང་ནུས་དང་ཉི་ནུས་ཡོ་ཆས་མགྱོགས་མྱུར་སྒྲིག་སྦྱོར་བྱེད་དགོས་པ། གནམ་གཤིས་ལ་ཕན་པའི་རྒྱུན་མཐུད་ཞིང་ལས་ལ་མ་དངུལ་གཏོང་དགོས་པ། ཐཱན་ཚོད་འཛིན་དང་ཉར་ཚགས་སོགས་ཀྱི་ལག་རྩལ་གསར་པ་སྤྱོད་རྒྱུར་བསམ་བློ་གཏོང་དགོས་པ་བཅས་རེད།
     དབྱིན་ཇིའི་ཨའེ་ཁེ་སེ་ཐེ་སློབ་ཆེན་གྱི་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་མཁན་དགེ་རྒན་ཆེ་མོ་བ་ལི་ཁྲ་ཏེ་པེ་ཚེས་སྙན་ཞུའི་ནང་གྲོས་བསྡུར་བྱས་པའི་ཐབས་ལམ་དེ་དག་གི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་ཆབས་ཅིག དབུལ་ཕོངས་དང་ཉམས་ཞན་ཚོགས་སྤྱིའི་གནས་བབ་ཇེ་སྡུག་ཏུ་འགྲོ་བ་འགོག་དགོས། གལ་ཏེ་ང་ཚོས་ཡང་དག་པའི་བྱ་སྤྱོད་མ་སྤྱད་ཚེ་ཕྱིར་བཤོལ་དཀའ་བའི་གནས་སུ་གྱར་སྲིད་ཅེས་བཤད། དབྱིན་ཇིའི་གནམ་གཤིས་འགྱུར་ལྡོག་ཨུ་ལྷན་གྱི་དབུ་བཞུགས་ལག་བསྟར་དཔོན་ཁེ་ལི་སི་སི་ཐ་ཁེས་གོ་ལ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5ནང་ཚུན་དུ་ཚོད་འཛིན་བྱེད་པའི“སྐར་ཁུང”མགྱོགས་མྱུར་དམ་དུ་གཏོང་དགོས་ཞེས་བཤད།
     2015ལོའི་ཟླ་བ་བཅུ་གཉིས་པར་བཞག་པའི་གནམ་གཤིས་འགྱུར་ལྡོག་གི་《ཕ་རི་སིའི་གྲོས་མཐུན་》ནང་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་བཟོ་ལས་ཅན་གོང་གི་ཆུ་ཚད་ཀྱི་འཕར་ཚད་དེ་ཧྲེ་ཧྲི་ཏུའུ་2ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་འབྲེལ་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུར་འབད་དགོས་ཞེས་བསྟན་ཡོད། འཆར་གཞི་ལྟར་ན“གོ་ལ་ཧྲིལ་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ་1.5ཡི་དམིགས་བསལ་སྙན་ཞུ”དེ་འདི་ལོའི་ཟླ་བ་བཅུ་གཉིས་པར་ཕོ་ལན་གྱི་གཱ་ཐོ་ཝེ་ཙེར་འཚོག་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ལ་ཕུལ་ནས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་《ཕ་རི་སིའི་གྲོས་མཐུན་》ལ་གྲོས་ཞིབ་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད། ཀུ་ཐེ་ལེ་སིས་ད་ཐེངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཕམ་མི་རུང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་《ཕ་རི་སིའི་གྲོས་མཐུན་》གྱི་ལག་བསྟར་ཞིབ་སྲོལ་བཟོ་དགོས་པའི་རེ་འབོད་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1