འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་དང་བོད་ལྗོངས་སུ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་གཏོང་འདྲེན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-16



 
           མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གེགས་སེལ་དངོས་ཟོག་ཁྲེང་ཏུའུ་གྲབས་གསོག་མཛོད་དང་ལྷ་ས་གྲབས་གསོག་མཛོད་ནས་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་མཚམས་སུ་རི་ཉིལ་བ་དང་འབྲི་ཆུའི་འཁྱིལ་མཚོ་ཆགས་ཡུལ་དུ་གུར་7000དང་། སྲིང་བལ་ལྭ་རིང་ཁྲི་3 ཕོ་ཁེབས་ཁྲི་5 ལྟེབ་ཁྲི་5000སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་སྒྲིག་འཛུགས་གཏོང་འདྲེན་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་དེ་གཉིས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་བར་བརྒལ་དུས་ཀྱི་འཚོ་བའི་འགན་སྲུང་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།
           དེ་གོང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་མཚམས་སུ་རི་ཉིལ་བ་དང་འབྲི་ཆུའི་འཁྱིལ་མཚོ་ཆགས་པའི་གནོད་འཚེར་རིམ་པ་བཞི་པའི་རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་རེད། མིག་སྔར། འཕྲལ་སྡོམ་དོ་དམ་པུའི་འགན་འཁུར་བློ་མཐུན་གྱིས་རུ་སྣེ་ཁྲིད་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་སི་ཁྲོན་དཔལ་ཡུལ་རྫོང་དུ་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་དང་གེགས་ཁུལ་ལ་ཉེན་སེལ་རོགས་སྐྱོབ་སོགས་གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་རོགས་བྱེད་བཞིན་ཡོད་པ་རེད།
         འཕྲལ་སྡོམ་དོ་དམ་པུས་འབྲི་ཆུའི་འགྲམ་གྱི་རི་ལྡེབས་ལ་ལྟ་དཔྱད་ཚད་ལེན་དང་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལ་ལྟ་དཔྱད་ཚད་ལེན་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་ས་གནས་དང་། སྡེ་ཚན། རོགས་སྐྱོབ་སྟོབས་ཤུགས་བཅས་ཀྱིས་ཕྱིར་འཐེན་དང་། གནས་སྤོ། ལྟ་དཔྱད་ཚད་ལེན་སོགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་སྐོར་ཞིབ་ལྟ་ཞིབ་ལ་ཤུགས་སྣོན་གྱིས་མི་དམངས་མང་ཚོགས་དང་རོགས་སྐྱོབ་མི་སྣའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1