འབྲི་ཆུའི་འགག་འཁྱིལ་མཚེའུ་ཡི་ཉེན་ཁ་གཞི་རྩའི་ཆ་ནས་སེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-16


        ཁྲོན་བོད་སྦྲེལ་མཚམས་ཀྱི་འབྲི་ཆུའི་འགག་འཁྱིལ་མཚེའུར་ཉེན་ཁའི་གནས་ཚུལ་བྱུང་ནས་ཉིན་ལྔ་ཕྱིན་པ་དང་། འཕྲལ་སྒྲུབ་དོ་དམ་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་འབྲི་ཆུའི་འགག་འཁྱིལ་མཚེའུ་ཡི་ཆུ་ཁ་མཐོ་ཚད་གཞི་རྩའི་ཆ་ནས་ནམ་རྒྱུན་ལྟར་དུ་གྱུར་བ་དང་། ཆུ་བོའི་སྨད་རྒྱུད་དུ་ཉེན་ཁ་དེ་ཙམ་མེད་པ།  འགག་འཁྱིལ་མཚེའུ་ནས་རྒྱུགས་པའི་ཆུ་ལོག་གི་སྣེ་མོ་དེ་ཡུན་ནན་གྱི་མངའ་ཁོངས་སུ་སླེབས་ཡོད་ལ། སྨད་རྒྱུད་ཀྱི་གློག་འདོན་ཁང་གིས་སྔ་ས་ནས་ཆུ་མཛོད་ཀྱི་ཆུ་བཤངས་ནས་ཉེན་ཁ་སྔོན་འགོག་བྱས་ཡོད། སྤྱི་ཚེས་14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པར་སླེབས་དུས། སི་ཁྲོན་དང་། བོད་ལྗོངས། ཡུན་ནན་བཅས་ཞིང་ཆེན་གསུམ་དུ་ཉེན་ཁ་ཚབས་ཆེན་པོ་བྱུང་མེད་པ་དང་མི་ཤི་རྨས་ཀྱི་གནས་ཚུལ་ཡང་ཐོན་མེད།
        སྤྱི་ཚེས་14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་8དང་སྐར་མ་50ཡི་སྟེང་། འབྲི་ཆུའི་འགག་འཁྱིལ་མཚེའུ་ནས་རྒྱུགས་པའི་ཆུ་ལོག་གི་སྣེ་མོ་དཀར་མཛེས་ཁུལ་སྡེ་རོང་རྫོང་གི་ཀོང་ཙེ་ར་ཆུ་དཔྱད་ས་ཚིགས་བརྒྱུད་རྗེས་ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་སུ་སླེབས་པ་དང་། ཆུ་རྒྱུགས་ཤུགས་ཆེ་ཤོས་སྐབས་སུ་སྐར་ཆ་རེར་སྨི་རྒྱ་དཔང་གྲུ་བཞི་མ་5880ཟིན་ཡོད་ལ། དེ་རྗེས་རིམ་གྱིས་ཆུ་ཤུགས་ཆག་པ་དང་། འགག་འཁྱིལ་མཚེའུ་ཡི་ཆུ་ཁ་དལ་བུར་དམའ་རུ་ཕྱིན་ཡོད།
        འཕྲལ་སྒྲུབ་དོ་དམ་པུའུ་དང་མདུན་སའི་མཉམ་འབྲེལ་ལས་དོན་ཚོ་ཆུང་། ཡུལ་དངོས་ཀྱི་བལྟ་ཞིབ་ཚད་ལེན་མི་སྣ་བཅས་ནས་མཉམ་འབྲེལ་གྲོས་མོལ་བྱས་ཏེ། སྟོད་སྨད་རྒྱུད་ཀྱིས་ད་དུང་དོགས་ཟོན་ཆེན་པོ་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱབ་ཏེ། རི་ཉིལ་ཁུལ་དང་སྟོད་སྨད་རྒྱུད་ཀྱི་ཆུ་ངོགས། ཟམ་པ་བཅས་ཀྱི་གནས་ཚུལ་ལ་བལྟ་རྟོག་ནན་མོ་བྱེད་པ་དང་། ལྷག་པར་དུ་ཡུན་ནན་གྱིས་གཅིག་བསྡུས་སྡོད་ཁུལ་དང་། གཙོ་གནད་གྲོང་རྡལ། གཙོ་གནད་ལས་གྲ། གནས་གལ་ཆེན་སོགས་ལ་དོ་སྣང་ཆེན་པོ་བྱས་ཏེ། དུས་ཐོག་ཏུ་ཉེན་ཁའི་གནས་ཚུལ་ཤེས་རྟོགས་དང་། ཉེན་ཁའི་གནས་ཚུལ་ལ་བལྟ་ཞིབ་ནན་མོ་བྱེད་པ། སྔོན་འགོག་ཚོད་འཛིན་གྱིས་ཉེན་ཁ་སེལ་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་པ་བསྟན་ཡོད་པ་རེད།
        བོད་ལྗོངས་དང་སི་ཁྲོན་གྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་ལས་དོན་གཙོ་གནད་དེ་གེགས་སྐྱོན་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པ་ནས་གེགས་སེལ་རོགས་སྐྱོབ་ཏུ་ཁ་ཕྱོགས་ཏེ། གནོད་འགོག་དང་། རོགས་སྐྱོབ།  གེགས་སེལ་བཅས་ཆབས་ཅིག་ཏུ་སྒྲུབ་དགོས་པ། གནོད་ཐེབས་མང་ཚོགས་ཁྲོད་ཟབ་ཞུགས་དང་།  ཁོ་ཚོའི་དགོས་མཁོ་ལ་རྒྱུས་ལོན་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དགུན་སྐྱེལ་གྱི་འཚོ་བར་འགན་སྲུང་བྱེད་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་འབྲི་ཆུའི་འགྲམ་རྒྱུད་དང་ལྷག་པར་དུ་གནོད་ཐེབས་ས་ཁུལ་དུ་གནོད་འགོག་དང་། གནོད་སེལ། གེགས་སེལ་གྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ། བདེ་འཇགས་དྲན་སྐུལ་གྱི་ཉེན་བརྡའི་ལས་དོན་ལ་ཤུགས་སྣོན་དང་། མང་ཚོགས་ཀྱི་གནོད་འགོག་ཉེན་བྱོལ་གྱི་ནུས་པ་ཆེ་རུ་གཏོང་དགོས།
        བོད་ལྗོངས་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་གསུམ་གྱིས་འགག་འཁྱིལ་མཚེའུ་ཡི་ཉེན་ཁ་འཕྲད་པའི་མི་ཁྱོན་བསྡོམས་ཁྲི་གསུམ་ལྷག་གནས་སྤོ་དང་བཀོད་སྒྲིག་བྱས་ཡོད་པ་རེད།
        འཕྲལ་སྒྲུབ་དོ་དམ་པུའུ་ཡིས་གནོད་འཚེ་ཕོག་ཁུལ་ལ་གུར་དང་། སྲིང་བལ་བར་འཚང་ཅན་གྱི་སྟོད་ཐུང་། སྲིང་བལ་བར་འཚང་ཅན་གྱི་མལ་གོས། ལྟེབ་རྩེག་ཉལ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་རྒྱུ་དངོས་ཛ་དྲག་ངང་སྐྱེལ་རྒྱུ་སྒྲིག་འཛུགས་བྱས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1