ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཡིག་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-16


        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཡིག་བཏང་གནང་ནས། སློབ་གྲྭ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་དང་སློབ་གྲོགས་ཚོར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད།

        ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་ནང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ཚུན། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱས་ནས། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། སྤྱོད་བཟང་གིས་མི་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་མི་དམངས་དང་། བོད་ལྗོངས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་ཆེད་ཕུལ་བྱུང་ལས་བྱེད་པ་དང་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོར་ལོ་ངོ་དྲུག་ཅུའི་རིང་ཐོབ་པའི་གྲུབ་འབྲས་ནི་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་ཕྱིན་པ་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་བཅོས་བྱུང་བའི་གསོན་ཉམས་ལྡན་པའི་མངོན་ཚུལ་ཞིག་ཡིན་ཞེས་བསྟན་གནང་ཡོད་པ་དང་།
        ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་། མི་གང་འདྲ་བྱས་ནས་གསོ་སྐྱོང་བྱ་རྒྱུ། སུ་ཡི་ཆེད་དུ་མི་གསོ་སྐྱོང་བྱ་རྒྱུ་བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་གཞིགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། སློབ་གྲྭའི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། འབད་བརྩོན་ཆེན་པོས་ཀུན་སྤྱོད་དང་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ཁྱོན་ཡོངས་ནས་ཡར་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་དེ་ཧྲའན་ཞི་ཞན་ཡང་དུ་གནས་ཡོད་པ་དང་། འབྱུང་ཁུངས་ནི་སྤྱི་ལོ་1957ལོར་ཀྲུང་དབྱང་གི་མཛུབ་སྟོན་ལྟར་གསར་འཛུགས་བྱས་པ་དང་། སྤྱི་ལོ་1958ལོར་སློབ་གྲྭ་འགོ་ཚུགས་པའི་བོད་ལྗོངས་སྤྱིའི་སློབ་གྲྭ་ཞེས་པ་དེ་ཡིན་ཞིང་། བོད་ཞི་བས་བཅིངས་བཀྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་མེས་རྒྱལ་ནང་སར་བོད་ལྗོངས་ཀྱི་ཆེད་དུ་འཛུགས་གཉེར་གནང་བའི་མཐོ་རིམ་སློབ་གྲྭ་དང་པོ་དེ་ཡིན་པ་རེད།
 
 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1