༄༅།། གཡག་སྟོན་སངས་རྒྱས་དཔལ་གྱི་རྣམ་ཐར་མདོར་བསྡུས།

མཁན་པོ་འཇམ་བློས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 10-21


        དཔལ་ས་སྐྱའི་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུའི་བྱེ་བྲག་མདོ་ལ་མཁས་པ་གཡག་རོང་གཞོན་གསུམ་ལས་བྱམས་མགོན་རྣམ་འཕྲུལ་གཡག་ཕྲུག་སངས་རྒྱས་དཔལ་ནི། རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་ཀུན་མཁྱེན་གཡག་སྟོན་ཆེན་པོ་སངས་རྒྱས་དཔལ་ལ་རྣམ་ཐར་དང་མཐུན་པའི་བསྟོད་པ་ལས། སྔོན་ཚེ་མ་ག་དྷ་ཡི་གཙུག་ལག་ཏུ། །ལྔ་རིག་པཎ་ཆེན་བཅུ་ཡི་མཆོག་གྱུར་ཅིང་། །ཕྱོགས་བཞིའི་མུ་སྟེགས་སྟོན་པ་ཕམ་མཛད་ནས། །གངས་རིའི་ཁྲོད་འདིར་འཁྲུངས་ལ་ཕྱག་འཚལ་ལོ། །ཞེས་དང་། པཎ་ཆེན་ཤཱཀ་མཆོག་པའི་རྣམ་ཐར་ལས། ཉང་སྟོད་རབ་འབྱམས་པ་ལྷུན་གྲུབ་དཔལ་བཟང་པོའི་དགོངས་ཉམས་ལས། བདག་ཉིད་ཆེན་པོ་འདི་ནི་དབྱིག་གཉེན། ཆོས་གྲགས། རིན་ཆེན་འབྱུང་གནས་ཞི་བ་སྟེ་ཡོངས་སུ་གྲགས་པའི་ཤནྟི་བ་རྣམས་ཀྱི་སྐུའི་སྐྱེ་བར་དགོངས་ཤིང་བཀའ་སྩལ་དུ་བྱོན་པ་ལ་ཡང་ཀླན་ཀའི་གནས་མེད་པའོ། །ཞེས་གསུངས་པ་ལྟར་འཕགས་ཡུལ་གྱི་པཎ་གྲུབ་དུ་མའི་སྐུའི་སྐྱེ་བ་བརྒྱུད་མར་བཞེས་མཐར། གངས་ཅན་འཛིན་མའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་དུས་གསུམ་རྒྱལ་བ་ཡོངས་ཀྱི་འཇུག་ངོགས་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦས་དོན་མངོན་རྟོགས་ལྟར་དུ་བཀྲལ་བའི་བསྟན་པ་སྤེལ་སླད་བསམ་བཞིན་དུ་དགེ་བའི་བཤེས་གཉེན་གྱི་སྐུར་སྣང་བ་སྟེ། དེ་ཡང་བོད་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་གི་ལོ་སྤྱི་ལོ་༡༣༥༠ལོར་“དེང་སང་གི་མཁས་པས་བརྩམས་པའི་ལོ་རྒྱུས་ཕལ་མོ་ཆེར་ས་བྱི་ལ་འཁྲུངས་བར་བཤད་པ་པཎ་ཆེན་ཤཱཀ་མཆོག་པ་དང་མང་ཐོས་པ་སོགས་ཁུངས་ལྡན་ཡིག་ཆ་དང་མི་མཐུན་པས་ཚད་མར་གཟུང་བར་མི་བྱའོ།།” 

        དཔལ་ལྡན་ས་སྐྱ་ནས་དཔག་ཚད་གཅིག་ཙམ་བགྲོད་པའི་གནས་མཁས་གྲུབ་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པ་ས་སྐྱ་འཕྲང་ཞེས་བྱ་བའི་གཙུག་ལག་ཁང་དང་མི་རིང་བའི་གནས་སུ། རྩེ་ཐང་ག་གི་ཆེན་པོ་བྱང་ཆུབ་རིན་ཆེན་ཞེས་བྱ་བའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས་པ་ཡིན་ཡང་། རྣམ་པ་དེ་ཉིད་ཀྱི་ཉེ་གནས་གཡག་ཡུ་ཞེས་པའི་སྲས་སུ་ངོས་བླངས་པས་ན་གཡག་ཕྲུག་ཅེས་གྲགས་པ་སྟེ། ཀུན་མཁྱེན་རོང་སྟོན་ཆེན་པོས། དཔལ་ལྡན་ས་སྐྱར་དཔག་ཚད་བགྲོད་པའིི་གནས། །མཁས་མང་དུ་མས་བསྟེན་པའི་གཙུག་ལག་ཏུ། །རྣམ་མང་ངོ་མཚར་ལྟས་དང་བཅས་ཏེ་འཁྲུངས། །ཀུན་གྱིས་བསྟོད་པར་འོས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །
        དགུང་གྲངས་བཅུ་བཞེས་པའི་ཚེ་རྒྱལ་བའི་བསྟན་པར་རབ་དུ་བྱུང་ཞིང་དབུ་སྐྲ་གཏོར་ཚེ་ཁ་དོག་སྣ་ཚོགས་ཀྱི་འཇའ་ཤར་བ་དང་། དེ་ནུབ་མཁན་པོའི་གཟིམ་ལམ་དུ་རབ་ཏུ་གསལ་བའི་ཉི་མ་ཤར་བ་སོགས་ངོ་མཚར་བ་མང་དུ་རྨིས་པས་བསྟན་པའི་སྒྲོན་མེ་ཉིད་དུ་འགྱུར་རོ་ཞེས་པའི་ལུང་བསྟན་པ་ལྟར། དགུང་ལོ་བཅུ་གསུམ་ནས་དཔལ་ལྡན་གསང་ཕུ་རུ་ཚད་མའི་སྐོར་ལ་རྩོད་པ་བྱེད་པའི་དབུ་ཚུགས་པ་སྟེ། བསྟོད་པ་ལས། སྨྲ་བའི་དབང་ཕྱུག་ལུང་རིགས་སྨྲ་བ་པོ། །མི་འཇིགས་སྤོབས་པས་བླ་མའི་ཞབས་ལ་གཏུགས། །ཡང་དག་རིགས་པས་ཚིག་དོན་ཐོགས་མེད་མཁྱེན། །ཕ་རོལ་རྒོལ་བ་བཟློག་ལ་ཕྱག་འཚལ་ལོ། །ཞེས་དང་། བཅུ་གསུམ་ལོ་ཡི་མཐར་སོན་མཁས་མང་གིས ། །ཡོངས་སུ་བསྟེན་པ་དཔལ་ལྡན་གསང་ཕུ་རུ། །འདུས་པ་རྒྱ་མཚོའི་དབུས་ན་རྩོད་པ་ཡིས། །ཀུན་ལས་རྒྱལ་བར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་དཔལ་ལྡན་ས་སྐྱ་དང་། ཡར་ལུང་ཐང་ཆེན་རྒྱལ་བའི་ཁང་བཟང་། རྩེ་གདོང་སོགས་སུ་ཕེབས་ཏེ། དམར་སྟོན་རྒྱ་མཚོ་རིན་ཆེན། ཇོ་ནང་ཆོས་ཀྱི་རྒྱལ་པོ། དཔང་སྟོན་པ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། བྱང་པ་དཀོན་མཆོག་གྲགས་པ། ལམ་འབྲས་པ་ཡེ་ཤེས་དཔལ། རིན་ཆེན་བཟང་པོ། གཞོན་གྲགས་མཆོག་དབྱངས། བུ་སྟོན་རྗེའི་ཐུགས་སྲས་ལོ་ཙཱ་བ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་དང་། མཁས་པ་ལུང་མང་པ། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། མཁས་པའི་དབང་ཕྱུག་བརྩོན་འགྲུས་དཔལ། འབའ་ར་བ་རྒྱལ་མཚན་དཔལ་བཟང་སོགས་མཁས་གྲུབ་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ། གཞུང་ལུགས་པོད་ཆེན་དྲུག་དང་། གྲགས་ཆེན་བཅོ་བརྒྱད་ཀྱིས་མཚོན་པའི་མདོ་ཕྱོགས་ཀྱི་སྐོར་དང་། གསུང་ངག་རིན་པོ་ལམ་འབྲས་བུ་དང་བཅས་པས་མཚོན་པའི་གསང་སྔགས་རྡོ་རྗེའི་ཐེག་པའི་སྨིན་གྲོལ་ཟབ་མོ་གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟོག་གེའི་གཞུང་ལུགས་འབུམ་ཕྲག་གཅིག་གི་ཚིག་དོན་ཁོང་དུ་ཆུད་དེ། ལུང་རིགས་སྨྲ་བ་བརྒྱ་སྟོང་མང་པོའི་དབུས་སུ་འཇིགས་མེད་སྨྲ་བའི་གད་རྒྱངས་གསང་མཐོར་བསྒྲགས་པ་སྟེ། རྗེ་རེད་མདའ་བ་ཆེན་པོ་དང་རྩོད་པ་མཛད་སྐབས། མཁན་ཆེན་གཡག་པས། སེམས་ཅན་ཐམས་ཅད་སངས་རྒྱ། འཁོར་བ་ལ་ཟད་པ་མེད་གསུངས་པ་ལ་རེད་མདའ་བ་ཆེན་པོས། སེམས་ཅན་ཐམས་ཅད་སངས་རྒྱ་བར་ཚད་མས་ངེས་པར་ཐལ། དེར་ཚད་མས་གྲུབ་པའི་ཕྱིར་ཞེས་གསུངས་པས། གཡག་པས་ཁྱབ་པ་མ་གྲུབ་གསུངས་ནས་ཚུར་ལྡོག་པས། རྟགས་མ་གྲུབ་ལ་སོགས་པའི་འཕེན་ལེན་མང་དུ་མཛད་ནའང་། དོན་ལ་རྟོན་པའི་མཁས་པ་རྣམས་རེད་མདའ་བའི་རིག་པ་ལ་མཉེས་ཤིང་། ཚིག་ལ་རྟོན་པའི་མཁས་པ་རྣམས་མཁན་ཆེན་གཡག་པའི་རིག་པ་ལ་མཉེས་པར་གྲགས་སོ། །
        དགུང་གྲངས་ཉི་ཤུའི་སྐབས་རྒྱལ་ཡུམ་དགོངས་འགྲེལ་དང་བཅས་པའི་གཞུང་འབུམ་ཕྲག་དྲུག་ཁ་དོན་མཛད་ཅིང་། གནས་ལུགས་ཟབ་མོ་ལ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཤིང་སྔོན་མེད་པའི་རྟོགས་པ་མཐོན་པོར་གཤེགས། དགུང་གྲངས་སུམ་ཅུ་བཞེས་པའི་དུས་སུ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཞལ་འདོན་མཛད་པའི་སྐབས། རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་བྱམས་པ་མགོན་པོས་ཞལ་མངོན་སུམ་དུ་གཟིགས་པ་དང་། ཕྱག་བརྐྱངས་ཏེ་དབུ་ལ་བཞག་ཅིང་བྱིན་རླབས་དང་དབུག་དབྱུངས་གནང་།  
        ཁྱད་པར་བདག་ཉིད་ཆེན་པོ་འདིའི་འོད་གསལ་དག་པའི་སྣང་བ་ལ་འཇམ་དབྱངས་མི་ཡི་རྣམ་རོལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་མཆོག་ཉིད་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ། ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་ཡིན་པ་ལ། རྣམ་པ་ཆོས་ཀྱི་རྗེ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཐུགས་ཀར་མཛད་པས་ཨུཏྤལའི་ཡུ་བ་འཛིན་པ་སྙན་གཉིས་ཀྱི་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་། གཡས་ན་ཤེས་རབ་ཀྱི་རལ་གྲི་མེ་འབར་བ། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་ཡོད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། ཆོས་གོས་སྣམ་སྦྱར་གསོལ་བའི་སྐུའི་རྣམ་པ་ཅན་དུ་གསལ་བར་གཟིགས། དེའི་ཚེ་ཐུགས་དད་པ་ཆེན་པོས་བསྟོད་པ་མང་དུ་མཛད། ཁྱད་པར་བསྟོད་པ་ཆོས་རྒྱལ་མས་བསྟོད། བླ་མ་འཇམ་པའི་དབྱངས་རང་ལ་བསྟིམ་པ་སོགས་ས་འཇམ་སྦགས་སྒྲུབ་ཅེས་ཡོངས་སུ་གྲགས་པ་དེ་ཉིད་དགོངས་ཉམས་སུ་བཞེས་མཛད་ཅིང་། དེ་ལྟ་བུའི་ཉམས་ལེན་གྱི་རྒྱུན་དེ་ཉིད་ཀུན་མཁྱེན་རོང་སྟོན་ཆེན་པོ་ལ་གནང་། དེས་ཞལ་སློབ་སོ་སོ་ལ་གནང་བ་ནས་བཟུང་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱུང་བ། བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་བསྔགས་པ་དེ་བླ་མ་འདི་ཁོ་ནའི་བདག་རྐྱེན་ལས་བྱུང་བ་དང་། ཡང་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྒྲུབ་པ་མཛད་པའི་ཞག་བདུན་གྱི་ཐོག་ཞལ་དཀར་ནང་དུ་མི་གཡོ་བའི་སྐུ་མཐེབ་སོར་ཙམ་པ་མང་པོ་བྱུང་བ་བགེགས་ཀྱི་སྤྲུལ་པར་མཁྱེན་ནས་ལྷག་མེད་དུ་ཞལ་དུ་གསོལ་བས། དེ་མ་ཐག་བཅོམ་ལྡན་འདས་གཏུམ་པོ་དཀར་པོ་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་འཇའ་འོད་ཁ་དོག་སྣ་ཚོགས་ཀྱི་ཀློང་དུ་མངོན་སུམ་དུ་ཞལ་གཟིགས་ཤིང་། བར་ཆད་བདུད་ཀྱི་གཡུལ་ལས་ཡོངས་སུ་རྒྱལ་བས་གནས་དེ་ཉིད་ལ་མི་གཡོ་བྲག་ཕུག་ཅེས་ཡོངས་སུ་གྲགས་ཤིང་། ཕྱིས་ཀྱི་ས་སྐྱའི་བསྟན་འཛིན་ཕལ་མོ་ཆེ་གནས་དེར་བྱོན་ནས་མི་གཡོ་བའི་བསྙེན་སྒྲུབ་ལ་བརྩོན་པའི་རྣམ་ཐར་མང་ངོ་། །
        གཞན་ཡང་ལྷོ་ཡི་རི་བོའི་ནགས་འདབ་ཁུ་ལུང་དུ་ལུང་དང་རིགས་པའི་སྒྲ་དབྱངས་སྒྲོགས་པའི་ཚེ་ན་ནམ་མཁའ་ནས་ལྷ་ཡི་རོལ་མོའི་སྒྲ་སྣ་ཚོགས་སྒྲོགས་པ་ཐུན་མོང་དུ་གྱུར་པ་དང་། དཔལ་ལྡན་ས་སྐྱར་བཞུགས་གནས་དགའ་ལྡན་བླ་བྲང་དུ་བཞུགས་སྐབས་ཐོ་རངས་ལ་མཉམ་པར་བཞག་པའི་དུས་སུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡི་རྔ་བོ་ཆེའི་སྒྲ་ལས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཐོས་པའི་མོད་ལ་སྔོན་མེད་བསམ་གཏན་སྣ་ཚོགས་མངོན་དུ་མཛད། མཁས་པ་མང་པོས་ལུ་རིགས་ཀྱི་སྒྲ་དབྱངས་བར་མེད་དུ་སྒྲོགས་པའི་བསྟི་གནས་ཡར་ཀླུངས་ཐང་ཆེན་རྒྱལ་བའི་ཁང་བཟང་གི་ཆོས་གྲྭར་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འཁོར་བསྐོར་བའི་ཚེ། ལྷ་ཡི་ཚོགས་རྣམས་དགའ་བའི་མེ་ཏོག་གི་ཆར་ཆེན་ངོ་མཚར་བ་ཕབ་པ་དང་། ཇོ་བོ་རྗེས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་བྱང་ཕྱོགས་མདོག་གི་གཙུག་ལག་ཁང་དུ་རྒྱལ་ཡུམ་གསུང་ཚེ་ལྷ་ཡི་ཙནྡན་གྱི་དྲིས་ཕྱོགས་ཀུན་ཁྱབ་པ། མངོན་དགའ་ཆོས་སྡེར་འདུས་པ་རྒྱ་མཚོར་ལུང་རིགས་ཀྱི་ཆར་པ་ཕབ་ཚེ་ཞག་གྲངས་དུ་མ་ལ་ལྷ་རྫས་མེ་ཏོག་གི་ཕྲེང་བ་འཐོར་བ་དང་། བུ་སྟོན་ཐམས་ཅད་མཁྱེན་པའི་སློབ་མ་མཁས་པ་ལུང་མང་པོས་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སྐུ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱི་ཕུང་པོ་དང་དབྱེར་མེད་དུ་གྱུར་པ་གཟིགས་པ་དང་། གསང་ཕུར་ཆོས་གྲྭར་བྱམས་པའི་ཆོས་ལྔ་གསུང་པའི་ཚེ་ཅིག་ཅར་ཉིད་དུ་སྐུ་ལུས་ཀྱི་བཀོད་པ་མང་དུ་བསྟན་ནས་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་གཅོད་པར་མཛད་པ། མཁས་པ་ཆེན་པོ་གཞོན་ནུ་བློ་གྲོས་མངའ་རིས་གུང་ཐང་དུ་བཞུགས་པའི་ཚེ་བདག་ཉིད་ཆེན་པོ་འདི་བྱམས་པ་མགོན་པོའི་དྲུང་དུ་ཕེབས་པའི་གཟིགས་སྣང་བྱུང་བ། གཞན་ཡང་གདུལ་བྱ་དད་པ་ཅན་དུ་མ་ལ་ལྐོག་ཏུ་གྱུར་པའི་དོན་ལུང་དུ་སྟོན་པའི་མངོན་ཤེས་ཐོགས་མེད་མངའ་བ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་སྣ་ཚོགས་བདག་གིར་མཛད་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྨག་ལ་སྒྲོན་མེ་བཏེག་པ་བཞིན་གསལ་བར་མཛད་པ་དང་། སྐལ་བ་ལྡན་པའི་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད།
        དེ་ལྟའི་རྣམ་པར་ཐར་པས་ཡིད་འཕྲོག་ཏེ་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་བསྟོད་བསྔགས་བླ་ན་མེད་པ་ཕུལ་ཡོད་པ་སྟེ། ཀུན་མཁྱེན་ཆེན་པོ་བསོད་ནམས་སེང་གེས། ཕ་རོལ་ཕྱིན་པའི་ལུས་སྟོབས་རབ་རྒྱས་ཆོས་མངོན་རལ་པ་མཐུག་པོས་གཉའ་ཁེབས་དང་ལྡན་རིགས་ཚོགས་གཡེར་ཁའི་ཕྲེང་བ་མགྲིན་པར་འཁྲོལ་ཞིང་སྒྲུབ་དང་སུན་འབྱིན་རིགས་པའི་སྦར་ཁྱིམ་ཕས་རྒོལ་གླང་པོའི་སྤྱི་བོར་བགྲད་དེ་ལོག་པར་རྟོག་པའི་ཀླད་པ་ཆེམ་ཆེམ་གཅོད་ཅིང་གྲུབ་མཐའ་ངན་པའི་ཤ་རུས་དུམ་བུར་ཕྲལ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་གད་རྒྱངས་ཕྱོགས་བཅུར་སྒྲོགས་པས་ལོག་སྨྲའི་རྗེས་འབྲངས་ཝ་ཚོགས་མཐའ་དག་ཁོར་ཡུག་ཆེན་པོའི་ཕ་མཐར་བསྐྲད་དེ་ཐུབ་བསྟན་གངས་རིའི་སྤོ་ལ་འགྲན་པར་བཟོད་པའི་འགྲན་ཟླ་ཀུན་དང་བྲལ་བར་རྣམ་པར་འགྱིང་ཞིང་དོན་གཉེར་བློ་གསལ་རི་དྭགས་ཚོགས་རྣམས་རྗེས་སུ་སྐྱོང་བར་མཛད་པ་སྨྲ་བའི་སེང་གེ་སྨྲ་བའི་ང་རོ་སྒྲོགས་པ་སངས་རྒྱས་དཔལ་ཞེས་གྲགས་པ་དེ་ཉིད་མཆོད། །ཞེས་དང་། སྔོན་ཚེ་མ་ག་དྷའི་གཙུག་ལག་ཁང་དུ་ལྔ་རིག་པཎ་ཆེན་བཅུ་ཡི་མཆོག་ཏུ་གྱུར་ནས་སླར་ཡང་སྤྱི་གསལ་རྫས་གཅིག་ཏུ་སྨྲ་བ་གྲངས་ཅན་པའི་གྲུབ་མཐའི་རྗེས་སུ་འབྲང་བའི་གངས་ཅན་པ་རྣམས་ཀྱི་ལོག་སྨྲ་ཚར་བཅད་པ་དང་སྐལ་ལྡན་རྗེས་སུ་བཟུང་བའི་ཆེད་དུ་དཔལ་ལྡན་ས་སྐྱ་ནས་དཔག་ཚད་གཅིག་བགྲོད་པའི་གནས་སུ་སྐྱེ་བ་བཟུང་ནས་སེར་སྐྱ་བ་དང་འགལ་བའི་ས་སྐྱ་པའི་གྲུབ་མཐའི་སྲོལ་བཟུང་སྟེ། སྤྱི་དངོས་གསལ་བ་དང་རྫས་གཅིག་ཏུ་སྨྲ་བ་དང་། གསལ་བ་རང་གཞན་རང་གི་ལྡོག་པར་སྨྲ་བ་དང་། ཕན་ཚུན་སྤངས་ཏེ་གནས་པ་ཙམ་འགལ་བར་སྨྲ་བ་དང་། བདག་གཅིག་དེ་བྱུང་ལས་མ་གཏོགས་པའི་འབྲེལ་པ་ཡོད་པར་སྨྲ་བ་དང་། གཞན་ཡང་མཚན་མཚོན་དགག་སྒྲུབ་སྣང་སེལ་རྟོག་པ་རྟོག་མེད་སོགས་ཀྱི་རྣམ་བཞག་ལ་ཆོས་ཀྱི་གྲགས་པའི་གཞུང་ལུགས་ལས་ཕྱི་རོལ་དུ་གྱུར་པའི་ལོག་པར་སྨྲ་བ་རྣམས་ཡང་དག་པའི་རིགས་པས་སུན་ཕྱུང་ནས་སླར་ཡང་ཐུབ་བསྟན་གངས་རིའི་སྤོ་ལ་རྣམ་པར་འགྱིང་བ་ན་རིག་སྔགས་བཟླས་པའི་ཚེ་ལྷག་པའི་ལྷས་ཞལ་མངོན་སུམ་དུ་བསྟན། རྒྱ་ཆེན་ཐོས་པའི་ཚེ་རྟོག་གེའི་གཞུང་ལུགས་འབུམ་ཕྲག་བཞི། རྒྱལ་ཡུམ་དགོངས་འགྲེལ་དང་བཅས་པ་འབུམ་ཕྲག་དྲུག །མདོ་སྡེའི་སྡེ་སྣོད་རྫོགས་པ་འབུམ་ཕྲག་བརྒྱད་ཀྱི་རལ་པ་རྣམ་པར་གཡོ། ལུང་རིགས་ཀྱི་ཆར་འབེབས་པའི་ཚེ་གཟུགས་ཁམས་ཀྱི་ལྷས་མེ་ཏོག་སྣ་ཚོགས་ཀྱི་ཆར་ཆིལ་ལི་ལི། རྒྱལ་ཡུམ་འཆད་པའི་ཚེ་འདོད་ཁམས་ཀྱི་ལྷས་ཙན་དན་གྱི་དྲི་བཟང་ཐུ་ལུ་ལུ། བསམ་བྱུང་གི་རིགས་པས་སྒྲོ་འདོགས་བཅད་པའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རྔ་ལས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་འུ་རུ་རུ། ཟབ་དོན་བསྒོམ་པའི་ཚེ་འཇིག་རྟེན་དབང་ཕྱུག་གི་སྐུ་ལས་བྱིན་རླབས་ཀྱི་འོད་ཟེར་ཁྲ་ལ་ལ། བྱམས་ཆོས་འཆད་པའི་ཚེ་སྐུའི་བཀོད་པ་དུ་མས་མཐའ་ཡས་གདུལ་བྱའི་དོན་མཛད་པ་སོགས་མཁས་པ་དང་གྲུབ་པའི་མཆོག་ཏུ་གྱུར་པ་རིག་པ་དང་གྲོལ་བར་སྨྲ་བ་ལ་འགྲན་ཟླ་མེད་པ་གཞོན་ནུའི་དུས་སུ་གཡག་ཕྲུག་བསྟན་པའི་ཉི་མ་སྐུ་ཚེའི་མཇུག་ཏུ་མི་ཕམ་ཆོས་ཀྱི་བླ་མ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་མཆོད། །ཅེས་དང་། རོང་སྟོན་ཐམས་ཅད་མཁྱེན་པས། སངས་རྒྱས་བསྟན་པ་ཉིན་མོར་བྱེད་པའི་དཔལ། །གསུང་རབ་ཀུན་གྱི་གླེགས་བམ་གཅིག་གྱུར་ཅིང་། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །དཔལ་ལྡན་བླ་མ། ཞེས་དང་། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། སངས་རྒྱས་སྲས་དང་བཅས་པའི་ཡུམ་གཅིག་པུ། ཇི་བཞིན་འཆད་མཁས་ཁྱོད་ལས་གཞན་ན་གང་། །ནང་རིག་སྡེ་སྣོད་ཀུན་དང་རིགས་པའི་གཞུང་། །ཁྱོད་བློའི་རྒྱ་མཚོར་བསྡུས་པ་བསྟན་པའི་དཔལ། །ཞེས་དང་། གུང་རུ་ཤེས་རབ་བཟང་པོས་མཛད་པའི་མུས་ཆེན་རྣམ་ཐར་ལས། ཉེར་ལྔ་པ་འབྲུག་ལོ་ལ་ཤེལ་དཀར་དུ་བྱམས་མགོན་གཉིས་པ་ཆོས་རྗེ་གཡག་པ་དང་མཇལ་ནས་སངས་རྒྱས་ལྟ་བུའི་མོས་པ་སྐྱེས་ཏེ་ཟླ་བ་དྲུག་བསྟེན་ཏོ། །ཞེས་དང་། ཀུན་མཁྱེན་ཆེན་པོས་མཛད་པའི་རྣམ་ཐར་ལས། ཉེར་ལྔ་པ་ལ་འཛམ་གླིང་མཁས་པའི་དབང་པོ་གཡག་ཕྲུག་སངས་རྒྱས་དཔལ་ལ་སྟོད་ལྷོར་ཕེབས་པ་དང་མཇལ་ཏེ། ཕར་ཕྱིན་གྱི་བཤད་པ་ཚར་ཕྱེད་དང་གཉིས། མདོ་སྡུད་པ། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཀྱི་ལུང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་རྣམས་གསན། ཞེས་དང་། འགོས་ལོ་གཞོན་ནུ་དཔལ་བས། གཡག་ཕྲུག་སངས་རྒྱས་དཔལ་ཞེས་གྲགས་པ་དེའི་རྩ་བའི་གྲྭ་ས་ནི་གསང་ཕུ་བ་ཡིན། དེར་བུ་ཊཱིཀ་ལ་མང་དུ་སྦྱངས། ཐུགས་ལ་བཀའ་བསྟན་བཅོས་ཀྱིས་གཙོ་བྱས་པའི་གསུང་རབ་བཞུགས་པ་ཁོང་ལས་མང་བ་མེད་ཅེས་གྲགས་པ་དེས། ས་སྐྱ་དགའ་ལྡན་གྱི་བདག་པོ་མཛད། དབུས་གཙང་ཡར་མར་དུ་བཤད་ཉན་མཛད་པས་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ཤིན་ཏུ་དར་བ་མཛད་དེ། ཕ་རོལ་དུ་ཕྱིན་པ་ལ་ཊཱི་ཀ་ཡང་རབ་འབྲིང་མང་པོ་བརྩམས། རྣམ་འགྲེལ་དང་དབུ་མ་ལ་སོགས་པའི་བཤད་པ་ཡང་མཛད་དེ། མཐར་གདུང་སྦྱངས་པ་ན་ལྷ་སྐུ་དང་རིང་བསྲེལ་འབའ་ཞིག་ཏུ་གྱུར། ཞེས་དང་། རྗེ་ཙོང་ཁ་པ་སོགས་མཁས་པ་ཡོངས་ཀྱིས་ཤེར་ཕྱིན་གཡག་ལ་གཏུག་ཅེས་སོགས་བསྔགས་བརྗོད་ཚིག་གི་མེ་ཏོག་ཕྱོགས་བརྒྱར་འཐོར་བའི་ཡུལ་དུ་གྱུར་པའི་བདག་ཉིད་ཆེན་པོ་དེས། རང་དོན་དུ་ཐོས་བསམ་བསྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་བླ་ན་མེད་པ་བསྐྱངས་པས་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག
        བརྒྱུད་འཛིན་གྱི་སློབ་མ་ཡང་མཁས་པ་ཆེན་པོ་རོང་སྟོན་སྨྲ་བའི་སེང་གེ་དང་། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་རེད་མདའ་བ་ཆེན་པོ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག །མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རོང་སྟོན་དོན་ཡོད་དཔལ།ལས་ཆེན་པ་གཞོན་ནུ་སེང་གེ། གཞོན་གྲགས་མཆོག་དབྱངས་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་གཞན་དྲིང་མི་འཇོག་པའི་སྐལ་ལྡན་གྱི་སློབ་ཚོགས་མང་དུ་བསྐྲུན་པ་སྟེ། བསྟོད་པ་ལས། དམ་ཆོས་འཆད་ལ་ཞུགས་ནས་མྱང་འདས་བར། །མཐའ་ཡས་ཡུལ་ཕྱོགས་ཆོས་ཀྱི་འཁོར་ལོ་བསྐོར། །ལུང་རིགས་སྨྲ་བའི་སློབ་མ་ཁྲི་ཕྲག་བཞི། །ཡོངས་སུ་སྨིན་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། སྐབས་དེ་དུས་ཀྱི་མཁས་པ་ཕལ་ཆེ་བས་བླ་མར་བཀུར་ཞིང་གསུང་གི་བདུད་རྩི་བཞེས་པ་སྐལ་བ་དང་ལྡན་པའི་སློབ་བུ་ཁྲི་ཕྲག་མང་པོ་བསྐྱངས།  
         ཁྱད་པར་སློབ་མའི་གཙོ་བོ་བརྒྱུད་པ་འཛིན་མཁན་ནི་རོང་སྟོན་ཐམས་ཅད་མཁྱེན་པ་ཤཱཀྱ་རྒྱལ་མཚན་མཆོག་ཡིན་ཏེ། དེ་ཡང་རོང་སྟོན་ཆེན་པོའི་རྣམ་ཐར་དད་པའི་རོལ་མཚོ་ལས། དེ་ནས་མཁས་པ་ཆེན་པོ་འདི་མདོ་སྨད་པའི་གྲྭ་པ་རྣམས་ཀྱིས་སྤྱན་དྲངས་ནས་རྗེ་ཕག་མོ་གྲུབ་པའི་གདན་ས་མཐིལ་ན་བཤད་ཉན་མཛད་ཀྱིན་ཡོད་པའི་ཚེ། བདག་ཉིད་ཆེན་པོ་འདི་དགུང་ལོ་ཉི་ཤུ་རྩ་བདུན་ལོན་པ། ཆུ་མོ་བྱའི་ལོ་ཡིན་ལ། དེའི་ཚེ་ཕོ་བྲང་ཆེན་པོ་སྣེ་གདོང་དུ་ཛོང་ཇི་རྒྱལ་མཚན་བཟང་པོས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་མཁས་པ་ཆེན་པོ་གཡག་ཕྲུག་སངས་རྒྱས་དཔལ་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་བར་ཡོད་དོ། །ཞེས་བྱ་བའི་གཏམ་གསན་མ་ཐག་ཏུ། རྗེ་བཙུན་ཆེན་པོ་འདི་ཉིད་ཀྱི་སྐུའི་བ་སྤུ་རང་དབང་མེད་པར་གཡོས། ཐུགས་ལ་དགའ་བ་དང་བདེ་བའི་ཉམས་དཔག་ཏུ་མེད་པ་ཤར། ངག་ཏུ་ཨ་ལ་ལ་ཧོ་ཞེས་བྱ་བ་ལ་སོགས་པའི་གསུང་ཉམས་དཔག་ཏུ་མེད་པ་དང་བཅས་ཏེ། དེ་མ་ཐག་ཏུ་ཞལ་མཇལ་བ་ལ་རིངས་པར་མཛད་ནས་བྱོན་པས། ཡར་ལུང་བྱ་སའི་གཙུག་ལག་ཁང་དུ་ཞལ་མཇལ་ལོ། །དེའི་ཚེ་སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །ཞེས་དང་། ཡུམ་འདི་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ། །ཞེས་པའི་སྐབས་དང་འགྲིག་པས། དཔོན་སློབ་གཉིས་ཀ་ཐུགས་ཤིན་ཏུ་དགྱེས་ཤིང་སྐུ་སྐྱེ་བ་དཔག་ཏུ་མེད་པའི་དགེ་བའི་བཤེས་གཉེན་ཡིན་པར་ངེས་པའི་དགོངས་པ་ཐུགས་རྒྱུད་ལ་འཁྲུངས་སོ། །ཨེ་མ་རྒྱལ་བ་གཉིས་པ་ཡི། །གཙུག་ཏོར་རྒྱལ་མཚན་མཐོན་པོ་ལ། །ཞབས་རྡུལ་པད་ཕྲེང་ངལ་བསོ་བའི། །ཞབས་དེ་རྒྱལ་བ་ཉིད་ཀྱི་ཡིན། །ཡང་ན་ཁྱོད་ཀྱི་སྤྱི་གཙུག་གི །བདུད་རྩིའི་ཆུ་གཏེར་མཛེས་བྱེད་པའི། །ཡིད་འོང་པདྨའི་ཕྲེང་བ་དེ། །ཐུབ་པའི་ཞབས་སྐྱེས་ལས་གཞན་སུ། །དེ་ནས་བདག་ཉིད་ཆེན་པོ་འདིས་མཁས་གྲུབ་དམ་པ་དེ་ཉིད་ལ་སྤྱིར་བདེ་བར་གཤེགས་པའི་གསུང་རབ་མཐའ་ཡས་དང་། ཁྱད་པར་དུ་ཡུམ་ཤེས་རབ་ཀྱིི་ཕ་རོལ་དུ་ཕྱིན་པ་རྒྱས་འབྲིང་བསྡུས་པ་དྲུག །དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་དང་བཅས་པ་དང་། ཚད་མའི་མདོ་ཀུན་ལས་བཏུས་པ་དང་། འགྲེལ་པ་འགྲེལ་བཤད་དང་བཅས་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འགྲེལ་བཤད་དང་བཅས་པ། གཏན་ཚིགས་ཐིགས་པ་དང་། རྩོད་རིགས་རྣམས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོ་ས་སྐྱ་པཎྜི་ཏ་ནས་ལེགས་པར་བརྒྱུད་པའི་བཤད་སྲོལ་རྣམས་གསན་ཞིང་། ཚད་མ་རིགས་པའི་གཏེར་འགྲེལ་པ་དང་བཅས་པ་ལེགས་པར་གསན་ནས་དོན་དེ་ཉིད་ལ་གཞན་གྱིས་དབྲོག་པར་མི་ནུས་པའི་སྤོབས་པ་བརྟན་པོ་བརྙེས་པར་གྱུར་ཏོ། །ཞེས་དང་། དུས་དེར་གདན་ས་ཆེན་པོ་ས་སྐྱར་ཕེབས་ནས། རིན་པོ་ཆེ་པའི་སློབ་མ་མཁས་པར་གྲགས་པ་ཐམས་ཅད་ཀྱིས་ཀྱང་བདག་ཉིད་ཆེན་པོའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། རྒྱལ་ཚབ་དམ་པར་མངའ་གསོལ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། རྒྱལ་བས་ལུང་བསྟན་བརྙེས་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ཀྱང་ས་སྐྱར་ལོ་གྲངས་ལྔ་ཡི་བར་དུ་བསྟེན་ཏེ། ཕར་ཕྱིན་གྱི་བཤད་པ་ཚར་ཕྱེད་དང་གཉིས་གཡག་ཊཱིཀ་དང་བཅས་པ་ཐུགས་སུ་ཆུད་པར་མཛད་པ་དང་། རྒྱུད་བླ་མ། འཇུག་པར་རང་འགྲེལ། ཚད་མ་རྣམ་འགྲེལ། རིགས་གཏེར་ལ་སོགས་པ་དུ་མ་གསན་ནོ། །
        ཉིད་ཀྱི་རྟོགས་པའི་འདྲ་འབག་གསུང་རབ་རིན་པོ་ཆེ་ཕྱི་རབས་བསྟན་པའི་བཙས་སུ་བཞག་པ་ནི། ཕར་ཕྱིན་གྱི་འགྲེལ་པ་ཆེ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་བློ་གསལ་མགུལ་རྒྱན་དང་། འགྲེལ་པ་འབྲིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་ལེགས་པར་བཤད་པ་རིན་པོ་ཆེའི་བང་མཛོད། འགྲེལ་པ་ཆུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་གསལ་བྱེད་རིན་ཆེན་སྒྲོན་མེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བ་དང་བཅས་པའི་སྙིང་པོའི་གསལ་བྱེད་ཡིད་ཀྱི་མུན་སེལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་མདོ་དང་རྩ་བ་དང་འགྲེལ་པ་སོ་སོར་སྦྱར་བའི་གསལ་བྱེད་ཉི་མའི་འོད་ཟེར་བཅས་མཛད་དེ་ཕར་ཕྱིན་ལ་འཆད་ཉན་རང་རྐང་ཐུབ་པ་གནང་སྐབས་བོད་གངས་ཅན་ལྗོངས་ཀྱི་ཕར་ཕྱིན་གྱི་བསྟན་པའི་བདག་པོ་གྱུར་ཏེ། ཕར་ཕྱིན་གཡག་ལ་ཐུག་ཅེས་ཡོངས་སུ་གྲགས་པ་དང་། གཞན་ཡང་སྡེ་བདུན་གྱི་དགོངས་འགྲེལ་ཚད་མ་རིགས་པའི་གཏེར་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་རིགས་པའི་འོད་སྟོང་འཕྲོ་བ། འཕགས་གསུམ་རྟོགས་རིགས། མི་གཡོ་བའི་སྒྲུབ་ཐབས། ཆོས་རྗེ་ས་པཎ་གྱི་བླ་མའི་རྣལ་འབྱོར། བྱང་ཆུབ་ཀྱི་གེགས་སུ་གྱུར་པའི་ལྟུང་བ་བཤགས་ཚུལ་དྲི་མ་མེད་པའི་ཆུ་རྒྱུན་བཅས་འདིར་བསྡུ་ཐུབ་ཡོད་ལ། བསྡུ་མ་ཐུབ་པ་ཡང་དབུ་མ་རྩ་འཇུག་གི་འགྲེལ་ཆེན་དང་། བྱམས་ཆོས་ཕྱི་མ་དག་གི་འགྲེལ་པ། རྟགས་རིགས། མི་གཡོ་བ་དཀར་པོའི་སྒྲུབ་སྐོར་མི་ཟད་པའི་གཏེར་མཛོད། བཅོམ་ལྡན་འདས་གཏུམ་པོ་དཀར་པོའི་བསྟོད་པ་སོགས་གསུང་ཆོས་མང་དུ་མཛད་པར་ངེས་སོ། །
        མདོར་ན་དམ་པ་འདི་ཉིད་ནི་དཔལ་ལྡན་ས་སྐྱ་པའི་གངས་ཅན་མཛེས་པའི་རྒྱན་དགུ་སོགས་མཁས་པ་ཡོངས་ཀྱི་མེས་པོ་ལྟ་བུར་གྱུར་ཡོད་པ་སྟེ། རོང་སྟོན་ཆེན་པོ་སོགས་ཤེར་ཕྱིན་གྱི་བརྒྱུད་འཛིན་དང་། རེད་མདའ་བ་སོགས་དབུ་མའི་བརྒྱུད་འཛིན། ཆོས་རྗེ་གཞོན་ནུ་སེང་གེ་དང་ཆོས་ལུང་དཀའ་བཅུ་པ་སོགས་སྡོམ་གསུམ་གྱི་བརྒྱུད་འཛིན། གཞོན་ནུ་རྒྱལ་མཆོག་པ་དང་མུས་ཆེན་སོགས་ལམ་རིམ་བློ་སྦྱོང་གི་བརྒྱུད་འཛིན་མང་དུ་བྱོན་ཏེ་བསྟན་པ་རིན་པོ་ཆེ་སྤེལ་ཚུལ་ནི་མཁས་གྲུབ་དེ་དག་གི་རྣམ་ཐར་ལ་བརྟེན་ནས་ཤེས་ནུས་སོ། །དེ་ལྟར་འཆད་རྩོད་གསུམ་གྱི་མཛད་པ་བློས་མི་འཁྱུད་པ་བསྐྱངས་ཏེ་མཐར་དགུང་གྲངས་དྲུག་ཅུ་རེ་ལྔ་བཞེས་པ། “མང་ཐོས་བསྟན་རྩིས་སུ་དགུང་གྲངས་དོན་ལྔ་བཞུགས་ཞེས་པ་ཡི་གེ་མ་དག་པར་མངོན་ཏེ། དེ་ལྟར་མིན་ན། དེ་ཉིད་ལས། འདི་ཉིད་མུས་ཆེན་སེམས་དཔའ་ཆེན་པོའི་ཉེར་བདུན་པ་ཤིང་ཕོ་རྟ་ལོར་དགའ་ལྡན་དུ་གཤེགས། ཞེས་དང་། རེད་མདའ་བ་ཆེན་པོ་ཞི་བར་གཤེགས་པའི་ཆུ་ཕོ་འབྲུག་གི་ཡང་ཕྱི་མའི་རྟ་ལོ་དེ་ཡིན་པར་སེམས། ཞེས་དང་། ལྕགས་ཕོ་སྟག་ལ་བལྟམས་ནས་ཤིང་རྟ་ལ་གཤེགས་པས་སོ། །ཞེས་གསུངས་པ་ནང་འགལ་དུ་སོང་བས་སོ། །” བོད་རབ་བྱུང་བདུན་པའི་ཤིང་ཕོ་རྟ་ཡི་ལོ་སྤྱི་ལོ་༡༤༡༤ལོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོའི་དགའ་ལྡན་བླ་བྲང་ན་བཞུགས་པའི་ཚེ་རྗེས་འབྲངས་གཉིས་དང་བཅས་ཏེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་བགྲོད་པའི་དག་པའི་སྣང་བ་ཐོབ་པ་དང་། རིམ་གཉིས་ཟབ་མོའི་དོན་ལ་མཉམ་པར་བཞག་པའི་ཚེ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་མངོན་སུམ་དུ་གཟིགས་ཏེ་སྐུ་ལས་འོད་ཟེར་གྱི་ཚོགས་རབ་ཏུ་སྤྲོས་པས་ཚད་མེད་པའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐོབ་པ། ཀྱེ་ཡི་རྡོ་རྗེ་སོགས་ཡི་དམ་ལྷ་ཚོགས་མང་པོའི་ཞལ་མཇལ་གསུང་ཐོས་བྱུང་བ་སོགས་སྐྱེ་འཆིར་རང་དབང་འབྱོར་བའི་རྟགས་སྣ་ཚོགས་བསྟན་པ་དང་། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་ཉིད་ཀྱི་རྒྱལ་ཚབ་དུ་མངའ་གསོལ་ཏེ་དགོངས་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །
        དེའི་ཚེ་ཁ་དོག་རྣམ་ལྔའི་མེ་ཏོག་གི་ཆར་ཆེན་བབ་པ་དང་། ས་རྣམ་པ་དྲུག་ཏུ་གཡོ་བ། འཇའ་ཚོན་གྱི་གུར་ཁྱིམ་ཕུབ་པ། ཙན་དན་དྲི་བསུང་གིས་ཕྱོགས་ཀུན་ཁྱབ་པར་འགེང་པ། མཁའ་ལ་ལྷ་ཡི་རོལ་མོའི་སྒྲ་དབྱངས་སྒྲོགས་པ་སོགས་ངོ་མཚར་བའི་མཚན་མ་དཔག་ཏུ་མེད་པ་བྱུང་བ་དང་། སྐུ་གདུང་བཞུས་པའི་དུད་རིས་འཁྱིལ་བ་ལ་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རྨད་དུ་བྱུང་བ་དང་། མཆོད་རྫས་དཔག་ཏུ་མེད་པའི་རྣམ་པ་ཤར་བ། གདུང་རུས་ལས་སྐུ་ཡི་རྟེན་དུ་ཀྱེ་རྡོ་རྗེ་དང། མི་གཡོ་བ། འཇམ་དབྱངས། ཁ་སཪྤ་ཎི། བྱམས་པ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་ཚུལ་སོགས་ཡི་དམ་གྱི་སྐུ་སྣ་ཚོགས་དང་། གསུང་གི་རྟེན་དུ་ཨ་ཡིག་དུང་དང་བཅས་པ་སོགས་ཡིག་འབྲུ་སྣ་ཚོགས། ཐུགས་ཀྱི་རྟེན་དུ་མཆོད་རྟེན་དང་རིང་བསྲེལ་བརྒྱ་ཕྲག་མང་པོ་གདུལ་བྱའི་དོན་དུ་འཇོག་པར་མཛད་དོ། །

        དེ་ལྟར་ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་སྤྲུལ་པ་མཆོག་གི་རྣམ་རོལ་དེ་མ་ཐག་པ་སླར་ཡང་དཔལ་ལྡན་ས་སྐྱ་པའི་བསྟན་པ་སྤེལ་བའི་རྣམ་པར་བཞེངས་པ་ནི། འཛམ་གླིང་བསྟན་པའི་མངའ་བདག་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་ཉིད་ཡིན་པའི་ཚུལ་ནི། དེ་ཡང་ཤཱཀ་མཆོག་པའི་རྣམ་ཐར་ཀུན་དགའ་གྲོལ་མཆོག་གིས་མཛད་པ་དང་། རྗེ་ཤཱཀྱ་རིན་ཆེན་གྱིས་མཛད་པ་གཉིས་ཞལ་མཐུན་པར་འདི་ལྟར་འབྱུང་སྟེ། ཡང་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་ཡེ་ཤེས་གཟིགས་པའི་ཡུལ་དུ། བོད་གངས་ཅན་པ་རྣམས་ལ་གཅིག་ཏུ་སྐུ་དྲིན་ཆེ་བའི་རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་དང་། པ་ཚབ་བུ་བཞིའི་ཡ་གྱལ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཞེས་བྱ་བར་འཁྲུངས་ནས་བསྟན་པ་ལ་བྱ་བ་མཛད་ཅིང་། དེ་ནས་མཁས་གྲུབ་ཀྱི་སྐྱེས་བུ་བདུན་ཙམ་གྱི་སྐྱེ་བ་རིམ་ཅན་འཁྲུངས་པ་མངོན་སུམ་དུ་དགོངས་ཚུལ། དཔལ་གྱི་མགུར་ལས་དངོས་ཀྱི་བཀའ་ལུང་བྱོན་པ་ཞལ་སློབ་ཀུན་ལ་གསལ་བ་ལྟར་ཡིན་ལ། ཟླ་མེད་པའི་མཁས་པ་ཆེན་པོ་སངས་རྒྱས་དཔལ་ལམ་གཡག་མི་ཕམ་ཆོས་གྱི་བླ་མ་ཞེས་གྲགས་པ་དེ་ཉིད་ཡིན་པར་ནི། རྗེ་བདག་ཉིད་ཆེན་པོ་ཉིད་དཔལ་ལྡན་ས་སྐྱར་གྲ་སྐོར་ལ་བྱོན་པ་སང་འབྱོར་རྒྱུའི་ནུབ། མཁན་ཆེན་གཡག་པའི་བཞུགས་གནས་དགའ་ལྡན་བླ་བྲང་གི་དཀོར་གཉེར་གྱི་རྨི་ལམ་དུ། མཁན་ཆེན་གཡག་པ་ཡིན་ཟེར་བའི་བཙུན་པ་སྐུ་གཟུགས་རིང་ལ་ན་བཟའ་ངུར་སྨྲིག་གྱོན་པ་ཞིག་བྱུང་ནས་འདི་སྐད་ཅེས། སྔོན་ནས་ལོ་ཤས་ཤིག་ངའི་དཔེ་ཆ་རྣམས་ཁྱེད་ལ་བཅོལ་ཡོད་པ་དེ་རྣམས་ད་ང་རང་བལྟ་བ་ཡིན་པས་སྒོ་ཕྱེ་ཟེར་བ་ཞིག་རྨིས་པ་བཞིན། སང་ཉིད་རྗེ་དཔོན་སློབ་རྣམ་པ་དཀོར་གཉེར་གྱི་རྩར་བྱོན་ནས། ངེད་འདིར་ཞག་འགའ་བསྡད་ནས་མཁན་ཆེན་པའི་ཕྱག་དཔེ་རྣམས་བལྟ་རྟོག་བྱེད་པ་ཡིན་པས། གནས་ཚང་གཡར་དགོས་གསུངས་པས། དཀོར་གཉེར་དེ་ཉིད་ལྷག་པར་ཡིད་ཆེས་ཤིང་དད་པ་ཆེར་སྐྱེས་ནས་གཞན་དང་གཞན་ཏུ་རྒྱུ་མཚན་བཤད་པའི་མཁན་ཆེན་པའི་སྐུ་སྐྱེ་ཡིན་པར་གྲགས་ཤིང་། གཞན་ཡང་རྟགས་རིགས་ཀྱི་ཕྱག་དཔེ་རྩོམ་འཕྲོ་འགྲིག་པ་སོགས་དང་། འབྲས་ཡུལ་སྐྱེད་ཚལ་པའི་དགེ་བཤེས་ཤིག་གི་རྨི་ལམ་དུའང་རྒྱུ་མཚན་གསལ་པོ་བྱུང་བ་སོགས་མང་ཞིང་། མཁན་ཆེན་དེ་ཉིད་ནི་ཅིག་ཅར་སྐུ་ལུས་ཀྱི་བཀོད་པ་དུ་མ་སོགས་ངོ་མཚར་བའི་རྣམ་པར་ཐར་བ་ཤིན་ཏུ་མང་། ཞེས་དང་། ངོར་དུ་བཞུགས་སྐབས་གྲྭ་པ་ཁམས་པའི་དགེ་རྒན་ཞིག་གིས་མཁན་ཆེན་གཡག་པས་མཛད་པའི་རྟགས་རིགས་ཞིག་གི་ཕྱེད་ཕུལ་བའི་ནུབ་ཀྱི་མནལ་ལམ་ན། པུ་ཏྲ་ཡིན་སྙམ་པའི་ཨ་ཙ་ར་དུང་ལོང་ཅན་ཞིག་ན་རེ། འདི་གཡག་པའི་དཔེ་ཕྱག་བྲིས་མ་དངོས་ཡིན། འདིའི་ཕྱེད་པོ་ཡང་ཁྱེད་ལ་གཏོང་ངོ་ཟེར་བ་ཞིག་བྱུང་བ་ལས། དེ་གའི་ཕྱག་དཔེའི་ཁྲོད་ཀྱི་པོ་ཏི་གཅིག་ལ་ཕྱག་མཛུབ་གཉེར་ནས། ཕྲ་ཕུ་བ་ལ་དེ་ལོངས་གསུང་།  ཁོང་གིས་བླངས་ནས་ཕུལ་བ་གཟིགས་པས། དབུ་རང་ནས་སྔར་གྱི་རྟགས་རིགས་ཀྱི་དཔེ་ཆ་དེའི་ཕྱེད་ཁ་འདུག་པས། དཔོན་སློབ་དེར་ཚོགས་པ་ཀུན་ཐུགས་ཡ་མཚན་དུ་གྱུར་ཅིང་། དེ་དང་དེའི་རྒྱུ་མཚན་ལས་རྗེ་ཉིད་མཁན་ཆེན་གཡག་པའི་སྐུའི་སྐྱེ་བར་གདན་སའི་ཆེ་བཙུན་ཡོངས་ཀྱིས་བཀུར་ནས་བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ་ཞབས་ཏོག་བཟང་པོ་དང་གསོལ་ཇ་ཞུ་བ་རང་གིས་ཉིན་མཚན་འདའ་བར་གྱུར་ཏོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཡིན་ནོ། །

        འདི་ཉིད་ཀྱི་རྣམ་ཐར་ཧ་ཅང་དཀོན་པས་ཇི་བཞིན་འདྲི་རྔོ་མི་ཐོགས་ཀྱང་རོང་སྟོན་ཆེན་པོས་མཛད་པའི་རྣམ་ཐར་ཚིགས་བཅད་མ་དང་། མང་ཐོས་པའི་བསྟན་རྩིས། ངོར་ཆེན་དང་། མུས་ཆེན། ཤཱཀ་མཆོག་པ་བཅས་ཀྱི་རྣམ་ཐར། མགོས་ལོའི་དེབ་སྔོན། ཨ་མེས་ཞབས་དང་། ཞུ་ཆེན་པའི་གསན་ཡིག་སོགས་ཡིག་སྣ་གང་མང་ལས་བསྡུ་ཅི་ཐུབ་ཀྱིས་བཏུས་པ་ལགས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1