གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༡༩ཉིན།

༄༅།། པར་བ་འབྲུག་སྐྱབས།

        འབྲུག་སྐྱབས་ལགས་ནི་1970ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་གཅིག་སྒྲིལ་དུ་སྐྱེས་ཤིང་། ཉེ་བའི་ལོ་བཅུ་ཕྲག་གི་རིང་ཕ་ཡུལ་གྱི་རི་སྐྱེས་སྲོག་ཆགས་གང་མང་པར་མིག་བརྒྱུད་དེ་བརྙན་དང་པར་རིས་ཀྱི་གཟུགས་སུ་བླངས་ཤིང་། ཐེངས་མང་པོར་BBCཡི་དངོས་བཤུས་བརྙན་ལེན་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གིི་དངོས་བཤུས་བརྙན་ལེན་ཚན་ཆུང་སོགས་སུ་ཞུགས་ཤིང་རིན་བྲལ་གྱི་རྒྱུ་ཆ་མཁོ་འདོན་བྱས་མྱོང། དེ་ཡང་ཁོང་གི་བརྩམས་ཆོས་མང་པོར་རྒྱལ་ཕྱི་ནང་གི་བྱ་དགའ་དང་གཟེགས་རྟགས་ཐོབ་ཡོད།

        2005ལོ་ནས་ལྕགས་རྟ་ལ་བཅིབས་ནས་སྨར་ཁོག་གི་ས་ཆ་སྟོད་སྨད་ཀྱི་རི་ལུང་ནགས་ཚལ་ཀུན་ཏུ་ཉུལ་ཞིང་ལོ་རྒྱུས་ཅན་གྱི་ས་ཆ་དང་གནའ་ཤུལ་དུ་མར་ཞིབ་དཔྱོད་བགྱིས་ཤིང་། དེ་དག་གི་ལོ་རྒྱུས་དང་ལོ་ན་བདུན་ཅུ་ཡན་ལ་ཟིན་པའི་བགྲེས་པོ་བརྒྱ་ཕྲག་ལྷག་ལ་ཆེད་དུ་དྲིས་པ་ལས་བྱུང་བའི་ས་དེའི་ལོ་རྒྱུས་ཀྱི་ངག་སྒྲོས་མང་པོ་ཟིན་བྲིས་སུ་བཏབ། 2008ལོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་སྣ་མང་སྐྱེ་དངོས་སྲུང་སྐྱོང་ལས་གཞིའི་ཁོངས་གཏོགས་ཀྱི་ལས་གནས་སུ་ཞུགས་ནས་གཡུ་རྩེའི་ཉེ་འདབས་ཀྱི་རི་ལུང་དུ་མར་དབྱར་དུས་ཟླ་བ་ཕྱེད་དང་གཉིས་ཀྱི་ཡུན་ལ་རི་ཁར་བསྡད་ཅིང་གཟི་བྱིའུ་ལ་ཞིབ་འཇུག་བགྱིས་ཏེ་དེའི་པར་དང་ཟིན་ཐོ་བྲིས་པས་དེའི་ཐད་ལ་སྔར་ན་མེད་པའི་མཛད་རྗེས་བསྐྲུན། 2009ལོར་རི་ཆུ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ནགས་ལས་ཁང་གིས་མཉམ་བསྒྲུབས་ཀྱི་གློག་བརྙན་ཟབ་སྦྱོང་ལ་ཞུགས་ཏེ་《གཟི་བྱིའུ་དང་གཟི་བྱིའུ།》ཞེས་པ་དང་། 《ངའི་བྱ་རྒོད།》ཅེས་པའི་དངོས་ཟིན་གློག་བརྙན་ཕབ་པ་དང་། སྨར་ཁོག་དང་སྨར་རོང་ཕྱོགས་སུ་བྱ་ཝང་དཀར་པོར་ཞིབ་འཇུག་དང་དེའི་གློག་བརྙན་ཕབ་ཅིང་དེ་སྲུང་སྐྱོབ་དགོས་པའི་གཞན་སྐུལ་གནང་བས་དེ་ནས་བཟུང་ད་བར་དུ་བྱ་ཝང་དཀར་པོ་གསོད་མཁན་མི་གཅིག་ཀྱང་མ་བྱུང་བས་དེའི་ཕྱོགས་ལའང་ཕྱག་རྗེས་བཟང་པོ་བཞག ཡང་ལོ་དེར་གཉན་པོ་གཡུ་རྩེ་དང་ཨ་མྱེ་རྨ་སྤོམ་རའི་གངས་རི་ཞུ་བའི་ཐད་ལ་པར་བཏབ་ཚད་འཇལ་སོགས་ཀྱིས་ཞིབ་འཇུག་ལེགས་པོ་མཛད། དེ་ནས་བཟུང་བགྲང་བྱ་དྲུག་ལ་རི་ཆུའི་རིག་གནས་ཚོགས་པ་དང་། ཀྲུང་གོའི་ཀྲུང་དབྱང་བརྙན་འཕྲིན་ལམ་སྟེགས་དགུ་པ་དང་། བཅུ་པ་རྣམས་ཀྱི་ལས་གཉེར་བ་རྣམས་དང་ཕྱག་ལས་མཉམ་གནང་གིས་ཁོང་གཅིག་པུས་གཉན་པོ་གཡུ་རྩེའི་རྫ་ཁྲོད་དུ་གཅན་གཟན་གསའ་ལ་པར་བཏབ་པ་དང་བརྙན་བླངས་པ་སོགས་ཀྱིས་ཞིབ་འཇུག་བགྱིས་པས་གསའ་བླ་མ་ཞེས་འབོད་པ་བྱུང་། གསའ་ཞེས་པའམ་རྒྱ་ཡིག་ཏུ་གངས་གཟིག་ཅེས་པའི་དངོས་ཟིན་གློག་བརྙན་དེ་འཕྲིན་ལམ་དགུ་པ་ནས་ཐད་གཏོང་བྱས་ཤིང་། གསའི་ཟིན་བྲིས་དེ་རྒྱས་སྤྲོས་ཀྱི་འཚོ་བ་ཞེས་པའམ་ལོའུ་ཁི་(LUXELIFE 麓客) དུས་དེབ་དང་། གོ་ལའི་མིའི་རིག་པའི་ས་ཁམས་(环球人文地理)དུས་དེབ་ཏུ་སྤེལ་བ་དང་། གཟི་བྱེའུའི་ཞིབ་འཇུག་དེ་སྲོག་ཆགས་རིག་པའི་དུས་དེབ་(动物学杂志)ཏུ་བཀོད་པ་དང་། ཁོར་ཡུག་ཀྱི་གནས་ཚུལ་ལ་དཔྱད་བརྗོད་ཅིག་བྲིས་པ་དེ་ཁོར་ཡུག་སློབ་གསོའི་(环境教育)དུས་དེབ་ཏུ་སྤེལ་བ་དང་། ཆུ་ཞེས་པའི་གློག་བརྙན་དེའི་སྐོར་གྱི་ཞིབ་འཇུག་གི་བཤད་པ་དེ་རྒྱལ་ཁབ་ཀྱི་མི་དམངས་ཉིན་རེའི་ཚགས་པར་དུ་བཀོད་པ་སོགས་དུས་དེབ་ཚད་ལྡན་དུ་མར་སྤེལ། གཞན་ཡང་ཁོང་གི་གསའ་ལ་ཞིབ་འཇུག་གི་གློག་བརྙན་དེ་ཨིན་ཅི་རྒྱལ་ཁབ་ནས་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བཏང་བ་སོགས་འཛམ་གླིང་དུ་མིང་གྲགས་ཆེན་པོ་ཐོབ་ཡོད། དེ་བཞིན་དུ་བགྲང་བྱ་ལྔ་ལ་ཡུལ་སྡེའི་མིག་ཅེས་པའི་གློག་བརྙན་ཕབ་པའི་སྤྱི་འགན་གྱི་ཁུར་བཞེས་ཤིང་ཕྱག་ལས་རྒྱ་ཆེན་གནང་སྟེ་《བསོད་རིས་ཚང་དང་གསའ།》ཞེས་པའི་གློག་བརྙན་སོགས་ཕབ།

        2012ལོར་གཉན་པོ་གཡུ་རྩེའི་གནས་ཁྲོད་དུ་སྤྱི་ལེ་གྲུ་བཞི་མ་བརྒྱད་བརྒྱ་བརྒྱད་ཅུ་ཙམ་ཀྱི་ཁྱོན་དུ་སྐྱེ་དངོས་ཀྱི་རིགས་རྩི་ཤིང་མེ་ཏོག་ལ་པར་བཏབ་པ་དང་། ཚད་འཇལ་བ་དང་། ཟིན་ཐོ་འགོད་པ་སོགས་ཀྱིས་ཞིབ་འཇུག་གི་ལས་བསྒྲུབས་ཏེ་བགྲང་བྱ་གཉིས་ལ་ཤོག་དྲིལ་ཁོ་ན་རིགས་མི་འདྲ་བ་བཅུ་བདུན་ཐོར་བཏབ་པ་སོགས་སྐྱེ་དངོས་དྲུག་བརྒྱ་ལྷག་ཞིབ་འཇུག་གིས་ཐོར་བཏབ་པས་ཡུལ་སྡེའི་བློ་མིག་ལེགས་པར་ཕྱེས། 2014ལོར་མཚོ་ཁྲི་ཤོར་རྒྱལ་མོ་དང་། དེ་བཞིན་དུ་མཐོ་སྒང་གི་ཆུ་བོ་མང་པོར་པར་བཏབ་པ་དང་། ཚད་འཇལ་བ་དང་། ཟིན་ཐོར་འགོད་པ་སོགས་ཀྱིས་ཞིབ་འཇུག་གི་ལས་བསྒྲུབས་ཏེ་ཆུ་ཞེས་པའི་དངོས་བཤུས་གློག་བརྙན་ཕབ་པ་དང་། 2015ལོར་ཡུལ་ཤུལ་གྱི་སྒ་སྟོད་ཇོ་བོ་སྒྱོག་ཆེན་ལྡོང་ར་དང་། ནང་ཆེན་སྟབས་རྒྱལ་ངང་པ་སེང་སེང་གི་ཁོར་ཡུག་དང་། སྐྱེ་དངོས་ཀྱི་ཁམས་ལ་པར་བཏབ་དང་། ཚད་འཇལ་དང་། ཟིན་ཐོར་འགོད་པ་སོགས་ཀྱིས་ཞིབ་འཇུག་མཐར་ཕྱིན་མཛད། 2016ལོར་མཛོད་དགེའི་ས་ཆའི་ན་བ་སོགས་བརླན་ས་དང་། ཀ་ཆུའིི་གཉན་ཆེན་སྔོ་ལ་གཡུ་རྩེའི་གནས་རི་ལ་པར་བཏབ་ཚད་འཇལ་དང་། ཟིན་ཐོ་འགོད་པ་སོགས་ཀྱིས་ཞིབ་འཇུག་གི་ཕྱག་ལས་གནང་ཞིང་ཨེ་ཤ་ཡའི་ཆུ་མགོའི་ཚོགས་ཆེན་སྐབས་དང་པོར་ཞུགས་པ་དང་། མ་འོངས་པར་བོད་སའི་འགག་གསུམ་གྱི་ཤ་མོང་ཞེས་པའི་དེབ་ཅིག་བསྐྲུན་འཆར་གྱི་ཐུགས་བཞེད་མཆིས་ཤིང་། ཁྲུང་ཁྲུང་དང་། གསེར་གླག་དང། གོ་བོ་དང་། བྱ་རྒོད་དང་། ཤ་དམར་རྣམས་ལ་རི་ཁར་ཞག་མང་བསྡད་དེ་དངོས་སུ་པར་བཏབ་པ་དང་། དངོས་སུ་ཞིབ་ཚགས་གཟིགས་པ་སོགས་ཀྱིས་ཞིབ་འཇུག་གི་ཕྱག་ལས་གནད་སྨིན་མཛད་དང་མཛད་བཞིན་ཡོད་པ་མ་ཟད་ཞར་ལ་བོད་ཡུལ་གྱི་རི་དྭགས་དང་། གཅན་གཟན་དང་། འདབ་ཆགས་དང་། ཆུ་གནས་ཀྱི་རིགས་བཅས་ལ་ཡུལ་མིས་མིང་འབོད་སྟངས་མི་འདྲ་བ་དང་། གཤིས་ཀ་དང་བྱ་སྤྱོད་ལ་ཟེར་སྒྲོས་སྣ་ཚོགས་ཡོད་པ་དང་། ནང་ཆོས་ཀྱི་མདོ་རྒྱུད་གཉིས་ཀ་དང་། གསོ་རིག་གི་གཞུང་དང་། བོན་གཞུང་རྣམས་སུ་སྲོག་ཆགས་དེ་རིགས་ཀྱི་མིང་དང་གཤིས་སྤྱོད་གསལ་པོར་བཤད་པ་རྣམས་ཕན་ཚུན་གུང་བསྒྲིགས་ཤིང། ཁོང་རང་གིས་སྲོག་ཆགས་དེ་རིགས་མང་པོ་ཞིག་གི་གཤིས་སྤྱོད་དང་། ཐ་ན་ཕྲུ་གུ་འཇོག་ཚུལ་དང་ཚང་ལ་ཞུགས་སྟངས་ལ་སོགས་པར་ཞིབ་འཇུག་གིས་ཉམས་མྱོང་དངོས་སུ་ལོན་པས་བརྒྱན་པའི་སྲོག་ཆགས་ཀྱི་མིང་མཛོད་ཀུན་བཏུས་ཆེན་མོ་ཞེས་པའི་དེབ་ཆེན་གཅིག་བརྩམས་པ་ལ་སོགས་པ་ད་ལྟའི་བོད་ཀྱི་ཁོར་ཡུག་རིག་གནས་དང་བཅས་པ་ལ་འགྱུར་ལྡོག་ནམ་ལངས་མཁའ་དབྱིངས་ཀྱི་རྒྱུ་སྐར་ལྟར་གཞོལ་བའི་དུས་འདིར་ཕན་པའི་མཛད་པ་བླ་ན་མེད་པ་གནང་བཞིན་ཡོད།

        གོང་གི་《བསོད་རིས་ཚང་དང་གསའ།》ཞེས་པའི་གློག་བརྙན་ལ་2011ལོར་སྤྲིན་གྱི་ལྷོ་ཕྱོགས་(云之南)ཞེས་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་དངོས་བཤུས་གློག་བརྙན་བཤམ་སྟོན་འགྲན་སྡུར་སྐབས་ལྔ་པའི་དུས་སུ་གྲོང་ཁུལ་སྡེ་ཚན་གྱི་སྔོན་ཐོན་བྱ་དགའ་ཐོབ་པ་དང་། 《ངའི་བྱ་རྒོད།》ཅེས་པའི་དངོས་ཟིན་གློག་བརྙན་ལ་2012ལོར་གྲངས་གཅིག་ཐེབས་རྩ་ཚོགས་པའི་སྤྱི་ཕན་འཕྲོ་བརྙན་དུས་སྟོན་དུ་ཆེས་བཟང་པའི་སྤྱི་ཕན་གཏམ་རྒྱུད་ཀྱི་གློག་བརྙན་བྱ་དགའ་ཐོབ་པ་དང་། ཡུལ་སྡེའི་མིག་གི་གློག་བརྙན་ལས་ཆུ་ཞེས་པའི་གློག་བརྙན་དེ་ལ་2016ལོའི་ཀྲུང་གོའི་རྒྱལ་སྤྱིའི་ནམ་ཟླའི་གློག་བརྙན་བརྙན་འཕྲིན་ཚོགས་འདུ་ཐེངས་གཉིས་པའི་སྟེང་དུ་རྒྱལ་འཇུག་བྱ་དགའ་ཟེར་བ་ཐོབ་པ་སོགས་རྒྱལ་སྤྱིའི་འགྲན་བསྡུར་དང་རྒྱལ་ནང་གི་བྱ་དགའི་གཟེངས་རྟགས་ཀྱང་རབ་དང་རིམ་པ་ཐོབ། ཁོང་ནི་རྟེན་གྲྭ་བ་ཡིན་པ་ལ་ཕྱག་ལས་དེང་རབས་ཀྱི་དམངས་ཕན་དང་། ཚན་རིག་ལ་ཁ་ཕྱོགས་པའི་ལས་མང་པོ་མཛད་བཞིན་ཡོད་ལ། ཡུལ་སྐོར་ཀྲུང་གོའི་བརྙན་ལེན་དྲྭ་བའི་ཆེད་བསྐོས་བརྙན་ལེན་པ་དང་། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐོར་སྲུང་བ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་ཐོབ་ཐང་ཡང་བཞེས་ནས་ཡོད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1