༄༅།། སློབ་ཁང་ནི་ཁྱོད་རང་འཚར་ལོངས་འབྱུང་སའི་གར་སྟེགས་ཡིན།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23



ཀྱེ་ཕུར་མཆོག་གསུམ། (རྨ་ཆུ།)
        སློབ་ཁང་ནི་གར་སྟེགས་ཆུང་ཆུང་ཞིག་སྟེ། འདི་ལས་དགེ་རྒན་གྱི་ངག་གི་ཉམས་འགྱུར་ཐམས་ཅད་རྩལ་དུ་སྤྲུགས་ནས་སློབ་མར་འཆད་ཅིང་། ལུས་ཀྱི་སྟངས་སྟབས་དག་ཀྱང་གར་དུ་བསྒྱུར་ནས་སློབ་མར་ཕུལ་ཡོད། རང་སེམས་ཀྱི་སྣོད་ལ་གསོགས་པའི་ཤེས་རིག་གི་ཅ་ལག་རེ་རེ། སློབ་མ་ཚོར་བགོ་བཤའ་བརྒྱབ་ནས་ཁྱོད་ཚོ་མ་འོངས་པར་མི་རིགས་ཀྱི་ཁྱིམ་གཞི་འཛིན་པའི་བདག་པོ་བྱ་དགོས་པའི་རེ་སྐུལ་བྱས།
        སློབ་ཁང་ནས་ང་ཚོས་སྐད་ཆར་ཚིག་རྒྱན་དང་སྒྲོབ་ཉམས་བཏོད་མི་དགོས་ཤིང་། ལུས་ཀྱི་བཟོ་ལྟ་ལའང་ཚུལ་འཆོས་དང་རྫིག་ཉམས་ག་ལ་དགོས། དེ་བས། སློབ་ཁང་ནི་ང་ཚོ་ཀོག་ནུར་བྱ་ཆོག་པའི་འཛོང་ཁུག་བྱས་ཆོག
        མེ་ཏོག་འདྲ་བའི་བྱིས་པ་ཆུང་ཆུང་ཚོར་ཤེས་རིག་གི་བསིལ་ཆུ་སྟོར་ཏེ་འཚར་ལོངས་འབྱུང་དུ་འཇུག་དགོས་པས་སློབ་ཁང་ནི་ང་ཡི་རྨི་ལམ་ལ་གཤོག་པ་ཐོགས་སའི་ནམ་མཁའ་ཡིན། ནམ་མཁའ་ན་ཉི་ཟླ་དང་སྐར་ཚོགས་དག་ཀྱང་མེད་མི་རུང་བས། དགེ་རྒན་ནི་ཁྱོད་ཚོའི་ཉི་ཟླ་ཡིན་ལ་ཁྱོད་ཚོའང་དགེ་རྒན་ལ་འཁྱུད་པའི་སྐར་ཚོགས་ཀྱི་ཕྲེང་བ་ཡིན། སློབ་ཁང་ནས་ང་ཚོ་ཚངས་པ་དང་དབང་ཕྱུག ཁྱབ་འཇུག་སོགས་ལའང་མཇལ་དུ་ཡོད། སློབ་ཁང་ནས་ང་ཡི་སྒོ་སམ་ལ་ཡང་ཡང་བརྡར་བའི་ཡིག་འབྲུ་དག་ལ་འོད་ཟེར་འཚེར་ཏེ། རེ་འགའ་བའི་རྟགས་པར་གྲུབ་པའི་ཁང་པའི་ནམ་མཁར་འཇའ་འོད་འཁྲིགས།
        ཡང་སྐབས་ལ་ལར། དགེ་རྒན་གྱིས་ཁ་ལ་ཟ་མ་བཟའ་སྟངས་དང་ལུས་ལ་གྱོན་གོས་གྱོན་ཚུལ། ངག་གི་སྐད་ཆ་བརྗོད་སྟངས་ཚུན་ཆད་རེ་རེ་བཞིན་ཁྱོད་ཚོར་བསླབ་དུས། སློབ་ཁང་ནི་ང་ཚོའི་གཡང་ཁྱིམ་སྟེ་མཁས་པའི་ཚིག་ལ་རྒྱན་ཆ་དང་བླ་མའི་གསུང་གི་རྒྱབ་བརྟེན་མི་དགོས་པའི་སྐད་ཆ་རྗེན་པ་དག་གང་འདོད་བྱོ་སྟེ་རང་སེམས་ཀྱི་གནོང་པ་དང་དབུགས་དབྱུང་ཕྱི་ལ་ཕྱུང་ཆོག
        སློབ་ཁང་ནས་དགེ་རྒན་གྱིས་ཁྱོད་ལ་ཚིག་གི་བེར་ཀས་གཞུས་ཀྱང་གདམས་ངག་དང་ཕྱག་འཇུག་ལན་གསུམ་གནང་ཡང་སྐུལ་ལྕག་ཏུ་འགྱུར་ངེས་པས། སློབ་ཁང་ནི་ཁྱོད་ལ་ལག་ཡོང་གི་སྐྱེས་མང་རག་སའི་གཏེར་ཁ་ཡིན། འཛུམ་ལྷུག་ལྷུག་གི་ཐ་སྙད་དག་ཀྱང་ལྗིད་ཏིག་ཏིག་གིས་ཁྱོད་ཀྱི་བྲང་ཁར་འཚང་ཡོང་སྟེ། ཁྱོད་ཀྱི་བསམ་བློ་རྒྱགས་པོར་ཆགས་ངེས་ཤིང་འཇིག་རྟེན་ངོས་འཛིན་དང་ལེགས་ཉེས་དབྱེ་འབྱེད་ཀྱི་དབུ་ཡང་སློབ་ཁང་ནས་བརྩམ་ངེས་པས་སློབ་ཁང་ནི་ཁྱོད་ཀྱི་མི་ཚེ་ལ་བྲིས་པའི་ཐོག་མའི་དབུ་ཁྱུད་ཡིན།
        སློབ་ཁང་ནས་དགེ་རྒན་གྱིས་ཁྱོད་ལ་གོ་དོན་དང་མཚན་ཉིད་མང་པོ་ཞིག་གི་ཁུར་པོ་འགེལ་སྲིད་མོད་དེ་ནི་ཁྱོད་རང་རྒྱང་ལ་ཆས་པའི་འཁར་བ་དང་འཇིག་རྟེན་མཐོང་བའི་རྒྱང་ཤེལ་ཡིན། འགྲོ་ཞོར་བཏུས་པའི་གཅེས་ནོར་འདི་དག་མ་འོངས་པར་ཁྱོད་རང་ཕྱུག་པོར་ཆགས་པའི་ཚེ་ནོམ་དང་བདེན་པ་གླུ་རུ་གྱེར་ཐུབ་པའི་སྒལ་ཚིགས་ཡིན་པས་སློབ་ཁང་ནི་ཁྱོད་ཀྱི་རྔུལ་ཆུ་སྟོར་སའི་ཞིང་ཐང་ཡིན།
        སློབ་ཁང་ནས་དགེ་རྒན་གྱིས་ཁྱོད་ལ་ཁ་རོག་གེར་ལབ་པའི་སྐད་ཆ་དག་མ་འོངས་པར་ཁྱོད་ཀྱིས་སྐད་གསེང་མཐོན་པོས་གཞན་ལ་བསྒྲགས་ཆོག དེ་ནི་གདམས་ངག་ཡིན། གདམས་ངག་གི་ཆུ་འགོ་སློབ་ཁང་ནས་བརྡོལ་ཏེ་འཛམ་གླིང་དུ་བཞུར་སྲིད་པས་སློབ་ཁང་ནི་ཁྱོད་རང་བརྩེ་བས་རུམ་པའི་མ་ཡུམ་ཡིན་ཆོག
        གོང་དཔོན་པོ་མཐོང་ན་མགོ་བོ་སྒུར་མི་དགོས་ཤིང་དམའ་སྤྲང་པོར་འཕྲད་ཀྱང་ཚིག་རྩུབ་ཀྱི་མདའ་མོས་སྣུན་མི་དགོས་པའི་གནས་དེ་སློབ་ཁང་ཡིན་པས། སློབ་ཁང་ནས་ངས་ཀ་ཁའི་དབྱངས་རྟ་སྐྱོར་ཏེ་ལམ་ལ་ཆས་པ་ཡིན་ལ་སློབ་ཁང་ནི་ཆེས་དྭངས་གཙང་གི་བགྲོད་ལམ་དང་། ཆེས་དྲང་སྙོམ་གྱི་རྒྱ་མ་བྱས་ཆོག
        སློབ་ཁང་ཁྲུས་གཞོང་བྱས་ཏེ་ཁ་སང་ཁྱོད་ཀྱི་ལུས་ཀྱི་མི་གཙང་དང་ལྗན་ལྗིན་དག་གཙང་བཀྲུ་བྱས་སོང་ལ་དེ་རུ་ཀ་ཁའི་ལྗང་མྱུག་བཏབ་སྟེ་མགོ་ལྕོག་ལྡེམ་པའི་ཀུན་སློང་གི་འབྲས་བུ་སྨིན་སོང་། དེ་རིང་ད་དུང་ཡང་ཁྱོད་རང་སློབ་ཁང་ལ་བསྟེན་དགོས་ཤིང་སློབ་ཁང་གིས་སྔར་བཞིན་འབྱུང་བཞིར་བྱིལ་བྱིལ་བྱས་ཏེ། དར་དཀར་བཞིན་རྒྱང་ལ་འཐེན་པའི་ལམ་བུ་ཞིག་ངོ་སྤྲོད་བྱ་ངེས། ལམ་བུ་དེ་ནི་ཁྱོད་ཀྱི་མདུན་ལམ་ཡིན། བཀའ་བསྟན་གྱི་གླེགས་བམ་དང་བདེན་པའི་བླ་དང་སྲོག་ལ་འཁྱུད་པའི་འོད་ཀྱི་ལྡིང་ཁང་། གནས་ལུགས་ཀྱི་ཆུ་མོ་ཤག་ཤག་བཞུར་པའི་ཡིད་ཀྱི་དག་ཞིང་། རྨི་ལམ་མ་ཡིན་པའི་གནས་མཆོག་མང་པོ་ཞིག་ལ་གནས་དེ་ནས་འཕྲད་སྲིད་པས། ང་ཚོ་ཅིས་ཀྱང་མདུན་དུ་འགྲོ་དགོས།
        མདོར་དེད་ན་སློབ་ཁང་ནི་ང་ཚོའི་འཇིག་རྟེན་ཏེ། འདི་ནས་སྲིད་གསུམ་ལ་གཡས་སྐོར་བརྒྱབ་ཆོག་ལ། འཛམ་གླིང་གི་ཡང་རྩེར་འགོས་ཏེ་སྲིད་པའི་ལྟད་མོར་བལྟས་པས་ང་ཚོར་སློབ་ཁང་ལས་ཆེ་བའི་མངའ་ཐང་ཞིག་གང་དུ་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1