གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ནོར་བུ་བསམ་འཕེལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་ཤེས་རིག སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༢༢ཉིན།

༄༅།། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་བྱེད་ཕྱོགས་སྐོར་གྱི་ཐོག་མའི་བསམ་གཞིགས།

ནོར་བུ་བསམ་འཕེལ།
          བོད་རིག་པར་རྟོག་དཔྱོད་ཞིབ་འཇུག་བྱེད་སྐབས་དཔྱད་གཞིར་མཁོ་བའི་རྒྱུ་ཆའི་ཐད་ལ་མཚོན་ན་བོད་དུ་ལོ་རྒྱུས་དེབ་ཐེར་དང་། གདན་རབས་རྣམ་ཐར། བཀའ་བསྟན་གསུང་རབ་སོགས་ཕུན་སུམ་ཚོགས་པོ་ཡོད་པ་དེས་ཕན་ནུས་གལ་ཆེན་འདོན་བཞིན་ཡོད་པ་སྨོས་མ་དགོས་མོད། དེང་སྐབས་ཞིབ་འཇུག་གནང་མཁན་གྱི་ངོས་ནས་བཤད་ན་དེ་དག་གི་ཁྲོད་ཕལ་ཆེར་ཞིག་ལག་བརྒྱུད་བྱས་པའི་དཔྱད་ཡིག་རིམ་པ་གཉིས་པ་གསུམ་པ་ལས་འདས་པ་ཁོ་ན་ཡིན་པ་མ་ཟད། སྐབས་དེའི་རྩོམ་མཁན་གྱི་ཆོས་ལུགས་གྲུབ་མཐའི་ཞེན་རྒྱས་བཏབ་པའང་མང་དུ་མངོན་པས་བདེན་འཚོལ་བདེན་སྒྲུབ་བྱེད་པའི་ཚན་རིག་ཞིབ་འཇུག་གི་བྱ་བར་ལྟོས་ན་ཡིད་ཡོངས་སུ་ཚིམ་པ་དང་། རེ་བ་རྫོགས་པར་སྐོང་ཐུབ་པ་ཞིག་གཏན་ནས་མ་རེད། དེར་བརྟེན་ད་ཆ་འཛམ་གླིང་ཁྱོན་ཡོངས་ཀྱི་ཚན་རིག་ཞིབ་འཇུག་དང་། ལྷག་པར་སྤྱི་ཚོགས་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོའི་དཔྱད་གཞི་འཚོལ་བའི་རེ་བ་དེ་ཡིག་ཚགས་ལས་ཁུངས་སུ་བཅོལ་ཤུགས་ཆེ་རུ་གང་འགྲོ་ཡིན་པ་འཛམ་གླིང་ལོ་རྒྱུས་རིག་པའི་འཕེལ་ཕྱོགས་ལས་ཀྱང་ལམ་ཙམ་རྟོགས་ཐུབ་ལ། ཡིག་ཚགས་ལ་དཔྱད་ཡིག་གཞན་དང་མི་འདྲ་བའི་ཁྱད་ཆོས་སམ་ཡོན་ཏན་ལྡན་པས་ཚན་རིག་ཞིབ་འཇུག་གི་བྱ་བའི་ཁྲོད་ནུས་པ་འདོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའང་མངོན་སུམ་དུ་གྲུབ། དེས་ན་ཕྲན་གྱིས་འདིར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་བྱས་ཏེ་གོང་འཕེལ་འགྲོ་བཞིན་པའི་བོད་རིག་པའི་ཞིབ་འཇུག་བྱ་བར་ཞབས་འདེགས་ཞུ་ཕྱོགས་སྐོར་བསམ་གཞིགས་བྱས་པའི་ཐོག་མའི་དྲན་འཆར་ཙམ་འགོད་པར་འདོད་པ་ལས།         
དང་པོ། ཡིག་ཚགས་རགས་བཤད།
          སྤྱིར་ན་ཡིག་ཚགས་ཞེས་པ་དེར་མཚན་ཉིད་ཇི་ལྟར་འཇོག་དགོས་པའི་སྐོར་ལ་མཁས་དབང་དག་གི་བཞེད་དགོངས་གླེང་བརྗོད་མང་དུ་མཆིས་པས་མཐའ་གཅིག་ཏུ་གཅིག་མཐུན་བྱུང་མེད་པར་སྣང་མོད། རྩ་བའི་ཆ་ནས་ཡིག་ཚགས་ཞེས་པ་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་སོགས་ནས་རང་འཁྲིའི་འགན་བབས་ལྟར་སྤྱི་ཚོགས་ཐོག་བྱ་བྱེད་སྤེལ་བའི་རིང་བྱུང་ཞིང་ཆགས་པའི་ཡིག་རིགས་ཁག་ལས་སླད་མར་འཚོལ་ཞིབ་བེད་སྤྱོད་བྱེད་ཕྱིར་ཉར་ཚགས་བྱས་པ་རྣམས་ལ་ཟེར་ཞིང་། དེང་གི་ཆ་ནས་བཤད་ན་ཡིག་ཐོག་དང་། སྒྲ་ཕབ། བརྙན་རིས་སོགས་སྣེ་ཁ་མང་པོ་ཡོད་པར་བཞེད་པ་ནི་མཁས་མང་བློ་ཡི་ཉིང་བཅུད་ལྟ་བུར་གྲུབ་འདུག    དེའི་ཕྱིར་ཡིག་ཚགས་ཡིན་པ་ཐམས་ཅད་ལོ་རྒྱུས་ཀྱི་ཁོངས་སུ་གཏོགས་པའམ་ལོ་རྒྱུས་རང་བཞིན་དུ་གྲུབ་པ་འབའ་ཞིག་ཡིན་རུང་། ལས་ཀར་སྟབས་བདེ་ཡོང་བ་དང་། ཐ་སྙད་ཀྱི་དུས་དང་སྲིད་ཀྱི་རྣམ་གཞག་སྟོན་ཕྱིར་དགོས་དབང་གིས་ལོ་རྒྱུས་ཡིག་ཚགས་དང་། དེང་དུས་ཡིག་ཚགས་ཞེས་ཁག་གཉིས་སུ་ཕྱེ་ཡོད་པ་དཔེར་ན་རང་རེ་བོད་ལ་ཆ་བཞག་ན། ལོ་རྒྱུས་ཡིག་ཚགས་བྱ་བ་ནི་སྤྱི་ལོ༡༩༥༩ལོར་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་བོད་ཀྱི་སྤྱི་ཚོགས་འདི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་འཕོ་འགྱུར་བྱུང་བའི་ཡར་སྔོན་དུ་བྱུང་བའི་ཡིག་རིགས་སྣ་ཚོགས་ལ་བྱ་ཞིང་། ཀྲུང་གོ་ཧྲིལ་པོར་ཆ་བཞག་ན།  སྤྱི་ལོ༡༩༤༩ལོའི་ཟླ༡༠ཚེས༡ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཕན་ཆད་ཀྱི་དུས་སྐབས་རྣམས་སུ་བྱུང་ཞིང་ཉར་ཚགས་བྱས་པའི་ཡིག་ཆ་རྣམས་ལ་བྱ་བ་ཡིན་པ་ལྟ་བུ་རེད།   
          ཡིག་ཚགས་ནི་ཡིག་ཚགས་འབྱུང་སའི་ཁུངས་ཏེ་ལས་ཁུངས་དང་སྡེ་ཁག  མི་སྒེར་སོགས་ཀྱིས་བྱ་བ་སྒྲུབ་པའི་ལག་ལེན་དངོས་ནང་འབྲེལ་འདྲིས་ཟིན་འདེབས་སོགས་ལས་དོན་སྒྲུབ་པའི་ཐབས་སམ་ཡོ་བྱད་དུ་སྤེལ་བའི་ཡིག་ཆ་ལས་གྱུར་འོངས་པ་ཞིག་ཡིན་པས། ཡིག་ཚགས་དེ་རང་བྱུང་བའི་དུས་དང་། གནས་ཁུངས(ཡིག་ཚགས་གྲུབ་པ་པོ)ཀྱི་ལོ་རྒྱུས་གནས་ཚུལ་ཁག་ལ་ཞིབ་འཇུག་བྱེད་རྒྱུར་མཁོ་བའི་དཔྱད་ཡིག་ཏུ་འགྱུར་བར་གདོན་མི་ཟ་ན་ཡིག་ཚགས་ཀྱང་སྒྲ་ཡངས་འཇུག་གིས་དཔྱད་ཡིག་གི་ཁོངས་སུ་གཏོགས་པ་ཡིན། ཡིན་ནའང་།  ཡིག་ཚགས་ནི་དེ་རང་གྲུབ་པའི་ཁུངས་སམ་བདག་པོའི་བྱ་བྱེད་ལ་ཟུར་གཞན་ནས་གསལ་བཤད་དང་འགྲེལ་མཆན་འདེབས་པ་ཞིག་མ་ཡིན་པར་ཁོ་ཚོས་བྱ་བྱེད་དེ་རིགས་སྤེལ་སྐབས་དངོས་སུ་བྱུང་བ་ཞིག་ཡིན་པས། དཔྱད་ཡིག་གཞན་དང་མི་འདྲ་བའི་གཉུག་མའི་རང་བཞིན་ཆེས་ཆེར་ལྡན་ལ། དེའི་དབང་གིས་ཡིག་ཚགས་ལ་དཔྱད་ཡིག་གཞན་དང་མི་འདྲ་བའི་བདེན་དངོས་རང་བཞིན་མཆིས་པ་དང་། བདེན་རྫུན་དབྱེ་འབྱེད་ཀྱི་བརྡར་ཤ་གཅོད་སྐབས་ཡིད་རྟོན་དུ་རུང་མིན་ཐད་གཞན་གང་དང་ཅིས་ཀྱང་འགྲན་དུ་མི་བཟོད་པའི་རང་བཞིན་ནམ་ལེགས་ཆ་ཞིག་མངའ་བ་མ་ཟད། ཆབས་ཅིག་ཏུ་ཁེར་རྐྱང་རང་བཞིན་དང་། ཡིག་རྒྱུན་དཀོན་པའི་རང་བཞིན་ཞིག་ཀྱང་ཐོན་ཡོང་གི་ཡོད་ལ། རང་སོ་སོའི་གྲུབ་ལུགས་ལྟར་ཡིག་ཚགས་དང་ཡིག་ཚགས་བར་ཐོག་མ་ནས་ལྷན་སྐྱེས་སུ་ཆགས་པའི་འབྲེལ་བ་དམ་པོ་ཞིག་རང་བཞིན་གྱིས་གྲུབ་ཡོད་པས་ཉར་ཚགས་དོ་དམ་དང་། བེད་སྤྱོད་ཞིབ་འཇུག་སོགས་བྱེད་པར་མཐུན་རྐྱེན་བཟང་པོ་སྐྲུན་པ་དང་ཆབས་ཅིག་གཞན་དང་མི་འདྲ་བའི་རེ་བའམ་བླང་བ་ཡང་གསལ་རྗེན་དུ་བཏོན་ཡོད། ཡིག་ཚགས་ནི་རྒྱལ་ཁབ་ལས་ཁུངས་དང་། སྡེ་ཁག་ཚོགས་པ།མི་སྒེར་སོགས་ཀྱིས་སྤྱི་ཚོགས་ལག་ལེན་གཉེར་སྐབས་སུ་བྱུང་ཞིང་གྲུབ་པ་ཞིག་ཡིན་པ་དང་།   བྱ་བྱེད་དེ་དག་བསྡུས་པ་ལས་སྤྱི་ཚོགས་ལོ་རྒྱུས་གྲུབ་ཀྱི་ཡོད་པའི་ཕྱིར། ཡིག་ཚགས་འབྱུང་བའི་ཁུངས་སམ་གཞི་དེ་སྤྱི་ཚོགས་ཧྲིལ་པོར་ཁྱབ་ནས་ཡོད་ལ། དེས་བཀོད་པའམ་མཚོན་པའི་ནང་དོན་ཡང་སྣེ་གཅིག་ཙམ་དང་། ཕྱོགས་རེ་བ་ཞིག་མིན་པར་དཔལ་འབྱོར་དང་། ཆབ་སྲིད་དམག་དོན། རིག་གནས་སློབ་གསོ། ཚན་རིག་ལག་རྩལ། སྨན་བཅོས་འཕྲོད་བསྟེན།  སྒྱུ་རྩལ་རྩོམ་རིག   བཅའ་ཁྲིམས་དང་ཐ་ན་ཡུལ་སྲོལ་གོམས་གཤིས་ཚུན་ཆད་མ་ཚུད་པ་མེད་པས་ནང་དོན་ཐད་ཕུན་སུམ་ཚོགས་ལ། རྣམ་པའི་ཐད་སྣེ་འཛོམ་པའི་ཁྱད་ཆོས་ཀྱང་མངོན་གསལ་དུ་གྲུབ་ཡོད།  
          ཡིག་ཚགས་ཀྱི་ཁྱད་ཆོས་དེའི་ཐོག་ནས་ང་ཚོས་ཡིག་ཚགས་ལ་མངའ་བའི་རིན་ཐང་དང་།  དེ་འདོན་སྤེལ་མངོན་འགྱུར་བྱེད་པའི་ཆོས་ཉིད་ཀྱང་རགས་ཙམ་རྟོགས་ཐུབ་སྟེ། གཅིག་ནས་ཡིག་ཚགས་དེ་སྤྱི་ཚོགས་ཀྱི་ལག་ལེན་དངོས་ནང་བྱ་བ་སྒྲུབ་པའི་ཐབས་སམ་ཡོ་བྱད་དུ་སྤེལ་བའི་ཡིག་ཆ་སྣ་ཚོགས་ལས་གྱུར་འོངས་པ་ཞིག་ཡིན་པས། དེས་རང་གིས་གང་བཀོད་ཟིན་བཏབ་པའི་བྱ་བའམ་དོན་དངོས་དེའི་བདེན་དཔང་བསྙོན་དུ་མེད་པ་ཞིག་བྱེད་ཐུབ་པ་དང་།   གཉིས་ནས་ཡིག་ཚགས་ཁྲོད་སྤྱི་ཚོགས་ཧྲིལ་པོའི་བྱ་འགུལ་གྱི་སྔ་ཕྱི་བར་གསུམ་དང་། ཕྱོགས་མཐའ་དབུས་གསུམ། བཟང་ངན་འབྲིང་གསུམ་སོགས་མདོར་ན་ལོ་རྒྱུས་ཐོག་གི་སྤྱི་ཚོགས་འཚོ་བའི་ཁྱོན་ཡོངས་མ་ཁྱབ་པ་མེད་པ་ཙམ་དུ་མཚོན་གྱི་ཡོད་པས་དེས་ཕྱི་རབས་པ་རྣམས་ལ་སྔ་རབས་པའི་བློ་གྲོས་ཀྱི་རྩལ་ལམ། བྱ་བྱེད་ཀྱི་ཐབས་སོགས་ཤེས་རིག་གི་ཉིང་བཅུད་རྣམས་བརྒྱུད་སྤྲོད་བྱེད་ཐུབ་པ་ཡིན། དེའི་ཕྱིར། ཡིག་ཚགས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་ཡང་སོ་སོའི་ཁྱད་ཆོས་ཀྱིས་བཅད་བཀག་གམ་ཕྱོགས་སྟོན་བྱེད་ཀྱི་ཡོད་པ་ནི་མང་དུ་མ་སྨྲས་ཀྱང་གོ་ཐུབ་པ་ཞིག་ཡིན་ལ། སྤྱིའི་ཆ་ནས་བཤད་ན་ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་བར་ཆོས་ཉིད་འདི་ལྟ་བུ་ཞིག་ལྡན་ཏེ། ལོ་རྒྱུས་ཀྱི་དུས་ཡུན་ཇི་ཙམ་གྱིས་རིང་དུ་སོང་ན། ༡.ཡིག་ཚགས་ཀྱི་རིན་ཐང་གིས་ཁྱབ་ས་ཇི་ཙམ་གྱིས་རྒྱ་བསྐྱེད་པ་དང་། ༢. ཡིག་ཚགས་ཀྱི་གསང་ཐབས་རང་བཞིན་ཇི་ཙམ་གྱིས་ཞན་དུ་འགྲོ་བ། ༣. ཡིག་ཚགས་ཀྱིས་ཚན་རིག་རིག་གནས་ཀྱི་བྱ་གཞག་ལ་མཚོན་པའི་རིན་ཐང་ཇི་ཙམ་གྱིས་ཤུགས་ཆེར་འགྲོ་བ་བཅས་ཡིན། དེར་བརྟེན་ལོ་རྒྱུས་ཡིག་ཚགས་སུ་གྲུབ་པ་ཡིན་ཕྱིན་གང་དེའི་རིན་ཐང་གིས་ཁྱབ་པ་ཁོ་རང་གྲུབ་སའི་ལས་ཁུངས་སམ་མི་སྒེར་རམ་ཁྱིམ་རྒྱུད་ཙམ་གྱི་ཚད་ལས་བརྒལ་ཏེ། གཙོ་ཆེ་བ་སྤྱི་ཚོགས་ཡོངས་ཀྱི་ཐོག་མངོན་ཞིང་། དེ་ཡང་གལ་ཆེ་ཤོས་ནི་རྒྱལ་ཁབ་བམ་མི་རིགས་དེའི་སྤྱི་ཚོགས་ལོ་རྒྱུས་དང་།རིག་གནས་བསམ་བློ། ལམ་ལུགས་སྲོལ་རྒྱུན་སོགས་ལ་ཞིབ་འཇུག་དཔྱད་བསྡུར་གྱིས་གནའ་བཟང་དེང་སྤྱོད་དང་། ངན་པ་མགོ་འདོམས། སྲོལ་བཟང་དར་སྤེལ་བཅས་བྱེད་རྒྱུར་སྨན་པ་ཤས་ཆེ་བར་གྱུར་པ་ཡིན་ནོ།         
གཉིས་པ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྐོར།
          བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནི་སྔོན་དུ་བཤད་པ་ལྟར་སྤྱི་ལོ༡༩༥༩ལོར་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཤིང་། བོད་ལྗོངས་ས་མཐོ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་བཀོད་པ་ཕན་ཆད་བོད་ས་གནས་ཀྱི་སྐབས་སོ་སོའི་དབང་བསྒྱུར་ཚོགས་ཁག་གི་སྡེ་སྲིད་དང་། གདན་ས་ཁག  བླ་བྲང་ཁག    དེ་བཞིན་ཉེ་རབས་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཁག་དང་། དཔོན་རིགས་བླ་སྤྲུལ་སོགས་མི་སྣ་གྲགས་ཅན་གྱིས་སྤྱི་་ཚོགས་ཐོག་ཆོས་སྲིད་བྱ་བ་སྒྲུབ་སྐབས་ཆགས་པའི་ཡིག་ཆ་དང་། བྲིས་པའི་བརྩམས་ཆོས་ཉར་ཚགས་བྱས་པ་རྣམས་ཡིན།   
          ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་བྱུང་ཞིང་ཆགས་པའི་ཡིག་ཚགས་ཀྱི་རླབས་ཕྲེང་ཆིལ་ཆིལ་དུ་འཚེར་བ་རྣམས་ལས་ད་ལྟ་ང་ཚོ་རང་སྐྱོང་ལྗོངས་ཡིག་ཚགས་ལས་ཁུངས་སུ་བསྡུ་ཉར་དོ་དམ་བྱས་པ་གཅིག་པུར་ལྟོས་ནས་བཤད་ནའང་ནང་དོན་ཕུན་སུམ་ཚོགས་ལ་ཁ་གྲངས་མང་བ་དང་། ཡིག་རིགས་འདྲ་མིན་མང་ལ་སྣ་ཁ་འཛོམས་པའི་ཁྱད་ཆོས་ཤིག་འབུར་དུ་ཐོན་ནས་ཡོད་པ་མངོན་གསལ་དུ་གྲུབ་ཡོད་ཅིང་། ཡིག་ཚགས་དེ་དག་གི་ནང་དོན་ཐད་དེ་སྔའི་བོད་ཀྱི་ལོ་རྒྱུས་དུས་རིམ་ཁག་ནང་གི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། བཀའ་ལུང་ཁྲིམས་ལུགས། རིག་གནས་སྒྱུ་རྩལ། ཚན་རིག་ལག་རྩལ། སྨན་བཅོས་འཕྲོད་བསྟེན། ཆོས་ལུགས་བྱེད་སྒོ། ཡུལ་ལུགས་གོམས་སྲོལ། རང་བྱུང་གནོད་འཚེའི་སྐོར་སོགས་མདོར་ན་བོད་རིག་པའི་ཁྱབ་ཁོངས་སུ་གཏོགས་པ་ཡོད་དོ་ཅོག་ལ་ཞིབ་འཇུག་དཔྱད་བསྡུར་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞི་བརྒྱུད་བཤུས་ལག་བསྟར་མ་བྱས་པ་ཤ་སྟག་རེད་ལ། དེར་མ་ཟད་བོད་ཀྱི་རིག་ཚན་ལྔའམ་བཅུས་བསྡུས་པའི་བོད་ཀྱི་རིག་གནས་ཀྱི་དཔྱད་ཡིག་དཔེ་ཆའམ་ཚད་ལྡན་ཡིག་ཆ་དང་། དེ་མིན་རྒྱ་ཡིག་གི་གནའ་དཔེའང་ཕུན་སུམ་ཚོགས་པོ་ཡོད་པ་དེ་ཚོས་ཡིག་ཚགས་ལ་རམ་འདེགས་དང་། གསལ་ཁ་གཏོད་རོགས་བྱེད་པས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་བྱེད་རྒྱུར་ཕན་ངེས་ཀྱི་ནུས་ཤུགས་བཏོན་དང་འདོན་བཞིན་ཡོད།   
          བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་གཞན་ཞིག་ནི་སྣེ་མང་རང་བཞིན་དང་ལྡན་པ་དེ་ཡིན། དེ་ཡང་རྩོམ་རིག་བརྩམས་བྱ་གང་འདྲ་ཞིག་ཡིན་རུང་དེས་བསྟན་པའི་ནང་དོན་གང་ཡིན་པ་ཚང་མ་རྣམ་པ་ངེས་ཅན་ཞིག་ལ་བརྟེན་ནས་ཀློག་པ་པོར་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་བཞིན་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་ཡང་རང་གི་ཁྱད་ཆོས་དང་མཐུན་པའི་རྣམ་པ་ཕུན་སུམ་ཚོགས་པོ་ཞིག་ཡོད་ཅིང་། གཅིག་ནས་ཡིག་ཚགས་བཀོད་འབྲི་བྱེད་པའི་ཡིག་རིགས་འདྲ་མིན་མང་བ་སྟེ། བོད་ཡིག་གིས་གཙོ་བོར་གྲུབ་པ་སྨོས་མེད་ཐོག    ད་དུང་རང་རྒྱལ་རྒྱལ་རབས་སོ་སོའི་སྲིད་གཞུང་གིས་བསྩལ་བའི་བཀའ་རྒྱ་ལུང་ལ་སོགས་པ་རྒྱ་ཡིག་དང་། སོག་ཡིག    མན་ཇུའི་ཡི་གེ་སོགས་དང་། དེ་མིན་ཉེ་འབྲེལ་རྒྱལ་ཁབ་ཁག་དང་འཕྲིན་འབྲེལ་འགྲོ་འོང་སྐབས་ཆགས་པའི་རྒྱ་གར་དང་། བལ་པོ་སོགས་ཀྱི་ཡི་གེས་བྲིས་པའི་ཡིག་ཚགས། ཉེ་རབས་ལོ་རྒྱུས་ཐོག་བཙན་རྒྱལ་རིང་ལུགས་པས་བོད་ལ་བཙན་འཛུལ་བྱེད་སྐབས་བྱུང་བའི་དབྱིན་ཇི་དང་། ཨུ་རུ་སུ་སོགས་ཀྱི་ཡི་གེས་བཀོད་པའི་ཡིག་ཚགས་སོགས་མང་དུ་ཡོད་པ་དང་། གཉིས་ནས་ཡིག་ཚགས་གྲུབ་བྱེད་ཀྱི་རྒྱུ་ཆའི་ཐོག་ནས་བཤད་ནའང་། ཤིང་དང་། ཏ་ལའི་ལོ་མ། རུས་པ། དར་གོས། མཐིང་ཤོག ལྕགས་རིགས། རྡོ་སོགས་འདྲ་མིན་སྣ་ཚོགས་ཀྱི་ཐོག་སྣག་ཚ་དང་། གསེར། དངུལ། ཛུལ། བྱུ་རུ། མུ་ཏིག   རྒྱ་མཚལ་སོགས་མཉམ་བསྲེས་ཀྱིས་བྲིས་ནས་གྲུབ་པའི་ཡིག་ཚགས་རིན་ཐང་བྲལ་བ་མང་པོ་ཡོད།   
          ལོ་རྒྱུས་ཀྱི་ཤོང་ཚད་རིད་བའང་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། དེ་ཡང་ང་ཚོའི་ལས་ཁུངས་སུ་ཉར་ཚགས་བྱེད་བཞིན་པའི་ཡིག་ཚགས་ལ་ལྟོས་ནས་བཤད་ན། ལྷག་པར་དུ་ས་སྐྱ་བའི་དབང་བསྒྱུར་དུས་རིམ་ནས་ཕག་མོ་གྲུ་པ་དང་། གཙང་པ་སྡེ་སྲིད། དགའ་ལྡན་ཕོ་བྲང་། བཀའ་ཤག་གིས་གཙོས་བོད་ས་གནས་སྲིད་གཞུང་བར་ཏེ་རང་རྒྱལ་གྱི་སྤྱིའི་ལོ་རྒྱུས་དུས་སྐབས་དང་བསྟུན་ན་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས། ཀྲུང་ཧྭ་མི་སེར་རྒྱལ་ཁབ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་སྐབས་ཚུད་ཅིང་མཚོན་ཡོད་པས་ལོ་རྒྱུས་ཆུ་རྒྱུན་རིང་མོའི་འཕེལ་འགྲིབ་ཀྱི་རླབས་ཕྲེང་མངོན་པར་གསལ་བ་མ་ཟད། ཡིག་ཚགས་ཁག་ཅིག་གི་དུས་ཚོད་ནི་དེ་བས་སྔ་བའང་ཡིན་པ་སོགས་མདོར་ན་ང་ཚོའི་ཡིག་ཚགས་ཁང་འདི་བཞིན་བོད་ཀྱི་རིག་གནས་ལྡུམ་རའི་ནང་མཚར་སྡུག་ལྡན་པའི་མེ་ཏོག་ཆུན་པོ་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཆེན་པོའི་ནང་གི་མཆོག་ནོར་རིན་ཐང་བྲལ་བ་ཞིག་ཀྱང་ཡིན་པ་ཚང་མས་ཁས་ལེན་བྱེད་ཀྱིན་ཡོད།   
          དེ་ལྟ་བུའི་ལོ་རྒྱུས་ཀྱི་ཤོང་ཚད་རིང་ལ། ནང་དོན་ཕུན་སུམ་ཚོགས་པ། སྣ་མང་འདྲ་མིན་འཛོམས་པའི་ནོར་བུ་ཁྱད་དུ་འཕགས་པ་དེར་ད་ཕན་ལོ་བཞི་བཅུར་ཉེ་བའི་རིང་ཞིབ་འཇུག་དག་སྒྲིག་གི་ལས་ཀ་ཤུགས་ཆེན་གཉེར་བས་རྙོག་འཛིང་ཆེ་བ་དང་། གུང་སྒྲིག་སྣེ་ཡིས་མི་ཟིན་པའི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། ལྗོངས་ཡིག་ཚགས་ལས་ཁུངས་སུ་བསྡུ་ཉར་བྱས་པའི་ཡིག་ཚགས་ཡོངས་ཀྱི་གསུམ་ཆ་གཉིས་ཙམ་སྡེ་ཁག་དགུ་བཅུར་ཕྱེ་ནས་དག་སྒྲིག་བྱས་ཟིན་པ་དང་། དཀར་ཆག་བཀོད་པ་མ་ཟད། དཀར་ཆག་རྣམས་རྒྱ་ཡིག་ཏུ་བསྒྱུར་ནས་བེད་སྤྱོད་གནང་མཁན་གྱིས་བཙལ་འཚོལ་གནང་རྒྱུར་སྟབས་བདེ་སྐྲུན་གང་ཐུབ་བྱས་དང་བྱེད་མུས་སུ་རེད་ལ། འདི་ལྟར་ཉར་ཚགས་དོ་དམ་བྱེད་པའང་བེད་སྤྱོད་བྱེད་ཕྱིར་ཡིན་པ་གསལ་ཤེས་ཀྱིས་ཉར་ཚགས་དག་སྒྲིག་བྱེད་པ་དང་། བེད་སྤྱོད་ཞིབ་འཇུག་བྱེད་པ་གཉིས་ཟུང་དུ་སྦྲེལ་ཏེ་ཚན་རིག་ཞིབ་འཇུག་གི་བྱ་བ་དོན་དུ་གཉེར་བའི་ལས་ཁུངས་དང་། མི་སྣའི་ཞིབ་འཇུག་ལ་མཁོ་ངེས་ཀྱི་ཡིག་ཚགས་དང་། པོ་ཏ་ལའི་ཉམས་གསོ་སོགས་འཛུགས་སྐྲུན་བྱ་གཞག་གལ་ཆེ་བར་དཔྱད་གཞིའི་ཡིག་ཆ་འབོར་ཆེན་མཁོ་འདོན་བྱས་པ་མ་ཟད། རང་ལས་ཁུངས་གཅིག་པུའམ་ཡང་ན་འབྲེལ་ཡོད་ལས་ཁུངས་དང་མཉམ་ལས་མཐུན་གཉེར་གྱིས《ལྕགས་སྟག་ཞིབ་གཞུང》དང་། 《བོད་ཀྱི་ལོ་རྒྱུས་དཔྱད་ཡིག་འདེམས་སྒྲིག(རྒྱ་འགྱུར་མ)》དེ་བཞིན་གངས་སྐྱོན་དང་། ཆུ་སྐྱོན། འབུ་སྐྱོན། སད་སྐྱོན། སེར་སྐྱོན། ཐན་སྐྱོན། ས་ཡོམ་དང་གནམ་རྡོ་སོགས་ཁག་བརྒྱད་ལས་གྲུབ་པའི་རང་བྱུང་གནོད་འཚེའི་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཀྱི་དཔེ་ཚོགས་སོགས་ཕྱོགས་བསྒྲིགས་འདེམས་བསྒྲིགས་ཀྱིས་དཔེ་སྐྲུན་ཞུས་པ་དང་། མ་ཕྱི་མཁོ་འདོན་གྱིས་དཔེ་རྙིང་མང་དག་དཔར་སྐྲུན་བྱས་པ་སོགས་བརྒྱུད་དེ་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་དེ་རིགས་བསྔོགས་སྤེལ་གང་ལེགས་ཞུས་པས་རང་རྒྱལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་ལ་ཞབས་འདེགས་བླ་ན་མེད་པ་ཞུས་དང་ཞུ་མུས་རེད།   
          བོད་རང་སྐྱོང་ལྗོངས་ཡིག་ཚགས་ལས་ཁུངས་འདི་བཞིན་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་། རྒྱལ་ཁབ་དབུ་བརྙེས་ཚུན་རང་སྐྱོང་ལྗོངས་ལས་ཁུངས་ཁག་གི་ཡིག་ཚགས་གཏན་ཉར་བྱེད་འོས་པ་རྣམས་ལ་ཕྱོགས་བསྡུ་གཅིག་གྱུར་གྱིས་ཉར་ཚགས་དོ་དམ་བྱེད་པའི་རྟེན་གཞི་ཞིག་ཡིན་མོད། རྒྱུ་རྐྱེན་གང་རུང་གི་དབང་གིས་ད་ལྟ་དངོས་སུ་ཉར་ཚགས་བྱེད་བཞིན་པ་ནི་ལོ་རྒྱུས་ཡིག་ཚགས་འབའ་ཞིག་ཡིན་པས། དེ་དག་རྣམས་ཀྱང་ཡིག་ཚགས་ཐུན་མོང་གི་ཁྱད་ཆོས་སམ་རང་གཤིས་ལས་བརྒལ་དུ་མེད་ན། དེང་གི་ཆར་གཙོ་ཆེ་བ་ཚན་རིག་ཞིབ་འཇུག་གི་དཔྱད་གཞིར་མངོན་པའི་རིན་ཐང་ཤས་ཆེ་བར་མཐོང་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་ལོ་རྒྱུས་བདེན་དཔང་བསྙོན་དུ་མེད་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་ཤེས་རིག་དར་རྒུད་ཀྱི་ལོ་རྒྱུས་ལ་བལྟ་བསྡུར་དཔྱད་ཞིབ་ཀྱིས་ཉེས་འགོག་ལེགས་སྤེལ་དང་། གནའ་བཟང་དེང་སྤྱོད་ཐོག་བསམ་བློ་རིག་གནས་ཀྱིས་མཚོན་པའི་བསམ་པའི་དཔལ་ཡོན་དར་སྤེལ་བྱེད་རྒྱུར་ནུས་པ་གཞན་གང་གིས་ཀྱང་འགྲན་དུ་མི་རུང་བ་ཐོན་ཐུབ་བོ།   
གསུམ་པ། བསམ་གཞིགས་ཀྱི་འཁོར་ལོ་བསྐོར་བ་དང་། ཕན་ངེས་ཀྱི་བྱ་ཐབས་སྤྱད་དེ་ཐབས་ལམ་མང་བ་དང་། གནས་རིམ་མང་བ། ཟུར་སྣེ་མང་བ་བཅས་ཀྱི་སྒོ་ནས་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་བྱེད་དགོས།
          སྤྱིར་ན་ཡིག་ཚགས་ཀྱི་ཤས་ཆེ་བ་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་སྲིད་དོན་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པའམ་རྩ་འཛུགས་ཁག་གིས་སྲིད་སྐྱོང་ལུགས་གཉེར་བྱེད་པའི་རྒྱུད་རིམ་ནང་ཆགས་ཤིང་གྲུབ་པ་ཞིག་ཡིན་པས་ཡིག་ཚགས་ལ་ཆབ་སྲིད་རང་བཞིན་ལྡན་པ་མངོན་གསལ་དུ་མཐོང་། དེར་བརྟེན་ཡིག་ཚགས་ཀྱི་བལྟ་ཀློག་བེད་སྤྱོད་དང་། དེའི་རིན་ཐང་བསྔོགས་སྤེལ་མངོན་གྱུར་ཡོང་བར་སྐབས་སོ་སོའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་། བྱེད་ཕྱོགས་སྲིད་ཇུས་ཀྱི་ཚོད་འཛིན་འཁེལ་གྱི་ཡོད། དེང་གི་ཆར་ང་ཚོ་ཀྲུང་གོའི་ངོས་ནས་བཤད་ན་ཏང་གི་ཡང་དག་པའི་བྱེད་ཕྱོགས་སྲིད་ཇུས་ཀྱི་མཛུབ་སྟོན་འོག་བསྒྱུར་བཅོས་སྒོ་དབྱེའི་ཚ་རླབས་འཕྱུར་བཞིན་ཡོད་པ་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཀུན་ལས་གསལ་རྗེན་དུ་མཐོང་ཐུབ་པ་དེས་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་བྱེད་རྒྱུར་མཐུན་རྐྱེན་སྔ་ན་མེད་པ་ཞིག་སྐྲུན་ཡོད།    དེས་ན་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་བྱེད་རྒྱུའི་གནད་དོན་ཐད་གཙོ་བོ་ཡིག་ཚགས་རང་ངོས་ཀྱི་གནས་ཚུལ་དང་། ཡིག་ཚགས་ལས་བྱེད་པའི་བསམ་བློའི་གོ་རྟོགས་དང་རིག་གཞུང་གི་བྱང་ཚད། སྤྱི་ཚོགས་ཀྱི་ཡིག་ཚགས་འདུ་ཤེས་སོགས་ཀྱི་ཐོག་ནས་བསམ་གཞིགས་ཐག་གཅོད་བྱེད་དགོས་པར་སྣང་ངོ་།   
གཅིག ཡིག་ཚགས་ལས་བྱེད་པའི་ངོས་འཛིན་གསལ་དུ་གཏོང་བ་དང་། ལས་འཁྲིའི་ཁུར་སེམས་ཟབ་ཏུ་གཏོང་དགོས།   
          སྤྱིར་ན་གོང་དུ་སྨོས་པ་ལྟར་ཡིག་ཚགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་ཞིང་། དེའི་ནང་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཁྲིམས་ལུགས།  ཚན་རིག་ལག་རྩལ། རིག་གནས་སློབ་གསོ་སོགས་སྣོད་བཅུད་ཀྱི་ཁྱད་པར་གང་དང་ཅི་ཡི་རྐང་རྗེས་བཀོད་ཡོད། གནའ་བཟང་དེང་སྤྱོད་དང་སྔ་འགྱོད་རྗེས་འདོམས་བྱེད་པ་ནི་འགྲོ་བ་མིའི་རིགས་སེམས་ཅན་གྱི་ཁམས་གཞན་ལས་ཁྱད་དུ་འཕགས་པའི་གནད་དམ་པ་ཉིད་ཡིན་ཙ་ན།   སྔར་གྱི་རྗེས་ཤུལ་ལས་ཕྱིས་ཀྱི་གོམ་བགྲོད་ལ་ལམ་སྟོན་གྱི་བསླབ་བྱ་ལེན་པ་མིའི་རིགས་ཀྱི་སྤྱི་ཚོགས་གོང་ནས་གོང་དུ་འཕེལ་བའི་ཐབས་སམ་སྒུལ་ཤུགས་ཤིག་ཏུ་འཁུམས། དེའི་ཕྱིར། མི་རབས་གོང་མ་རྣམས་ཀྱིས་སྤྱད་ཅིང་བསགས་པའི་རིག་གནས་ཤུལ་བཞག་གིས་མི་རབས་ཕྱི་མ་རྣམས་ལ་བསམ་པའི་རྒྱགས་ཕྱེ་དང་བློ་གྲོས་ཀྱི་ཉིང་ཁུ་འདོན་གྱིན་ཡོད་པས་ད་ལྟའི་མི་ཚོས་སྔ་རབས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་ཞིབ་འཇུག་བྱེད་པའི་དགོས་འདུན་དང་ལག་ལེན་ཡང་བྱུང་བ་ཡིན། དེས་ན་ང་ཚོས་ལོ་རྒྱུས་ལ་བལྟ་ཀློག་ཞིབ་འཇུག་བྱེད་པའང་དུས་ཚོད་མང་དྲགས་ཏེ་སློབ་སྦྱོང་གི་ཆེད་དུ་སློབ་སྦྱོང་དང་ཞིབ་འཇུག་གི་ཆེད་དུ་ཞིབ་འཇུག་བྱས་ཏེ་ཉི་མ་འཁྱོལ་ཐབས་བྱེད་པ་ཞིག་གཏན་ནས་མིན་པར་ད་ལྟའི་གནས་བབ་འདི་གྲུབ་པའི་རྐྱེན་དང་། བཅོས་པའི་རྒྱུའམ་ཐབས་འཚོལ་བ་ཞིག་ཡིན། དེར་བརྟེན། ཡིག་ཚགས་ནང་བཀོད་ཟིན་བཏབ་ནས་ཉར་ཚགས་བྱས་པའི་བརྗོད་བྱའི་ནང་དོན་གང་ཡིན་པ་དེ་ཡིག་ཚགས་རང་ཉིད་གནས་ཤིང་འཕེལ་བའི་རྒྱུའམ་རིན་ཐང་གི་གཞི་ཡིན་པའི་གསལ་ཁ་ཐོན་མོད། རིན་ཐང་དེ་བཞིན་ཡིག་ཚགས་རང་ངོས་སུ་འཇབ་ནས་ཡོད་པ་སྟེ་མངོན་མེད་ལྐོག་ན་གནས་པ་ཞིག་ཡིན་ཞིང་།ཡིག་ཚགས་དེའི་རིགས་མིའི་རིགས་ཀྱི་སྤྱི་ཚོགས་ལག་ལེན་ནང་བཀོལ་སྤྱོད་ཀྱིས་བྱ་གཞག་སྒྲུབ་པར་མཐུན་རྐྱེན་བྱས་ཚེ་ད་གཟོད་གཞི་ནས་ཡིག་ཚགས་ཀྱི་རིན་ཐང་དེའང་དོན་ངོ་མའི་རིན་ཐང་བསྙོན་དུ་མེད་པ་ཞིག་ཏུ་གྲུབ་ཐུབ་པ་རེད། འདི་ལས་ང་ཚོས་ཤེས་ཚོར་བྱུང་བ་གང་ཞེ་ན།   ཡིག་ཚགས་ནང་བཀོད་ཟིན་པའི་ནང་དོན་གང་ཡིན་པ་དེ་ཡིག་ཚགས་ཀྱི་རིན་ཐང་གྲུབ་པའི་ཕྱི་རོལ་རྨང་གཞི་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་ལག་ལེན་ནང་ཡིག་ཚགས་སྤྱོད་པར་མཁོ་བའི་དགོས་འདུན་དེ་ཡིག་ཚགས་ཀྱི་རིན་ཐང་གྲུབ་པའི་རང་ངོས་རྨང་གཞི་ཡིན་པ་མ་ཟད། ཕྱི་ནང་རྒྱུ་ཚོགས་གཉིས་ཀ་འཛོམས་པའི་སྐབས་ཡིག་ཚགས་ཀྱི་རིན་ཐང་གཞི་ནས་མངོན་དུ་འགྱུར་གྱི་ཡོད་པར་ངེས་ཤེས་འདྲོངས་པ་དེ་རེད། ཡིན་ནའང་སྤྱི་ཚོགས་ཀྱིས་ཡིག་ཚགས་ལ་བཅངས་པའི་དགོས་འདུན་ནམ་རེ་བ་དེ་ཁྱོན་ཡོངས་ནས་བཤད་ན་སྣ་གྲངས་མང་ཞིང་།   གནས་རིམ་མང་བ་དང་། ཟུར་སྣེ་མང་ཞིང་རྙོག་འཛིང་ཆེ་བ་ཞིག་ཡིན་ལ། བེད་སྤྱོད་གནང་མཁན་བྱེ་བྲག་པ་སོ་སོའི་དགོས་འདུན་ལ་ལྟོས་ནས་བཤད་ན་དམིགས་སུ་བཀར་ཞིང་ཁེར་བུར་སྣང་བ་ཞིག་ཀྱང་རེད། དེར་མ་ཟད། ཡིག་ཚགས་རང་ཐོག་གི་གནས་ཚུལ་ལ་ལྟོས་ནའང་བེད་སྤྱོད་གནང་མཁན་རེ་རེའི་དགོས་འདུན་ཁྱད་པར་བ་དང་བསྡུར་ན་ཕུན་སུམ་ཚོགས་ཤིང་རྙོག་འཛིང་ཆེ་བ་དང་། བཙལ་འཚོལ་བྱེད་སྟབས་མི་བདེ་བ་ཞིག་རེད། དེར་བརྟེན་ཡིག་ཚགས་ཀྱི་རིན་ཐང་གྲུབ་པའི་ཕྱོགས་སམ་རྒྱུ་གཉིས་བར་འགལ་ཟླ་ལངས་ཤིང་། འགལ་ཟླ་དེ་སེལ་བའི་ཐབས་སམ་བྱེད་རྩོལ་ཏེ་ཡིག་ཚགས་ལས་ཀའང་རང་ཤུགས་སུ་ཐོན་འོངས། དེས་ན་བསྡུ་ལེན་དག་སྒྲིག་བྱེད་པ་དང་། དཀར་ཆག་བཟོ་བཀོད་བྱེད་པ་ཡིན་ནའང་འདྲ། གཡར་གཏོང་བེད་སྤྱོད་བྱེད་པ་ཡིན་ནའང་འདྲ། གང་ལྟར་ཡིག་ཚགས་ལས་ཀའི་ཁོངས་སུ་གཏོགས་པ་ཞིག་ཡིན་ཕྱིན་ཚང་མ་ཡིག་ཚགས་ཀྱི་རིན་ཐང་གྲུབ་པའི་ཕྱི་ནང་རྒྱུ་ཚོགས་གཉིས་འཛོམས་པར་མཐུན་རྐྱེན་སྒྲུབ་པའམ་ཡང་ན་ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་བའི་རྐྱེན་དུ་གྱུར་པ་ཤ་སྟག་ཡིན་ཞིང་། མཐུན་རྐྱེན་དེ་མེད་ན་ཕྱི་ནང་རྒྱུ་ཚོགས་གཉིས་ལེགས་འཛོམས་ཡོང་བར་དཀའ་ལ། ཡིག་ཚགས་ཀྱི་རིན་ཐང་ཟེར་བའང་ནམ་མཁའི་པད་མ་ལྟར་ཡིད་གསོ་བའི་མཛེས་གཏམ་ཙམ་དུ་ཟད་དོ།   
          དེ་ཡང་ཚིག་རྙོག་གི་སྤྲོས་པ་དོར་ཏེ་མདོ་དོན་སྙིང་པོར་དྲིལ་ནས་བཤད་ན་འདི་ལྟ་སྟེ།  ཡིག་ཚགས་ནང་ལྟོས་མེད་རང་དགར་འདུག་པའི་རིན་ཐང་དེ་མངོན་དུ་འགྱུར་ཐུབ་མིན་ནི་ཡིག་ཚགས་ལས་ཀར་རག་ལས་པ་དང་། ཡིག་ཚགས་ནི་ལོ་རྒྱུས་ཀྱི་མ་ཟིན་བསྙོན་མེད་ཡིན་ན་ལོ་རྒྱུས་ཀྱི་ངོ་རིས་སྲུང་སྐྱོང་བྱེད་ཐུབ་མིན་དེའང་ཡིག་ཚགས་ལས་ཀར་རག་ལས་ཤིང་། ཡིག་ཚགས་ནི་དཔལ་འབྱོར་འཛུགས་སྐྲུན་དང་། ཚན་རིག་ཞིབ་འཇུག་གི་གཉུག་མའི་ཟིན་བྲིས་ཡིན་ན་དེས་ཕྱིས་འབྱུང་དཔལ་འབྱོར་གོང་སྤེལ་དང་། ཚན་རྩལ་ཡར་ཐོན་འགྲོ་རྒྱུར་དཔྱད་ཡིག་གི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་མིན་ཡང་ཡིག་ཚགས་ལས་ཀར་རག་ལས་ཡོད། དེ་དང་དེ་ལ་སོགས་པའི་གནས་ལུགས་ཀྱིས་ཡིག་ཚགས་ཀྱི་རིན་ཐང་མངོན་ལ། རིན་ཐང་དེ་དོན་ངོ་མའི་རིན་ཐང་བསྙོན་དུ་མེད་པ་ཞིག་ཏུ་གྲུབ་པར་མེད་དུ་མི་རུང་བའི་མཐུན་རྐྱེན་བྱེད་པའི་ཡིག་ཚགས་ལས་ཀའི་རིན་ཐང་ཡང་གསལ་རྗེན་དུ་བསྟན་ཡོད་པས། ཡིག་ཚགས་ལས་བྱེད་པ་ཚང་མས་རང་ཉིད་ཀྱི་ཕྲག་སྟེང་དུ་བབ་པའི་ལོ་རྒྱུས་ཀྱི་འགན་འཁྲིར་ངོས་འཛིན་གསལ་པོ་ཡོང་བ་བྱས་ཏེ། བྱ་གཞག་སྒྲུབ་པའི་ཁུར་སེམས་དྲག་ཏུ་གཏོང་དགོས་པ་ནི་ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན།   
གཉིས། ཡིག་ཚགས་ཀྱི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཡིག་ཚགས་འདུ་ཤེས་མཐོར་འདེགས་བྱེད་དགོས།   
          ཡིག་ཚགས་ཀྱི་ཉར་ཚགས་དོ་དམ་ལས་ཀ་ཞིབ་ཚགས་གཏིང་ཚུགས་ངང་སྒྲུབ་པ་དང་།  གཡར་གཏོང་བེད་སྤྱོད་བྱེད་རྒྱུ་འཐུས་ཚང་ཞིག་གཉེར་ཏེ་སྤྱི་ཚོགས་ཐོག་གི་རིག་དཔྱད་སྡེ་ཚན་དང་། དེ་མིན་འབྲེལ་ཡོད་མི་སྣ་སོགས་ཀྱིས་ཡིག་ཚགས་བཙལ་འཚོལ་བེད་སྤྱོད་གནང་རྒྱུར་སྟབས་བདེ་སྐྲུན་པ་མ་ཟད། ཁོང་ཚོའི་ཞིབ་འཇུག་གམ་ཡང་ན་ལས་བྱ་གང་ཡིན་པ་དེ་སྒྲུབ་རྒྱུར་ཕན་ངེས་རྔོ་ཐོགས་བྱུང་ན། དེ་ནི་ཡིག་ཚགས་ལས་བྱེད་པའི་འགན་བབ་ལས་ཀ་ཞིག་རེད་ལ། ཡིག་ཚགས་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་ཡང་ལེགས་ཤོས་སུ་སྣང་། གང་ལགས་ཤེ་ན། ཁོང་ཚོས་ཡིག་ཚགས་བེད་སྤྱོད་བཏང་ནས་བྱ་བ་སྒྲུབ་སྐབས་སྟབས་བདེ་བྱུང་བ་མ་ཟད། ལས་ཀར་ཡང་ཕན་འབྲས་མངོན་གསལ་ཐོན་པས་གཅིག་ནས་སྐབས་དེ་དུས་རང་གི་བྱ་བ་སྒྲུབ་པར་ཕན་པ་དང་། གཉིས་ནས་ཡིག་ཚགས་ཀྱིས་ཁོང་ཚོར་མཚོན་པའི་རིན་ཐང་ལའང་ངེས་ཤེས་གསར་པ་ཞིག་འདྲོངས་ཐུབ་པར་གྱུར་ཏེ། ཁོང་ཚོ་རང་ཉིད་ཀྱིས་ཤེས་པ་ཙམ་མ་ཟད། མ་སྐུལ་དང་བླངས་ཀྱིས་གཞན་ལའང་དེའི་སྐོར་ཞར་དང་ཞོར་ལ་གླེང་རྒྱུ་ཡིན་ན་དྲིལ་བསྒྲགས་ཀྱི་ཕན་འབྲས་ཤིག་ངང་ངམ་ཤུགས་ཀྱིས་ཐོན་རྒྱུ་ཡིན་པ་གོར་མ་ཆག   
          ཡིག་ཚགས་ཀྱི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་དགོས་ན་སྤྱི་ཚོགས་ཀྱི་ལག་ལེན་ངོ་མའི་ནང་བེད་སྤྱོད་བྱེད་དགོས་ཤིང་། ཡིག་ཚགས་བེད་སྤྱོད་གནང་མཁན་ཚོའི་བསམ་བློའི་ངོས་འཛིན་གང་འདྲ་ཞིག་ཡིན་པ་དེས་ཡིག་ཚགས་བེད་སྤྱོད་གནང་མིན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། ང་ཚོས་ངེས་པར་དུ་ཡིག་ཚགས་འགྲེམས་སྟོན་བྱེད་པ་སོགས་བརྒྱུད་ཐབས་བརྒྱ་ཇུས་སྟོང་གིས་ཡིག་ཚགས་ཀྱི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཡིག་ཚགས་ཀྱི་ཁ་ངོར་གཡོགས་པའི་གསང་རས་དེ་ཕུད་ཐབས་དང་། སྤྱི་ཚོགས་ཁྱོན་ཡོངས་དང་ལྷག་པར་ལོ་རྒྱུས་ཡིག་ཚགས་བེད་སྤྱོད་གནང་ངེས་ཀྱི་རིག་དཔྱད་ཚན་པ་དང་། མི་སྒེར་གྱིས་ཡིག་ཚགས་ལ་འཛིན་པའི་ངོས་འཛིན་གསལ་དུ་གཏོང་དགོས། དེ་ལྟར་བྱུང་ཚེ་སྤྱི་ཚོགས་ཀྱི་ཡིག་ཚགས་འདུ་ཤེས་མཐོར་འདེགས་ཡོང་བ་དང་། ཡིག་ཚགས་ཀྱིས་སྤྱི་ཚོགས་ལག་ལེན་ནང་ཕན་ནུས་འདོན་ཚད་རྒྱ་ཆེ་གོང་མཐོར་འགྲོ་བ་མ་ཟད། ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་གྱིས་དཔལ་ཡོན་གཉིས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་ཤུགས་ཀྱང་ཆེ་རུ་འགྲོ་ཐུབ་བོ།   
གསུམ། ཡིག་ཚགས་རང་ངོས་ཀྱི་རྨང་གཞིའི་ལས་ཀར་ཤུགས་སྣོན་རྒྱག་དགོས།   
          ཡིག་ཚགས་ཀྱི་རིན་ཐང་ནི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་མངོན་པ་ཞིག་ཡིན།  བེད་སྤྱོད་བྱེད་པ་ཞེས་པར་ཕྱོགས་གཉིས་མ་མཐར་འཛོམས་དགོས་ཏེ། གཅིག་ནས་བེད་སྤྱོད་བྱེད་མཁན་ཡོད་པ་དང་། གཉིས་ནས་སྤྱད་བྱའི་དངོས་པོ་དགོས་པ་ནི་སུས་ཀྱང་ཤེས་པ་ཞིག་རེད། ལོ་རྒྱུས་ཡིག་ཚགས་ཀྱི་ངོས་ནས་བཤད་ན། རང་ཉིད་ཀྱི་ལས་འབྲས་དང་། དྲིལ་བསྒྲགས་ཀྱི་ཕན་ནུས་ལ་བརྟེན་ནས་བེད་སྤྱོད་གནང་མཁན་མི་ཉུང་བ་ཞིག་བྱུང་བ་མ་ཟད།  ད་དུང་མང་དུ་གང་འགྲོ་ཡིན་ན་སྤྱད་བྱའི་ཡིག་ཚགས་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་མ་བརྒྱབ་ཚེ་དོན་མཐུན་ལག་སྟོང་དུ་ལོག་དགོས་པའི་གནས་ཚུལ་ཐོན་རྒྱུར་གདོན་མི་ཟ། བྱས་ཙང་ཡིག་ཚགས་རང་ངོས་ཀྱི་རྨང་གཞི་བརྟན་ལེགས་ཤིག་འཛུགས་བསྐྱེད་བྱེད་དགོས་པ་ནི་གནད་ཀྱི་འགག་རྩར་ཐུག་པ་ཞིག་ཡིན་པར་སེམས་པ་ལ།   
          ༡ .ཡིག་ཚགས་བསྡུ་ལེན་ལས་ཀར་ཤུགས་སྣོན་བརྒྱབ་ཏེ་རང་རེའི་ལས་ཁུངས་ཀྱི་ཡིག་ཚགས་ནང་དོན་ཕུན་སུམ་ཇེ་ཚོགས་དང་། གཞི་ཁྱོན་སྣ་གྲངས་འཛོམས་པོ་ཞིག་ཡོང་བ་བྱེད་དགོས། ད་ལྟ་རང་རེའི་ལྗོངས་ཡིག་ཚགས་ལས་ཁུངས་སུ་ཉར་ཚགས་དོ་དམ་བྱས་པའི་ཡིག་ཚགས་གྲངས་ཀྱི་ཆ་ནས་བཤད་ན་མང་ཙམ་ཡོད་པ་དང་། ནང་དོན་གྱི་ཆ་ནས་ཕུན་སུམ་ཚོགས་ཙམ་ཡོད་ནའང་དེང་གི་ཚན་རིག་ཞིབ་འཇུག་གི་བྱ་བའི་འཕེལ་ཕྱོགས་དང་། ལྷག་པར་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་བསམ་བློ་རིག་གནས་ཀྱི་ཁྱོན་ཡོངས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རིག་ཚན་གསར་པ་སྟེ་བོད་རིག་པའི་འཕེལ་བགྲོད་ཀྱི་རེ་བ་དང་བསྡུར་ན་ནང་དོན་ཐད་ད་དུང་ཕྱོགས་རེ་བའི་ཞན་ཆ་ཐོན་ལ། ཡིག་ཚགས་ཀྱི་གྲུབ་ཚུལ་ཐད་ཀྱང་འཐུས་ཚང་ཞིག་མིན་པའི་རྣམ་པ་ཐོན་ཡོང་གི་ཡོད། དེར་བརྟེན་ང་ཚོས་ཀྱང་སྤྱི་ཚོགས་ཚན་རིག་གིས་གཙོས་པའི་ཚན་རིག་ཞིབ་འཇུག་གི་བྱ་བའི་འཕེལ་ཕྱོགས་དང་། དེའི་དགོས་འདུན་ལ་དོ་སྣང་ཤེས་རྟོགས་ཡོང་བ་བྱས་ཏེ་རང་རེའི་ལས་ཁུངས་སུ་ད་ལྟ་བསྡུ་ཉར་བྱེད་ཐུབ་མེད་པའི་ཡིག་ཚགས་ཁག་བསྡུ་ལེན་བྱེད་གང་ཐུབ་བྱེད་དགོས། དེ་ལྟར་བྱུང་ན་གཞི་ནས་བེད་སྤྱོད་གནང་མཁན་ཚོའི་རེ་བ་ཟུར་སྣེ་མང་བ་དང་། གནས་རིམ་མང་བ། རྙོག་རྫོབ་ཆེ་བ་ཁག་རེ་རེ་བཞིན་བསྐོང་ཐུབ་པའི་རེ་བ་ཡོད་ལ། ཡིག་ཚགས་དང་། ཡིག་ཚགས་ལས་ཁུངས་གྱི་སྤྱི་ཚོགས་གནས་བབ་ཀྱང་ལེགས་སུ་གཏོང་ཐུབ།   
          ༢.དག་སྒྲིག་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་བལྟ་ཀློག་བེད་སྤྱོད་བྱེད་སྐབས་བཙལ་འཚོལ་བྱེད་བདེ་ཡོང་བ་བྱེད་དགོས། ཡིག་ཚགས་རང་ཉིད་ཀྱི་ཁྱད་ཆོས་དང་ཡིག་ཚགས་དེ་རིགས་བྱུང་བའི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་དག་སྒྲིག་དཀར་ཆག་འགོད་པའི་ལས་ཀ་ཧུར་ཐག་སྒྲུབ་སྟེ་ཁོ་ཚོའི་རིན་ཐང་མགྱོགས་ནས་མྱུར་དུ་མངོན་འགྱུར་ཡོང་བར་འབད་པས་མཐུན་རྐྱེན་སྒྲུབ་རྒྱུ་དེ་གནད་ཀྱི་དམ་པར་འཁུམས། དེ་ལྟར་མིན་ཚེ་ཡིག་ཚགས་རྐང་གཅིག་འཚོལ་བར་ཉིན་གང་ངལ་བ་སྤྱོད་པ་དང་། ཡོད་ཚད་ཟིང་སློང་བྱས་ཀྱང་འཚོལ་རྙེད་མི་ཐུབ་པའི་གནས་ཚུལ་ཐོན་ངེས་རེད། བེད་སྤྱོད་གནང་མཁན་ཚོས་བཙལ་འཚོལ་བྱེད་སྐབས་ཇི་ཙམ་སྟབས་བདེ་ན་ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་བའི་མཐུན་རྐྱེན་དེ་ཙམ་གྱིས་ཚང་བ་ཡིན་པས་དེའི་ཐད་ང་ཚོའི་ཀླད་པ་མང་ཙམ་དཀྲུག་དགོས། དཔེར་ན་དཀར་ཆག་བཟོ་འགོད་བྱེད་སྐབས་ཀྱང་སྲོལ་རྒྱུན་སྡེ་ཁག་གི་དཀར་ཆག་དང་། བམ་པོའི་དཀར་ཆག བམ་པོ་རེ་རེའི་ནང་དོན་དཀར་ཆག་ཙམ་བཀོད་པས་ཡིད་མ་ཚིམས་པར་བེད་སྤྱོད་གནང་མཁན་གྱི་དགོས་མཁོ་ལས་བརྩམས་ཏེ་ནང་དོན་དང་དུས་ཚོད། ཡོང་ཁུངས། ཡིག་ཨང་སོགས་གཞི་འཛིན་ས་བྱས་ནས་དཀར་ཆག་འདྲ་མིན་སྣ་ཚོགས་བཟོ་འགོད་བྱེད་པ་དང་། དབྱུང་ལྡེ(index,མང་པོའི་ནང་ནས་རང་ལ་གང་མཁོ་བ་དེ་ཕྱིར་ཕྱུང་བའམ་དབྱུང་བར་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་པའི་ཆ་ནས་སྒྲ་དོན་གཉིས་ཚུད་ཀྱིས་དེ་ལྟར་བསྒྱུར་བའང་རྒྱ་ཡིག་ཏུ་ཐ་སྙད་འདི་ཐོག་མར་སྤྱོད་སྐབས་སྒྲ་བསྒྱུར་ཁོ་ནས引得ཞེས་བྲིས་པ་དང་། ཕྱིས་ནས་རྒྱ་ཡིག་རང་གི་གོམས་སྲོལ་དང་འབྲེལ་ཏེ索引 ཞེས་བསྒྱུར་བ་ལྟ་བུར་བསམ་མོད།  བོད་ཀྱི་སྐད་ཡིག་ནང་འདི་ལྟར་ཕབ་བསྒྱུར་བྱས་ན་འོས་མིན་དཔྱད་པར་ཞུ)འདྲ་མིན་སྣ་ཚོགས་དཔེར་ན་མིའི་མིང་དང་། ས་ཆའི་མིང་། དོན་རྐྱེན་གྱི་མིང་སོགས་གཞི་རྐང་དུ་བཅོལ་ཏེ་འགོད་བཟོ་བྱས་ན་ད་གཟོད་བེད་སྤྱོད་གནང་མཁན་ཚོར་བཙལ་འཚོལ་བྱེད་པའི་ལག་ཆ་ཕུན་སུམ་ཚོགས་པོ་བྱུང་བས་རང་སོ་སོའི་དགོས་མཁོ་ལྟར་བེད་སྤྱོད་གནང་བས་འཐུས་པ་ལྟ་བུའོ།   
          ༣. བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཚགས་ཀྱི་དཀར་ཆག་ལྟེ་གནས་འཛུགས་དགོས། གོང་དུ་བཤད་པའི་དཀར་ཆག་དང་དབྱུང་ལྡེ་ཚང་མ་རང་ལྗོངས་ཀྱི་ཡིག་ཚགས་ལས་ཁུངས་སུ་ཉར་ཚགས་བྱས་པའི་ཡིག་ཚགས་ལ་ལྟོས་ནས་བཟོ་བཀོད་བྱས་པ་འབའ་ཞིག་ཡིན་ཞིང་། འདིར་གླེང་བའི་དཀར་ཆག་ལྟེ་གནས་ཀྱི་ཁྱབ་རྒྱ་དེ་ལས་རིང་དུ་བརྒལ་བ་ཞིག་རེད། དེ་ཡང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཚགས་ནི་ད་ལྟ་ང་ཆོའི་ལྗོངས་ཡིག་ཚགས་ལས་ཁུངས་སུ་ཉར་ཚགས་དོ་དམ་ཞུས་པ་འདི་ཙམ་གྱིས་མི་ཚད་པར་བོད་ཀྱི་ས་ཁུལ་ཁག་གི་ཡིག་ཚགས་ལས་ཁུངས་དང་། དགོན་སྡེ། དེ་མིན་རིག་དངོས་ཚན་ཁག་སོགས་ལའང་གནས་ཡོད་ཅིང་། དེ་དག་ཚང་མ་ལྗོངས་ཡིག་ཚགས་ལས་ཁུངས་སུ་བསྡུ་ལེན་བྱ་རྒྱུར་དཀའ་ཁག་ཆེ་བས། ཡིག་ཚགས་རང་ལ་དོ་དམ་བྱེད་ལུགས་སྔར་ལུགས་ལྟར་བསྐྱངས་པའི་རྨང་གཞིའི་ཐོག་དེ་དག་གི་ནང་དོན་དཀར་ཆག་བསྡུ་ལེན་གཅིག་བསྡུ་བྱས་ཏེ་བོད་ལྗོངས་ཡིག་ཚགས་ལས་ཁུངས་སུ་དཀར་ཆག་ལྟེ་གནས་ཤིག་འཛུགས་ཐུབ་པ་བྱུང་ན་ཞིབ་འཇུག་བེད་སྤྱོད་གནང་མཁན་ཚོར་མཐུན་རྐྱེན་ཡིད་ཚིམ་པ་ཞིག་སྐྲུན་ཐུབ་ངེས་རེད།   
          ༤. བལྟ་ཀློག་བེད་སྤྱོད་ཀྱི་བྱ་བ་གང་ལེགས་སྒྲུབ་དགོས། དེ་ཡང་གོང་དུ་སྨོས་པའི་དོན་ཚན་ཆེ་ཕྲ་ཐམས་ཅད་ཡིག་ཚགས་བེད་སྤྱོད་ཀྱིས་རིན་ཐང་མངོན་དུ་འགྱུར་བའི་མཐུན་རྐྱེན་ནམ་སྔོན་དུ་འགྲོ་བ་འབའ་ཞིག་ཡིན་ཞིང་། བྱ་བ་དེ་རྣམས་གྲུབ་པ་ཙམ་གྱིས་ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་ཐབས་མེད་པས་ཚན་རིག་ཞིབ་འཇུག་དང་། འཛུགས་སྐྲུན་བྱ་གཞག་གི་ལག་ལེན་དངོས་ནང་ཡིག་ཚགས་བེད་སྤྱོད་བྱེད་རྒྱུ་ནི་གོང་སྨོས་ལས་ཕྲན་ཐམས་ཅད་ཀྱི་མཐའ་མའི་དམིགས་རེ་ཉིད་ཡིན་ནོ།   
          འཛམ་གླིང་ཡིག་ཚགས་ལས་རིགས་ཀྱི་འཕེལ་ཕྱོགས་ལ་བལྟས་ཚེ་ང་ཚོས་སྣང་ཚུལ་འདི་འདྲ་ཞིག་མངོན་གསལ་དུ་མཐོང་ཐུབ་སྟེ། རྒྱལ་ཁབ་དང་། མི་རིགས་གང་འདྲ་ཞིག་ཡིན་ནའང་རུང་། དེ་རྣམས་ཀྱིས་སྤྱི་ཚོགས་ལམ་ལུགས་ཅི་འདྲ་ཞིག་ལག་བསྟར་བྱེད་བཞིན་ཡོད་ནའང་འདྲ། ཚང་མས་ཡིག་ཚགས་བཀག་ཉར་བྱེད་ཡུན་ཐུང་དུ་བཏང་ནས་བེད་སྤྱོད་བྱེད་ཚད་རྒྱ་ཆེར་གཏོང་བཞིན་ཡོད་པ་ནི་གཅིག་མཐུན་རེད། རང་རེའི་རྒྱལ་ཁབ་ལ་ཆ་བཞག་ནའང་ཡིག་ཚགས་ཀྱི་བཀག་ཉར་བྱེད་ཡུན་དེ་མཐའ་མེད་པ་ནས་མི་ལོ་སུམ་ཅུར་བསྒྱུར་ཡོད་པས། དམིགས་བསལ་གནས་ཚུལ་ཡོད་རིགས་ཕུད། དེ་བྱིངས་ཚང་མ་ཡིག་ཚགས་གྲུབ་ནས་ལོ་སུམ་ཅུ་འཁོར་མཚམས་ཚང་མ་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་བེད་སྤྱོད་བྱས་ཆོག་པ་རེད། ད་ལྟ་ལག་བསྟར་དོན་འཁྱོལ་བྱེད་མུས་ཡིན་པའི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་གང་གི་ཐད་ནས་བལྟས་ཀྱང་སྔར་ན་མ་གྲགས་པའི་དུས་བབ་བཟང་པོ་ཞིག་རེད་ན། ཡིག་ཚགས་ཀྱི་རིན་ཐང་བསྔོགས་སྤེལ་མངོན་འགྱུར་ཡོང་རྒྱུར་མཐུན་རྐྱེན་བླ་ན་མེད་པ་ཞིག་སྐྲུན་པ་དང་། མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་བཏོད་ཡོད་པ་རེད།   
          ཡིག་ཚགས་ཀྱི་བལྟ་ཀློག་བྱེད་སྤྱོད་བྱེད་པར་གནས་རིམ་མཐོ་དམའ་གཉིས་ཡོད་པ་ལས་སྲོལ་རྒྱུན་ལྟར་གནས་རིམ་དམའ་བའི་བལྟ་ཀློག་བེད་སྤྱོད་ནི་ཡིག་ཚགས་ལས་ཁུངས་སུ་གཡར་གཏོང་བྱས་པའི་ཡིག་ཚགས་བལྟ་ཀློག་བྱེད་ས་དམིགས་བཀར་ཡོད་པས་ཡིག་ཚགས་བེད་སྤྱོད་གནང་བར་ཕེབས་མཁན་ཚང་མས་བལྟ་ཀློག་ཁང་དུ་ཕེབས་གཟིགས་གནང་གི་ཡོད། དེར་བརྟེན་ཁོང་ཚོས་གང་མཁོ་བའི་ཡིག་ཚགས་བཙལ་འཚོལ་གནང་བ་དང་། བཤུ་འབྲི། པར་སློག་སོགས་བྱེད་རྒྱུའི་ཐད་མཐུན་རྐྱེན་གང་ལེགས་སྐྲུན་དགོས་པ་དང་། ཞབས་ཞུ་སྟབས་བདེ་སྐྲུན་གང་ཐུབ། དེ་མིན་དཔྱད་ཡིག་མཁོ་འདོན་སྐོར་གྱི་བློ་འདྲི་སོགས་གང་ལེགས་གང་བཟང་སྒྲུབ་དགོས་པ་ཡིན།     
བཞི། རྩོམ་ཞིབ་ལས་ཀར་ཤུགས་སྣོན་བརྒྱབ་ཏེ་གནས་རིམ་མཐོ་བའི་ཡིག་ཚགས་ཆ་འཕྲིན་གྱི་ཞབས་ཞུ་སྒྲུབ་དགོས།   
          རྩོམ་ཞིབ་སྟེ་རྩོམ་སྒྲིག་དང་ཞིབ་འཇུག་གཉིས་ཚུད་པའི་ལས་ཀ་འདི་བཞིན་ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་བའི་བྱ་ཐབས་ཞིབ་ཚགས་གཏིང་ཚུགས་ཤིག་ཡིན་ལ། ཡིག་ཚགས་ལས་ཀའི་དམིགས་འདུན་མཐའ་མའམ་མཐོ་ཤོས་ཏེ་ཡིག་ཚགས་མཁོ་འདོན་བེད་སྤྱོད་ཀྱིས་སྤྱི་ཚོགས་བྱ་གཞག་ཁག་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་གནས་རིམ་མཐོ་བ་དེའང་ཡིན་ཏེ། ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་བ་བྱ་རྒྱུ་ནི་ཡིག་ཚགས་ལས་ཀའི་བླང་བྱའམ་རེ་བ་མཐོ་ཤོས་དེ་ཡིན་པའི་ཕྱིར། རྩོམ་སྒྲིག་ཞིབ་འཇུག་གི་བྱ་བ་སྒྲུབ་པ་ལས་ཐོབ་པའི་འབྲས་བུ་ཁག་ཅིག་ཏང་སྲིད་ལས་ཀར་དཔྱད་གཞིའམ་གཞི་འཛིན་ས་མཁོ་འདོན་བྱེད་པ་ཡིན་མོད། ཁྱབ་ཆེ་བའི་དབང་དུ་བྱས་ན་གཙོ་བོ་རིག་དཔྱད་སྡེ་ཁག་དང་རིག་དཔྱད་མི་སྣར་ཚད་མཐོ་བའི་དཔྱད་ཡིག་གི་ཞབས་ཞུ་སྒྲུབ་པ་དེ་ཡིན་པར་སེམས། དེ་ཡང་ཡིན་ཏེ། ཚན་རིག་ཞིབ་འཇུག་བྱེད་པར་དཔྱད་ཡིག་དགོས་ལ། ཡིག་ཚགས་ལ་དཔྱད་ཡིག་གཞན་གང་གིས་ཀྱང་འགྲན་དུ་མེད་པའི་བདེན་དངོས་སམ་ཡིད་རྟོན་དུ་རུང་བའི་རང་བཞིན་ཞིག་ལྡན་པས་བདེན་དོན་འཚོལ་སྙེགས་ལ་སྤྲོ་བའི་ཚན་ཞིབ་པས་དཔྱད་ཡིག་གི་རྣམ་པ་འདིར་འཛིན་པའི་ལྟ་སྟངས་དང་སྤྱོད་པའི་དགོས་འདུན་ཡང་གཞན་ལས་ལྟག་པར་མཐོང་བ་སྨོས་མ་དགོས་པའི་ཕྱིར།   
          ༡ .རྩོམ་སྒྲིག་སྐོར། བོད་ལྗོངས་ཀྱི་ཡིག་ཚགས་ནི་ཚང་མས་མཁྱེན་གསལ་ལྟར་ཁ་གྲངས་དང་། ནང་དོན། རྣམ་པ་སོགས་གང་ཐད་ནས་བལྟས་ཀྱང་ཕུན་སུམ་ཚོགས་པ་ཞིག་རེད་ལ།  བོད་རིག་པར་ཞིབ་དཔྱད་གནང་མཁན་ཁག་སོ་སོར་ལྟོས་ནས་བཤད་ན་ཁོ་ཚོར་མཁོ་བའི་དཔྱད་ཡིག་ནི་ནང་དོན་གྱི་ཁྱབ་རྒྱ་ཆེ་ཆུང་དང་། གཏིང་ཟབ་ཚད། དཔྱད་ཞིབ་བྱེད་པའི་ཟུར་སྣེ་དང་རྐང་པ་འཛུགས་ས་སོགས་ཐམས་ཅད་བྱེ་བྲག་དམིགས་སུ་བཀར་བ་ཞིག་རེད།  དེར་བརྟེན། ཁོ་ཚོར་མཁོ་བའི་དཔྱད་ཡིག་ཁག་མར་གྱི་ནང་ནས་སྤུ་བཏོན་པ་ལྟར་བམ་པོ་བརྩེགས་པའི་ཡིག་ཚགས་ཀྱི་ལྷུན་པོ་ལས་ཕྱིར་ཕྱུང་ཞིང་ཕྱོགས་སྒྲིག་མཁོ་འདོན་བྱེད་དགོས།  དེ་ལྟར་བྱུང་ཚེ་མཁོ་འདོན་དང་བེད་སྤྱོད་གནང་མཁན་ཕྱོགས་གཉིས་ཀར་དགེ་མཚན་རྨད་དུ་བྱུང་བ་འཕེལ་རྒྱུ་ཡིན་པར་གདོན་མི་ཟ་མོད། དགོས་མཁོའི་བརྟག་དཔྱད་སྔོན་དུ་མ་སོང་ན་ལས་ཕོན་ཆེ་ལ་རྙོག་འཛིང་ཆེ་བའི་ལས་དེ་ངལ་བ་འབྲས་མེད་ཀྱི་གཡང་སར་ལྷུང་རྒྱུ་ཡིན་པའང་གདོན་མི་ཟ་བའི་གནད་ཉིད་དུ་འཁུམས་སོ།   
          ཀ རིག་དཔྱད་ཆ་འཕྲིན་འཚོལ་སྡུད་བྱེད་རྒྱུར་དོ་སྣང་བྱེད་དགོས། ཀྲུང་གོའི་ལོ་རྒྱུས་སྨྲ་བ་ཆེན་པོ་ཁྲེན་ཡོའན(陈垣)གྱི་དགོངས་ཚུལ་ལྟར་ན། “ཞིབ་འཇུག་གི་བྱ་བ་གཉེར་བའི་བརྒྱུད་རིམ་ནང་། དཔྱད་ཡིག་ལ་རྒྱུས་མངའ་དང་བསྡུ་གསོག་བྱེད་རྒྱུ་དེས་ལས་ཀ་ཧྲིལ་པོ་སྒྲུབ་པའི་དུས་ཚོད་དང་སེམས་ནུས་ཀྱི༥༠%ཟིན་པ་དང་། གོ་བསྡུར་བསམ་གཞིགས་བྱེད་པས༣༠%ཟིན་ཞིང་། དངོས་སུ་རྩོམ་འབྲིར་ཞུགས་པར་དུས་ཚོད་དང་སེམས་ནུས་ཀྱི༢༠%སྤྱད་པས་འགྲིག”པར་བཞེད་ཀྱི་ཡོད་པ་དེ་ལས་དཔྱད་ཡིག་གིས་ཞིབ་འཇུག་ལས་ཀའི་ནང་བཟུང་བའི་གནས་བབ་གསལ་པོར་མ།ཚོན་ཡོད། ཡིག་ཚགས་ནི་དཔྱད་ཡིག་གི་ཕུད་དུ་སོན་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་ཡིན་པས་ཡིག་ཚགས་ཀྱིས་རིག་དཔྱད་ཞིབ་འཇུག་བྱ་བའི་ཁྲོད་མཚོན་པའི་རིན་ཐང་ཆེ་ཐག་ཆོད་ཡོད་ནའང་། ད་ལྟའི་ཆར་བག་ལ་ཉལ་ནས་བསྡད་ཡོད། དེར་བརྟེན་རྩོམ་སྒྲིག་ལས་ཀ་སྒྲུབ་མཁན་ཚོས་ཡིག་ཚགས་ཁོ་ནར་མགོ་འཁོར་ཏེ་མ་བསྡད་པར་བོད་རིག་པའི་ཞིབ་འཇུག་གི་འཕེལ་ཕྱོགས་སྤྱི་དང་། ཡང་སྒོས་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་འབྲེལ་བའི་རིག་ཚན་ཁག་གི་འཕེལ་ཕྱོགས་ལ་ཉམས་ཞིབ་བྱེད་པ་དང་། རིག་པའི་རྫི་རྣོ་ཙམ་བྱས་ནས་རིག་དཔྱད་ཀྱི་འཕེལ་ཕྱོགས་དང་། དཔྱད་ཡིག་གི་མཁོ་ཕྱོགས་ལ་དོ་སྣང་སྒོས་སྐབས་འཕྲལ་གང་མཁོ་གང་སྒྲིག་གིས་མཁོ་འདོན་བྱས་པ་ཡིན་ན་དཔེ་ཁྲིའི་སྟེང་གཉིད་ལ་ཡུར་བའི་ཡིག་ཚགས་ཀྱི་ཕུང་པོ་དེའི་རིགས་རིག་དཔྱད་བྱ་བའི་ཁྲོད་ཀྱི་དཔྱད་གཞི་གསོན་པོ་ཞིག་ཏུ་གྱུར་ནས་རིག་ལམ་དཔྱད་བསྡུར་གྱི་བྱ་བ་གཏིང་ཚུགས་སུ་འཕེལ་བར་སྐུལ་འདེད་དང་། ཡིག་ཚགས་རང་ངོས་ཀྱི་རིན་ཐང་ཡང་མངོན་དུ་འགྱུར་ཐུབ་པ་ཡིན།  
          བོད་རིག་པའི་ཁྱབ་ཁོངས་ལས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་བྱ་བ་གཅིག་པུར་བལྟས་ནའང་མི་ལོ་བཞི་བཅུ་ལྷག་གི་འཕེལ་ལམ་བརྒྱུད་ཡོད་རུང“ད་ཕན་རང་རེས་བོད་ཀྱི་སྤྱིར་བཏང་ལོ་རྒྱུས་དང་ཆོས་སྲིད་ཀྱི་ལོ་རྒྱུས་ཁོ་ན་ཙམ་ལས། བོད་ཀྱི་དཔལ་འབྱོར་གྱི་ལོ་རྒྱུས་དང་། རིག་གནས་ཀྱི་ལོ་རྒྱུས། མིའི་བསམ་བློའི་འཕེལ་རིམ་གྱི་ལོ་རྒྱུས། དེ་བཞིན་འཛུགས་སྐྲུན་བཟོ་རྩལ་གྱི་ལོ་རྒྱུས་སོགས་གལ་ཆེ་བ་མང་པོ་ཞིག་ལ་བསམ་གཞིགས་དང་ཞིབ་འཇུག་རྩ་བ་ནས་བྱ་རྒྱུ་མ་བྱུང་བའམ་ཡང་ན་བརྒྱུད་རིམ་ལྡན་པ་ཞིག་བྱུང་མེད་”(༡)པ་དེར་གཅིག་ནས་རིག་ལམ་དེ་རང་མ་ལག་ཚང་ཞིང་ཁོ་ལག་རྒྱས་པ་ཞིག་གྲུབ་མེད་པའི་རྐྱེན་ཡོད་ལ། ཕྱོགས་གཞན་ཞིག་ནས་ད་ཕན་ལོ་རྒྱུས་སྨྲ་བ་ཚོའི་དཔྱད་གཞིར་འཛིན་པ་མང་དག་ཅིག་བོད་ཀྱི་ཆོས་འབྱུང་དེབ་ཐེར་དང་རྣམ་ཐར་རྟོགས་བརྗོད། གདན་རབས་དཀར་ཆག་སོགས་ཡིན་ཞིང་།  ཡིག་རིགས་དེ་ཚོ་ཚང་མ་ཆོས་ལུགས་ཀྱི་ཤན་ཤུགས་ཆེ་བ་དང་། གྲུབ་མཐའི་ཕྱོགས་ལྷུང་།རྩོམ་མཁན་གྱི་བསམ་བློ་སོགས་གང་ཐད་ཀྱི་དབང་གིས་ཆོས་ལུགས་གྲུབ་མཐའ་དང་། གདན་ས། ལོ་པཎ་གྱི་བྱུང་བ་དང་ཆེ་བ་བརྗོད་པ་ཙམ་ལས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་སོགས་ཀྱི་གནས་ཚུལ་ཞིབ་གསལ་བཀོད་པ་ཉིན་མོའི་སྐར་མ་ལྟར་དཀོན་པས་ཞིབ་འཇུག་ལས་དོན་པས་དེའི་སྐོར་ཞིབ་དཔྱད་བྱེད་འདོད་ཀྱང་དཔྱད་གཞི་མེད་པའམ་དཀོན་པར་གྱུར་ཏེ། སེམས་བསམ་པས་ནམ་མཁར་རྟ་རྒྱུག་ནའང་། རྒྱུ་དངོས་པོས་སྦར་མཐིལ་ལ་སོ་མ་ཐེབས་པར་ལུས་པ་རེད་སྙམ། དེས་ན་ང་ཚོ་ཡིག་ཚགས་རྩོམ་སྒྲིག་གི་ལས་ལ་གཞོལ་བ་རྣམས་ཀྱིས་རིག་དཔྱད་ཆ་འཕྲིན་འདིར་དོ་སྣང་གིས་དེའི་སྐོར་གྱི་ཡིག་ཚགས་ཕྱོགས་བསྒྲིགས་དཔེ་སྐྲུན་ཞུ་ཐུབ་པ་བྱུང་ན་ཕན་འབྲས་བློས་མི་འཁྱུད་པ་ཞིག་ཐོན་རྒྱུ་ཡིན་པར་སེམས་སོ།   
          ཁ འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་རོགས་རེས་ཀྱིས་ཡིག་ཚགས་ཕྱོགས་བསྒྲིགས་དཔེ་སྐྲུན་མཁོ་འདོན་བྱེད་རྒྱུའང་ཐབས་ལམ་བཟང་པོ་ཞིག་ཏུ་མངོན། ཡིག་ཚགས་ལས་ཁུངས་རང་ཉིད་ནས་ཡིག་ཚགས་ཕྱོགས་བསྒྲིགས་བདམ་སྒྲིག་བྱེད་སྐབས་ལས་མཁན་གྱིས་མི་འདང་བ་དང་། ཡང་ན་ལས་མཁན་གྱི་ཆུ་ཚད་ཀྱིས་མི་འདང་བའི་གནས་ཚུལ་ཐོན་སྲིད་ལ།  གཞན་དུ་དེང་གི་དཔེ་སྐྲུན་བྱ་གཞག་གིས་ཕན་འབྲས་ལ་དོ་ཁུར་ཆེན་པོ་བྱེད་ཅིང་ཡིག་ཚགས་ཕྱོགས་བསྒྲིགས་བཏོན་པའི་ཕན་འབྲས་ནི་ག་ནས་བལྟས་ཀྱང་བྲིན་ཁ་རྒྱུག་པའི་སྒྲུང་རྩོམ་སོགས་དང་བསྡུར་ཐབས་མེད་པ་ཞིག་ཡིན་པ་ནི་མ་སྒྲུབ་རང་གྲུབ་ཀྱི་བདེན་དོན་ཞིག་ཏུ་སྣང་།  དེ་བས་ན་འབྲེལ་ཡོད་རིག་དཔྱད་སྡེ་ཁག་དང་མཐུན་གཉེར་མཉམ་སྒྲུབ་ཀྱིས་འདེམས་སྒྲིག་དཔེ་སྐྲུན་བྱས་པ་ཡིན་ན་གཅིག་ནས་འདེམས་སྒྲིག་གི་སྤུས་ཚད་མཐོར་འདེགས་ཐུབ་པ་དང་།  གཉིས་ནས་དཔར་སྐྲུན་ཞུ་བའི་འགྲོ་གྲོན་ཡང་ཐག་གཅོད་ཡོང་གི་ཡོད་པས་རང་དགའ་གཞན་ཕན་གྱི་བྱ་བ་འདིར་གཞོལ་བར་མི་སྤྲོ་བ་སུ་མཆིས། དཔེར་ན་བོད་ལྗོངས་ཡིག་ཚགས་ལས་ཁུངས་ནས་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་དང་རོགས་རེས་མཉམ་ལས་ཀྱིས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལས་རང་བྱུང་གནོད་འཚེའི་སྐོར་གྱི་དཔེ་ཚོགས་ཤིག་འདེམས་སྒྲིག་དཔེ་སྐྲུན་ཞུས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སོའོ་དང་མཉམ་རུབ་ཀྱིས《བོད་ཀྱི་ལོ་རྒྱུས་དཔྱད་ཡིག་འདེམས་བསྒྲིགས(རྒྱ་འགྱུར་མ)》སྒྲིག་བསྒྱུར་པར་སྐྲུན་ཞུས་པ།《བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་བསྙོན་དུ་མེད་པ་ཞིག་ཡིན》ཞེས་པ་སོགས་ལ་འབྲེལ་ཡོད་ཡིག་ཚགས་མཁོ་འདོན་ཞུས་པ་སོགས་མང་དུ་གཉེར་བ་དེས་རིག་ལམ་དཔྱད་ཞིབ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་བྱ་བའི་ནང་ཕན་ནུས་གལ་ཆེན་བཏོན་ཡོད་པ་ནི་བསྙོན་དུ་མེད་པའི་དོན་དངོས་ཤིག་ཡིན་ལ་དེས་ང་ཚོར་ཐབས་ལམ་བཟང་པོ་ཞིག་ཀྱང་བསྟན་ཡོད།   
          ༢. ཞིབ་འཇུག་གི་སྐོར། ཡིག་ཚགས་ལས་ཀའི་མ་ལག་ཞིག་ཏུ་གྲུབ་པའི་རྩོམ་ཞིབ་གཉིས་ལས་ཞིབ་འཇུག་གི་སྐོར་ལའང་ཁག་གཉིས་ཡོད་དེ། ཡིག་ཚགས་སྐོར་གྱི་ཞིབ་འཇུག་དང་།  ཡིག་ཚགས་དང་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག་གོ། དེ་ལས་ཡིག་ཚགས་ཞིབ་འཇུག་ནི་གཙོ་བོ་ཡིག་ཚགས་གང་ཡོད་པ་དེ་ཚོའི་བྱུང་ལུགས་གྲུབ་སྟངས་དང་སྔོན་མར་ཉར་ཚགས་བྱེད་ཚུལ་སོགས་ལ་ཞིབ་འཇུག་དཔྱད་བསྡུར་གྱིས་སྔར་བས་ལེགས་པའི་སྒོ་ནས་ད་ཡོད་ཀྱི་ཡིག་ཚགས་ཉར་ཚགས་དོ་དམ་དང་བེད་སྤྱོད་ཞིབ་འཇུག་བྱེད་པར་རིག་པའི་མཐུན་རྐྱེན་སྐྲུན་པ་ཞིག་ཡིན་ན་འདིར་སྐབས་སུ་མ་བབ་པས་རྒྱས་པར་མི་སྤྲོ།   
          ཡིག་ཚགས་ལས་ཁུངས་ནས་ལོ་རྒྱུས་ཞིབ་འཇུག་གི་བྱ་བ་གཉེར་ཚེ་རང་གི་ཁྱད་ཆོས་གཞན་ལ་མེད་པ་གཉིས་འབུར་དུ་ཐོན་དགོས་ཏེ། རང་ལས་ཁུངས་སུ་བསྡུ་ཉར་བྱས་པའི་ཡིག་ཚགས་རྣམས་ཞིབ་འཇུག་གི་གཞི་རྐང་ཚུགས་སར་བྱས་ཏེ་ཐབས་ནུས་ཡོད་རྒུས་ཡིག་ཚགས་དེ་ཚོའི་རིན་ཐང་བསྔོགས་སྤེལ་བྱེད་དགོས་པ་དང་གཅིག  ཡིག་ཚགས་ལ་གཞི་བཅོལ་ནས་ལོ་རྒྱུས་ཀྱི་ཕྱོགས་དང་ཟུར་འགར་ཞིབ་དཔྱད་བགྱིས་ཏེ་ལོ་རྒྱུས་སྨྲ་བ་ཚོས་བརྩམས་པའི་ལོ་རྒྱུས་དེབ་ཐེར་གྱི་ནང་དོན་དང་། ལྟ་བར་ཁ་གསབ་རོགས་སྣོན་དང་དག་བཅོས་དགག་སྒྲུབ་བྱེད་པ་ལས་བརྒྱུད་རིམ་ལྡན་པའི་སྒོ་ནས་ལོ་རྒྱུས་ལ་ཞིབ་འཇུག་གིས་དེབ་ཐེར་གསར་རྩོམ་དང་།  ལྟ་བ་གསར་འཛུགས་བྱེད་པ་ཞིག་མིན་པ་དང་གཉིས་སོ། དེ་ལྟར་བྱུང་ཚེ་གཅིག་ནས་རང་ཉིད་ཀྱི་ལེགས་ཆ་སྤེལ་བ་དང་། གཉིས་ནས་ཡིག་ཚགས་ཀྱི་ལས་ཀ་གཞན་ཀུན་ལ་སྨན་པའི་གསོས་སུ་བྱེད་པས་ཡིག་ཚགས་ཀྱི་རིན་ཐང་འདོན་སྤེལ་གང་ལེགས་ཡོང་རྒྱུར་ཕན་ངེས་ཀྱི་ནུས་མཐུ་ཐོན་ཐུབ་པ་དཔེར་ན། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོའི་བློ་མཐུན་གྱིས་རང་ལས་ཁུངས་སུ་ཉར་བའི་ཆིང་རྒྱལ་རབས་སྐབས་ཀྱི་ཅུན་ཅི་ཁྲུའུ(军机处)སོགས་ཀྱི་འབྲས་ཙེའི(奏折)ནང་དོན་གཞིར་བཟུང་ནས་དཔྱད་ཞིབ་བྱེད་སྐབས་ལོ་རྒྱུས་སྨྲ་བའི་ཁྲོད་དུ་དར་ཆེ་བའི་ལྟ་བ་སྟེ། ཉལ་ཐ་བཀག་སྡོམ་བྱེད་མིན་ཐད་ཆིང་སྲིད་གཞུང་ནང་ཕྱོགས་ཁག་གཉིས་ཡོད་པར་བཞེད་པའི་ལྟ་ཚུལ་དེ་དོན་དངོས་དང་མི་མཐུན་པར་མཐོང་སྟེ《མི་དམངས་ཉིན་རེའི་ཚགས་པར》ཐོག་རྩོམ་ཡིག་སྤེལ་ནས་སྐབས་དེ་དུས་ཉལ་ཐ་བཀག་སྡོམ་བྱེད་རྒྱུའི་ཐད་ཆིང་སྲིད་གཞུང་གི་གོང་འོག་ཚང་མ་གཅིག་མཐུན་ཡིན་པའི་སྐོར་གསལ་བཤད་བྱས་པར་ལོ་རྒྱུས་སྨྲ་བ་ཚོའི་གདེང་འཇོག་མཐོན་པོ་ཐོབ་པ་ལྟ་བུ་ང་ཚོའི་མིག་དཔེའམ་དཔྱད་གཞིར་བཟུང་དགོས་པར་སྙམ་མོ།   
          ཀ ལོ་རྒྱུས་ཞིབ་འཇུག་བྱེད་པའི་མདུན་ལམ་ཡངས་པོ་ཡོད་པ། གལ་སྲིད་ང་ཚོས་རང་ལས་ཁུངས་སུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་རྣམས་ལ་གཞི་བཅོལ་ཞིང་། བོད་ཀྱི་ཆོས་འབྱུང་རྒྱལ་རབས་དང་། གདན་རབས་དེབ་ཐེར་དཔྱད་གཞིར་བྱས་ཏེ་འབྲེལ་ཡོད་ལོ་རྒྱུས་ལ་དཔྱད་བསྡུར་ཞིབ་འཇུག་གི་བྱ་བ་གཉེར་བ་ཡིན་ན། གཅིག་ནས་རང་ལས་ཁུངས་ཀྱི་རིག་གཞུང་ཆུ་ཚད་གོང་མཐོར་གཏོང་བ་དང་། ཡིག་ཚགས་ལས་ཁུངས་ཀྱི་སྤྱི་ཚོགས་གནས་བབ་ལ་བསྒྱུར་བཅོས་བྱེད་ཐུབ་པ་མ་ཟད། གཉིས་ནས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རིག་ལམ་འདི་བཞིན་ཁོ་ལག་ཡངས་པོར་གྲོལ་བ་དང་། རིག་པའི་མ་ལག་འཐུས་ཚང་བ་ཞིག་ཏུ་འཕེལ་བར་སྨན་ལ། ཞིབ་འཇུག་དཔུང་ཁག་རྒྱ་བསྐྱེད་ཤུགས་ཆེར་གཏོང་བར་ཡང་ཕན་ནུས་ངེས་ཅན་ཞིག་ཐོན་ངེས་རེད། དེ་བས་གལ་ཆེ་བ་ནི་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་ཐུབ། གལ་སྲིད་རིན་ཐང་ཆེ་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་། དེ་དགོས་ངེས་མཁོ་ངེས་ཀྱི་རིག་དཔྱད་ལས་ཁུངས་དང་རིག་དཔྱད་མི་སྣའི་བར་འབྲེལ་ལམ་འཛུགས་ཐུབ་པ་བྱུང་ཚེ། བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་གིས་དེང་གི་དུས་རབས་སྙིང་སྟོབས་དང་མཐུན་ལ་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཀྱང་བླངས་པའི་རིག་གནས་གསར་པ་འཛུགས་སྤེལ་བྱེད་རྒྱུར་ཕན་ནུས་གལ་ཆེ་འདོན་ཐུབ་པ་གོར་མ་ཆག འདི་ལྟར་བྱེད་པའང་རང་རེས་གསར་དུ་རྙེད་པའི་བྱེད་ཐབས་ཤིག་མིན་པར་རང་རྒྱལ་གྱི་ཡིག་ཚགས་ལས་ཁུངས་ཀྱི་ཆ་རྐྱེན་བཟང་བ་དང་། ཆུ་ཚད་མཐོ་བ་དག་གི་ལག་ལེན་ལས་ཐོབ་པའི་བསླབ་བྱ་ཞིག་རེད། དཔེར་ན་ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པས་ལོ་རབས་ལྔ་བཅུ་པའི་སྐབས་ནས་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་ཡིག་ཚགས་རྣམས་ལས་སུན་ཀྲུང་ཧྲན་གྱི་སྐོར་འཁོད་པའི་ཡིག་ཚགས་རྣམས་དཔྱད་གཞིར་བྱས་ཏེ་ཞིབ་འཇུག་གཏིང་ཟབ་ཀྱིས《གསར་བརྗེའི་སྙིང་སྟོབས་ནམ་ཡང་མདུན་དུ་བསྐྱོད-ཟླ་བ་བཅུ་པའི་གསར་བརྗེ་ལངས་རྗེས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བསམ་བློ་དང་གསར་བརྗེའི་ལག་ལེན་སྐོར་བཀོད་པ》ཞེས་པ་རྩོམ་འབྲི་མཛད་པ་ལྟ་བུ་དང་། ཉེ་བའི་ལོ་ཤས་ནང་ཁོང་ཚོས《ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས་གནད་བསྡུས》དང《གོ་མིན་ཏང་གི་ལོ་རྒྱུས་རགས་རིམ》སོགས་རྩོམ་འབྲི་གནང་བ་དང་། ཀྲུང་དབྱང་ཡིག་ཚགས་ཁང་ནས《དམར་དམག་རྒྱང་བསྐྱོད་བྱས་པའི་ལོ་རྒྱུས》རྩོམ་འབྲི་གནང་བ་ལྟ་བུ་ཚང་མ་རང་སོ་སོའི་ལས་ཁུངས་སུ་ཉར་ཚགས་བྱས་པའི་ཡིག་ཚགས་བེད་སྤྱོད་བྱས་ཏེ་ལོ་རྒྱུས་ལ་ཞིབ་འཇུག་གནང་བའི་དཔེ་མཚོན་ཙམ་ཡིན་པ་ལྟ་བུ་རེད།   
          ཁ རིག་ལམ་གཉིས་སམ་གསུམ་མཐུད་མཚམས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པའང་མདུན་ལམ་རྒྱ་ཆེར་ལྡན་པ་ཞིག་རེད། རང་རེའི་བོད་ཀྱི་ལོ་རྒྱུས་རིག་པའི་ངོས་ནས་བཤད་ན་མ་ལག་ཚང་བ་དང་། ཤ་ཁྲག་རྒྱས་པ་ཞིག་ད་དུང་ཆགས་མེད་ལ། དེང་དུས་གསར་དུ་དར་བའི་རིགས་ལམ་གྱི་ཐབས་དང་བསམ་བློ་འཁྱེར་ཏེ་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་གཏིང་ཚུགས་པའི་ཞིབ་འཇུག་བྱེད་ཐུབ་པ་ནི་དེ་བས་དཀོན་པོ་རེད། དེར་བརྟེན་ང་ཚོའི་ཡིག་ཚགས་ལས་ཁུངས་ནས་རང་གི་ཁྱད་འཕགས་རང་བཞིན་ནམ་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ལོ་རྒྱུས་རིག་པ་དང་འབྲེལ་མཐུད་དུ་གྱུར་བའི་རིག་ཚན་གྱི“ས་མཚམས་ས་ཁུལ”ལ་ཞིབ་འཇུག་བྱེད་པའི་བྱ་བ་གཉེར་བ་ཡིན་ན་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་རྒྱུར་ལེགས་སྐྱེས་འབུལ་ཐུབ་ལ། རང་གི་ཞིབ་འཇུག་ལས་ཀར་ཡང་གནམ་ས་གསར་པ་ཞིག་གཏོད་ཐུབ་པ་ཡིན། དཔེར་ན་ང་ཚོས་ལོ་རྒྱུས་རིག་པ་དང་ཆབ་སྲིད་རིག་པ་གཉིས་ཀྱི་འབྲེལ་མཚམས་ས་ཁུལ་ཏེ་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་བྱུང་འཕེལ་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་དེ་སྔའི་དུས་རིམ་ཁག་གི་ཆབ་སྲིད་ལམ་ལུགས་དང་། སྲིད་འཛིན་སྒྲིག་གཞི། མི་དོན་དཔོན་གནས་ལམ་ལུགས་སོགས་ལ་ཞིབ་འཇུག་བྱེད་ཐུབ་པ་བྱུང་ཚེ་གཅིག་ནས་བོད་རིག་པའི་ཞིབ་འཇུག་བྱ་གཞག་ལ་ལེགས་སྐྱེས་ཆེ་ཙམ་འབུལ་ཐུབ་པ་དང་། གཉིས་ནས་ཡིག་ཚགས་རང་ངོས་ཀྱི་ལས་ཀ་སྟེ་དག་སྒྲིག་སོགས་ཀྱི་བྱ་བ་སྤེལ་བར་ཡང་གཞི་འཛིན་ས་དང་། རྐང་ཚུགས་ས་འདོན་སྤྲོད་བྱེད་ཐུབ་པ་ཡིན། དེའི་ཐད་ཀྱང་ང་ཚོའི་མིག་དཔེར་འོས་པ་མང་དག་ཡོད་པ་དཔེར་ན། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོས《ཆིང་རྒྱལ་རབས་སྐབས་ཀྱི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་རགས་བཤད》ཞེས་པ་རྩོམ་སྒྲིག་བྱས་པ་དང་། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པས《གོ་མིན་ཏང་སྲིད་གཞུང་གི་མི་དོན་ལམ་ལུགས་རགས་བཤད》ཞེས་པ་རྩོམ་སྒྲིག་གནང་བ་ལྟ་བུ་གྲགས་ཆེའོ།
          ག དགོས་ངེས་ཀྱི་སྐབས་འབྲེལ་ཡོད་རིག་དཔྱད་སྡེ་ཁག་དང་ལྷན་དུ་རང་ལས་ཁུངས་སུ་ཉར་ཚགས་བྱས་པའི་ཡིག་ཚགས་དང་འབྲེལ་བ་ཡོད་པའི་ནང་དོན་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྐོང་བའམ་ཡང་ན་ཚོགས་འདུ་དེ་རིགས་ལ་ཞུགས་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་ན་རིག་གཞུང་དཔྱད་ཞིབ་གནང་མཁན་ཚོས་གནད་དོན་དེའི་ཐད་ཞིབ་འཇུག་བྱས་པའི་ཆུ་ཚད་ཤེས་རྟོགས་ཡོང་བ་དང་། སླད་མར་ཤུགས་སྣོན་རྒྱག་དགོས་པ་གང་ཡོད་པ་སོགས་ཤེས་རྟོགས་བྱུང་སྟེ། དཔྱད་ཡིག་འདེམ་སྒྲིག་བྱེད་ཕྱོགས་སོགས་ལ་ཕན་པའི་ཆ་འཕྲིན་བསྡུ་ལེན་ཐུབ་པ་དང་ལྷན་ཅིག་རང་ལས་ཁུངས་སུ་ཡོད་པའི་ཡིག་ཚགས་འབྲེལ་ལྡན་རྣམས་རིག་དཔྱད་མི་སྣར་མཚམས་སྦྱོར་ཞུ་བ་སོགས་བྱེད་ཐུབ་ཅིང་། དེའི་སྟབས་ཀྱིས་ཡིག་ཚགས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་མཐུན་རྐྱེན་སྒྲུབ་པ་དང་། རིག་ལམ་དཔྱད་བརྡར་གྱི་ཆུ་ཚད་མཐོར་འདེགས་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་སྟེ། དཔེར་ན་ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོས་སྐོང་ཚོགས་བྱས་པའི“མིང་ཆིང་རྒྱལ་རབས་གཉིས་ཀྱི་ཡིག་ཚགས་དང་ལོ་རྒྱུས་ཞིབ་འཇུག”ཞེས་པའི་རིག་དཔྱད་ཚོགས་འདུར་རྒྱལ་ཁབ་ཕྱི་ནང་གི་དྲན་པའི་དབང་པོ་བརྒྱ་ཕྲག་བརྒལ་བ་ཕེབས་ཞུགས་གནང་བ་དང་། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པས་ནན་ཅིན་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་ཚོགས་དང་ལྷན་དུ“ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཡིག་ཚགས་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས”ཞེས་པའི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེངས་ཚོགས་འདུ་སྐོང་ཚོགས་བྱས་པ་སོགས་ཀྱིས་ཡིག་ཚགས་དང་རིག་དཔྱད་ཚན་པའི་དབར་འབྲེལ་ལམ་བཟང་པོ་ཞིག་བཙུགས་པ་དང་། ཕྱོགས་གཉིས་ཀའི་ལས་ཀར་སྐུལ་འདེད་མཐུན་རྐྱེན་བཟང་པོ་སྐྲུན་ཡོད་པ་ལས་ཀྱང་ང་ཚོར་བློ་བསྐྱེད་གསར་པ་ཐོབ་དགོས་པར་སེམས།  མདོར་ན་རིག་དཔྱད་ལས་ཁུངས་དང་འབྲེལ་ལམ་ཟབ་ཏུ་བཏང་སྟེ་ཕྱར་བ་གྲུ་འདེགས་དང་།  མཉམ་ལས་རོགས་རེས་བྱས་ཚེ་ཕྱོགས་གཉིས་ཀའི་ལས་ཀར་ཕན་པ་ཡོད་ལ། ཡིག་ཚགས་ཀྱི་རིན་ཐང་མངོན་དུ་འགྱུར་བར་ཡང་ཕན་ཐོགས་ཤུགས་ཆེར་ལྡན་པ་ནི་བདག་ལྟ་བུས་འདིར་མང་དུ་མ་བརྗོད་ཀྱང་རིགས་པས་གྲུབ་པ་ཞིག་ཡིན།             
མཇུག་བསྡུ་བའི་གཏམ།
          བོད་ཀྱི་ཤེས་རིག་ནི་ཀློང་ཡངས་ལ་གཏིང་མཐུག་པ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཀྱང་། ད་ཕན་བོད་ཀྱི་ཤེས་རིག་སྤྱི་དང་ལྷག་པར་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་འབྲེལ་བའི་གནད་དོན་ལ་ཞིབ་འཇུག་མཛད་སྐབས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དཔྱད་གཞིར་བཀོལ་མཁན་དེ་ཙམ་མེད་པར། མང་ཆེ་བས་སྔོན་བྱོན་མཁས་གྲུབ་ལོ་པཎ་རྣམ་པའི་ཕྱག་སོར་ལས་འཁྲུངས་པའི་ཆོས་འབྱུང་ལོ་རྒྱུས་དང་། རྒྱལ་རབས་དེབ་ཐེར། རྣམ་ཐར་རྟོགས་བརྗོད།  གདན་རབས་དཀར་ཆག་སོགས་ལ་གཞི་བཅོལ་བ་ཤས་ཆེ་བར་མཐོང་། མ་གཞི་དེབ་ཐེར་དེ་རིགས་ལའང་དཔྱད་གཞིར་འོས་པའི་རིན་ཐང་གང་ལེགས་ཡོད་ཀྱང་། ལོ་རྒྱུས་ཀྱི་ཚད་བཀག་རང་བཞིན་གྱིས་དེ་དག་ཚང་མར་ཚོད་འཛིན་ཆེ་ཕྲ་ཅི་རིགས་ཐེབས་ཡོད་པ་དང་། ལྷག་པར་རྩོམ་མཁན་གྱི་གནས་བབ་ཀྱི་དབང་གིས་མང་ཆེ་བས་གྲུབ་མཐའི་བྱུང་བ་བརྗོད་པ་དང་། མི་ཆེན་ལོ་པཎ་གྱི་ཆེ་བ་བརྗོད་པ་གཙོ་བོར་བྱེད་པས་དེང་གི་རིག་གཞུང་དཔྱད་བརྡར་གྱི་དགོས་མཁོ་དང་འཚམ་པོ་རང་མེད། གལ་སྲིད་ང་ཚོས་དེའི་སྐོར་གྱི་དཔྱད་རྩོམ་མམ་དེབ་ཐེར་ལ་བསྡུར་དཔྱད་ཅུང་ཟད་བྱས་ཚེ། བདེན་དོན་འདི་འདྲ་ཞིག་རྙེད་ཐུབ་པ་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི《དེབ་ཐེར་དཀར་པོ》ནང་དོན་ཐད་དེབ་ཐེར་ཆ་འདྲ་བ་སྔོན་མ་རྣམས་ལས་ཞིབ་ཚགས་ཤིང་། ལོ་རྒྱུས་ཀྱི་དངོས་དོན་ནམ་སྤྱི་ཚོགས་ཀྱི་སྲིད་ལུགས་དང་འགབ་ཆེ་བར་མཐོང་བ་ཡང་ཁོང་གིས་སྔོན་བྱོན་མཁས་པའི་སོར་རྩེ་ལས་འཁྲུངས་པའི་ཆོས་འབྱུང་དེབ་ཐེར་ཙམ་མིན་པར། ལོ་རྒྱུས་ཡིག་ཚགས་སུ་གྲུབ་པའི་ཏུན་ཧོང་ཡིག་རྙིང་སོགས་བཙལ་རྙེད་གང་ཐུབ་ཀྱིས་བདེན་རྫུན་ཤན་འབྱེད་གནང་བ་ལས་བྱུང་བ་དང་། ཕྱི་གླིང་པས་བོད་ཀྱི་རིག་གནས་ལོ་རྒྱུས་ལ་དཔྱད་པའི་རྩོམ་དཔེ་ནང་དོན་ཐད་ཕུན་སུམ་ཚོགས་ཤིང་གསོན་ཉམས་དོད་པས་ལུང་རིགས་ཀྱི་ཕུ་ཐག་རིང་བར་སྣང་བའང་ཁོང་ཚོས་གོང་སྨོས་དཔེ་ཆ་ཙམ་དཔྱད་གཞིར་འཛིན་པས་ཡིད་ཚིམ་པ་མ་ཡིན་པར་ཟུར་སྣེ་ཁུངས་འདེད་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་ཐོབ་པ་ཞིག་ཡིན་པ་གོར་མ་ཆག ཕྲན་ནས་འདིར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱིས་ཤེས་རིག་ཞིབ་འཇུག་ལ་མཚོན་པའི་རིན་ཐང་དང་། དེར་ཞིབ་འཇུག་བསྔོགས་སྤེལ་གྱིས་ཡར་ཟླའི་དཔལ་ལ་འཁུ་བའི་བོད་རིག་པའི་ཞིབ་འཇུག་བྱ་བར་ཞབས་འདེགས་སྒྲུབ་ཐབས་སྐོར་རང་བློས་གང་དཔོག་ཙམ་དཔྱད་པའི་ཚུལ་དུ་སྤེལ་བ་འདིས་ཕན་པའི་ཆ་ཅུང་ཟད་ཙམ་ཐོན་ན་ནི་ཡིད་ཀྱི་གསོས་སུ་སྨིན་ལ། མ་རྟོགས་ལོག་རྟོགས་ཀྱི་འཁྲུལ་བཤད་དུ་གྱུར་ན་ནི་མཁྱེན་ལྡན་རྣམ་པས་དག་བཅོས་ཡོ་བསྲང་ལ་སྨན་པའི་དགོངས་འཆར་ལྷུག་སྩོལ་གནང་རྒྱུའི་རེ་བ་སྙིང་ནས་ཞུ་བའོ། །
          མཆན།
          (༡)ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་ལྗགས་རྩོམ《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་བའི་འགྱུར་ལྡོག་ལ་ཕྱིར་དྲན་བྱེད་པ》ཞེས་པ《བོད་ལྗོངས་ཞིབ་འཇུག》༡༩༩༡ལོའི་བོད་ཡིག་དེབ་གཉིས་པར་བཀོད་པའི་ནང་གསལ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1