༄༅།། གླིང་སྒྲུང་《བདུད་འདུལ་》གྱི་སྒྱུ་རྩལ་ཁྱད་ཆོས་བརྗོད་པ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-22


གཅོད་པ་དོན་གྲུབ།
དང་པོ།
           སྒྲུང་དཔེ་《བདུད་འདུལ་》ལ་ལེའུ་བསྡོམས་པས་བརྒྱད་ཡོད་པ་སྟེ། ལེའུ་དང་པོ། ལྷ་བདུད་འདུལ་སྟོབས་ཆེན་བསྒྲུབས་དུས་སུ། །གྲོགས་མེ་བཟའ་ནག་པོ་བདུད་ཀྱིས་ཕྲོགས། །ཞེས་པ་དང་། ལེའུ་གཉིས་པ། གེ་སར་མེ་བཟའ་སྐྱོབ་སེམས་ཆེ།  །འབྲུག་མོས་མ་ཕོད་བརྗེད་ཆུ་དྲངས།  །ཞེས་པ།  ལེའུ་གསུམ་པ། གླིང་ལ་རྩིས་སྤྲོད་བརྒྱབ་ནས། །ཡབ་ཡུམ་བར་ལ་རྩོད་པ་བྱུང་། །ཞེས་པ། ལེའུ་བཞི་བ། འབྲུག་མོ་སྨྲེང་ནས་སྐུ་རྗེས་དེད། ཨ་ནེས་ཐབས་ཀྱིས་གླིང་ལ་མངགས།།ཞེས་པ། ལེའུ་ལྔ་པ། ལྷ་ཡིས་འབྲུག་མོ་གླིང་ལ་བསྐྱལ། ཨ་སྟག་ལྷ་མོས་གསང་གཏམ་ཞུས། །ཞེས་པ། ལེའུ་དྲུག་པ། སོར་གདུབ་ཡོད་པས་བདུད་ཕྲུག་བསླུས། །འཇུ་རེས་བྱས་ནས་ར་རྫི་བཀུག །ཅེས་པ། ལེའུ་བདུན་པ། རྫུན་ལ་ཡིད་ཆེས་བདུད་བྱ་བསླུས། ངེས་ལ་དོགས་ནས་གླིང་བཤད་དྲིས། །ཞེས་པ། ལེའུ་བརྒྱད་པ། བདུད་ཀྱིས་མོ་བཏབ་བཙལ་བ་ནོར། །གེ་སར་རྒྱལ་པོ་ཕམ་ནས་རྒྱལ། །ཞེས་པ་བཅས་ཡོད། སྒྲུང་དཔེ་འདིའི་གཏམ་རྒྱུད་མདོར་བསྡུས་དང་བརྗོད་བྱའི་དོན་གྱི་སྙིང་བོ་མདོ་ཙམ་བརྗོད་ན། དེ་ཡང་དུས་སྐབས་ཤིག་ལ། བྱང་ཕྱོགས་བདུད་ཀླུ་བཙན་རྒྱལ་པོ་དེ་མངའ་ཐང་རྒྱས་ཏེ་ཁོར་ཡུག་གི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ནས་འཕྲོག་བཅོམ་གསོད་གཏུབ་ཀྱི་ལས་ཁོ་ནར་འཇུག་ཅིང་།  ཁྱད་པར་དུ་གླིང་དཀར་སྟོད་ལ་ཡ་ང་བས་མནར་གཅོད་བྱས་ཏེ།  ལོ་རེར་རྟ་ཁྲལ་དང་མི་ཁྲལ་འཇལ་དགོས་པ་བྱུང་བའི་ཚེ།  གླིང་གི་རྒྱལ་པོར་བཞུགས་ནས་མ་འགྱངས་པའི་གེ་སར་རྒྱལ་པོ་ལགས་ཀྱིས་བདུད་ཀྱི་བླ་འབྲོང་ཟངས་རྭ་རྩེ་དགུ་ཅན་དེར་ལྷ་མདའ་ལྕགས་ནག་མེ་འབར་འཕངས་ཏེ་ཕམ་པར་བཟོས་ཤིང་།  གླིང་གི་བུ་ཆུང་སྲོ་མ་བྷ་རྫ་དང་སྤྲང་ཕྲུག་མི་ཆུང་ཁ་བདེ་ཟུང་གི་སྲོག་བསྐྱབས་ཏེ་བདུད་ཀྱི་རྟ་ཁྲལ་དང་མི་ཁྲལ་འཇལ་མཚམས་བཞག   དུས་དེར་གླིང་གི་ཁྲོ་ཐུང་དཔོན་པོས་འཕྲལ་དུ་བདུད་ལ་འཕྲིན་ཡིག་བསྐུར་བ་ན།   བདུད་ནག་ཀླུ་བཙན་གྱི་སེམས་ལ་ཚེར་མ་ཟུག་པ་ལྟར་དུ་གནོད་ལན་དུ་མེ་བཟའ་འབུམ་སྐྱིད་མྱུར་བར་འཕྲོག་དགོས་བསམ་པ་འཆར་ཏེ།  བདུད་ཀླུ་བཙན་དེ་རླུང་ནག་འཚུབ་མ་ཞིག་ཏུ་སྤྲུལ་ནས་ཡོང་སྟེ་མེ་བཟའ་འབུམ་སྐྱིད་གླག་གིས་ལུ་གུ་འཛིན་འཛིན་བྱས་པ་ལྟར་ཁྱེར་སོང་བར་བརྟེན།   བྱང་བདུད་སྡེ་མི་འདུལ་ཐབས་མེད་པར་མཆིས། དུས་དེར་སྨན་ཨ་ནེ་གུང་སྨན་རྒྱལ་མོས་གེ་སར་མཆོག་ལ་འདི་ལྟར་གསུངས་སོ།།  ངའི་ཚ་བོ་མ་ཉལ་ཡར་ལ་ལོངས།  །ཉན་བསམ་ན་ཨ་ནེའི་གླུ་ལ་ཉོན།  །འདི་དམ་པའི་ལྷ་ཆོས་མ་ཡིན་ཀྱང་། །ཉན་ཤེས་ན་དམ་པའི་ལྷ་ཆོས་ལྷག   །གླིང་སྐུ་རྗེ་སེང་ཆེན་ནོར་བུ་ལགས། །ཁྱེད་ཁ་རོག་འདུག་ཐབས་གང་ན་ཡོད། །དེ་མེད་དོན་རྩ་བ་བཤད་རྒྱུ་ན། །ལྷ་གེར་མཛོད་གཉན་པོས་བཀའ་བཀོད་བབ། །ཁྱོད་ད་ལྟ་བདུད་རྒན་འདུལ་རན་ཡིན།  །བདུད་ནོར་རྫས་གླིང་ལ་འདྲེན་རན་ཡིན། །སྨན་མེ་བཟའ་འབུམ་སྐྱིད་འཕྲོག་རན་ཡིན། །བློ་མ་འགྱུར་ད་ལྟ་ཉིད་དུ་སོང་། །དུས་ད་ལྟ་འགྲོ་ན་འགྲོ་རན་ཡིན། །ད་རུང་ཡུད་ཙམ་འགྱངས་བསམ་ན།།དགྲ་ཕར་འདུལ་མི་ཡོང་ཚུར་འདུལ་འབྱུང་། །ཞེས་གསུངས་ནས་བཀའ་བབ་པ་ན། གླིང་སེང་ཆེན་ནོར་བུ་དགྲ་འདུལ་སྐད་ཅིག་ཉིད་ཡར་བཞེངས་ཏེ། གླིང་ཕུ་ནུ་དཔའ་རྟུལ་སུམ་ཅུ་དང་།   ཇ་མ་མིང་ཆེན་བཅུ་གསུམ་སོགས་གླིང་གི་འདུ་ཐང་ཆེན་པོར་བསྡུས་ནས་གླིང་གི་རྒྱུ་ནོར་གཙོ་ཤས་ཐམས་ཅད་རྩིས་སྤྲོད་བརྒྱབ་ནས་ཕེབས་སྐབས་སུ།   སེང་ལྕམ་འབྲུག་མོའི་སེམས་ཀྱིས་མ་ནུས་པས་ཐབས་བརྒྱ་ཇུས་སྟོང་གིས་འགོག་ཐབས་བསྒྲིགས་ཀྱང་མ་ཁོག་པར་བདུད་ལ་ཕེབས་སོང་།   དེར་ཡང་འབྲུག་མོས་ཡིད་ཀྱིས་མ་བཟོད་པར་ངུ་འབོད་ཏི་རི་རི་རྗེས་དེད་ནས་སོང་ཡང་གུང་སྨན་རྒྱལ་མོས་ཐབས་ཤེས་ཀྱིས་ཕྱིར་གླིང་ལ་མངགས།  
           དེ་ནས་གེ་སར་རྒྱལ་པོ་ཁོང་གིས་ལ་ལུང་མང་པོ་བརྒྱུད་དེ་ཕེབས་ཙ་ན། རི་སྙིང་འདྲ་བ་གཅིག་གི་རྩེ་ན་ལྕགས་མཁར་ཟུར་བཞི་ཅན། ཕྱོགས་བཞི་ན་མི་རོའི་རྒྱལ་མཚན་བཙུགས་ཡོད་པ་ནང་ན་མིའི་བུ་མོར་མི་འདྲ་བ།  ལྷའི་སྲས་མོ་དང་འདྲ་བ་ཞིག་ཡོད་པར།  གེ་སར་རྒྱལ་པོས་བདུད་ཀླུ་བཙན་གྱི་སྲིང་མོ་ཨ་སྟག་ལྷ་མོ་ཡིན་པ་རྟོགས་ནས་དྲག་ཤུགས་ཀྱིས་དབང་དུ་བསྡུས་ཏེ་གཏན་གྲོགས་བསྒྲིགས།    དེར་ཨ་སྟག་ལྷ་མོས་སོར་གདུབ་རྒྱལ་པོར་གནང་ནས་བདུད་ཀྱི་འགག་འཕྲང་སོ་སོ་ཇི་ལྟར་བརྒལ་བའི་གསང་གཏམ་ཞུས། དེ་ནས་གེ་སར་རྒྱལ་པོས་ཨ་སྟག་ལྷ་མོས་གང་བཤད་ལྟར་བདུད་ཀྱི་འགག་སྒོ་ཕལ་ཆེར་བརྒལ་ནས་སོང་ཙ་ན།   བློན་པོ་ར་རྫི་ཕྱིང་སྔོན་ཅན་དེར་འཕྲད་དེ་ཤེད་འགྲན་འཇུ་རེས་བྱས་ཏེ་ར་རྫི་ས་ལ་འགྱེལ་ཞིང་།   གེ་སར་ཉིད་ཀྱིས་རལ་གྲི་བཏོན་ནས་བཙན་ཤུགས་ཀྱི་གྲོགས་སུ་བཀུག་སྟེ།   མཐའ་མར་གེ་སར་རྒྱལ་པོ་དང་བློན་པོ་རྫི་གཉིས་ཀར་མནའ་འབྲེལ་བསྒྲིགས་ནས་གྲོགས་པོ་བྱས།  དེ་ནས་ར་རྫིས་གེ་སར་ནང་ལ་གདན་དྲངས་ཏེ་བདུད་ཀླུ་བཙན་འདུལ་བའི་ཐབས་ཤེས་བསྒྲིགས་ཤིང་། སྨན་མཆོག་མེ་བཟའ་འབུམ་སྐྱིད་དང་ངོ་འཕྲད་དུ་བཅུག  དེ་ནས་གེ་སར་རྒྱལ་པོ་མཆོག་གིས་རིམ་གྱིས་བདུད་ཀྱི་བླ་ཤིང་བཅགས། བླ་འབྲོང་བསད། བླ་མཚོ་བསྐམས་སུ་བཅུག་རྗེས་བདུད་ཀླུ་བཙན་ལ་ཐོད་མདའ་སྤྲད་ཅིང་འཇུ་རེས་བྱས་ཏེ། གེ་སར་གྱིས་བདུད་རྒན་མར་མནན་ནས་ལངས་པར་མ་བཅུག་པར་ཐག་པ་རིང་པོ་འདོམ་པ་བཅུ་དགུ་ཡོད་པ་ཙམ་ཞིག་གིས་གྲུ་གུ་ལྟ་བུ་ཞིག་བཀྱིགས་ནས་བསད།  དེར་བློན་པོ་ཕྱིང་སྔོན་ག་དར་གྱིས་སྐུ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་གྲོགས་བྱས་ཏེ། བདུད་ནག་མ་རུངས་ཀླུ་བཙན་གྱི་རོ་ཁྱེར་ནས་མཆོད་རྟེན་ནག་པོའི་ཞབས་འོག་ཏུ་མནན་པ་རེད།  དེ་ནས་བདུད་སྡེ་རྣམས་ལྷ་འབངས་དཀར་བོར་བསྒྱུར་བ་དང་།  བདུད་ཀྱི་ཡུལ་ཁམས་ཐམས་ཅད་ཆོས་དགེ་བ་ལ་བསྐུལ་ནས་བསོད་ནམས་དཀར་པོའི་ས་བོན་བཏབ་སྟེ་བདེ་སྐྱིད་ལྡན་པའི་གནས་སུ་བཀོད།  
           གོང་དུ་རགས་བསྡུས་ཀྱིས་མཚམས་སྦྱོར་བྱས་པའི་སྒྲུང་དཔེ་འདིའི་གཏམ་རྒྱུད་ལས་སྒྲུང་གཏམ་གྱི་འབྱུང་གཞི་དང་འཕེལ་རིམ།   སྙིང་བོ་སོགས་རྟོགས་ཐུབ་པར་མ་ཟད།  གླིང་རྗེ་གེ་སར་མཆོག་བཙན་པོ་རྡུང་བའི་ཐོ་བ་དང་གཉོམ་ཆུང་སྐྱོང་བའི་ཕ་མ། གཞན་ཕན་གྱི་ལས་ལ་འབད་འབུངས་བགྱིད་པའི་སྐྱེས་བུ་མངོན་པར་མཐོ་བ་ཞིག་ཡིན་ཞིང་།   ད་དུང་གནའ་བའི་རྒྱལ་འབངས་རྣམས་རང་གི་རྒྱལ་ཁབ་ལ་གཅེས་པ་དང་དགྲ་བོར་སྡང་བ།  འཇིག་རྟེན་འདི་ཞི་བདེ་ཡོང་བར་བརྩོན་ལེན་བྱེད་པ་བཅས་ཀྱང་མཚོན་ཡོད།               
གཉིས་པ།
           སྒྲུང་དཔེ་《བདུད་འདུལ་》ནང་གི་མི་སྣ་གཙོ་བོ་དག་ཞིབ་འབྲི་བྱས་པ་འོས་ཤིང་འཚམས་ལ་གསོན་ཉམས་ལྡན་པ་ཞིག་རེད།  རྩོམ་རིག་གང་ཡིན་རུང་མི་སྣའི་གཟུགས་བརྙན་གསར་བཞེངས་ལེགས་པོ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། གལ་ཏེ་སྒྲུང་རྩོམ་ནང་གི་མི་སྣ་ཞིབ་འབྲི་བྱས་པ་བཟང་ན་བརྩམས་ཆོས་གང་ཡང་ཆ་ཚང་སྤུས་ལེགས་ཤིག་ཏུ་འགྱུར་ཐུབ་ལ།  གལ་སྲིད་མི་སྣ་ཞིབ་འབྲི་བྱས་པ་ལེགས་པོ་ཞིག་མིན་ན་བརྩམས་པའི་རྩོམ་ཡང་ཡིད་དུ་འོང་བ་ཞིག་ཡོང་དཀའ།  《བདུད་འདུལ་》ཞེས་པའི་སྒྲུང་ནང་དུ་མི་སྣ་ཞིབ་འབྲི་བྱེད་པར་ནན་ཏན་བྱས་ཡོད་པར་མ་ཟད། མི་སྣའི་ཕྱི་ཚུལ་ནས་སེམས་ཁམས་ཀྱི་འགྱུར་བ་སོགས་ཞིབ་འབྲི་བྱེད་པ་གལ་ཆེན་དུ་བཟུང་ཡོད།  སྒྲུང་དཔེ་འདི་ནང་གི་མི་སྣ་གཙོ་བོ་གང་ཡིན་ཡང་ཚང་མ་རང་རང་གི་ཁོར་ཡུག་ངེས་ཅན་ཞིག་གི་ཁྲོད་དུ་རང་རང་གི་གཤིས་རྒྱུད་དང་རང་རང་གི་བརྒྱུད་རིམ།  རང་རང་གི་འདོད་བློ་དང་ནུས་རྩལ་སོགས་ཁྱད་ཆོས་མི་འདྲ་བ་གསལ་བོར་མཚོན་ཡོད། དཔེར་ན་མི་སྣ་གཙོ་བོ་གླིང་རྗེ་གེ་སར་མཆོག་ལ་མཚོན་ན།  འདི་ལྟར་བྲིས་འདུག  ཁྱོད་གཞན་གྱི་བུ་དང་འདྲ་ས་མེད།  །དེ་མི་འདྲ་རྒྱུ་མཚན་བཤད་རྒྱུ་ན།  །མི་གཅིག་གིས་དགྲ་བཞི་འདུལ་ནི་པོ། །དཔོན་གཅིག་གིས་སྟོང་གསུམ་གནོན་ནོ་པོ། །སྐུ་སེང་ཆེན་ནོར་བུ་དགྲ་འདུལ་རེད། །ནང་སྔ་དྲོ་ལྷ་རིགས་རྩེད་མོ་རྩེ། །དགུང་ཕྱི་དྲོ་བཙན་ལ་ཆོ་ལོ་བསྐོར།  །ཉིན་གུང་དུ་གཉན་ལ་ཤུགས་རྩལ་འགྲན།  །དགུང་ནུབ་མོ་བདུད་ལ་ཞགས་པ་འཐེན། །རྟགས་སྤྲུལ་སྒྱུར་གཉིས་ལ་རང་དབང་ཐོབ།། ཆོས་མདོ་སྔགས་བསྟན་པ་སྐྱོང་མཁན་རེད།  །བྱང་ཀླུ་བཙན་ཐོག་མདས་འདུལ་དང་གཅིག །ནུབ་གུར་དཀར་སྤུན་གསུམ་འཇོམས་དང་གཉིས། །ལྷོ་ས་དམ་དུག་ཆུ་དཀྲུགས་དང་གསུམ། །ཤར་རྒྱ་ནག་བཙན་ཁྲིམས་གཏོར་དང་བཞི། །མཐའི་རྫོང་ཆེན་བཅོ་བརྒྱད་འབེབ་དང་ལྔ། །གླིང་སེང་ཆེན་རྒྱལ་པོ་མ་གཏོགས་པའི། །མི་དཔའ་རྩལ་ཡོད་ཀྱང་འདུལ་སྐལ་མེད། །ཅེས་གསུངས་པ་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་སྟེ།   གླིང་གེ་སར་རྒྱལ་པོ་ཉིད་ནི་དགྲ་སྡེ་མ་ལུས་ཕམ་པར་བཟོས་ཏེ་ཁམས་གསུམ་བདེ་ལ་བཀོད་པའི་དབང་ཐང་ལྡན་ཞིང་། ད་དུང་ཁོང་ཉིད་སྐྱེ་བོ་གཞན་དང་མི་མཚུངས་པར་ཆུང་བའི་དུས་ནས་ལྷ་བཙན་གཉན་གསུམ་དང་ལྷན་དུ་རྩེད་མོ་དང་ཆོ་ལོ་ཤུགས་རྩལ་སོགས་འགྲན་ནུས་ཤིང་སྤྲུལ་སྒྱུར་གྱི་དབང་ཐང་ཐོབ་པའི་སྐྱེས་བུ་ཕུལ་བྱུང་ཅན་ཞིག་ཡིན་པ་རབ་བཏགས་ཀྱི་ལམ་ནས་ཞིབ་འབྲི་བྱས་ཡོད། ད་དུང་ཁོང་གིས་ཕྱོགས་བཞི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་གཙོ་བྱས་པའི་དགྲ་སྡེ་ཕབ་དགོས་པའི་ལས་འགན་ཡང་གསལ་བོར་བྲིས་འདུག  གཞན་ཡང་། མི་སྨུག་པོ་དུང་གི་སོ་སྒོ་ཅན། །རྟ་རྐྱང་རྒོད་མཚལ་གྱི་ཐིག་ལེ་ཅན། །ལུས་ཁྲབ་ཆེན་སྲིད་པའི་འཇོལ་བེར་ཅན། །སྐེད་གྲི་རིང་མདའ་གཞུ་འཇའ་ཚོན་ཅན།  །ཞེས་པ་དང་།  བདུད་ཀླུ་བཙན་མགོ་ཡི་ཐོ་བ་ཡིན།  །ཕོ་བཙན་པོ་སྟེང་གི་གཉའ་གནོན་ཡིན།  །འབངས་གཉོམ་ཆུང་མཐའ་ནས་སྐྱོང་མི་ཡིན། །གླིང་ལྷ་སྡེ་དཀར་པོའི་བྱུས་སྲུང་ཡིན། །ཞེས་བྲིས་འདུག་པ་ལས། གེ་སར་རྒྱལ་པོ་ཉིད་སྐྱེས་གཟུགས་རབ་ཏུ་མཆོག་པ་དང་ལུས་ལ་མནབས་པའི་ཁྲབ་ཆེན་དང་སྐེད་ཀྱི་གྲི་རིང་མདའ་གཞུ་སོགས་འཇའ་ཚོན་ལྟར་མཛེས་ཤིང་ལྟ་ན་སྡུག་པ།  དེ་མིན་དགྲ་ལ་སྡང་ཞིང་གྲོགས་ལ་བྱམས་པའི་ཐུགས་རྒྱུད་ཀྱང་གསལ་བོར་བྲིས་འདུག་པས།    ཀློག་པ་པོ་ཀུན་གྱིས་མིག་ལམ་དུ་གསོན་ཉམས་ལྡན་པའི་གཟུགས་བརྙན་ཞིག་ལྷང་ངེར་བཞེངས་པ་དང་མཚུངས་སོ། །  
           གཞན་ཡང་གེ་སར་རྒྱལ་པོ་མཆོག་དུས་ནམ་ཡང་རང་གི་འབངས་མི་དང་ངལ་རྩོལ་ལ་མི་འབྲལ་བ་ཡང་སྒྲུང་དཔེ་འདི་ལས་གསལ་བོར་བཀོད་འདུག་པ་སྟེ། དཔེར་ན། གེ་སར་རྒྱལ་པོ་གླིང་གི་གྲོ་མཚོ་སྨུག་པོའི་ཐང་གཞུང་དེ་ནས། རྟ་ཁྱུ་ལུང་བའི་གཡས་སུ་བརྒྱབ།  ནོར་ཁྱུ་ལུང་བའི་གཡོན་དུ་བརྒྱབ།  ལུག་ཁྱུ་ལུང་བའི་དཀྱིལ་ལ་བརྒྱབ།  རྒྱལ་པོ་ཁོང་མ་སངས་ཀི་སྐྱིད་ཉལ་སྒོར་མོ་བརྒྱབ་ནས་བཞུགས་ཙ་ན་ཞེས་བཀོད་པ་ལས་གེ་སར་ཉིད་གླིང་དཀར་སྟོད་ཀྱི་རྒྱལ་པོར་བཞུགས་ཀྱང་ཁོང་གི་འབྱུང་ཁུངས་འབངས་མི་ཡིན་པ་མ་བརྗེད་པར་རྣམ་པ་ཀུན་ཏུ་རང་གི་མངའ་འབངས་དང་ངལ་རྩོལ་ལ་ཁ་མི་བྲལ་བའི་བླ་མེད་གཤིས་རྒྱུད་མཚོན་ཡོད།  
           ད་དུང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྣམས་ཀྱི་ངག་ལས་སྒྲུང་དཔེ་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ།   སྐབས་དེའི་བོད་འབངས་ཀུན་གྱི་བསམ་པའི་འདོད་བློ་ཡོད་ཚད་དེ་གླིང་གེ་སར་རྒྱལ་པོའི་སྟེང་ལ་བཅོལ་ཡོད་པ་མཚོན་འདུག་པ་ལས་གཞན། མཛེས་ཤིང་སྡུག་ལ་གཤིས་རྒྱུད་བཟང་བ། ལས་ལ་བརྩོན་ཞིང་འགྱུར་བ་མེད་པའི་མཛངས་མ་གང་མང་ཞིག་གི་གཟུགས་བརྙན་ཡང་ཞིབ་འབྲི་བྱས་ཡོད། དེ་དག་ལས་ཀྱང་གླིང་གི་སྨན་མཆོག་བདུན་གྱི་གཙོ་བོ། གླིང་སེང་ཆེན་རྒྱལ་པོའི་གཏན་གྲོགས་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་ཁྱད་ཆོས་རྣམས་ཞིབ་འབྲི་བྱས་པ་འབུར་དུ་ཐོན་འདུག  དཔེར་ན།  སྨན་ཁྱོད་འདྲའི་ན་ཆུང་མཚར་མོ་ཞིག །བོད་མ་བརྒྱའི་བང་ལ་སྐྱེ་ཚུལ་མེད། །དེ་སྐྱེས་ཀྱང་ཁྱོད་འདྲ་འོང་ལུགས་མེད། །ཁྱོད་སྒྲོལ་མ་དཀར་མོའི་སྐྱེ་སྤྲུལ་ཡིན། །ཁ་ཕར་འཁོར་ལྕང་ལོ་རྒྱན་ཡགས་མ།  །ཚུར་འཁོར་འཇའ་ཚོན་མདངས་ལྡན་མ།  །ཁྱོད་ཕར་འགྲོས་གོམ་རེར་རྟ་བརྒྱའི་རིན།  །མ་མཁའ་འགྲོ་གར་སྟབས་བསྒྱུར་བ་འདྲ།  །ཚུར་འོང་ལུགས་སྨུག་པོ་དྲེལ་བརྒྱའི་རིན། །ལྷ་རིག་འཛིན་རྩེ་བྲོ་འཁྲབ་པ་འདྲ། །ཉམས་དགའ་བའི་རྩེ་ལུགས་མཛོ་བརྒྱའི་རིན།  །མི་གཞན་ཡིད་འཕྲོག་པའི་ལྕགས་ཀྱུ་འདྲ།  །སོ་འཛུམ་དཀར་བསྟན་ན་ལུག་བརྒྱའི་རིན།  །ཤེལ་མུ་ཏིག་ཕྲེང་ཆུང་བསྒྲིགས་པ་འདྲ། །སྐྲ་གཡས་པ་གཡས་སུ་འཕང་བ་ན། །རྒོད་ཐང་དཀར་གཤོག་པ་བརྒྱངས་པ་འདྲ། །སྐྲ་གཡོན་པ་གཡོན་དུ་འཕང་བ་ན། །རྒོད་ཐང་སྨུག་ནམ་འཕང་བཅད་པ་འདྲ། །རྒྱབ་སྐྲ་རྒྱན་གཡུ་བྱུར་ཕྲེང་བསྒྲིགས་པ། །ལྷའི་བུ་མོ་མི་ཡུལ་འོང་བ་འདྲ། །མདུན་ཁ་དོག་སྣ་ལྔའི་རྒྱན་ཆ་དེ། །བྱ་རྨ་བྱའི་སྒྲོ་གུར་ཕུབས་པ་འདྲ། །ཡར་ལངས་ན་རྒྱ་དར་ཕྱར་བ་འདྲ། །མར་བསྡད་ན་ཟ་འོག་གུར་ཁང་འདྲ། །བློ་རྣོ་བ་ཁྲོ་མདེའུ་ངར་མ་འདྲ། །ཁོག་དྲངས་པ་སྨྱུག་ཕྲན་ལྡེམ་བུ་འདྲ། །ཞེས་བཀོད་ཡོད་པ་ལས།  སེང་ལྕམ་འབྲུག་མོའི་ལུས་སྐྱེས་གཟུགས་དང་ཡག་མོ་སྒོ།  རྒྱན་སྣ་ཚོགས་དང་ལུས་སྤྱོད་སྟངས་ཕྱོགས་གང་ནས་བལྟས་ཀྱང་སྐྱེས་མ་ཕལ་བ་དང་མི་མཚུངས་པའི་སྨན་མཆོག་ལྷའི་བུ་མོ་དང་ཁྱད་མ་མཆིས་ཤིང་ལགས་པ་རྟོགས་ཐུབ་པར་མ་ཟད། ཁོ་མོའི་གཤིས་རྒྱུད་དྲངས་པ་མདའ་དང་བློ་རྒྱ་ཡངས་པ་ཐང་།  ཡིད་སེམས་གསལ་བ་མེ་ལོང་ལྟ་བུ་བཅས་ཡིན་པ་ཡང་ཞོར་དུ་རྟོགས་ཐུབ། རྩོམ་རིག་གང་ལས་ཀྱང་འདི་འདྲའི་གསོན་ཉམས་ལྡན་པའི་མི་སྣའི་ཞིབ་འབྲི་ནི་ངོ་མས་མཐོང་དཀོན་པོ་འདུག  འདི་ནི་མི་སྣ་ཞིབ་འབྲིའི་སྒྱུ་རྩལ་ཀྱང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་བཤད་མ་དགོས་སོ། །  
           ད་དུང་ལྡོག་ཕྱོགས་མི་སྣ་གཙོ་བོ་བདུད་ཀླུ་བཙན་རྒྱལ་པོ་ཡང་ཞིབ་འབྲི་བྱས་པ་ཧ་ཅང་ངོ་མཚར་ཞིང་གཏིང་ཟབ་པ་ཞིག་རེད། སྒྲུང་དཔེ་འདི་བཀླགས་པ་ཙམ་གྱིས་བདུད་ཀླུ་བཙན་དེ་ག་འདྲ་ཞིག་ཡིན་པ་ཀློག་པ་པོའི་ཡིད་ལ་གསལ་བོ་ངེས་ཐུབ།  
           དཔེར་ན། བདུད་ནག་མ་རུངས་ཀླུ་བཙན་རྒོད་པོ་དེ་གཟུགས་ཆེ་བ། རི་བོ་ལྟ་བུ་ལུས་པོ་གཅིག་ལ་མགོ་དགུ་ཡོད་ལ།  མགོ་ལ་རྭ་བཅོ་བརྒྱད་སྐྱེས་ཡོད་པ།  ཁྲོས་ན་ལུས་ལ་ལྕགས་སྡིགས་ནག་པོས་ཁྱབ་པ། དུག་སྦྲུལ་ནག་པོ་དགུ་ཡིས་སྐེད་ལ་འཁྲིལ་བ།  རྐང་ལག་ལ་ལྕགས་ཀྱི་སྡེར་མོ་དགུ་བཞི་སུམ་ཅུ་སོ་དྲུག་གི་ལྕགས་ཀྱུ་ལྟར་ཡོད་པ། ཁ་ནས་དུ་བའི་མེ་རི་འཁྱིལ་ཞིང་འབར་བ། སྣ་ནས་དུག་རླུང་འཚུབ་མ་གཡོ་བ། དུག་སྤྲིན་ནག་པོའི་དཀྱིལ་ན་འགྱིང་བ། ནང་བློན་ཨ་བ་ཁྲག་འཐུང་དང་། ཕྱི་བློན་ཁྱི་ཁ་ར་སོ། ཕོ་ཉ་བྱ་ནག་གཤོག་རིང་སོགས་སུ་དང་གང་གིས་མཐོང་ན་འཇིགས་སྐྲག་སྐྱེས་པ། བཙན་པོས་རིག་ན་ཡ་ང་བ། གཉོམ་ཆུང་གིས་རིག་ན་སྙིང་འདར་བ་ཙམ་དུ་བཞུགས་ཡོད་ཅེས་བྲིས་འདུག་པ་ལས།  མ་རུངས་བདུད་ཀླུ་བཙན་རྒྱལ་པོ་དེ་འཇིག་རྟེན་གྱི་མི་ཕལ་བ་དང་མི་མཚུངས་པར་མགོ་ན་རྭ་ཅོ། ཁ་ནས་དུ་བ། སྣ་ནས་དུག་རླུང་འཚུབ་པ་དང་། ཁོར་ཡུག་ནས་ཀྱང་ནང་བློན་ཕྱི་བློན་འཇིགས་སུ་རུངས་པ་སོགས་ཞིབ་འབྲི་བྱས་ཏེ།   བདུད་ནག་ཀླུ་བཙན་ཞེས་པ་དེ་འདྲའི་གཏུམ་གཅོད་གདུག་རྩུབ་ཆེ་བ་དང་།   སྐྱེ་བོ་སུས་ཀྱང་འགྲན་ཡ་མི་ཕོད་པ། མི་ཟོག་གང་ཡང་ཁྱུར་མིད་བྱེད་པའི་གཤིས་རྒྱུད་ངན་པ་བཅས་གསལ་བོར་བྲིས་འདུག  སྤྱིར་ན་བདུད་རྒན་མགོ་དགུ་ཅན་ཞིག་འཇིག་རྟེན་འདིར་བྱུང་མིན་སུས་ཀྱང་བསྡོམས་ཚིག་འཇོག་པའི་སྤོབས་པ་མེད་ཀྱང་།  རྩོམ་རིག་གི་སྒྲོ་འདོགས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་བདུད་རྒན་ཞེས་པའི་གཟུགས་བརྙན་ངོ་མཚར་བ་ཞིག་གསར་བཞེངས་བྱས་པ་ལེགས་གྲུབ་བྱུང་བ་དེས་སྒྲུང་གཏམ་འདིའི་སྒྱུ་རྩལ་གྱི་རིན་ཐང་ཡང་ཇེ་མཐོར་བཏང་།  སྒྲུང་གཏམ་ནང་གི་དཔེར་འོས་མི་སྣ་གང་ཡིན་རུང་ཚང་མ་ཁེར་རྐྱང་དུ་སྐྱེས་པ་དང་གནས་པའི་དཔེ་མི་སྲིད།    དཔེར་འོས་མི་སྣ་གང་ཡང་སྤྱི་ཚོགས་ཀྱི་མི་སྣ་དང་དུས་རབས་ཀྱི་བྱུང་མི་ཡིན་པས།  ང་ཚོས་འོས་ཤིང་འཚམ་པའི་ཁོར་ཡུག་ངེས་ཅན་ཞིག་ཏུ་གནས་སུ་བཅུག་སྟེ་ཞིབ་འབྲི་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ།   
           《བདུད་འདུལ་》ཞེས་པའི་སྒྲུང་གཏམ་གྱི་མི་སྣ་གཙོ་ཕལ་གང་ཡང་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་རང་རང་གི་རང་གཤིས་དང་ཁྱད་ཆོས་མི་འདྲ་བ་གཏིང་ཟབ་པ་ཞིག་ཞིབ་འབྲི་བྱས་ཡོད།   ད་དུང་མི་སྣ་བཟང་བ་དང་ངན་པ། མཛངས་པ་དང་བླུན་པོ།    མཛེས་པ་དང་བཙོག་པ་བཅས་ཀྱིས་ཀློག་མཁན་རྣམས་ངོ་མཚར་རབ་ཏུ་ལྡན་པའི་འཇིག་རྟེན་ཞིག་ཏུ་ཁྲིད་པ་དང་གཉིས་སུ་མ་མཆིས།    དེ་མིན་ང་ཚོས་མི་སྣ་འདི་དག་གི་གཟུགས་བརྙན་དང་བརྒྱུད་ནས།  དུས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་འབངས་མིའི་འཚོ་བའི་སྤྱོད་ཐབས་སོགས་ཤེས་ཐུབ་པ་ལགས།                  
གསུམ་པ།
           《བདུད་འདུལ་》ལ་ད་རུང་ངོ་མཚར་བའི་ཁྱད་ཆོས་འགའ་ཡོད་པ་སྟེ།  
           གཅིག  སྒྲུང་གཏམ་འདིའི་རྩོམ་སྟངས་ནི་བོད་ཀྱི་སྲོལ་རྒྱུན་གྱི་བཅད་ལྷུག་སྤེལ་མའི་རྩོམ་སྲོལ་ལྟར་བརྩམས་ཡོད།  ཡིན་ནའང་སྒྲུང་གཏམ་འདིར་ད་དུང་ཐུན་མོང་མ་ཡིན་པའི་རྩོམ་སྲོལ་གྱི་ཁྱད་ཆོས་ཡོད་པ་སྟེ།  ཚིགས་བཅད་དེ་ཚིག་ལྷུག་ལས་སུམ་ཆའི་གཉིས་ཕལ་ཆེར་ཟིན་འདུག   ཁྱད་པར་དུ་གེ་སར་རྒྱལ་པོ་དང་སེང་ལྕམ་འབྲུག་མོ་གཉིས་ཀྱི་མཛའ་བརྩེ་མཚོན་པའི་གླུ་རིང་ཐུང་བཅུ་གསུམ་ལྷག་ལ་བུད་ཡོད། འདི་འདྲའི་ཚིགས་བཅད་སྙན་ཞིང་འཇེབས་ལ་གྲངས་ཀ་མང་བ་ཞིག་སྒྲུང་དཔེ་གཞན་གང་ལས་ཀྱང་མཐོང་མི་ཐུབ། ཚིགས་བཅད་དེ་དག་གིས་བརྗོད་བྱའི་དོན་གྱི་གཏམ་རྒྱུད་འཕེལ་རིམ་ལ་འགལ་བ་བཟོས་མེད་པ་ལས་གཞན་བརྗོད་དོན་འབུར་ཐོན་གྱི་ནུས་པ་ཐོན་འདུག   ད་དུང་མི་སྣ་གཙོ་བོ་གེ་སར་རྒྱལ་པོ་དང་འབྲུག་མོ་གཉིས་ཀྱི་འགྱུར་མེད་བརྩེ་སེམས་མཚོན་པའི་སྐོར་ལ་ཡང་།   དཔེར་ན།   གེ་སར་མཆོག་བྱང་ཕྱོགས་བདུད་ལ་འགྲོ་ཁར། འབྲུག་མོ་ཁ་འབྲལ་མ་ཕོད་པར་མེ་བཟའ་ལ་མགོ་སྐོར་བཏང་བ་དང་།  གེ་སར་རྒྱལ་པོར་བརྗེད་ཆུ་དྲངས་པ།  མཐར་ཐུག་ཡབ་ཡུམ་གཉིས་ཀྱི་བར་དུ་རྩོད་པ་བྱུང་ནས་གེ་སར་ཐུགས་ཁྲོས་ཏེ་འབྲུག་མོ་དང་ཁ་བྲལ་བྱུང་བ།    ཡིན་ནའང་འབྲུག་མོས་མ་བཟོད་པར་ངུ་འབོད་བྱས་ཤིང་རྗེས་བསྙེགས་པ་སོགས་ཀྱི་སྐོར་ཞིབ་འབྲི་གནང་བ་དེས།  མཛའ་གཅུགས་ལྷོད་མེད་ཀྱི་བརྩེ་དུང་ཟབ་མོ་མཚོན་པ་ཙམ་མིན་པར།  ད་དུང་བརྗོད་བྱའི་དོན་གྱི་སྙིང་བོར་རོགས་འདེགས་ལེགས་པོ་བྱས་པར་མ་ཟད། སྐབས་དེའི་སྤྱི་ཚོགས་ནང་གི་བོད་རིགས་བུད་མེད་ཀྱི་རང་གཤིས་ཀྱང་མཚོན་ཡོད།  འདི་ནི་སྒྲུང་གཏམ་འདིའི་ཕུལ་དུ་བྱུང་བའི་རྩོམ་སྲོལ་གྱི་ཁྱད་ཆོས་ཤིག་ཡིན་པར་སྙམ།  
           སྒྲུང་དཔེ་འདིའི་སྒྲིག་གཞི་ཆགས་ཚུལ་གྱི་ཆ་ནས་བལྟས་ན་ཡང་གཏམ་རྒྱུད་ཀྱི་བྱུང་རིམ་ལྟར་མི་སྣ་གཙོ་བོ་གེ་སར་རྒྱལ་པོ་འབུར་ཐོན་བྱས་ཏེ།   རིམ་གྱིས་འགལ་བ་མེད་པ་ནས་ཡོད་པ་དང་ཞི་བ་ནས་དྲག་པ།  དམའ་བ་ནས་མཐོ་བར་སླེབས་འདུག་པའི་གོ་རིམ་ཆགས་ཡོད། སྒྲུང་དཔེའི་ནང་དོན་ཡང་ཆ་ཚང་ལ་གོ་རིམ་ལྡན་པ། རྩོམ་གྱི་སྒྲིག་གཞི་ཡང་དམ་ལ་ཁྱད་ཆོས་ཡོད་པ་ཞིག་རེད།   
           གཉིས།  དངོས་ཡོད་རིང་ལུགས་དང་རྟོག་པ་འཆར་ཡན་རིང་ལུགས་ཟུང་འབྲེལ་གྱི་རྩོམ་སྟངས་སྤྱད་ཡོད། སྒྲུང་གཏམ་འདི་ནང་ཞིབ་འབྲི་བྱས་པའི་མི་སྣ་གང་ཡིན་ཡང་ཐམས་ཅད་དངོས་ཡོད་འཚོ་བའི་ནང་གནས་པའི་གང་ཟག་ཡིན་ལ།  ད་དུང་ལྷ་སྒྲུང་གཏམ་རྒྱུད་ནང་གི་མི་སྣར་ཡང་གྱུར་ཡོད་པ་འདྲ།  ཁོ་ཚོ་ཕལ་ཆེར་ལྷ་འདྲེ་དང་འབྲེལ་འདྲིས་བྱེད་ཐུབ་པར་མ་ཟད།    དུད་འགྲོ་སྲོག་ཆགས་དང་མདའ་མདུང་གྲི་གསུམ་ཡིན་ཡང་མི་གཤིས་ཅན་དུ་འགྱུར་ཏེ།   མི་དང་མཚུངས་པའི་སྐད་ཆ་སྨྲ་ཤེས། ཀློག་པ་པོས་ཡིད་སེམས་ཀྱང་སྤྲོ་ཉམས་རྣམ་པར་ལྡན་པའི་འཇིག་རྟེན་གསར་བ་ཞིག་ཏུ་དྲངས་པའི་སྣང་བ་ཡང་འཆར་ཐུབ། ཁྱད་པར་དུ་གེ་སར་རྒྱལ་པོ་མཆོག་སྤྲུལ་སྒྱུར་ལ་ཐོགས་པ་མེད་པ་ལས་གཞན། རྟ་དང་འཁོར་གསུམ་ཡང་སྤྲུལ་སྒྱུར་ཐུབ་པ་རེད།  དཔེར་ན།  གེ་སར་རྒྱལ་པོ་འབྲུག་མོ་དང་ཁ་བྲལ་བའི་ཆེད་དུ།  བར་དུ་ཆུ་བོ་ཆེན་པོ་བརྒལ་མཐའ་མེད་པ་ཅིག་སྤྲུལ། རྟ་རྐྱང་རྒོད་གཡེར་བ་དེ་ཙན་དན་སྡོང་བོ་ཞིག་ཏུ་སྤྲུལ། ཁྲབ་ཆེན་སྲིད་པའི་འཇོལ་བེར་ཆོས་གོས་རྣམ་གསུམ་དུ་སྤྲུལ།  ཨ་རྨོག་རྒྱལ་ལེ་ཐོད་དཀར་སྒོམ་ཞྭ་ཞིག་ཏུ་སྤྲུལ།  རྒྱལ་པོ་གེ་སར་ཡང་དགེ་བཤེས་དམ་པ་ཞིག་ཏུ་སྤྲུལ་ནས།ཤིང་ཙན་དན་སྡོང་བོ་དེ་ལ་སྐུ་རྒྱབ་བརྟེན་ནས་གཏོར་མ་གཏོང་གིན་ཆུ་འགྲམ་དེར་བཞུགས་པའི་ཚུལ་མཛད། ཅེས་བཀོད་འདུག་པ་ལས། གེ་སར་རྒྱལ་པོ་ཁོང་དང་ཁོང་གི་ཆིབས་རྟ།  ཁྲབ་རྨོག་དག་སྤྲུལ་སྒྱུར་ཐུབ་པར་མ་ཟད།  གུང་སྨན་རྒྱལ་མོའི་མཐུ་ནུས་ཀྱིས་ཆུ་མེད་ས་ཆུ་ཡང་ཆེན་པོ་ཞིག་སྤྲུལ་བས་ཡོད་པར་བསྒྱུར། ད་དུང་ལྡོག་ཕྱོགས་ཀྱི་མི་སྣ་གཙོ་བོ་བདུད་མ་རུངས་ཀླུ་བཙན་དང་ཁོང་གི་སྲིང་མོ་དག་ཀྱང་སྤྲུལ་སྒྱུར་གྱི་ནུས་པ་ཡོད་པར་བཀོད་ཡོད།   
           གཞན་ཡང་གེ་སར་རྒྱལ་པོ་ཉིད་སྤྲུལ་སྒྱུར་ལ་ཐོགས་པ་མེད་ཀྱང་སྨན་གུང་སྨན་རྒྱལ་མོའི་མགོན་སྐྱོབ་དང་ཁ་བྲལ་ཐབས་མེད།   གལ་སྲིད་གེ་སར་མཆོག་ཐབས་ཟད་འུ་ཐུག་ཏུ་གྱུར་པ་དང་ཡང་ན་ལས་དོན་སོགས་ཤོར་ཉེན་ཆེ་བའི་སྐབས་སུ། ཨ་ནེ་གུང་སྨན་རྒྱལ་མོས་གཟུགས་མེད་ཀྱི་ཁམས་སུ་གླུ་བླངས་ཏེ་ཕྱག་སྟོན་བླ་མེད་མཛད་ནས་རྒྱལ་ཁའི་ལམ་དུ་ཁྲིད་པའི་སྲོལ་འདི་སྒྲུང་འདིའི་ཐོག་མཐའ་བར་གསུམ་དུ་མཐོང་ཐུབ།   
           གོང་གསལ་གྱི་ཁྱད་པར་ཅན་གྱི་རྩོམ་སྟངས་འདི་དག་ནི།   གེ་སར་སྒྲུང་སྤྱིའི་སྲོལ་རྒྱུན་གྱི་རྩོམ་ལུགས་ལེགས་པོ་ཞིག་ཡིན་ལ།   དངོས་ཡོད་རིང་ལུགས་དང་རྟོག་པ་འཆར་ཡན་རིང་ལུགས་ཟུང་འབྲེལ་གྱི་རྩོམ་ཚུལ་ངོ་མཚར་བ་ཞིག་ཀྱང་ཡིན།   
           གསུམ།    སྒྲུང་གཏམ་འདི་ནང་དུ་གནའ་བའི་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཐད་ཀྱང་གསལ་བོར་མཚོན་ཡོད། དཔེར་ན། གེ་སར་རྒྱལ་པོ་ཡིན་ཀྱང་ཕྱུགས་འཚོ་སྐྱོང་བགྱིད་པ་དང་མེ་བཟའ་འབུམ་སྐྱིད་ལྷ་ལྕམ་ཡིན་ཡང་འཐག་བཏགས་པའི་ངལ་རྩོལ་གྱི་སྲོལ་དང་།   ཇ་ཡི་ཇ་ཕུད་ཆང་གི་ཆང་ཕུད་སོགས་ཀྱི་ཟས་རིགས་མགོ་མ་ལྷ་རྒྱལ་ཚངས་པ་དང་གཉན་རྒྱལ་དམར་པོ།  ཀླུ་རྒྱལ་དུང་སྐྱོང་བཅས་ལ་རིམ་བཞིན་མཆོད་པའི་དམངས་སྲོལ།  གེ་སར་རྒྱལ་པོ་མཆོག་གིས་ལྷ་ལྕམ་འབྲུག་མོ་དང་མེ་བཟའ།  ཨ་སྟག་ལྷ་མོ་གསུམ་ཇ་མར་བསུ་བའི་གཉེན་སྒྲིག་གི་གོམས་སྲོལ།  དེ་མིན་སྐྱེས་མའི་གོན་ཆས་དང་རྒྱན་ཆ་སྐོར་ཡང་གསལ་བོར་མཐོང་ཐུབ། དཔེར་ན། སྨན་ང་ལ་གོས་ཞིག་ཡོད་པ་འདི། །ལྭ་མཚལ་དམར་རིན་ཆེན་སྤངས་པ་ཟེར། །བཟོ་ཆེན་རེ་ལ་རྟ་རེ་བྱིན། །བཟོ་ཆུང་རེ་ལ་མཛོ་རེ་བྱིན། །ཁབ་སྐུད་རེ་ལ་ལུག་རེ་བྱིན། །སྡུད་མགོ་དགུ་བཅུ་གོ་དགུ་ཡོད།  །སྡུད་མགོ་རེ་ལ་ཨ་ལུང་རེ།  །ཨ་ལུང་རེ་ལ་རྒྱ་ལུང་རེ།  །རྒྱ་ལུང་རེ་ལ་གཡེར་ཁ་རེ། །གླིང་སྟོད་ནས་ལུས་ལ་གོན་ཙ་ན། །སིལ་སྒྲ་གླིང་དཀར་སྨད་ནས་ཐོས།   ཞེས་པ་ལས་སྐབས་དེའི་སྐྱེས་མའི་གྱོན་ཆས་སྐོར་བསྟན་ཡོད་པ་དང་། མགོ་གཡས་སྐྲ་མི་འཕར་གོང་གནོན་ལ།   གཡུ་རིན་ཆེན་དྲུག་དཀར་མིག་བཞི་ཡོད། །གཡོན་སྐྲ་མི་འཕར་གོང་གནོན་ལ། །གཟི་མཆོང་བྱ་དམར་བྱི་མགོ་ཡོད། །རྒྱབ་སྐྲ་མི་འཕར་གོང་གནོན་ལ། །གསེར་པ་ཏའི་ལན་བུ་ཆ་བརྒྱད་ཡོད། །མགོ་སྤྱི་གཙུག་མི་འཕར་གོང་གནོན་ལ། །གསེར་མེ་ཏོག་གླང་ཆེན་འགྱིང་འདྲ་ཡོད། །བྱུ་རུ་ཤ་བོ་ར་རོས་རྒྱན།   །ཞེས་བཀོད་པ་ལས་བུད་མེད་ཀྱི་རྒྱན་ཆའི་འདོགས་སྲོལ་བསྟན་ཡོད།  བུད་མེད་ཀྱི་མགོ་སྐྲའི་རྒྱན་ཆ་འདི་དག་ད་ལྟའི་ཡུལ་ཤུལ་ས་ཁུལ་གྱི་སྐྱེས་མའི་མགོ་སྐྲའི་རྒྱན་ཆ་ལས་ཕལ་ཆེར་གསལ་བོར་མཐོང་ཐུབ།    
སྲིད་པའི་ཁ་དཔེར་བསླད་མེད་སྐྱོན་མེད་ཀྱི་གསེར་དང་མི་མེད་ཅེས་པ་ལྟར།  སྒྲུང་དཔེ་འདིར་ད་དུང་མི་འོས་པ་དང་མི་འདང་ས་སྤུ་ཙམ་ཡང་མེད་པ་མ་ཡིན་ཏེ།  དཔེར་ན།  སྒྲུང་གཏམ་གྱི་མགོ་ན་བདུད་ཀྱི་ནང་འཁོར་ངོ་སྤྲོད་སྐབས་སུ། ནང་བློན་ཨ་བ་ཁྲག་འཐུང་དང་ཕྱི་བློན་ཁྱི་ཁ་ར་སོ། ལས་མཁན་ཕོ་སྤྱང་རྔ་ནག བྲན་མོ་སོ་ཁྲ་རེ་མ། སྟོབས་ལྡན་ཡབ་རྗེ་ནག་པོ་དང་བཅས་པ་ཡོད་ཀྱང་།   ཕྱིས་སུ་ཇི་ལྟར་འདུལ་བའི་ལོ་རྒྱུས་གསལ་བོ་མཐོང་རྒྱུ་མི་འདུག་པ་ལྟ་བུའི་ཞན་ཆ་ཡོད་པ་ལགས།  འདི་ང་ཚོས་ཁས་མ་བླངས་ན་ག་ལ་ཆོག  །སྤྱིར་བཤད་ན་《བདུད་འདུལ་》ཞེས་པའི་སྒྲུང་དཔེ་ནི་སྒྱུ་རྩལ་གྱི་ཁྱད་ཆོས་ཤིན་ཏུ་ལྡན་པའི་བརྩམས་ཆོས་ཤིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1