གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྩོམ་སྒྲིག་པ།ཡོང་ཁུངས། གཙོས་དགའ་ལྡན་ཆོས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༢༦ཉིན།

༄༅།། གཙོས་སྲས་མཁར་དགུ་ཐོག


     དེ་ཡང་བྱིན་རླབས་ཀྱི་གཏེར་ཆེན་པོ་མདོ་སྨད་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོའི་ལོ་རྒྱུས་རགས་བསྡུས་ཙམ་འགོད་པ་ལ། དགའ་ལྡན་གསེར་ཁྲི་ཁྲི་ཐོག་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེང་གེའི་གདན་ས་ཀན་ལྷོའི་གཙོས་དགོན་དགའ་ལྡན་ཆོས་གླིང་འདིར་སྔོན་ཆད་སྲས་མཁར་དགུ་ཐོག་ལྷ་ཁང་ཆེན་མོ་བཞེང་རྒྱུའི་རྟེན་འབྲེལ་དུ། མི་ལ་གཉིས་པ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སྔོན་ཆད་ཕྱོགས་འདིར་བྱོན་སྐབས། ཁོང་གི་ཐུགས་དམ་གྱི་རྟེན་རྗེ་མི་ལ་རས་པའི་སྐུ་གསུང་འབྱོན་མ་དེ། ཉིད་ཀྱི་དངོས་སློབ་འབེ་ཤེས་རབ་མཆོག་ལྡན་ལ་གནང་ཞིང་། ཕྱིས་སུ་དམ་པ་དེས་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་རབ་བྱུང་བཅུ་གཅིག་པའི་ས་རྟ༼སྤྱི་ལོ1678༽ལོར་དགོན་འདིར་རྟེན་དེ་ནང་བཞུགས་ཀྱི་རྗེ་མི་ལའི་སྐུ་འབུམ་ཆེན་པོ༼ལྷ་ཁང་ཆུང་བ༽ཞིག་བཞེང་རྒྱུའི་སྦྱོར་བ་བརྩམས་ཏེ་རྨང་གཞིའི་ས་སློག་པ་ན། ལྷོ་བྲག་མར་བའི་ཐུགས་སྲས་རྗེ་མི་ལ་རས་པའི་ཐང་ག་ཞིག་དང་། དུང་དཀར་གཡས་འཁྱིལ་གཅིག་བཅས་ས་འོག་ནས་རྙེད་པ་དང་། ནམ་མཁར་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་ལྟས་བཟང་མང་དུ་བྱུང་། 

     དེའི་ཕྱིས་སུ་ཤོ་བ་རིན་པོ་ཆེའི་སྤྲུལ་སྐུ་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱིས་ཀྱང་ཁོང་རང་ཉིད་ཀྱི་ཐུགས་དམ་རྟེན་གཙོ་རྗེ་ལྷོ་བྲག་མར་བའི་སྐུ་རང་བྱོན་ཞིག་བཞུགས་པའང་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་སྐུ་འབུམ་ཆེན་མོ་དེའི་ནང་རྟེན་དུ་བཞུགས། རབ་བྱུང་བཅུ་གསུམ་པའི་མེ་བྱ༼སྤྱི་ལོ1777༽ལོར་རྗེ་མི་ལ་རས་པའི་རྣམ་སྤྲུལ་བློ་བཟང་དར་རྒྱས་སམ་ཆོས་དབྱིངས་རྡོ་རྗེ༼མཚན་གཞན་བླ་མ་རྗེ་བཙུན་པ་ཡང་ཟེར༽དེ་ཉིད་ཀྱིས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་བབ་པར་གཟིགས་ནས། སྔར་གྱི་རྗེ་མི་ལའི་སྐུ་འབུམ་དེ་རྒྱ་ཆེར་བསྐྱེད་ནས།རྗེ་མི་ལ་རས་པ་རང་ཉིད་ཀྱིས་དངོས་སུ་བཞེངས་པའི་དབུས་ཀྱི་ལྷོ་བྲག་སྲས་མཁར་དགུ་ཐོག་ལ་དཔེ་བྱས་ཏེ། དེ་ཇི་ལྟ་བུ་ཆད་ལྷག་མེད་པར་དགོན་འདིར་མདོ་སྨད་གཙོས་སྲས་མཁར་དགུ་ཐོག་ཅེས་པའི་ལྷ་ཁང་ཆེན་པོ་གསར་དུ་བསྐྲུན།དེའི་སྐབས་སུ་ཡང་རྨང་གཞིའི་ས་འོག་ནས་རྗེ་ཙོང་ཁ་པའི་རྣམ་ཐར་བྲིས་ཐང་ཞིག་རྙེད་པ་སོགས་ངོ་མཚར་བའི་ལྟས་བཟང་པོ་དུ་མ་བྱུང་བ་དང་། ལྷ་ཁང་ཐོག་བརྩེགས་བདུན་པའི་སྤེན་ཁའི་སྟེང་ཁོང་གིས་རྫུ་འཕྲུལ་གྱིས་ལྕགས་ཐག་འཐེན་ཏེ་དད་ལྡན་སྐྱེ་བོ་རྣམས་ཐོག་བརྩེགས་བདུན་པའི་སྤེན་ཁའི་པད་ཕྲེང་གི་ཐད་ལྕགས་ཐག་ལ་འཇུས་ཏེ་རྩེ་བསྐོར་ལ་ལན་གསུམ་སོང་ན་ཕྱི་མར་ངན་སོང་དུ་མི་སྐྱེ་ཞིང་བདེ་འགྲོ་ཐར་བའི་གོ་འཕང་ཐོབ་པར་རྗེ་མི་ལ་གཉིས་པའི་ཞལ་གྱིས་བཞེས། ལྷ་ཁང་འདིའི་ནང་རྟེན་ཕལ་ཆེར་དམ་པ་ཉིད་ཀྱི་ཕྱག་བཟོ་ཡིན་ཞིང་། ལྷག་པར་རྟེན་གཙོ་རྗེ་བཙུན་མི་ལ་རས་པའི་སྐུ་བརྙན་ནི། ཉིད་ཀྱི་མཚན་ལམ་དུ་རྗེ་བཙུན་མི་ལ་རས་པར་དངོས་སུ་མཇལ་བའི་སྐུའི་གཟུགས་ཇི་ལྟ་བུར་རང་ཉིད་ཀྱིས་བཞེངས་པ་ན་སྐུ་སྟོད་ཕལ་ཆེར་རང་བྱོན་དུ་བབས་པར་གསུངས། ཕྱིས་སུའང་རྟེན་གཙོ་མི་ལ་རས་པའི་སྐུ་བརྙན་དེ་དབུ་སྐྲ་རང་བྱུང་དུ་སྐྱེས་པ་ཀུན་གྱིས་མཐོང་ཐུབ་པ་དང་། སྐུ་བརྙན་གཞན་པ་ཕལ་ཆེར་ཀྱང་རང་བྱོན་དུ་བབས་པའི་ལོ་རྒྱུས་མང་། གཞན་ཡང་ལྷ་ཁང་གི་ཕྱིའི་ལྕགས་རིའི་སྟེང་། ཁོར་ཡུག་ཀུན་ཏུ་མཆོད་རྟེན་ཆིག་སྟོང་ལྔ་བརྒྱ་བཞེངས་པ་སོགས་རྟེན་དང་བརྟེན་པར་བཅས་པའི་ལྷ་ཁང་སྲིད་ཞིའི་མཆོད་སྡོང་ཆེན་མོ་བླ་ན་མེད་པར་བསྐྲུན། 

     རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོའི༼སྤྱི་ལོ1967༽བར་དུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བཞུགས་ཀྱང་། རིག་གནས་གསར་བརྗེ་ཆེན་པོའི་གོད་ཆག་ནང་དུ་གྱང་རོ་ཙམ་ཡང་མ་ལུས་པར་ལྷག་མེད་དུ་བཏང་། སྤྱི་ལོ1986ལོར་ཀན་ལྷོ་ཁུལ་དང་རྫོང་སྲིད་གཞུང་གིས་སྔོན་གྱི་ལྷ་ཁང་གི་ས་མང་ཚོགས་ལ་སླར་གནང་ནས་ལྷ་ཁང་བཞེང་རྒྱུའི་ཆོག་མཆན་གྱི་བཀའ་དྲིན་ཐོབ་པར་བརྟེན། རབ་བྱུང་བཅུ་བདུན་པའི་ས་འབྲུག༼སྤྱི་ལོ1988༽ལོར། འཇམ་མགོན་བསྟན་པའི་མངའ་བདག་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་རིན་པོ་ཆེ་ནས། མདོ་སྨད་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་བསྐྱར་བཞེང་བྱ་རྒྱུའི་ཐུགས་བཀོད་ལྟར།ལོ་དེའི་ས་ག་ཟླ་བའི་ཚེས་བཞིའི་ཉིན་ནས་རྨང་གཞི་འདིང་བར་མགོ་བརྩམས་པའི་ཚེ། ལྷ་ཁང་སྔོན་མའི་མཁར་ཤུལ་བཙལ་ཀྱང་མ་རྙེད་པའི་སྐབས་སུ་གློ་བུར་དུ་ཆར་ཆེན་པོ་བབས་པས་ཕྱོགས་སྟོན་ལྟ་བུར་སྔོན་མའི་རྩིག་ཤུལ་རང་བྱུང་དུ་བརྡོལ་ཏེ་ས་སྟེང་ཐིག་བརྒྱབ་པ་ལྟ་བུར་གས་པ་ལས་མི་རྣམས་ངོ་མཚར་བར་གྱུར། དེ་ནས་གཙོས་ས་ཁུལ་གྱི་དད་སྟོབས་ལྡན་པའི་མང་ཚོགས་དང་། གཞན་པེ་ཅིན། ལྷ་ས། མཚོ་སྔོན།  སི་ཁྲོན། ནང་སོག  རྒྱ་གར་སོགས་ཀྱི་དད་ལྡན་མང་ཚོགས་དང་། མཚོ་སྔོན། སི་ཁྲོན་རྔ་བ་ཕྱོགས་ཀྱི་སྐྱེ་བོ་ཕོ་མོ་རྒན་གཞོན་བར་གསུམ་གང་མང་ཞིག་ཀྱང་མ་སྐུལ་དང་བླང་གིས་ས་ཕྱོགས་འདིར་འོངས་ཏེ་དགའ་དད་སྤྲོ་གསུམ་ངང་ཅི་ནུས་ཀྱིས་ངལ་རྩོལ་གྱི་ལས་ལ་ཞུགས་ཏེ་ས་ཁུལ་རང་གི་བོད་རིགས་ཀྱི་ལག་རྩལ་པའི་ལས་གྲྭ་བཙུགས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྷ་ཁང་ཆེན་མོ་འདི་བསྐྱར་དུ་བཞེངས་སོ།། སྐབས་དེར་འབྲུག་སྒྲ་གྲག་པ་དང་། ལྷ་ཁང་གི་ཐད་དུ་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་དགེ་མཚན་གྱི་ལྟས་མང་དུ་བྱུང་། 
     སྤྱི་ལོ1982ལོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དགོན་འདིར་ཕེབས་སྐབས། སྙན་གྲགས་ཅན་གྱི་ལྷ་ཁང་འདི་ཉིད་ཀྱི་དོན་ལ་ཁོང་ཉིད་ནས་ཐུགས་ཁུར་ཚད་མེད་བཞེས་ཏེ། ལྷ་ཁང་བསྐྱར་དུ་བཞེང་དགོས་པའི་ཐུགས་བཀོད་དང་། ཞལ་འདེབས་སྤམ་མཐོ་བ། ན་བཟའ་བྱིན་རྟེན་སོགས་གནང་བའི་བཀའ་དྲིན་བསྩལ། ཀུན་མཁྱེན་རིན་པོ་ཆེ་ནས་ཀྱང་ཐུགས་ཁུར་ཆེ་བཞེས་མཛད་ནས་བླ་བྲང་དགོན་པའི་མི་སྣ་ཆེད་མངགས་ཀྱིས་དམངས་སྒོར་ཁྲི་ཕྲག་ལྷག་གི་ཞལ་འདེབས་དང་བྱིན་རྟེན་གང་མང་གནང་བ་དང་། དེ་སྔོན་ལྷ་ཁང་ཆེན་མོ་བསྐྱར་བཞེང་གི་གྲ་སྒྲིག་སྐབས། འཇམ་དབྱངས་བླ་མ་ཁྲི་གུང་ཐང་རིན་པོ་ཆེའི་ཞལ་སྔ་ནས། ལྷ་ཁང་བསྐྱར་བཞེང་བྱེད་སྐབས་སྲས་མཁར་ལྷ་ཁང་ཆེན་མོ་སྔོན་མའི་གཞི་ས་མ་ནོར་བའི་སར་བཞེངས་ན་ལེགས་ཚུལ་གསུངས་པ་དང་འབྲེལ་བདག་རྐྱེན་སྤམ་མཐོ་བ་གནང་བ་དང་། དུས་མཚུངས་སུ་གློ་བུར་དུ་མཁར་རྔའི་སྒྲ་ལྟ་བུ་ཞིག་རང་བྱུང་དུ་གྲགས་པར་ཁོང་ཐུགས་ཤིན་ཏུ་མཉེས་ནས། རྟེན་འབྲེལ་མ་བསྒྲིགས་ལྷུན་འགྲིག་བྱུང་བའི་བཀའ་གསུང་དྲི་མ་མེད་པ་གནང་ཞིང་། ཕྱིས་སུ་ཡང་ལྷ་ཁང་གི་དབུ་རྩེའི་གསེར་གྱི་རྒྱ་ཕིབས་བཞེང་རྒྱུའི་མ་རྩར་དམངས་སྒོར་ཁྲི་ཕྲག་བཅུ་བསྩལ་བ་སོགས་ཆ་རྐྱེན་ཕུམ་སུམ་ཚོགས་པ་མ་བསྒྲིགས་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་གྱི་མཐུ་ལས་བྱིན་རླབས་ཀྱི་འོད་སྟོང་འབར་བའི་མདོ་སྨད་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བསྐྲུན་པ་འདི་ལགས་སོ།། 
   ལྷ་ཁང་ཆེན་མོ་འདིའི་རྟེན་གྱི་གཙོ་བོ་ནི། ཚིགས་དང་པོ་བྱམས་ཆེན་ལྷ་ཁང་མཐོང་གྲོལ་ཆེན་མོ་ཡིན་པ་དང་། རྟེན་གྱི་གཙོ་བོ་རྗེ་བཙུན་བྱམས་པ་མགོན་པོ་ཡིན། ཚིགས་གཉིས་པ་ས་དགེ་བཀའ་གདམས་པའི་ལྷ་ཁང་དང་། རྟེན་གྱི་གཙོ་བོ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ཡིན། ཚིགས་གསུམ་པ་རྙིང་མའི་ལྷ་ཁང་དང་། རྟེན་གཙོ་སློབ་དཔོན་པད་འབྱུང་ཡིན། ཚིགས་བཞི་བ་རིགས་གསུམ་མགོན་པོ་ཡིན། ཚིགས་ལྔ་བ་བཀའ་བརྒྱུད་པའི་ལྷ་ཁང་དང་། རྟེན་གཙོ་རྗེ་མར་བ་ཡིན། ཚིགས་དྲུག་པ་གསང་སྔགས་གསར་མའི་ལྷ་ཁང་དང་། རྟེན་གཙོ་གསང་བ་འདུས་པ། བདེ་མཆོག་འཇིགས་བྱེད་སོགས་པ་ཡིན། ཚིགས་བདུན་པ་གསང་སྔགས་བླ་བརྒྱུད་ལྷ་ཁང་དང་། རྟེན་གཙོ་རྒྱལ་བ་རྡོ་རྗེ་འཆང་དང་། གྲུབ་ཆེན་ཏེ་ལོ་བ་སོགས་ཡིན། ཚིགས་བརྒྱད་པ་རྒྱལ་བ་རིགས་ལྔའི་ལྷ་ཁང་དང་། རྟེན་གཙོ་མི་བསྐྱོད་པ་དང་།རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་ཡོད་གྲུབ་པ་སྟེ་རྒྱལ་བ་རིགས་ལྔ་ཡིན། ཚིགས་དགུ་བ་ཀྱེེ་རྡོར་དཀྱིལ་འཁོར་གྱི་གྱན་ཐང་བྱིན་རླབས་འོད་འབར་སོགས་བཞུགས།

     ལྷ་ཁང་ཆེན་མོའི་སྒོ་ཁྱམས་གཡས་སུ་ཚེ་རིང་འཆི་མེད་མཆོག་སྩོལ་དང་། ལྷ་ཁང་ཆེན་མོའི་སྒོ་ཁྱམས་གཡོན་དུ་ཛམ་ཁང་དགོས་འདོད་ཆར་འབེབས་བཅས་རྟེན་དང་བརྟེན་པ་བསམ་གྱིས་མི་ཁྱབ་པ་བཞུགས་སོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1