༄༅།། གླིང་གེ་སར་སྒྲུང་གི་རྗོད་བྱེད་ཚིག་གི་སྒྱུ་རྩལ་གྱི་ཁྱད་ཆོས་བརྗོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-29


གཅོད་པ་དོན་གྲུབ།
            དེ་ཡང་སྙན་པའི་བ་དན་སྲིད་པའི་རྩེ་མོར་གཡོ་བཞིན་པའི་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་མཚོན་བྱེད་ཀྱི་སྙན་རྩོམ་རིང་བོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་བགྲང་བྱ་བརྒྱ་ཕྲག་དུ་མའི་རིང་ལ་བོད་མི་རིགས་ཀྱི་ཁྲོད་དུ་ཉམས་པ་མེད་པར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཅིང་ད་ལྟ་འཛམ་གླིང་ཡོངས་ཀྱི་རིག་གནས་བང་མཛོད་ཆེན་པོའི་ནང་དུའང་སྙན་གྲགས་ཆེས་མཐོ་བའི་ཡིད་བཞིན་གྱི་ནོར་བུ་ཞིག་ཏུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ནི།   སྒྲུང་དཔེ་འདིར་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་དང་རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་པ་ཞིག་ཡོད་པས་སོ།  །གལ་སྲིད་བརྗོད་བྱའི་དོན་མཆོག་ཏུ་གྱུར་པ་ཞིག་ཡོད་པའི་དབང་དུ་བཏང་ཡང་རྗོད་བྱེད་ཚིག་གིས་སྟོན་མ་ཐུབ་ན།   རྩོམ་རིགས་གང་ཡང་འདྲེན་བྱེད་ཀྱི་དགའ་སྟོན་དང་རྣ་བའི་བདུད་རྩིར་མི་འགྱུར་ཞིང་།  གལ་ཏེ་རྗོད་བྱེད་ཀྱི་ཚིག་གིས་ཕྱུག་ཀྱང་གང་ལ་གང་འཚམ་གྱི་ཚིག་རྒྱན་སྣ་ཚོགས་ཀྱིས་ཡོངས་སུ་མཛེས་པར་མ་སྤྲས་ན།  བུ་མོ་མཛེས་མ་སྒྲེན་པོར་རྒྱུ་བའི་དཔེ་བཞིན་རྩོམ་རིག་ལ་ཡིད་འགུག་ནུས་པ་ཐོན་མི་ཐུབ། གལ་སྲིད་རྗོད་བྱེད་ཀྱི་ཚིག་རྣམ་པར་མཛེས་ཀྱང་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་ཞིག་མེད་པའི་དབང་དུ་བཏང་ནའང་།  ཤ་རུས་འཛོམས་པའི་རྩོམ་ཡིག་ལེགས་པོ་ཞིག་ཡོང་མི་ཐུབ། གང་ལྟར་ཀྱང་རྩོམ་ཡིག་གང་དང་གང་ཡིན་རུང་ཐམས་ཅད་ཡི་གེ་ལས་མིང་དང་། མིང་ལས་ཚིག  ཚིག་ལས་དོན་སྟོན་པའི་བརྒྱུད་རིམ་འདི་མ་བརྒྱུད་ན།    ཚིག་བརྡ་སྤྲོད་པའི་ཐབས་ཤེས་ཙམ་ཡང་དབེན་པས་ཅི་ནས་ཀྱང་བརྒྱུད་དགོས་པ་ནི་རྩོམ་རིགས་ཀུན་གྱི་བགྲོད་ལམ་འབའ་ཞིག་ཡིན།  
            སི་ཏ་ལིན་མཆོག་གི“མིང་ཚིག་ནི་རྗོད་བྱེད་ཚིག་གི་ཕྲེང་བ་འཛུགས་སྐྲུན་བྱེད་སྤྱད་ཀྱི་རྒྱུ་ཆ་ཡིན”ཞེས་གསུང་བ་ལྟར།   རྩོམ་རིགས་གང་ཡིན་རུང་མིང་ངམ་ཐ་སྙད་ནི་ཚིག་སྦྱོར་གྱི་རྨང་གཞིའི་རྒྱུ་ཆ་ཡིན་ཞིང་། ཚིག་ཕྲེང་ནི་རྩོམ་ཡིག་གི་གཞལ་ཡས་ཁང་ལེགས་པར་ཕུབས་བྱེད་ཀྱི་རྒྱུ་ཆ་ཁོ་ན་ཡིན་པར་བརྟེན། མིང་ཚིག་ལ་ཇི་ལྟར་མཁས་ན་རྗོད་བྱེད་ཚིག་ཀྱང་དེ་བཞིན་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་ཞིག་ཡིན་ལ། ད་དུང་རྨང་གཞི་བརྟན་པོ་ཆགས་པའི་རྩོམ་ཡིག་གི་གཞལ་ཡས་ཁང་ལེགས་པར་འགྲུབ་ཐུབ་པ་སྨྲས་ཅི་དགོས།  
            ངེད་རྣམས་ཀྱིས་དུས་ནམ་ཡང་གེ་སར་རྒྱལ་པོའི་སྒྲུང་བཀླགས་པ་ན། མིག་ལམ་དུ། མཛེས་སྡུག་རབ་ཏུ་ལྡན་པའི་འཆི་མེད་ལྷའི་ཞིང་ཁམས་དང་། དགའ་སྐྱོ་གཉིས་ལྡན་གྱི་འཇིག་རྟེན་མིའི་འཁོར་བ།   མི་གསོད་རྟ་འདེད་ཀྱི་འཇིགས་རུང་དམར་འཛིང་གི་གཡུལ་འགྱེད།  མཐོང་བ་ཙམ་གྱིས་སྨོན་པ་ཤོར་བའི་གླིང་དཀར་གྱི་ཡུལ་ལྗོངས། མདའ་མདུང་གྲི་གསུམ་འཆིང་བའི་དཔའ་རྒོད་ཀྱི་ཚོགས་པ།  རྒྱུགས་རྩལ་འགྲན་ཟླ་བྲལ་བའི་རྟ་མཆོག་ཁྲི་ཁྲི་འབུམ་འབུམ།  གཡོ་སྒྱུ་ཕྲ་གསུམ་ཚང་བའི་མི་ངན་གྱི་རང་གཤིས།   རིན་ཆེན་གཡུ་བྱུར་གྱིས་བརྒྱན་པའི་སྨན་མཆོག་གི་མཛེས་ཉམས་ལ་སོགས་མདོར་ན་དགྲ་བཞི་གནོན་པའི་ཐོ་བ། འབངས་མི་སྐྱོང་བའི་ཕ་མ།  མགོ་ནག་བོད་ཀྱི་རྒྱལ་པོ་གླིང་རྗེ་གེ་སར་མཆོག་གི་མི་ཚེ་གང་བའི་མཛད་རྗེས་བླ་ན་མ་མཆིས་པ་རྣམས་གློག་བརྙན་ལ་བལྟས་པ་“བཞིན་གསལ་ཞིང་དག་པར་མཐོང་ཐུབ་པའི་སྣང་ཚུལ་ཞིག་སྟེར་བ་ནི། གཙོ་བོ་སྒྲུང་དཔེ་འདིའི་ཚིག་ཕྲེང་གི་སྒྱུ་རྩལ་དང་རྩོམ་སྟངས་ཀྱི་ཐབས་ཤེས་ལ་བརྟེན་ནས་ཐོན་པ་ལགས།  
            ད་དུང་ང་ཚོས་སྒྲུང་དཔེ་གང་བཀླགས་ཀྱང་དེའི་ནང་དུ་གནའ་རབས་ཀྱི་རྗོད་ཚིག་རྙིང་བ་རྣམས་མཐོང་ཐུབ་པ་མ་ཟད། ད་ལྟའི་རྗོད་ཚིག་གསར་བ་དག་ཀྱང་མཐོང་ཐུབ།  ཚིག་རྒྱན་གྱིས་བཅིངས་པའི་སྐད་ཆ་སྙན་མོ་དག་མཐོང་ཐུབ་པ་མ་ཟད། ངག་ཐོག་གི་སྐད་ཆ་གོ་བདེ་བ་རྣམས་ཀྱང་མཐོང་ཐུབ་ལ། བླ་སྲོག་ཉམས་པ་མེད་པའི་ཕ་སྐད་དང་ཡུལ་སྐད་སྐོར་ཞིག་ཀྱང་མཐོང་ཐུབ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་ནི་སྐད་ཆའི་གན་མཛོད་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཞིང་ངེད་ཅག་ཐམས་ཅད་ཀྱི་སྐད་ཆའི་སློབ་དེབ་ལེགས་པོ་ཞིག་ཀྱང་ཡིན། འདིའི་ནང་དུ་བོད་གངས་ཅན་གྱི་སྐད་ཆའི་སྙིང་བཅུད་ཕལ་ཆེར་འདུས་ཡོད་པ་འདྲ།  
            གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་བོད་གངས་ཅན་གྱི་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་ལ་ཁྱབ་ཡོད་ཅིང་སྒྲུང་ནང་གི་མི་སྣའི་ཕྱིའི་ཁྱད་ཆོས་དང་ནང་སེམས་ཁམས་ཀྱི་འཇིག་རྟེན་གསལ་ལེར་མཚོན་ཡོད་པ་འདི་འདྲའི་བརྩམས་ཆོས་རྒྱ་ཆེ་ཞིང་རྗོད་ཚིག་ཕུན་སུམ་ཚོགས་པ་ཞིག་སྒྱུ་རྩལ་གྱི་རིགས་གཞན་དག་སྟེ། རི་མོ་དང་ལྡེར་བཟོ། གླུ་དབྱངས། ཞབས་བྲོ་ལྟ་བུ་སོགས་ལས་ནམ་ཡང་འབྱུང་ཐབས་མེད་པ་ལགས།   
            ད་ལྟ་མདོ་དབུས་ཁམས་གསུམ་གྱི་སྒྲུང་ཁག་མི་འདྲ་བ་གྲངས་མང་ཡོད་པ་ལས་རྗོད་བྱེད་ཚིག་གི་ཁྱད་པར་གཙོ་བོ་ནི་ས་གནས་དང་ཡུལ་སྐད་བར་གྱི་ཁྱད་པར་ཉུང་ཙམ་ཡོད་པ་མ་གཏོགས་གཞན་སྒྲུང་དཔེའི་ཁྱད་ཆོས་ཕལ་ཆེར་མཚུངས་པ་ཡིན་ཞིང་། ཤིང་དཔར་དང་ལག་བྲིས་མ། ངག་ཐོག་གི་སྒྲུང་གི་རྗོད་བྱེད་ཚིག་གི་ཁྱད་པར་ཡང་ཁ་སྐད་དང་ཡིག་སྐད། ཡུལ་སྐད་དང་བོད་སྤྱིའི་ཐུན་མོང་གི་སྐད། བརྗོད་བྱའི་དོན་གྱི་ཁ་ཚང་མིན་དང་རྗོད་ཚིག་དག་མིན་བཅས་ཀྱི་ཐད་དུ་ཁྱད་པར་ཅུང་ཙམ་ཡོད་པ་ལས་གཞན་རྗོད་བྱེད་ཚིག་གི་ཁྱད་ཆོས་དང་། གཏམ་རྒྱུད་ཀྱི་བྱུང་རིམ།   བརྗོད་དོན་གྱི་སྟོན་ཐབས་བཅས་ཐམས་ཅད་ཕལ་ཆེར་གཅིག་མཚུངས་རེད།  
            གེ་སར་སྒྲུང་གི་རྩོམ་སྟངས་ཏེ།  ཚིག་ལྷུག་ཁོ་ན་དང་ཡང་ན་ཚིགས་བཅད་ཁོ་ནར་བརྟེན་ནས་བརྩམས་པ་མིན་ཏེ།   དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་འབྲི་སྲོལ་བཅད་ལྷུག་སྤེལ་མར་བརྟེན་ནས་ཐོག་མར་ངག་ཐོག་ནས་རྩོམ་པ་དང་རིམ་གྱིས་ཡིག་ཐོག་ཏུ་བཀོད་པ་ཡིན།   ཡིན་ནའང་སྒྲུང་གི་ཚིག་ལྷུག་པ་རེད། སྒྲུང་དཔེ་ནང་དུ་ཚིག་ལྷུག་ཉུང་ཤས་ཤིག་བཀོད་ཡོད་པ་མ་གཏོགས་མང་ཆེ་ཤས་ནི་ཚིགས་བཅད་ཀྱི་འབྲི་ཐབས་ལ་བརྟེན་ནས་བརྗོད་བྱའི་དོན་རྣམས་གསལ་“ལེར་བསྟན་ཡོད་ཅིང་།   སྒྲུང་དཔེའི་ཚིགས་བཅད་ཀྱང་སྔོན་བྱོན་མཁས་པས་བརྩམས་པའི་སྙན་ངག་གི་ཚིགས་བཅད་དང་། ཡང་ན་མི་ལ་རས་པའི་མགུར་གླུ།  ལེགས་བཤད། དེ་མིན་དམངས་ཁྲོད་ཀྱི་དར་རྒྱ་ཤིན་ཏུ་ཆེ་བའི་གླུ་གཞས་སོགས་ཀྱི་རྩོམ་གཤིས་དང་མཐུན་པའི་སྐོར་དང་མི་མཐུན་པའི་སྐོར་ཀྱང་མང་པོ་མཆིས།  
            སྒྲུང་དཔེའི་ཚིགས་བཅད་ཐམས་ཅད་བརྗོད་ཐབས་ཀྱི་རྣམ་པ་ནི་ཕན་ཚུན་ལ་གླུ་ལེན་པའི་ཚུལ་ལྟར་དོན་བརྗོད་པ་དང་། དེ་ཡང་གླུ་རེ་རེའི་མགོ་ནས་ཐོག་མར་ལྷ་ཀླུ་གཉན་གསུམ་ལ་མཆོད་བཀུར་གྱི་ཚིག་བརྗོད་མཐར།    མི་རང་གི་མཚན་དང་གཡུལ་ས། ལས་དོན་སོགས་བརྗོད་པའི་སྲོལ་ཆགས་ཡོད་ཅིང་། གླུ་ཚིག་ཀྱང་རིང་ལ་གོ་བདེ་བ། རྩོམ་རྒྱུད་འཇམ་ཞིང་ལྷོད་ལ་ཁར་བདེ་བ། ངག་རྩོམ་དང་གསར་རྩོམ་འདྲེས་མའི་ཚིག་གི་ཁྱད་ཆོས་ཀྱང་ལྡན།  དེ་བས་གླིང་གེ་སར་སྒྲུང་འདི་ཡོན་ཏན་ཅན་གྱིས་བཀླགས་ན་གོ་བདེ་བ་མ་ཟད། ཡོན་ཏན་མེད་པའི་ཞིང་པ་དང་གནག་རྫི་རྒན་པོས་ཀྱང་གོ་ཐུབ་པའི་ཁྱད་ཆོས་ལྡན་ནོ། །  
            གཤམ་དུ་ཁོ་བོས་གླིང་གེ་སར་སྒྲུང་གི་རྗོད་བྱེད་ཚིག་གི་ཁྱད་ཆོས་གཙོ་བོ་སྟེ། གཏམ་དཔེའི་སྐོར་དང་བཤད་པ་རྣམ་གསུམ་གྱི་སྐོར།  དཔེ་རྒྱན་དང་གཟུགས་རྒྱན་གྱི་སྐོར་བཅས་ཁག་གསུམ་དུ་དབྱེ་ནས་དཔྱད་པ་རགས་ཙམ་གཏོང་བར་བྱ་སྟེ།         
དང་པོ། གཏམ་དཔེའི་སྐོར།
            གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ཐོག་མཐའ་བར་གསུམ་དུ་རྣམ་པ་མི་གཅིག་པའི་གཏམ་དཔེ་ཤིན་ཏུ་མང་པོ་ཞིག་བཀོད་ཡོད།   གཏམ་དཔེ་དེ་དག་གིས་གེ་སར་སྒྲུང་གི་ཚིག་ཕྲེང་གི་གོས་ཆེན་ཐོག་མེ་ཏོག་གི་རི་མོ་ཕབ་པ་ལྟ་བུའི་ནུས་ཤུག་བླ་ན་མ་མཆིས་པ་ལྡན་པར་བཏང་སྟེ།   སྒྲུང་རྩོམ་ལ་སྔར་ལས་རྒྱན་ཆས་སྤྲས་ཤིང་གསོན་ཉམས་ལྡན་པར་གྱུར་འདུག  གླིང་གེ་སར་སྒྲུང་གི་གཏམ་དཔེར་གཞན་གྱི་གཏམ་དཔེ་དང་མི་མཚུངས་པའི་ཁྱད་ཆོས་ཁྱད་མཚར་ཞིག“་ཡོད་པ་མ་ཟད། ཡིད་འགུག་གི་ནུས་པ་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན་ཡང་ཚད་མཐོན་པོར་སླེབས་ཡོད།   
            ངེད་ཅག་གི་འཚོ་བའི་ནང་དུ་རྒྱུན་པར་བཀོལ་སྤྱོད་བྱེད་བཞིན་པའི་གཏམ་དཔེ་སྣ་ཚོགས་ནི་བརྗོད་དོན་བསྡུས་ཤིང་རྣམ་པ་ཐུང་བའི་རྗོད་ཚིག་གི་རིགས་ཤིག་ཡིན་ལ།  ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་སྐད་ཆའི་སྙིང་བཅུད་ཀྱང་ཡིན།   གཏམ་དཔེ་རིགས་ཀྱིས་སྙིང་བསྡུས་ཀྱི་ངང་ནས་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་འཐབ་རྩོད་དང་།  གྲལ་རིམ་འཐབ་རྩོད།  སྤྱི་ཚོགས་འཚོ་བའི་ཉམས་མྱོང་སོགས་ཕྱོགས་བསྡུས་རྣམ་དག་བྱས་ཡོད་པར་མ་ཟད། གཏན་ཚིག་རིག་པའི་རང་བཞིན་ཡང་ཧ་ཅང་ལྡན་ནོ། །  
            གླིང་གེ་སར་སྒྲུང་ལ་ཆ་མཚོན་ན་བརྗོད་དོན་ཟབ་ཅིང་།  རྗོད་ཚིག་བསྡུས་པའི་གཏམ་དཔེ་རྣམ་པ་སྣ་ཚོགས་ཀྱིས་བོད་གནའ་རབས་དང་དེང་རབས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་བསྡུས་ཏེ་བརྗོད་ཡོད་ཅིང་། ཤུགས་ལྡན་གྱི་གཏམ་དཔེ་དེ་དག་གིས་སྒྲུང་དཔེའི་རྗོད་བྱེད་ཀྱི་ཚིག་ལའང་རོགས་འདེགས་བསམ་གྱིས་མི་ཁྱབ་པ་བྱས་ཡོད་པ་ལས་གཞན་ད་དུང་ཚིག་རྒྱན་གྱི་ནུས་པའང་ཇེ་ཆེར་བཏང་ཡོད་པ་རེད།  གལ་སྲིད་གླིང་གེ་སར་སྒྲུང་གི་ནང་དུ་གཏམ་དཔེ་དེ་འདྲ་གསོན་ཉམས་ལྡན་པ་མང་པོ་ཞིག་མེད་པའི་དབང་དུ་བཏང་ན། གེ་སར་རྒྱལ་པོའི་རྣམ་ཐར་ལ་ཡང་དེ་ལས་མཚན་སྙན་མཐོ་ཞིང་ཡིད་དབང་འཕྲོག་པའི་ནུས་པ་ཡང་ཐོན་དཀའ་མོ་འདུག དེ་བས་སྒྲུང་དཔེ་ནང་གི་གཏམ་དཔེ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད།  སྤྱིར་རྗོད་ཚིག་གི་རིན་ཐང་ཡང་ཅུང་མཐོ་སར་བཏང་ཡོད།  
            ངེད་ཅག་གིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་གཏམ་དཔེ་ལས་དུས་རྒྱུན་མཐོང་བའི་གཏམ་དཔེ་རིང་ཐུང་མི་འདྲ་བ་ཤིན་ཏུ་མང་པོ་ཡོད་མོད།   ཡིན་ནའང་ཚིག་ཚོགས་ཀྱི་ལོ་འདབ་བསྐྱུར་ཏེ་དོན་གྱི་སྙིང་བོ་བསྡུས་ནས་བཤད་ན། ནམ་ཡང་དམངས་ཁྲོད་ཀྱི་ངག་ཐོག་ནས་བརྒྱུད་བཞིན་པའི་གཏམ་དཔེའི་རིགས་ཤིག་དང་།  སྒྲུང་པ་དང་ཡིག་མཁན་གྱིས་གླིང་གེ་སར་སྒྲུང་གི་གླུ་ཚིག་གི་དགོས་མཁོ་ལྟར་དུ་གསར་དུ་བསྒྲིགས་པའི་གཏམ་དཔེའི་རིགས་དེ་གཉིས་ཡོད་དེ།  
དང་པོ།  དམངས་ཁྲོད་ངག་ཐོག་གི་གཏམ་དཔེ་དང་མཚུངས་པའི་གཏམ་དཔེའི་སྐོར་ཏེ། དཔེར་ན། 《འཁྲུངས་སྐོར་》་ལས།  
            ཚིག་ཁ་ཤོར་རྟ་ཡིས་མི་ཆོད། །མདའ་ཕར་ཤོར་ལག་པས་མི་ཟིན། །   
            བུ་སྤུན་གཉིས་འགྲིག་དགྲ་ཡི་ཐོ་བ། །རྒོད་མ་གཉིས་འགྲིག་ཕྱུག་གི་རུ་མ། །
            《ཁ་ཆེའི་གཡུ་རྫོང་》ལས།   
            ཕ་མ་མེད་པའི་དྭ་ཕྲུག་སྡུག །ཚེ་རོགས་མེད་པའི་ཡུགས་ས་སྡུག །   
            བདེན་ལུང་བ་གཉིས་དེ་ཕུ་ཐག་རིང་། །རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་། །
            《བདུད་འདུལ་》ལས།   
            བློས་སྔོན་ན་དཔྱད་ན་མཁས་པ་ཟེར། །འགྱོད་ཕྱིས་སུ་སྐྱེ་ན་བླུན་པོ་ཟེར། །  
            གཞན་ཡང་དམངས་ཁྲོད་ཀྱི་གཏམ་དཔེ་དང་སྒྲུང་དཔེའི་གཏམ་དཔེ་ཕན་ཚུན་ཞིབ་བསྡུར་གྱི་དགོས་མཁོ་ལྟར་དམངས་ཁྲོད་ངག་ཐོག་གི་གཏམ་དཔེ་རེ་གཉིས་བཀོད་ན་《གཏམ་དཔེ་རྣ་བའི་བདུད་རྩི་》ལས།      
            དུག་སྦྲུལ་མང་པོ་ཁུང་གཅིག  །འཕར་སྤྱང་མང་པོ་ཚང་གཅིག  །ཡང་ན།
            ནམ་རིང་བོའི་རྨི་ལམ་སྟོང་བ་རེད། །དཔོན་ཆེན་པོའི་ཁ་བཟང་སྟོང་བ་རེད། །ལྟ་བུ།
            《མཚོ་སྔོན་མང་ཚོགས་སྒྱུ་རྩལ་》ལས།   
            དགྲ་གཅིག་ལས་མེད་ཀྱང་མང་། །གྲོགས་བརྒྱ་ཚོ་ཡོད་ཀྱང་ཉུང་། །ཡང་ན།
            ཤ་ཆེན་ཤེད་ལ་མི་ཕན། །ལྟོ་ཆེན་ཉམས་ལ་མི་ཕན། །ལྟ་བུ། །
            《གཏམ་དཔེ་མཐོང་བ་འཛུམ་ཤོར་》ལས།   
            གཏམ་ཁ་བཤད་ཆུ་ཁའི་ལྦུ་བ་འདྲ།  །བདེན་ལག་ལེན་ནམ་མཁའི་འཇའ་དང་འདྲ། །ཡང་ན། མི་སེམས་ཆུང་ལ་སྐྱིད་མེད། །ཕག་ལྟོ་ཆེ་ལ་རྒྱག་མེད། །ལྟ་བུའི་གཏམ་དཔེ་རྣམས་ལ་ཞིབ་ཏུ་བརྟག་ན་རྐང་བའི་མང་ཉུང་དང་ཚིག་བར་གྱི་རིང་ཐུང་།  རྗོད་ཚིག་གི་ཁ་དམ་ལྷོད་ཀྱི་ཁྱད་པར་བཅས་ཕྱོགས་གང་ཐད་ནས་གླིང་གེ་སར་སྒྲུང་གི་གཏམ་དཔེ་དང་དམངས་ཁྲོད་ངག་ཐོག་གི་གཏམ་དཔེ་གཉིས་བར་དུ་མི་མཚུངས་པའི་ཁྱད་ཆོས་གསལ་བོ་ཞིག་མེད། ད་ལྟའི་སྒྲུང་ནང་དུ་རྒྱུན་པར་མཐོང་ཐུབ་པའི་དམངས་ཁྲོད་ཀྱི་ངག་ཐོག་གི་གཏམ་དཔེ་དེ་རིགས་མང་ཆེ་ཤས་ནི་སྒྲུང་མཁན་དང་སྒྲུང་ཡིག་དག་སྒྲིག་བྱེད་མཁན་གྱིས་སྒྲུང་དཔེའི་དགོས་མཁོ་ལྟར་དུ་བཀོལ་བ་ཡིན་པར་བསམས་མོད།  ཡིན་ནའང་གཏམ་དཔེ་སྐོར་ཞིག་སྒྲུང་དཔེ་རང་སྟེང་དུ་གྲུབ་རྗེས་དམངས་ཁྲོད་ཀྱི་ངག་ཐོག་ཏུ་བརྒྱུད་པ་ཡང་ཡོད་པ་མཐའ་གཅིག་གིས་བསྒྲགས་ཆོག  དཔེར་ན།   《འཛམ་གླིང་སྤྱི་བསང་》ལས།  གཞུ་མེད་ན་མདའ་མོ་འཕེན་ཐབས་མེད།  །ལྷ་མེད་ན་བྱ་བར་ལམ་འགྲོ་མེད། །ལྟ་བུ་དང་། 《ཁ་ཆེ་གཡུ་རྫོང་》ལས། ཕོ་རྒོད་པོའི་བཪྙས་ཚོད་མ་ཟིན་ན།  བུ་དཔའ་བོའི་སེམས་ཐག་ཆོད་ནས་འགྲོ།  ལྟ་བུའི་གཏམ་དཔེར་མཚོན་ན།   ཐོག་མར་སྒྲུང་དཔེའི་དགོས་མཁོ་ལྟར་དུ་གསར་དུ་བསྒྲིགས་པའི་གཏམ་དཔེ་ཡིན་པ་གསལ་བོར་རྟོགས་ཐུབ་མོད།    ཡིན་ནའང་རིམ་གྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་རིག་གནས་རྩོམ་རིག་གི་འཕེལ་རྒྱས་ལ་བསྟུན་ནས་དམངས་ཁྲོད་ངག་ཐོག་ཏུའང་བརྒྱུད་བཞིན་མཆིས། གང་ལྟར་ཀྱང་གཏམ་དཔེ་འདི་རིགས་ལ་འདི་གེ་སར་སྒྲུང་གི་གཏམ་དཔེ་དང་གན་དམངས་ཁྲོད་ཀྱི་གཏམ་དཔེ་རེད་ཅེས་སོ་སོར་དབྱེ་བ་འབྱེད་ཧ་ཅང་དཀའ་མོ་འདུག   
གཉིས་པ།  གླིང་གེ་སར་སྒྲུང་གི་ཚིག་གི་དགོས་མཁོ་ལྟར་དུ་དམངས་ཁྲོད་ཀྱི་སྒྲུང་པ་དང་དག་སྒྲིག་མཁན་གྱིས་གསར་དུ་བསྒྲིགས་པའི་གཏམ་དཔེའི་རིགས་ནི་དམངས་ཁྲོད་ངག་ཐོག་ཏུ་བརྒྱུད་བཞིན་པའི་གཏམ་དཔེ་དང་མི་མཚུངས་པར།  ཚིག་རྐང་མང་ཞིང་དཔེ་རྒྱན་མཛེས་ལ།  སྐོར་ཞིག་ལ་ལེགས་བཤད་དང་དམངས་གླུའི་ཁྱད་ཆོས་ཀྱང་ལྡན་པ་རེད།  འདིར་དཔེར་བརྗོད་རེ་ཟུང་བཀོད་ནས་དམངས་ཁྲོད་ཀྱི་གླུ་ཚིག་དང་ཁྱད་པར་ཆེན་པོ་མེད་པའི་གླིང་གེ་སར་སྒྲུང་གི་གཏམ་དཔེར་རགས་ཙམ་བརྟག་ན། 
            ཁ་ཆེའི་གཡུ་རྫོང་ལས།  
            རྒྱལ་པོ་གདན་དང་མ་བྲལ་དགོས། །བྲལ་ཆེ་ན་རྒྱལ་སྲིད་ཤོར་རབས་མང་།།བླ་མ་གདུགས་དང་མ་བྲལ་དགོས། །བྲལ་ཆེ་ན་ཆོས་སྲིད་ཤོར་རབས་མང་། བན་དེ་སྒྲིག་དང་མ་བྲལ་དགོས། །བྲལ་ཆེ་ན་སྡོམ་པ་འཆོར་རབས་མང་། ལྟ་བུ་དང་།ཡང་ཁ་ཆེའི་གཡུ་རྫོང་ལས།  
            དགུང་ཨ་སྔོན་གཡང་གི་ར་བ་ན།    །ལྷོ་གཡུ་འབྲུག་སྔོན་མོས་ངར་སྐད་སྒྲོགས། །སྤྲིན་ནག་པོ་རླུང་གིས་སྐོར་འགྲོས་རྒྱག །ཆར་ཟིམ་ཟིམ་བབས་ནས་རྩི་ཏོག་རྒྱས། །ས་དོག་མོ་བཀའ་དྲིན་ཆེ་བ་རེད། །སྟེང་བར་སྣང་སྟོང་བའི་འགྲིམ་ལམ་ན། ཤར་ཁྲི་གདུགས་ཉི་མའི་ཚ་ཟེར་འཕྲོ། །རླུང་བསེར་མ་ཞོན་ནས་གླིང་བཞི་འཁོར། །ལྷོ་འཛམ་གླིང་ཤར་རིའི་རྩེ་ནས་ཤར། །སྤང་པད་མའི་འདབ་མ་ཕྱོགས་བཅུར་རྒྱས། །འབུ་བུང་བ་འཁོར་ནས་སྐྱིད་སྣང་སྐྱེ །མ་སེམས་ཅན་ཀུན་ལ་བདེ་སྐྱིད་འབྱུང་། །ལྟ་བུ།   
            གཞན་ཡང་དམངས་གླུའི་དཔེར་བརྗོད་མདོ་སྨད་དམངས་གླུ་ཁུ་བྱུག་མགྲིན་དབྱངས་ལས།   
            དགུང་ཨ་སྔོན་ཤར་གྱི་གནམ་མཐའ་ནས།  །སྐྱ་གསལ་ལེ་སྐྱ་རེངས་དང་པོ་བཀྱགས། །དགུང་ཉི་མ་ཤར་བའི་བསུ་བ་རེད། །ས་དྲོད་ཁོལ་འཛོམ་པའི་རྟེན་འབྲེལ་རེད། །ནགས་རྒྱ་རྫོང་འཛོམས་པའི་རྩེ་མོ་ནས། །བྱ་ཁུ་བྱུག་སྔོན་མོ་སྟོང་ཅན་གྲགས། །ཟླ་བཞི་བ་ཚེས་པའི་བསུ་བ་རེད། །ལོ་སྐལ་བ་ཡག་གི་རྟེན་འབྲེལ་རེད། །བོད་མཚོ་དྲུག་གླིང་གི་མཁར་ཁ་ནས། །བྱ་སྐྱ་ག་ཁྲ་མོ་སྟོང་ཅན་གྲགས། །མགྲོན་ཚུར་ཡོང་སྔོན་གྱི་བསུ་བ་རེད། །ཁྲོམ་ན་ཟླ་རྩེ་གི་རྟེན་འབྲེལ་རེད། །ཅེས་པ་ལྟ་བུའི་དཔེར་བརྗོད་གསུམ་ལ་ཆ་མཚོན་ན། སོ་སོར་མི་མཐུན་པའི་ཁྱད་ཆོས་རེ་ཡོད་དེ། དཔེར་བརྗོད་དང་པོར་ཚིག་རྐང་དྲུག་ཡོད་ཅིང་རྐང་བ་གཉིས་རེས་བརྗོད་བྱ་དོན་ལ་གནས་པའི་འཇིག་རྟེན་གྱི་ཆོས་ཉིད་རེ་བཤད་ཡོད་པ་དང་།བསྡོམས་པས་ཚན་པ་གསུམ་དུ་དབྱེ་ཡོད།   བརྗོད་དོན་གྱི་དབང་གིས་རྐང་བ་གཉིས་རེའི་དང་པོར་ཡིག་འབྲུ་བདུན་རེ་དང་གཉིས་པར་ཡིག་འབྲུ་བརྒྱད་རེ་ཡོད།    གླིང་གེ་སར་སྒྲུང་གི་གཏམ་དཔེ་འདིའི་རིགས་ནི་དམངས་ཁྲོད་ཀྱི་གླུ་ཤགས་ཞེས་པའི་གླུ་ཚིག་དང་ཁྱད་པར་ཏིལ་ཙམ་ཡང་མེད་ཅེས་བཤད་ཆོག་དཔེར་བརྗོད་གཉིས་པར་ཚན་པ་གཉིས་ཀྱི་དབྱེ་ཆོག  དེ་ཡང་ཚིག་རྐང་དང་པོ་ནས་ལྔ་བའི་བར་དུ་ཚན་པ་གཅིག་དང་།   ཚིག་རྐང་དྲུག་པ་ནས་བཅུ་གཉིས་བར་དུ་ཚན་པ་གཉིས་པ་ཡིན།    ཚན་པ་དང་པོས་དགུང་སྔོན་དབྱིངས་ནས་འབྲུག་གྲགས་ཤིང་སྤྲིན་འཁྲིགས་ཏེ་ཆར་བབས་པ་དང་བརྒྱུད་ནས་རྩི་ཏོག་རྒྱས་པའི་རིམ་པ་བརྗོད་དེ་དོག་མོ་སའི་བཀའ་དྲིན་གླེང་ཡོད་ལ། ཚན་པ་གཉིས་པས་བར་སྣང་སྟོང་བའི་འགྲིམ་ལམ་ན། ཁྲི་གདུགས་ཉི་མ་གླིང་བཞིར་འཁོར་ནས་ལྷོ་འཛམ་བུ་གླིང་དུ་ཤར་ཏེ། པད་མའི་འདབ་མ་རྒྱས། འབུ་བུང་བ་དང་མ་སེམས་ཅན་ཀུན་ལ་བདེ་སྐྱིད་འཛོམས་པའི་བརྒྱུད་རིམ་ཆོས་ཉིད་དང་མཐུན་པ་ཞིག་བརྗོད་ཡོད། རྗོད་ཚིག་གི་ཁྱད་ཆོས་ནི་སྙན་ཞིང་འཇེབས་པའི་སྙན་ངག་གི་རབ་བཏགས་དང་ཕུལ་བྱུང་།    དཔེ་རྒྱན་བཅས་ཀྱི་ཁྱད་ཆོས་ཚང་ཡོད་པ་མ་ཟད།དམངས་ཁྲོད་ཀྱི་ངག་ཐོག་ཏུ་རྒྱུན་བཀོལ་གྱི་ཚིག་འབྲུ་ཡང་ཡོད་པ་རེད། གཏམ་དཔེ་འདི་རིགས་བཀླགས་པ་ཙམ་གྱིས་སྒྲུང་པ་དང་དག་སྒྲིག་མཁན་གྱིས་གསར་སྒྲིག་བྱས་པའི་ཤུལ་མཐོང་ཐུབ་པ་ལས་གཞན།  བརྗོད་དོན་དང་རྗོད་ཚིག་གང་ནས་ཀྱང་དམངས་ཁྲོད་དུ་དར་རྒྱ་ཆེ་བའི་གླུ་ཚིག་དང་ཕལ་ཆེར་མཚུངས་སོ།  །དཔེར་བརྗོད་གསུམ་པ་དམངས་གླུའི་དཔེར་བརྗོད་ལ་དཔྱད་ན་ཚིག་རྐང་གླིང་གེ་སར་སྒྲུང་གི་དཔེར་བརྗོད་གཉིས་པ་དང་མཚུངས་པར་བཅུ་གཉིས་ཡོད་ཅིང་ཚིག་རྐང་རེར་ཡིག་འབྲུ་བརྒྱད་རེ་ཡོད། དེ་ཡང་ནང་དོན་ཚན་པ་གསུམ་དུ་དབྱེ་ཡོད།   ཚན་པ་དང་པོས་དགུང་སྔོན་ཤར་གྱི་གནམ་མཐའ་ནས་སྐྱ་རེངས་དང་པོས་དགུང་གི་ཉི་མ་ཤར་བའི་བསུ་མར་དཔེར་བླངས་ནས་བརྗོད་ཡོད་པ་དང་། ཚན་པ་གཉིས་པས་རྒྱ་རྫོང་ནགས་ནས་ཁུ་བྱུག་སྔོན་མོས་ཟླ་བཞི་པ་ཚེས་པའི་བསུ་བར་དཔེར་བླངས་ནས་བརྗོད་ཡོད། །དམངས་གླུའི་དཔེར་བརྗོད་འདི་གླིང་གེ་སར་སྒྲུང་གི་དཔེར་བརྗོད་གཉིས་པ་དང་ཞིབ་བསྡུར་བྱས་ན་ཚིག་རྐང་གི་རིང་ཐུང་དང་ཡིག་འབྲུའི་མང་ཉུང་།  ཚེག་བར་གཅོད་མཚམས།  ཚིག་གི་བསྒྲིགས་སྲོལ་བཅས་ཐད་དུ་མི་མཐུན་པའི་ཁྱད་ཆོས་མཐོང་དཀོན་པོ་འདུག   སྤྱིར་ན་གླིང་གེ་སར་སྒྲུང་གི་ཚིག་རྐང་རིང་བོའི་དཔེ་འཇོག་གི་སྐོར་ཐམས་ཅད་ལ་གཏམ་དཔེ་ཞེས་བརྗོད་ན་དེ་འདྲ་འོས་པ་ཞིག་མིན་པར་སེམས། ཅིའི་ཕྱིར་ཞེ་ན་བརྗོད་འདོད་ཀྱི་གཏམ་རྣམས་ཕྱི་རོལ་ཡུལ་གྱི་དངོས་པོར་དཔེར་བླངས་ཏེ་བརྗོད་པའི་ཚིགས་བཅད་ཐམས་ཅད་ལ་གཏམ་དཔེ་ཞེས་བརྗོད་ན།  མགུར་གླུ་དང་ལེགས་བཤད། དམངས་གླུ་སོགས་དཔེར་བླངས་ནས་མ་བརྗོད་པ་གཅིག་ཀྱང་མེད་པས་འདི་ཐམས་ཅད་ལ་གཏམ་དཔེ་ཞེས་བརྗོད་ན་ག་ལ་འགྲིག དེ་བས་གླིང་གེ་སར་སྒྲུང་གི་ཚིག་རྐང་རིང་བའི་གཏམ་དཔེའི་རིགས་ཕལ་ཆེར་དཔེ་འཇོག་གི་གྲས་སུ་དབྱེ་ན་ལེགས་ཤིང་གཏམ་དཔེ་ཞེས་བརྗོད་ན་དོན་ལ་གནས་པ་ཞིག་མིན། གཏམ་དཔེ་ཞེས་པ་ཚིག་བསྡུས་ཤིང་དོན་ཟབ་པའི་ཚིག་རྐང་གཉིས་ཅན་གཙོ་བྱས་པའི་སྐོར་ལ་གཏམ་དཔེ་ཞེས་བརྗོད་ན་འོས་ཤིང་འཚམ་པ་ཞིག་རེད། ཡིན་ནའང་གོང་གསལ་དུ་བརྗོད་པའི་གཏམ་དཔེའི་རིགས་ནི་གླིང་སྒྲུང་གི་གཏམ་དཔེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པས་འདིར་མཐའ་གཅིག་གིས་དགག་ནས་གཏན་དུ་ཁས་མ་བླངས་པ་མིན་ཕྱིར།  མཁས་པ་རྣམས་ཀྱིས་བགྲོ་གླེང་བྱས་ཆོག  
            ད་དུང་གླིང་གེ་སར་སྒྲུང་གི་གཏམ་དཔེ་སྐོར་ཞིག་ལ་སྔོན་བྱོན་མཁས་པས་བརྩམས་པའི་ས་སྐྱ་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས་སོགས་ཀྱི་རྩོམ་གཤིས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་རེད། དཔེར་ན། 《བདུད་འདུལ་》ལས།   
            ཧ་ཅང་ལོངས་སྤྱོད་སྒྲུབ་མཁན་པོ། །གསོག་མ་ཤེས་ན་རང་གི་གཤེད། །ཧ་ཅང་ཟས་ལ་དད་ཆེ་བས། །ཟ་མ་ཤེས་ན་དུག་ཏུ་འགྱུར། །ལྟ་བུ་དང་།  
            《ཁ་ཆེའི་གཡུ་རྫོང་》ལས།  
            ཉི་མས་གླིང་བཞི་ཁེབས་ན་ཡང་། །ཉིན་མཚན་གསལ་ཚོད་སོ་སོར་ཡོད། །
            གཡུ་འབྲུག་ངར་སྐད་ཆེ་ཞན་འདྲ། །དབྱར་དགུན་གྲགས་ཚོད་སོ་སོ་ཡོད། །ལྟ་བུའི་དཔེར་བརྗོད་དང་།
            《ས་སྐྱ་ལེགས་བཤད་》ལས།  
            ཧ་ཅང་གཡོ་སྒྱུ་མང་དྲགས་ན། །རེ་ཞིག་གྲུབ་ཅིང་ཐ་མར་བརླག །གཟིག་ལྤགས་བཀབ་པའི་བོང་བུ་ཡིས། །ལོ་ཏོག་ཟོས་མཐར་གཞན་གྱིས་བསད། །ལྟ་བུ་དང་།
            《ཤིང་གི་བསྟན་བཅོས་》ལས།  
            དམ་པའི་སྐྱེ་བོ་ཉམ་ཐག་ཀྱང་། །ཆོས་དང་འགལ་བའི་ལས་མི་བྱེད། །ཆར་སྡོད་བྱེའུ་སྐོམ་ན་ཡང་། །ས་ལ་བབས་པའི་ཆུ་མི་འཐུང་། །ལྟ་བུ།
            《རྒྱལ་པོ་ལུགས་ཀྱི་བསྟན་བཅོས་》ལས།  
            མ་རབས་མཐོ་སར་བཞག་གྱུར་ན། །རང་གི་རིས་ལ་ལྷག་པར་འཚེ། །ཐ་མ་རང་ཉིད་བརླག་འགྱུར་ཏེ།  །ལྤགས་པ་སྔོན་པོ་ལྦ་བཞིན་ནོ།  །ལྟ་བུའི་ལེགས་བཤད་ཀྱི་དཔེར་བརྗོད་དང་ཕན་ཚུན་ཞིབ་ཏུ་བསྡུར་ན།   རྐང་བའི་རིང་ཐུང་དང་ཚིག་གི་ཉམས་ཆ།  དཔེ་རུ་བཀོད་ཚུལ་དང་རྩོམ་སྟངས་ཀྱི་ཁྱད་ཆོས་དག་མཐུན་ས་ཧ་ཅང་མང་བས། འདི་ནི་སྒྲུང་མཁན་དང་དག་སྒྲིག་མཁན་གྱིས་སྒྲུང་བཤད་པ་དང་དག་སྒྲིག་བྱེད་པའི་སྐབས་སུ་སྔོན་བྱོན་མཁས་པ་རྣམས་ཀྱི་ལེགས་བཤད་རེ་ཟུང་བཀོལ་པ་དང་། ཡང་ན་ལེགས་བཤད་ཀྱི་འབྲི་སྲོལ་ལྟར་དུ་གསར་རྩོམ་བྱས་པ་ཡིན་ཞེས་ཚིག་ཐག་བཅད་ཆོག  སྤྱིར་ལེགས་བཤད་ཀྱི་རྩོམ་རིགས་ནི་གོ་བདེ་ཞིང་རྩོམ་ཉམས་ལྡན་པ་དང་།   ཡིད་འགུག་གི་ནུས་པ་རབ་ཏུ་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པས།    མི་རྣམས་ཡང་དག་གི་ལམ་དུ་འགྲོ་དགོས་པའི་སྐུལ་མ་དང་།    ཡང་ན་ལེགས་ཉེས་བླང་དོར་བྱ་དགོས་པའི་ལམ་བཟང་སྟོན་པ་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ལེགས་བཤད་ཀྱི་རྩོམ་རིག་ཐོག་མ་སྔོན་བྱོན་མཁས་པས་རྩོམ་རིག་ཅིག་ཡིན་ནའང་། རྩོམ་འདི་རིགས་ལ་འཚོ་གནས་ཀྱི་ཚེ་སྲོག་ཤིན་ཏུ་ལྡན་པས། ཕྱིས་སུ་དུས་རབས་དང་ཡུལ་ཁམས་བརྒལ་ནས་ཡིག་ཐོག་ནས་ངག་ཐོག་ཏུ་བརྒྱུད་པ་དང་ངག་ཐོག་ནས་ཡིག་ཐོག་ཏུ་བརྒྱུད་དེ་དར་ཁྱབ་ཧ་ཅང་ཆེ་བ་རེད།   
            གཞན་ཡང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་ཀུན་སློང་དང་སྤྱོད་པ། དགྲ་དང་གྲོགས། བཟོ་ལྟ་དང་གཡུལ་འགྱེད། མཐོ་ས་དང་དམའ་ས་སོགས་ལ་གང་འཚམ་གྱིས་གཏམ་དཔེ་ནད་ཐོག་ལ་སྨན་ལྟ་བུ་མང་པོ་མཆིས་ཀྱང་།  སྤྱིར་གོང་དུ་བརྗོད་པའི་གཏམ་དཔེའི་རིགས་གསུམ་ནང་མ་འདུས་པ་མེད་པས།འདིར་དཔེར་བརྗོད་བཞག་ནས་སོ་སོ་ཞིབ་ཏུ་འབྲི་རྒྱུ་མིན་མོད། འོན་ཏེ་བློ་གྲོས་ཀྱི་རྣམ་དཔྱོད་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་ཤེས་པར་གྱིས།      གཉིས་པ། བཤད་པ་རྣམ་གསུམ་གྱི་སྐོར།
            གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ནི་གཏམ་དཔེ་དང་རྒྱན་ཚིག་སྣ་ཚོགས་ཀྱི་མཐའ་ཡས་རྒྱ་མཚོ་ཡངས་པ་ཞིག་ཡིན་ལ།  བཤད་པ་རྣམ་གསུམ་གྱི་གཏེར་མཛོད་ཅིག་ཀྱང་ཡིན།  བཤད་པའི་སྐོར་ལ་ཞྭ་བཤད་དང་།  རྟ་བཤད།  སྒ་བཤད། ལྕག་བཤད། ཆང་བཤད། མདའ་བཤད། གྲི་བཤད། རྫོང་བཤད།ཁྲབ་བཤད་ལ་སོགས་མང་པོ་མཆིས།  བཤད་པ་འདི་ཐམས་ཅད་དམངས་ཁྲོད་ངག་ཐོག་གི་བཤད་པའི་སྐོར་ལ་འདྲ་དང་མི་འདྲ་གཉིས་ཡོད་དེ།  འགའ་ཞིག་ངག་ཐོག་ནས་ཡིག་ཐོག་ཏུ་བཀོད་པ་དང་། འགའ་ཞིག་ཡིག་ཐོག་ནས་ངག་ཐོག་ལ་བརྒྱུད་དེ་འཐུས་ཚང་དང་དར་ཁྱབ་ཏུ་བཏང་བ་ཡིན།  ངག་ཐོག་ནས་ཡིག་ཐོག་ཏུ་བཀོད་པའི་བཤད་པའི་རིགས་ལ་ཡིག་མཁན་ཚོས་རྗོད་ཚིག་གི་རྒྱན་ཆས་སྤྲས་ན་ཡང་། དམངས་ཁྲོད་བཤད་སྲོལ་གྱི་མ་གཞི་འགྱུར་མེད་པས་ངག་ཐོག་གི་བཤད་པའི་ཁྱད་ཆོས་གསལ་པོར་མངོན་འདུག དཔེར་ན། 《བདུད་འདུལ་》ལས། ཆང་བཤད། ངའི་ལག་ན་ཡོད་པའི་ཆང་སྐྱེམས་དེ། །ཆང་འདི་ཡི་ལོ་རྒྱུས་བཤད་རྒྱུ་ན།  །གནམ་ཨ་སྔོན་སྤྲིན་གྱི་དབྱིངས་རིམ་ནས།  །ལྷོ་གཡུ་འབྲུག་སྔོན་མོས་ངར་སྐད་བསྒྲགས།  །གསེར་འོད་ཅན་གྱི་གློག་དམར་ཁྱུགས།  །བདུད་རྩི་བསིལ་མའི་སྦྲང་ཆར་བབས། །སྦྲང་ཆར་དེ་ཡི་དྭངས་མའི་བཅུད། །ཆང་དེ་ནས་ས་གཞི་དཀྱིལ་ལ་བབས། །ས་དོག་མོ་རིན་ཆེན་གསེར་གཞོང་ན། །འབྲུ་སྣ་ལྔའི་ལོ་ཏོག་ཞིང་ལ་འཁྲུངས། །སྟོན་འབྲུ་དྲུག་ཡག་ལ་ཟོར་བས་བྲེག །དེ་ལོ་ལ་བསྙལ་བའི་ལོ་ཆང་རེད།  །ལོ་ཆང་བདུད་རྩི་ཁམ་པ་ཟེར།  །ཟླ་ལ་བསྙལ་བའི་ཟླ་ཆང་རེད། །ཟླ་ཆང་བདུད་རྩི་བསིལ་མ་ཟེར། །ཞག་ལ་བསྙལ་བའི་ཞག་ཆང་རེད། །ཞག་ཆང་བདུད་རྩི་འཁྱིལ་བ་ཟེར། །གླིང་གེར་མཛོ་གཉན་པོའི་ཚེ་ཆང་རེད། །སྐུ་སེང་ཆེན་རྒྱལ་པོའི་སྒྲུབ་ཆང་རེད།  །ན་ནིང་གི་ལོ་ཆང་ཁམ་པ་ལ།  །ད་ལོའི་འབྲས་ཆང་བསིལ་མ་བཏབ། །ལྟ་བུའི་བཤད་པ་ལ་ཆ་མཚོན་ན། བཤད་པ་འདི་རྣམས་རྗོད་ཚིག་གོ་བདེ་བའི་ངང་ནས་ཚིགས་བཅད་ཀྱི་ལམ་དུ་བདུད་རྩི་ཆང་གི་འབྱུང་ཁུངས་དང་།  རིན་ཐང་།  ཕན་ཡོན་སོགས་གསལ་ཞིང་དག་པར་རིམ་བཞིན་བརྗོད་ཡོད་པ་ལགས། བཤད་པ་འདི་རིགས་ཀྱི་རྗོད་ཚིག་ལ་ཡིག་ཐོག་ཏུ་དག་བཅོས་རགས་ཙམ་དང་རྒྱན་ཚིག་ཅུང་ཙམ་སྤྲས་པ་མ་གཏོགས་ཕལ་ཆེར་དམངས་ཁྲོད་ཀྱི་ཁ་སྐད་ཇི་བཞིན་སོར་བཞག་བྱས་ཡོད། གླིང་སྒྲུང་གི་བཤད་པ་འདི་ལྟ་བུ་དང་དམངས་ཁྲོད་ངག་རྒྱུན་གྱི་ཆང་བཤད་བར་དུ་དབྱེ་བ་གསལ་བོར་འབྱེད་དཀའ་མོ་འདུག དཔེར་ན། 《མདོ་སྨད་ཡུལ་གྱི་ངག་རྩོམ་པད་མའི་ཆུན་པོ་》ཞེས་དཔེ་དེབ་ཀྱི་ཚན་པ་གཅིག་ལས། འདི་ལོ་ལ་བསྙལ་བའི་ལོ་ཆང་ཡིན། །ལོ་ཆང་བདུད་རྩི་ཁམ་པ་ཡིན། །ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། ཟླ་ཆང་བདུད་རྩི་བསིལ་མ་ཡིན།  །ཞག་ལ་བསྙལ་བའི་ཞག་ཆང་ཡིན།  །ཞག་ཆང་བདུད་རྩི་འཁྱིལ་བ་ཡིན།  །གངས་ཅན་ཡུལ་གྱི་ནས་བཅུད་ཡིན།  །འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན། །གེ་སར་རྒྱལ་པོའི་གསོལ་ཆང་ཡིན། །སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། །མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། །གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན། །ལྟ་བུར་ཆ་མཚོན་ན། ཚིག་རྐང་ལ་ལ་དང་ཡིག་འབྲུ་ལ་ལའི་བར་དུ་ཁྱད་པར་ཅུང་ཙམ་ཡོད་པ་མ་གཏོགས།  གཞན་དག་ལ་མིག་བརྒྱ་སྤྲུལ་ཏེ་བརྟག་ཀྱང་གླིང་གེ་སར་སྒྲུང་གི་ཆང་བཤད་དང་མི་མཐུན་པའི་ཆ་ནི་ཉག་ཙམ་ཡང་རྙེད་པ་དཀའོ།  ། བཤད་པ་འདི་རྣམས་མདོ་སྨད་ཀྱི་ས་ཆ་ཕལ་ཆེར་ཞིག་ཏུ་དར་རྒྱ་ཤིན་ཏུ་ཆེ་ཞིང་། ནམ་རྒྱུན་དུས་ཆེན་དང་དགའ་སྟོན་སྐབས་སུ་བཤད་པའི་སྲོལ་ཡང་ཆགས་ཡོད།  
            ད་དུང་སྒྲུང་དཔེ་ལྷ་གླིང་གབ་རྩེ་དགུ་སྐོར་ནང་དུ་བཀོད་པའི་ཇ་བཤད་ཀྱང་གོང་དུ་བརྗོད་ཟིན་པའི་ཆང་བཤད་ཇི་བཞིན་ཇའི་འབྱུང་ཁུངས་དང་དར་སྲོལ་སོགས་བརྗོད་པ་མཛེས་ཤིང་སྙན་པ། བཀླགས་ན་ཁར་བདེ་བ། དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་རྩོམ་རིག་གི་རིན་ཐང་ཧ་ཅང་ཆེ་མོད།   ཡིན་ནའང་དཔེར་བརྗོད་བཀོད་དེ་ཞིབ་ཏུ་བརྗོད་ན་མང་ཆེ་བར་དོགས་ནས་བརྗོད་རྒྱུ་མིན།  
            གཞན་ཡང་གླིང་གེ་སར་སྒྲུང་གི་བཤད་པ་སྐོར་ཞིག་སྟེ་ཡིག་ཐོག་ཏུ་དར་རྒྱ་ཅུང་ཆེ་ཡང་དམངས་ཁྲོད་ངག་ཐོག་ཏུ་དར་རྒྱ་ཤིན་ཏུ་ཆུང་། དཔེར་ན།
            《བདུད་འདུལ་》ལས། སྒ་བཤད།  
            སྒའི་སྔ་རུ་ཚངས་པ་ལྷ་ཡི་རྫོང་། །ཕྱི་རུ་སྒྲོལ་མ་སྔོན་མོའི་རྫོང་། །སྒ་དཀྱིལ་ཕྱག་ན་རྡོ་རྗེའི་རྫོང་། །སྒ་དབྱིབས་བྱ་བརྒྱ་ཁྱུང་ཆེན་འདྲ། །སྒ་ཁོག་གཡུ་འབྲུག་འཁྱིལ་བ་འདྲ། །ཕྲ་རྒྱན་ནམ་མཁའི་སྐར་མ་འདྲ། །སྒ་ཤིང་ཙན་དན་དམར་པོ་ཡིན། །ལྟ་བུ་དང་།
            《བདུད་འདུལ་》ལས། རྟ་བཤད།   
            རྟ་རྐྱང་རྒོད་ཕེར་བ་དེད་ལ་ཤོག། དེའི་རྔ་རྔོག་ལྷོ་སྤྲིན་འཐིབས་འདྲ་ལ། །
            དགྲ་བླ་ཝེར་མ་བཅུ་གསུམ་འཁོར།  །སོག་པ་གཡས་པའི་དཀྱིལ་འཁོར་ན།  །
            མགྱོགས་པ་རླུང་གི་དགྲ་བླ་ཡོད། །སོག་པ་གཡོན་པའི་དཀྱིལ་འཁོར་ན། །མྱུར་བ་མེ་ཡི་དགྲ་བླ་ཡོད། །སྒལ་ཚིགས་ཆོས་ཀྱི་འཁོར་ལོ་ལ། །རྟ་མགྲིན་དམར་པོའི་སྒྱུ་འཕྲུལ་ཡོད། །གློ་བ་གངས་རི་དཀར་པོ་ལ། །དུང་སྐྱོང་དཀར་པོ་རང་བྱོན་ཡོད། །མཆིན་པ་རྫ་རི་སྨུག་པོ་ལ། །གེར་མཛོ་གཉན་པོ་རང་བྱོན་ཡོད། །བྱང་ཁོག་སྟོད་ཀྱི་ལྷ་ཁང་ལ། །ཕོ་རིགས་མི་གཅིག་ལྷ་ལྔ་ཡོད། །བྱང་ཁོག་སྨད་ཀྱི་ལྷ་ཁང་ལ། །མོ་རིགས་མི་གཅིག་ལྷ་ལྔ་ཡོད། །སྟོད་སྨད་གཞལ་ཡས་མཚམས་ཕྱེད་ན། །འཇའ་ཚོན་འོད་ཀྱི་སྒྲོན་མེ་ཡོད། ལྟ་བུའི་བཤད་པ་གཉིས་ལ་ཆ་མཚོན་ན། དང་པོ་སྒ་བཤད་ཀྱིས་སྙན་ཞིང་འཇེབས་པའི་ཚིགས་བཅད་ཀྱི་ལམ་དུ་སྒའི་དབྱིབས་དང་ཁ་དོག་ཕྲ་རྒྱན། སྒའི་ཕྱི་རུ་སྔ་རུའི་རིན་ཐང་ལ་སོགས་ལེགས་པར་གསལ་བཤད་བྱས་ཏེ།   ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཤིང་ཙན་དན་དམར་པོ་ལས་གྲུབ་པའི་སྒ་ཁྱད་པར་ཅན་ཞིག་ཤར་དུ་བཅུག་ཡོད་པ་རེད།  རྟ་བཤད་ཀྱིས་ཀྱང་རྟ་མཆོག་རྐྱང་རྒོད་གཡེར་བ་དེའི་རྔ་རྔོག་དང་།  སོག་པ་གཡས་གཡོན།  སྒལ་ཚིགས། གློ་བ་མཆིན་པ། བྱང་ཁོག་སྟོད་སྨད་བཅས་པ་ཡོངས་སུ་ཚང་བའི་ཁྱད་ཆོས་དག་ཆོས་ཚིག་རྣམ་པར་མཛེས་པས་ཆེ་བརྗོད་ཕུལ་དུ་བྱུང་བ་བྱས་ཏེ། འགྲན་ཟླ་བྲལ་བའི་ལྷ་རྟའི་གཟུགས་བརྙན་ཡིད་དུ་འོང་བ་ཞིག་མཛེས་རྩལ་རབ་ཏུ་རྫོགས་པའི་ཕྱག་བྲིས་ཀྱི་རི་མོ་མཐོང་བ་བཞིན་མིག་ལ་ལྟ་བས་ཆོག་མི་ཤེས་པའི་དགའ་སྟོན་འགྱེད་པ་ལགས།  བཤད་པ་འདི་རིགས་དམངས་ཁྲོད་ཀྱི་ངག་ཐོག་ལས་ནམ་རྒྱུན་དར་རྒྱ་ཆུང་བ་རེད།  གལ་སྲིད་དམངས་ཁྲོད་དུ་དར་རྒྱ་ཆེ་བའི་དབང་དུ་བཏང་ནའང་ངག་ཐོག་དང་ཡིག་ཐོག་གི་ཁྱད་པར་ཆེན་པོ་མཆིས། དཔེར་ན། དམངས་ཁྲོད་ཀྱི་རྟ་བཤད་ལས། རྟ་འདོ་བ་གཡུ་འབྲུག་སྔོན་མོ་འདྲ།།སྒ་བེས་སང་ཉི་མ་རང་ཤར་འདྲ། །ཨོབ་ཆེན་ཟླ་བ་ཚེས་པ་འདྲ། །རྣ་ལྕོག་དགུང་གི་སོ་བ་འདྲ། །ཐོད་ཕུད་ལོ་ཡག་སྙེ་མ་འདྲ། །རྔོག་མ་དར་གྱི་ཙོར་ལོ་འདྲ། །རྟ་རྔ་དར་གྱི་མདུད་པ་འདྲ། །རྨིག་ལྕགས་དགུང་གི་ཚེས་རུ་འདྲ། །ལྟ་བུར་མཚོན་ན། ཡིག་སྐད་དང་ཁ་སྐད།  ཐ་སྙད་དང་དཔེ་འཇོག་བཅས་ཀྱི་ཐད་དུ་གླིང་གེ་སར་སྒྲུང་དང་དམངས་ཁྲོད་ཀྱི་བཤད་པའི་བར་དུ་དབྱེ་བ་ཆེན་པོ་ཡོད། གླིང་གེ་སར་སྒྲུང་གི་བཤད་པ་འདིའི་རིགས་ལ་གལ་ཏེ་ཐོག་མ་དམངས་ཁྲོད་དུ་རྨང་གཞི་ཅུང་ཙམ་ཞིག་ཡོད་ཀྱང་། ཕྱིས་སུ་སྒྲུང་པ་དང་དག་སྒྲིག་མཁན་སོགས་བརྒྱུད་དེ་གླིང་གེ་སར་སྒྲུང་གི་དགོས་མཁོ་ལྟར་དུ་ཁ་གསབ་དང་དག་བཅོས་བྱས་ཏེ། འཛོམས་པོ་སྤུས་ལེགས་ཤིག་ཏུ་བཏང་སྟེ་ཡིག་ཐོག་ནས་དམངས་ཁྲོད་ཀྱི་ངག་ཐོག་ཏུ་བརྒྱུད་པའི་གནས་ཚུལ་ཡང་མེད་པ་མ་ཡིན། རྒྱན་ཚིག་གི་ཆ་ནས་བཤད་ནའང་གོང་གི་ཆང་བཤད་དང་ཇ་བཤད་ཀྱི་སྐོར་དང་མི་མཚུངས་པར།   ཆོས་ལུགས་ཀྱི་ཐ་སྙད་ཕུན་སུམ་ཚོགས་པ་དང་རབ་བཏགས་དང་ཕུལ་བྱུང་གི་རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་ཏེ་རྗོད་ཚིག་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད།  
            གླིང་སྒྲུང་ཧོར་གླིང་གཡུལ་འགྱེད་ལས་ཞྭ་བཤད་ཀྱི་སྐོར་ལ་ཆ་མཚོན་ནའང་ཞྭ་དང་བོད་གངས་ཅན་ཡུལ་གྱི་རི་རབ་རྣམས་ལ་དཔེར་འཇོག་པའི་བརྗོད་ཐབས་བཀོལ་ཏེ། ཞྭའི་ཡོན་ཏན་ཁྱད་དུ་འཕགས་པ་དག་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་ཆེ་བརྗོད་བྱས་ཡོད། ཞྭ་བཤད་ཀྱི་ལུགས་སྲོལ་འདི་གླིང་སྒྲུང་དངོས་ལས་མཐོང་ཐུབ་པ་མ་གཏོགས་མདོ་སྨད་ཡུལ་གྱི་དམངས་ཁྲོད་དང་གླེགས་བམ་གང་ནས་ཀྱང་ཁོ་བོས་མཐོང་མ་མྱོང་བས་བཤད་པ་འདི་རིགས་གླིང་སྒྲུང་རྩོམ་སྒྲིག་སྐབས་སུ་རང་སྟེང་དུ་གྲུབ་པ་ཡིན་ཞེས་བཤད་ཆོག་མོད།  ཡིན་ནའང་མ་མཐོང་བ་ཐམས་ཅད་མེད་པ་མ་ཡིན་པའི་དཔེ་བཞིན་དབུས་གཙང་དང་ཁམས་ཕྱོགས་ཀྱི་དམངས་ཁྲོད་ངག་ཐོག་ཏུ་ཞྭ་བཤད་པའི་སྲོལ་ཡོད་མེད་ཐག་གཅོད་དཀའ་མོ་འདུག གང་ལྟར་ཀྱང་བཤད་པ་འདི་ནི་གླིང་གེ་སར་སྒྲུང་གི་བཤད་པ་སྣ་ཚོགས་ལས་བཤད་པ་ངོ་མཚར་ཅན་ཞིག་ཡིན་པ་མགྲིན་པ་གཟེངས་སུ་བསྟོད་ནས་བརྗོད་ཆོག  
            སྤྱིར་ན་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བཤད་པ་རྣམ་གསུམ་གྱི་སྐོར་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་དམངས་ཁྲོད་ཀྱི་རྩོམ་རིགས་ཤིག་ཡིན་ཞིང་།  དམངས་ཁྲོད་ཀྱི་ངག་ཐོག་ནས་ཀྱང་དར་རྒྱ་ཤིན་ཏུ་ཆེ་བའི་རྩོམ་རིགས་ཤིག་ཀྱང་རེད། བཤད་པ་འདི་རིགས་ལ་དཔྱད་གཏམ་ཕྲ་ཞིང་ཞིབ་པ་ཞིག་བརྗོད་ན་ལས་སླ་མོ་ཞིག་མིན་མོད།  ཡིན་ནའང་ཁོ་བོས་ནུས་ཚོད་ཀྱིས་སྒྲུང་གི་བཤད་པའི་སྐོར་ཏེ། དམངས་ཁྲོད་ངག་ཐོག་ཏུ་དར་རྒྱ་ཆེ་བའི་རིགས་དང་།  ཡིག་ཐོག་ཏུ་དར་རྒྱ་ཆེ་བའི་རིགས།  སྒྲུང་རང་སྟེང་དུ་གསར་རྩོམ་བྱས་པའི་རིགས་གསུམ་དུ་དབྱེ་ནས་རགས་ཙམ་བརྗོད་ཡོད་ནའང་གཏིང་ཟབ་པ་ཞིག་སྟོན་མ་ནུས་པས་ཁྱེད་རྣམ་པས་དཔྱད་པར་མཛོད།།      གསུམ་པ། གླིང་སྒྲུང་ལས་དཔེ་རྒྱན་དང་གཟུགས་རྒྱན་སྒྲ་རྒྱན་གྱི་སྐོར།
            གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནང་དུ་དམངས་ཁྲོད་ཀྱི་ཆེས་སྙན་ཞིང་འཇེབས་པའི་ཚིག་རྒྱན་གྲངས་ལས་འདས་པ་ཞིག་བཀོད་ཡོད་ལ།  སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་ཁོངས་སུ་གཏོགས་པའི་དཔེ་རྒྱན་དང་གཟུགས་རྒྱན།ལེའུ་གསུམ་པའི་སྒྲ་རྒྱན་སོགས་ཀྱི་འབྲི་སྲོལ་ཡང་གླིང་གེ་སར་སྒྲུང་གི་ཐོག་མཐའ་བར་གསུམ་དུ་རིན་ཆེན་གྱི་མུ་ཏིག་འཛིན་མར་ཡོངས་སུ་འཐོར་བ་ཇི་བཞིན་ཀུན་ཏུ་ཁྱབ་འདུག གལ་སྲིད་གླིང་གེ་སར་སྒྲུང་གི་ནང་དུ་སྙན་ངག་གི་རྒྱན་སྣ་ཚོགས་ཀྱིས་མཛེས་པའི་རྒྱན་ཆ་ཡིད་དུ་འོང་བ་རྣམས་བཀོད་མེད་པ་ན།   གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་ཡང་དེ་འདྲ་མཆོག་ཏུ་གྱུར་པ་ཞིག་ཡོང་ཐུབ་མིན་བདག་གིས་ངག་སྒོ་ཡངས་པས་བརྗོད་དཀའ་མོ་འདུག   དེ་བས་སྙན་ངག་གི་རྒྱན་སྣ་ཚོགས་བཀོད་དེ་བརྗོད་པའི་ཐབས་ཤེས་འདི་ནི་གླིང་གེ་སར་སྒྲུང་གི་ནང་དུ་མེད་དུ་མི་རུང་བའི་རྩོམ་སྟངས་ལེགས་པོ་ཞིག་ཡིན་པ་གོར་མ་ཆག  མདོར་ན་སྙན་ངག་མེ་ལོང་གི་བསུང་ཞིམ་དྲི་མས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་སྐྱེད་ཚལ་ཡོངས་སུ་བར་མེད་དུ་འཐུལ་ཡོད། གཤམ་དུ་གོ་བདེ་བའི་སླད་དུ་དཔེ་རྒྱན་དང་གཟུགས་རྒྱན་སྒྲ་རྒྱན་གསུམ་སོ་སོར་བཀར་ནས་རགས་ཙམ་བརྗོད་ན།  
            གཅིག  དཔེ་རྒྱན་ནི།  དཔེ་དང་དཔེ་ཅན་གཉིས་པོ་ངོ་བོ་ཐ་དད་པར་བཀོད་པ་ལ་བརྟེན་ནས་དེ་གཉིས་མཚུངས་པར་རྟོགས་པར་བྱེད་པ་ནི་དཔེ་རྒྱན་ཟེར་བ་ཡིན།  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནང་དུ་དཔེ་རྒྱན་མིག་ལ་མཛེས་པ་རྣར་སྙན་པ་གྲངས་ལས་འདས་པ་ཞིག་བཀོད་ཡོད། དཔེར་ན། ཨ་སྔོན་གནམ་དང་དོག་མོ་ས། མཐོན་པོའི་རི་དང་སྔོན་མོ་མཚོ། གངས་ཀྱི་སེང་དང་ནགས་ཀྱི་སྟག མཛེས་པའི་ལྗོངས་དང་མགྱོགས་པའི་རྟ་སོགས་དཔེ་བླངས་ཏེ་བརྗོད་བྱའི་དོན་རྣམས་ལེགས་པར་བསྟན་ཡོད།  ཡིན་ནའང་འདིར་དེ་ཐམས་ཅད་ཞིབ་ཏུ་བརྗོད་རྒྱུ་མིན་པ་གཙོ་བོ་སྙན་ངག་གི་རྒྱན་དང་སྒྲུང་དཔེ་ནང་གི་དཔེ་རྒྱན་གཉིས་བར་གྱི་དབྱེ་བ་ཅུང་ཙམ་བརྗོད་པར་བྱ།    སྤྱིར་སྒྲུང་གི་དཔེ་རྒྱན་དང་མཁས་པའི་དཔེ་རྒྱན་གཉིས་བར་དུ་སྙན་ངག་གི་མཚན་ཉིད་ལྟར་ཞིབ་བསྡུར་བྱས་ན།  ཕན་ཚུན་མི་མཚུངས་པའི་ཁྱད་ཆོས་གསལ་པོ་ཞིག་མཐོང་རྒྱུ་མེད་མོད། ཡིན་ནའང་དབྱེ་བ་ཅུང་ཙམ་ཡང་མེད་པ་མ་ཡིན་ཏེ།  དཔེར་ན།  <ཧོར་གླིང་གཡུལ་འགྱེད་>ལས། ཞལ་རས་བཅོ་ལྔའི་ཟླ་བ་དཔེ། །སྤྱན་མིག་སྐར་ཆེན་ཤར་ལ་དཔེ། །དབང་ཐང་ཨ་སྔོན་དགུང་ལ་དཔེ། །སྐུ་ལུས་རི་རྒྱལ་ལྷུན་པོར་དཔེ། །ལྟ་བུའི་དཔེ་རྒྱན་དང་།  བོད་མཁས་པས།  ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ། །མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན་དུ་བཀྲ། །བུང་བའི་མགྲིན་སྒྲ་རྒྱུད་མངས་ལྟར་སྙན་པའི། །དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་མཛེས། །ཞེས་པ་ལྟ་བུའི་དཔེ་རྒྱན་གཉིས་ལ་རགས་ཙམ་དབྱེ་ཞིབ་བྱས་ན། གླིང་སྒྲུང་གི་དཔེ་རྒྱན་གྱི་དཔེར་བརྗོད་ལ་ཞལ་རས་དང་ཟླ་བ། སྤྱན་མིག་དང་སྐར་ཆེན། དབང་ཐང་དང་ཨ་སྔོན། སྐུ་ལུས་དང་རི་རྒྱལ་བཅས་རྐང་བ་བཞིར་དཔེ་དང་དཔེ་ཅན་ཚང་ཡོད་ཅིང་།  མཚུངས་གསལ་གྱི་སྒྲ་ཡང་རྐང་བ་བཞིའི་མཇུག་མཐར་བཀོད་ཡོད།བོད་མཁས་པས་བརྩམས་པའི་དཔེ་རྒྱན་ལའང་ནེའུ་གསིང་དང་མཎྜལ ། མེ་ཏོག་དང་སྐར་ཚོགས། བུང་བ་དང་རྒྱུད་མངས། དཔྱིད་དུས་དང་ལྷ་ཡུལ་བཅས་རྐང་བ་བཞིར་དཔེ་དང་དཔེ་ཅན་ཚང་ཡོད་ཅིང་། རྐང་བ་རེ་རེར་མཚུངས་གསལ་གྱི་སྒྲ་ཡང་ཚང་ཡོད།   གོང་གསལ་གྱི་དཔེར་བརྗོད་གཉིས་ལ་དཔེ་རྒྱན་གྱི་མཚན་ཉིད་ནང་ལྟར་ཞིབ་བསྡུར་བྱས་ན་མཚན་ཉིད་དང་འགལ་བའི་ཆ་བཙལ་མི་རྙེད་མོད། ཡིན་ནའང་མི་མཐུན་པའི་ཆ་ཉག་ཙམ་ཡང་མེད་པ་མ་ཡིན་ཏེ། དཔེར་ན།ཚེག་བར་གྱི་གཅོད་མཚམས་དང་ཡིག་འབྲུའི་མང་ཉུང་།  རྗོད་ཚིག་གི་ཁ་དམ་ལྷོད། མངོན་བརྗོད་ཀྱི་རྒྱན་ཆས་སྤྲས་ཡོད་མེད་བཅས་ཀྱི་ཐད་ལ་ཁྱད་པར་ཅུང་ཙམ་ཡོད་ཀྱང་སྙན་ངག་ཇི་སྙད་པ་ཡོད་ཚད་ཚད་གཞི་གཅིག་ཡིན་དགོས་པའི་ངེས་པ་མེད། དཔེར་ན། 《གླིང་རུ་》ལས། དགུང་སྔོན་གཡུ་འབྲུག་སྔོན་མོ་དེ། །བཙན་ཡ་ཐོག་དང་འཁྱུག་ཡ་གློག །རྒྱ་བྲག་ཁ་ལོ་མ་བསྒྱུར་ན། །སྐད་སྒྲ་ཆེ་བས་ཅི་ལ་ཕན།  །གླིང་དཀར་དཔའ་རྟུལ་རྒྱལ་བློན་རྣམས།  །འགྲོགས་ཡ་ཡི་དམ་དཔུང་ཡ་ལྷ། །དམ་སྲི་ཐལ་བར་མ་བརླག་ན། །འཁོར་གསུམ་བསྐོར་བས་ཅི་ལ་ཕན།  །ལྟ་བུ་ཞིག་ལ་ཆ་མཚོན་ན།  མཁས་པས་བརྩམས་པའི་སྙན་ངག་གི་དཔེ་རྒྱན་དང་ཁྱད་པར་ཡོད་ཀྱང་ཞིབ་ཏུ་བརྟག་ན་མཚུངས་པ་གསལ་བྱེད་ཀྱི་སྒྲ་མངོན་གསལ་དུ་མཐོང་རྒྱུ་མེད་པ་མ་གཏོགས་དཔེར་བརྗོད་འདིའི་སྔོན་མའི་རྐང་བ་བཞིས་དཔེ་བསྟན་ཡོད་པ་དང་།  ཕྱི་མའི་རྐང་བ་བཞིས་དཔེ་ཅན་ནམ་དོན་བསྟན་ཡོད་པ་རེད།  སྙན་ངག་གི་དཔེ་རྒྱན་གྱི་མཚན་ཉིད་ལྟར་བརྟག་ན་དཔེ་རྒྱན་གྱི་གྲས་སུ་མི་འགྲོ་ཞེས་སུས་ཀྱང་སྒྲུབ་དཀའ་མོ་འདུག  དེས་ན་དཔེ་རྒྱན་ཡོད་ཚད་ཀྱི་ཚད་གཞི་སྙན་ངག་མེ་ལོང་ཡིན་དགོས་པའི་ངེས་པའང་མེད་སྙམ། གང་ལྟར་ཡིན་ཡང་གོང་གི་དཔེར་བརྗོད་ཀྱི་སྟེང་དུ་ང་ཚོས་རྟོགས་ཐུབ་པ་ནི།    གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བོའི་ནང་དུ་མཁས་པ་དྲག་ཞན་མང་པོས་སྙན་ངག་མེ་ལོང་གི་མཚན་ཉིད་ལྟར་གསར་རྩོམ་དང་ཁ་གསབ་གང་ལེགས་མཛད་དེ་ཇེ་རྒྱས་ཇེ་ཟབ་ཏུ་བཏང་བ་རྟོགས་ཐུབ་པ་རེད། ལར་དཔེ་རྒྱན་གྱི་རིགས་ལ་འདྲ་མིན་སྣ་ཚོགས་ཀྱི་དཔེར་བརྗོད་བཀོད་དེ་བརྗོད་ཆོག་མོད།    འོན་ཏེ་ཚིག་ཚོགས་མང་བར་དོགས་ནས་ཅུང་ཙམ་ཞིག་བརྗོད་པ་འདིས་ནད་བརྒྱ་སྨན་གཅིག་ཟེར་བའི་དཔེ་ལྟར་གཞན་ཐམས་ཅད་ཞོར་དུ་གོ་བར་གྱིས།  
            གཉིས། གཟུགས་རྒྱན་ནི། དཔེ་དང་དཔེ་ཅན་གཉིས་ངོ་བོ་ཐ་དད་དུ་མ་བྱས་པར་བརྗོད་པར་འདོད་པའི་དོན་དེ་ཉིད་དཔེའི་གཟུགས་སུ་བཀོད་པ་དེ་ནི་གཟུགས་ཅན་གྱི་རྒྱན་ཞེས་པ་ཡིན།  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནང་དུ་སྙན་ངག་གི་གཟུགས་རྒྱན་གྱི་བརྗོད་ཐབས་ནི་མགོ་རྔ་བར་གསུམ་དུ་བཀོད་ཡོད་པ་དང་། ལྷག་པར་དུ་གླུ་ཚིག་གི་ནང་དུ་མང་པོ་མཐོང་ཐུབ། སྒྲུང་ནང་གི་གཟུགས་རྒྱན་གྱི་སྐོར་དེ་མཁས་པས་བརྩམས་པའི་གཟུགས་རྒྱན་དང་བསྡུར་ན་མེ་ལོང་མའི་གཟུགས་རྒྱན་གྱི་མཚན་ཉིད་དང་འགལ་བ་མེད་ཀྱང་རྐང་བའི་མང་ཉུང་དང་། ཚེག་བར་གཅོད་མཚམས་བཅས་ཀྱི་ཐད་དུ་ལྟོས་ན་རང་དབང་ཡོད་མེད་དང་། མང་ཚོགས་ཀྱིས་གོ་བདེ་མིན། ཁ་དམ་ལྷོད་བཅས་ཀྱི་ཕྱོགས་སུ་ཁྱད་པར་སྤུ་ཙམ་ཡང་མེད་པ་མ་ཡིན་ཏེ། དཔེར་ན།   
            《ཧོར་གླིང་གཡུལ་འགྱེད་》ལས།  ཕ་བླ་མ་དགུང་གི་ཉི་མ་རེད།  །སོས་དལ་ཉིན་དགོས་མཁོ་མི་ཆེ་སྟེ། །ཤི་དམྱལ་བའི་ཟངས་ཁ་འགྲིམ་ཉིན་མཁོ། །ཆོས་ཟབ་མོ་དམ་ཆོས་བདུད་རྩི་དེ། །སོས་དལ་ཉིན་དགོས་མཁོ་མི་ཆེ་སྟེ། །ཚེ་ཕྱི་མ་བར་དོའི་ལམ་ལ་མཁོ། །ལྟ་བུ་དང་། དབྱངས་ཅན་དགའ་བློས། ཚེམས་ཕྲེང་ཀུན་ད་གསར་བ་ཕྲེང་བ་དང་། །དཀྱུས་རིང་སྤྱན་ཟུང་གཡོ་བའི་ཨུཧྥལ་བཞད། །མཚར་སྡུག་རྫི་མ་སྟུག་པོའི་གེ་སར་ཅན།   །ཁྱོད་ཞལ་མྱུར་དུ་འཇལ་བའི་སྐལ་བཟང་སྩོལ།   །ཞེས་པ་ལྟ་བུའི་གཟུགས་རྒྱན་གྱི་དཔེར་བརྗོད་གཉིས་ལས་གླིང་སྒྲུང་གི་དཔེར་བརྗོད་ལ་ཆ་མཚོན་ན།  བསྡོམས་པས་རྐང་བ་དྲུག་ལས་རྐང་བ་དང་པོ་སྟེ་བླ་མ་དགུང་གི་ཉི་མའི་གཟུགས་སུ་བཀོད་ཡོད་པ་དང་། རྐང་བ་བཞི་བ་སྟེ་ཆོས་ཟབ་མོ་བདུད་རྩིའི་གཟུགས་སུ་བཀོད་ཡོད་པ་རེད། ལྷག་མའི་རྐང་བ་བཞི་སྟེ་སྙན་ངག་གི་རང་བཞིན་བརྗོད་པའི་རྒྱན་ལ་གཏོགས་སོ། །  
            དབྱངས་ཅན་དགའ་བློས་བརྩམས་པའི་གཟུགས་ཅན་གྱི་དཔེར་བརྗོད་ལ་ཆ་མཚོན་ན། ཚེམས་ཕྲེང་ཀུན་ད་གསར་བ་ཕྲེང་བའི་གཟུགས་སུ་བཀོད་ཡོད་པ་དང་།   དཀྱུས་རིང་ཨུཧྥལ་གྱི་གཟུགས་སུ་བཀོད་ཡོད་པ།   རྫི་མ་གེ་སར་གྱི་གཟུགས་སུ་བཀོད་ཡོད། བསྡོམས་པའི་རྐང་བ་བཞི་ལས་རྐང་བ་གསུམ་གཟུགས་སུ་བཀོད་ཡོད་པ་རེད།    གོང་གསལ་གྱི་དཔེར་བརྗོད་མི་འདྲ་བ་གཉིས་འདི་གཟུགས་རྒྱན་ནང་གསེས་རྒྱན་གྱི་ཁྱད་པར་ཡོད་པ་མ་གཏོགས་གཟུགས་རྒྱན་སྤྱིའི་མཚན་ཉིད་ལ་མཐུན་ནོ། །ཡིན་ནའང་གླིང་སྒྲུང་གི་གཟུགས་རྒྱན་དང་སྙན་ངག་དངོས་ཀྱི་རྒྱན་གཉིས་ལ་མི་མཐུན་པའི་ཁྱད་ཆོས་མེད་པ་མ་ཡིན་ཏེ། དཔེར་ན།  གླིང་གེ་སར་སྒྲུང་གི་རྒྱན་དེ་ཁ་ལྷོད་ཅིང་གོ་བདེ་བ།  རྐང་བའི་མང་ཉུང་ལའང་ཚད་གཞི་ངེས་ཅན་ཞིག་མེད་པ་དང་། བརྡ་རྙིང་དང་མངོན་བརྗོད་ཀྱིས་ཀྱང་བཅིངས་པ་ཤིན་ཏུ་ཉུང་།   སྙན་ངག་དངོས་གྱི་རྒྱན་ནི་ཁ་ཅུང་དམ་ཞིང་མངོན་བརྗོད་ཅུང་མང་པོ་བཀོད་ཡོད།   རྐང་བའི་མང་ཉུང་གི་ཚད་གཞི་ཡང་ཕལ་ཆེར་རྐང་བ་བཞི་རེ་ཡིན། གཞན་ཡང་《ཧོར་གླིང་གཡུལ་འགྱེད་》ལས།  
            ཕ་ཁུ་བོ་དུག་ཤིང་སྟག་མ་ལས། །བུ་ཙན་དན་མེ་ཏོག་འཁྲུངས་ལམ་མེད། །སྡར་མ་ལྦ་ཡི་བུ་རྒྱུད་ལ།  །དམར་ཡག་འཛུམ་དྲུག་ཡོང་ལམ་མེད།  །ལྟ་བུའི་དཔེར་བརྗོད་ལ་ཆ་མཚོན་ན། བསྡོམས་པས་རྐང་བ་བཞི་ཡོད་ཅིང་རྐང་བ་སྔོན་མ་གཉིས་ལ་ཡིག་འབྲུ་བརྒྱད་རེ་དང་།  རྐང་བ་ཕྱི་མ་གཉིས་ཀ་ཡིག་འབྲུ་བདུན་རེ་ཡོད་པ་དང་།    རྐང་བ་དང་པོའི་ཕ་ཁུ་བོ་དུག་ཤིང་སྟག་མའི་གཟུགས་སུ་བཀོད་ཡོད་ཅིང་།   རྐང་བ་གཉིས་པའི་བུ་ཙན་དན་གྱི་གཟུགས་སུ་བཀོད་དེ་བརྗོད་ཡོད། ཕྱི་མའི་རྐང་བ་གཉིས་དེ་རང་བཞིན་བརྗོད་པའི་རྒྱན་གྱི་ཁོངས་སུ་གཏོགས་པ་རེད། དཔེ་བརྗོད་འདི་ལྟ་བུར་མཚོན་ན། ཚིག་གི་གཅོད་མཚམས་དང་། ཡིག་འབྲུའི་མང་ཉུང་བཅས་ཀྱི་ཐད་དུ་སྙན་ངག་དངོས་ཀྱི་ཚད་གཞི་དང་བསྡུར་ན་ཁྱད་པར་ཆེ་ཡང་མ་གཞི་རྒྱན་གྱི་མཚན་ཉིད་དང་འགལ་མེད་པས་རྐང་བ་སྔོན་མ་གཉིས་གཟུགས་རྒྱན་གྱི་གྲས་སུ་བཞག་ཆོག་ཅིང་།   ཡང་ན་མི་སྲིད་པའི་གཟུགས་རྒྱན་ཞེས་ཀྱང་བརྗོད་ཆོག  འདི་ལྟ་བུའི་བརྗོད་སྟངས་ནི་གླིང་གེ་སར་སྒྲུང་གི་ནང་དུ་དར་རྒྱ་ཆེ་བ་མ་ཟད།  སྔོན་ཆད་ཀྱི་མཁས་པའི་ལྗགས་རྩོམ་མང་པོའི་ཁྲོད་དུའང་དར་རྒྱ་ཤིན་ཏུ་ཆེའོ། །  
            གང་ལྟར་ཀྱང་སྔོན་བྱོན་གྱི་མཁས་པ་དང་དམངས་ཁྲོད་ཀྱི་སྒྲུང་པ་སོ་སོས་མང་ཚོགས་ཀྱི་གོ་བདེ་བའི་ངང་ནས་སྙན་ངག་གི་ཚིག་རྒྱན་མང་པོ་ལྟ་ན་སྡུག་པའི་མཛེས་རིས་བཀོད་དེ་སྒྲུང་དཔེ་འདིའི་རྩོམ་རིག་རྗོད་ཚིག་གི་སྒྱུ་རྩལ་གྱི་རིན་ཐང་སྔར་ལས་ཇེ་ཆེར་བཏང་བ་རེད།  
            སྤྱིར་ན་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་ད་དུང་དོན་རྒྱན་སོ་ལྔའི་བྱེ་བྲག་སྟེ། རབ་བཏགས་ཀྱི་རྒྱན་དང་། ཕུལ་བྱུང་གི་རྒྱན། ཉམས་ལྡན་གྱི་རྒྱན་ལྟ་བུ་མང་པོ་ཡོད་མོད།   དཔེ་རྒྱན་དང་གཟུགས་རྒྱན་གཉིས་དང་བསྡུར་ན་བཀོད་པའི་ཁྱབ་ཅུང་ཆུང་བས་འདིར་ཞིབ་ཏུ་བརྗོད་རྒྱུ་མིན།  
            གསུམ།  སྒྲ་རྒྱན་ཞེས་པའི་གོ་དོན་ནི།  རྗོད་བྱེད་ཀྱི་ཚིག་གང་དུ་ཡི་གེའི་གཟུགས་དང་སྒྲ་གདངས་སྔོན་རྗེས་ཡོད་མེད་སོགས་མཚུངས་པར་སྦྱར་བ་ལས་ཚིག་སྦྱོར་མཛེས་ཤིང་བརྗོད་བའི་དོན་ཡང་འགལ་བ་དང་འབྲེལ་མ་ཆགས་པ་སོགས་མིན་པའི་སྒོ་ནས་ལེགས་པར་སྟོན་ནུས་པ་ཞིག་ལ་ཟེར་བ་ལགས།  
            གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་ཚིག་སྦྱོར་མཛེས་ཤིང་གསོན་ཉམས་ལྡན་པའི་སྒྲ་རྒྱན་གྱི་སྙན་རྩོམ་མི་ཉུང་བ་ཞིག་བཀོད་ཡོད།  དེ་དག་ལས་སྙན་ངག་མེ་ལོང་གི་ལེའུ་གསུམ་པའི་འབྲི་སྲོལ་ལྟར་དུ་མཁས་པས་བརྩམས་པའི་སྒྲ་རྒྱན་གྱི་ཚིག་རྐང་མཆིས་ལ། གླིང་སྒྲུང་རང་ཉིད་ལས་གྲུབ་པའི་སྒྲ་རྒྱན་གྱི་ཚིག་རྐང་ཡང་ཡོད། ད་དུང་དམངས་ཁྲོད་ཀྱི་ངག་ཐོག་ཏུ་རྒྱུན་པར་ཐོས་ཐུབ་པའི་སྒྲ་རྒྱན་སྐོར་ཞིག་ཀྱང་བཀོད་ཡོད་པ་རེད།   
            དཔེར་ན། སྙན་ངག་གི་སྒྲ་རྒྱན་ལྟར་བྲིས་པའི་སྙན་རྩོམ་སྟེ།   
            《ཧོར་གླིང་གཡུལ་འགྱེད་》ལས། དལ་དལ་མཆོད་ཅིང་བསྟེན་པའི་ལྷ། །བྲེལ་བྲེལ་དུས་ན་མ་གཡེལ་བྱོན། །ཆུང་ཆུང་དུས་ནས་སྦྱངས་པའི་མདའ། །ངེས་ངེས་དུས་ན་མ་གཟུར་དགོས། །ཞེས་པ་ལྟ་བུ་དང་། ཡང་ཧོར་གླིང་གཡུལ་འགྱེད་ལས། ཤིང་སྡོང་བོ་གཞོན་དུས་བྲེགས་ན་དགའ། །མེ་འབར་ཆུང་དུས་བསད་ན་དགའ། །སྟག་པགས་མགོ་ནས་མཉེས་ན་དགའ། །སྡང་དགྲ་བོ་མགོ་ནས་བཅོམ་ན་དགའ། །ལྟ་བུ་དང་།   
            གཞན་ཡང་ཞིབ་བསྡུར་གྱི་དགོས་མཁོ་ལྟར་དུ་ད་ལྟའི་མཁས་པའི་བརྩམས་པའི་དཔེར་བརྗོད་གཉིས་བཀོད་ན།  《ཚིག་རྒྱན་རིག་འབྱེད་》ལས། སྙན་སྙན་དཎྜིའི་གཞུང་གི་ཚིག་དོན་ཀུན།།ཟབ་ཟབ་མཁས་པའི་གསུང་ལས་འོངས་པ་བཞིན།  །གསལ་གསལ་བློ་དང་ལྡན་པའི་སློབ་གྲོགས་ལ། །ལྷོད་ལྷོད་མགྲིན་པའི་ལམ་ནས་འཆད་ལ་སྤྲོ། །ལྟ་བུ་དང་།   
            《ཚངས་སྲས་བཞད་སྒྲ་》ལས།  ཁྱོད་སྐུའི་མཚར་སྡུག་འགྲོ་བའི་མིག་ངོར་འབབ། །ཟབ་རྒྱས་ཆོས་ཀྱི་སྙན་འགྱུར་རྣ་བར་འབབ། །ཐུགས་རྗེའི་གཟུགས་པ་མཁའ་མཉམ་འགྲོ་བ་འབབ། །འཕྲིན་ལས་ཆུ་བོ་བསྐལ་བའི་ལམ་གསུམ་འབབ། །ཅེས་པ་ལྟ་བུའི་དཔེར་བརྗོད་རྣམས་ཕན་ཚུན་ལ་བསྡུར་ཏེ་བརྟག་ན།  གླིང་གེ་སར་སྒྲུང་གི་དཔེར་བརྗོད་དང་པོ་དང་མཁས་པས་བརྩམས་པའི་དཔེར་བརྗོད་དང་པོ་གཉིས་ཀའི་རྐང་བ་བཞི་པོའི་ཐོག་མ་སྟེ།  དལ་དལ་བྲེལ་བྲེལ་ཆུང་ཆུང་ངེས་ངེས་དང་།  སྙན་སྙན་ཟབ་ཟབ་གསལ་གསལ་ལྷོད་ལྷོད་ཚང་མ་ཟུང་ལྡན་ཡིན་པ་དང་།   གླིང་གེ་སར་སྒྲུང་གི་དཔེར་བརྗོད་གཉིས་པ་དང་མཁས་པས་བརྩམས་པའི་དཔེར་བརྗོད་གཉིས་ལ་ཆ་མཚོན་ན།  གླིང་གེ་སར་སྒྲུང་གི་དཔེར་བརྗོད་ཀྱི་རྐང་བ་བཞི་མཐའ་མར་དགའ་ཞེས་པའི་ཟུང་ལྡན་གྱི་བར་ཆོད་པ་དང་། མཁས་པའི་རྩོམ་གྱི་རྐང་བ་བཞི་མཐའ་འབབ་ཅེས་པའི་ཟུང་ལྡན་གྱི་བར་ཆོད་ཡོད་པ་རེད།   གོང་གསལ་གྱི་དཔེར་བརྗོད་འདི་དག་གི་བར་དུ་ཚིག་གི་གཅོད་མཚམས་དང་།  ཡིག་འབྲུའི་མང་ཉུང་།  ཡིག་སྐད་དང་ཁ་སྐད་ཀྱི་ཁྱད་པར་མ་གཏོགས་སྙན་ངག་གི་སྒྲ་རྒྱན་དངོས་དང་ཁྱད་པར་མེད་ཅེས་ཁ་ཚིག་བཅད་ནས་བཤད་ཆོག  
            ད་དུང་སྒྲ་རྒྱན་སྐོར་ཞིག་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཁོ་ན་ལས་གཞན་རྩོམ་གང་དུ་ཡང་ཤིན་ཏུ་མཐོང་དཀོན་པོ་འདུག   
            དཔེར་ན།  《ཧོར་གླིང་གཡུལ་འགྱེད་》ལས།  དབུ་དར་འཕྲུ་དགུང་དུ་ལིངས་སེ་ལིང་།  །ཆོས་སྲུང་སྤྲིན་ལྟར་འཐིབས་སེ་འཐིབ།  །རྒོད་འཕྲུའི་རྩེ་མོ་ལྡེམས་སེ་ལྡེམ། །མ་མཁའ་འགྲོའི་གར་སྟབས་ཁྲིགས་སེ་ཁྲིག  དབུ་རྨོག་དཀར་འོད་ཟེར་ལམས་སེ་ལམ། །དཔའ་དགྲ་ལྷའི་ཁ་སོ་ཐམས་སེ་ཐམ། །ཁྲབ་ཐོག་ཐུབ་བྱང་རྒྱུན་སྤུངས་སེ་སྤུང་། །ཝེར་མའི་དམག་དཔུང་ཁྲིགས་སེ་ཁྲིག །ཅེས་པ་ལྟ་བུའི་སྒྲ་རྒྱན་ལ་ཆ་མཚོན་ན།  དམངས་ཁྲོད་ངག་ཐོག་ཏུ་བརྗོད་པའི་སྲོལ་ཀྱང་དར་ཁྱབ་ཏུ་སོང་མེད་པ་མ་ཟད། གནའ་རབས་ཀྱི་རྩོམ་དང་དེང་རབས་ཀྱི་རྩོམ་གང་དུ་ཡང་མཐོང་དཀོན་པར་བརྟེན།   སྒྲ་རྒྱན་འདི་རིགས་ནི་གླིང་སྒྲུང་རང་སྟེང་དུ་གྲུབ་པའི་རྒྱན་ངོ་མཚར་ཅན་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་ཅིང་། གླིང་སྒྲུང་གི་རྗོད་ཚིག་ལས་མེད་དུ་མི་རུང་བའི་ཚིག་རྒྱན་སྐོར་ཞིག་ཀྱང་ཡིན། འོ་ན་སྒྲ་རྒྱན་འདི་རིགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་ཡོད་ཅེ་ན། གཙོ་བོ་རྗོད་ཚིག་གི་ཐ་སྙད་མང་ཆེ་ཤས་ནི་སྒྲུང་དཔེ་ཁོ་ནས་ཆེད་བཀོལ་གྱི་ཐ་སྙད་ཡིན་ཞིང་། ཚིག་སྦྱོར་བདེ་བ། ཉན་ན་རྣར་འཇེབས་པ། རྐང་བ་རེ་རེའི་མཐའ་མའི་ཟུང་ལྡན་གྱི་ཚིག་ལས་བྱ་སྤྱོད་ཀྱི་ཉམས་བསྟན་ཡོད་ཅིང་།   རྗོད་བྱེད་ཀྱི་ཚིག་ལ་སྔར་ལས་ཤུགས་སྣོན་པའི་ནུས་པ་ཐོན་ཡོད་པ་རེད།   
            ད་དུང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་དམངས་ཁྲོད་ཀྱི་ངག་ཐོག་གི་བརྗོད་སྲོལ་དང་མཐུན་པའི་སྒྲ་རྒྱན་སྐོར་ཞིག་བཀོད་ཡོད་པ་དེ་ནི།   
            དཔེར་ན། 《ཧོར་གླིང་གཡུལ་འགྱེད་》ལས། ཤར་ནས་ཁྲི་གདུགས་ཐ་ལ་ལ། །ལྷོ་ནས་ལྷོ་སྤྲིན་ཐ་ལ་ལ། །ནུབ་ནས་གྲིབ་སོ་ཐ་ལ་ལ། །བྱང་ནས་སྐྱི་བསེར་ཐ་ལ་ལ། །ཕ་བླ་མའི་གསུང་ཆོས་ཐ་ལ་ལ། །དཔོན་བཟང་པོའི་ཞལ་ཏ་ཐ་ལ་ལ། །རི་མཐོན་པོའི་ཁ་ཆར་ཐུ་ལུ་ལུ། །དམའ་རྒྱ་མཚོའི་རླངས་པ་ཐུ་ལུ་ལུ། །མི་ངན་པའི་ཚིག་ངན་ཐུ་ལུ་ལུ།  །ལྟ་བུ་དང་།  །ཡང་ན། ཕོ་ཁ་དགུ་བསྐོར་ན་བྱང་མ་ཡིན། །བྱང་མའི་བྱང་གཏམ་ཤ་ར་ར། །མོ་ཁ་དགུ་བསྐོར་ན་ཁྲམ་མ་ཡིན། །ཁྲམ་མའི་ཁྲམ་གཏམ་ཤུ་རུ་རུ། །ཁྱི་ཁ་དགུ་བསྐོར་ན་རྐུན་མ་ཡིན། །རྐུན་མས་སྣ་སུད་ཁྱི་ལི་ལི། །ལྟ་བུ་དང་།   
            《བདུད་འདུལ་》ལས། ཤར་ན་ཉི་ཟླ་ད་ལ་ལ། །ལྷོ་ན་ཆར་སྤྲིན་ད་ལ་ལ། །ནུབ་ན་གྲིབ་སོ་ད་ལ་ལ། །བྱང་ན་སྐྱི་བསེར་ད་ལ་ལ། །ཞེས་པ་ལྟ་བུའོ། །   
            ཁྱད་མཚར་གྱི་སྒྲ་རྒྱན་འདི་དང་དམངས་ཁྲོད་ཀྱི་འཚོ་བའི་ནང་དུ་རྒྱུན་བཀོལ་གྱི་སྐད་ཆ་དང་ཞིབ་བསྡུར་བྱས་ཏེ་བརྟག་ན།  སྒྲུང་དཔེ་ནང་གི་ད་ལ་ལ་དང་ཐུ་ལུ་ལུ།  ཤུ་རུ་རུ།  ཤ་ར་ར་ཚང་མ་དམངས་ཁྲོད་ཀྱི་ངག་ཐོག་ལས་རྒྱུན་པར་ཐོས་ཐུབ་པ་རེད། དཔེར་ན། འདབ་ཆགས་བྱས་སྔོ་ཞིང་དྭངས་པའི་མཚོ་མོ་དག་མཐོང་བའི་མོད་ལ་གཤོག་ཟུང་བརྡབས་ནས་ད་ལ་ལ་འབབ་འདོད་ཀྱི་ཚུལ་སྟོན་པ་ལྟ་བུ་དང་།  དྲི་ངན་སོགས་བསྣམས་པའི་ཚེ་དྲི་མ་ཐུ་ལུ་བྲོ་ཞེས་པ་ལྟ་བུ་དང་། རླུང་སྒྲ་འུ་རུ་རུ་གྲགས་ཞེས་པ་ལྟ་བུ། སྐད་ཆ་ཤུ་རུ་རུ་བཤད་ཅེས་པ་ལྟ་བུ་དག་དམངས་ཁྲོད་ཀྱི་ངག་ཐོག་ནས་རྒྱུན་པར་བཀོལ་བཞིན་མཆིས།  གླིང་གེ་སར་སྒྲུང་གི་སྒྲ་རྒྱན་འདིའི་རིགས་ད་དུང་སྔོན་བྱོན་མཁས་པའི་གླེགས་བམ་ལ་ལའི་སྟེང་དུ་ཡང་མཐོང་ཐུབ་མོད། ཡིན་ནའང་དམངས་ཁྲོད་ཀྱི་ཁ་སྐད་དང་ཧ་ཅང་ཉེ་བ་རེད། དཔེར་ན།   
            《ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱི་གསུང་མགུར་》ལས།  ཉམས་དགའ་མཚོ་སྙིང་རི་བོ་ན། །སྤོས་དང་དྲི་བཟང་ཆི་ལི་ལི། །ལྗོན་ཤིང་ལོ་འདབ་ཁྲི་ལི་ལི། །མེ་ཏོག་སྣ་ཚོགས་ཁྲ་ལམ་ལམ། །བུང་བ་གླུ་ལེན་དི་རི་རི། །ཁོར་ཡུག་རྒྱ་མཚོ་མེ་རེ་རེ། ཉ་མོ་ཟས་འཚོལ་ཤ་ར་ར། །རྦ་རླབས་སྣ་ཚོགས་ཉི་ལི་ལི། །ཆུ་བྱ་སྐད་སྙན་ཀྱུ་རུ་རུ། །སྟེང་ན་ནམ་མཁའ་ས་ལ་ལ། ལྟ་བུར་མཚོན་ན། ཡིག་ཐོག་ཏུ་བཀོད་པའི་མཁས་པའི་གསུང་མགུར་ཡིན་ནའང་།  དམངས་ཁྲོད་ཀྱི་ཁ་སྐད་དང་གཏན་ནས་བྲལ་མེད།  གལ་སྲིད་སྒྲ་རྒྱན་འདི་རིགས་མང་ཚོགས་ཀྱི་ཁ་སྐད་དང་བྲལ་ཏེ་ཡིག་ཐོག་ཁོ་ནའི་ལམ་དུ་བརྗོད་ན་དེ་འདྲའི་ནུས་ཤུགས་ལྡན་པ་ཞིག་ཡོང་མི་ཐུབ།  ལར་གླིང་གེ་སར་སྒྲུང་གི་སྒྲ་རྒྱན་ཕལ་ཆེར་གྱི་འབྱུང་ཁུངས་དམངས་ཁྲོད་ངག་ཐོག་གི་སྒྲ་རྒྱན་ཡིན་མོད། འོན་ཏེ་གླིང་སྒྲུང་གི་གླུ་རྟ་ཐ་ལ་ལ་ལྟ་བུ་དང་། ཨ་ལ་ལ་ལྟ་བུ། བྱའི་གླུ་རྟ་ཁྲུང་ཁྲུང་། ཤང་ཤང་ལྟ་བུར་མཚོན་ན།དམངས་ཁྲོད་ཀྱི་ངག་ཐོག་དང་མཁས་པའི་ལྗགས་རྩོམ་གང་དུ་ཡང་མཐོང་བའི་སྐལ་བ་ཤིན་ཏུ་ཕྲ།    སྒྲ་རྒྱན་འདི་རིགས་ནི་སྒྲུང་པ་དང་སྒྲུང་དཔེ་དག་སྒྲིག་མཁན་གྱིས་གསར་དུ་བསྐྲུན་པའི་གླིང་སྒྲུང་གི་ཆེད་བཀོལ་སྒྲ་རྒྱན་ཡིན་ཞེས་གླེང་ན་མི་ཆོག་པ་མེད་སྙམ།  
            གཞན་ཡང་གླིང་སྒྲུང་ནང་གི་མི་སྣ་དང་ཡུལ་ལྗོངས་སོགས་བྲིས་པའི་ཚིག་གི་ཁྱད་ཆོས་ཀྱང་གཞན་གྱི་རྩོམ་ཡིག་གང་ལའང་མི་མཚུངས་པར།  རྩོམ་ཉམས་ཧ་ཅང་ལྡན་ཞིང་ཡིད་དབང་རབ་ཏུ་འཕྲོག་པ། སྐྱེ་བོ་སུས་བཀླགས་ཀྱང་ཡིད་ལ་མི་གསོན་པོ་དང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་དངོས་སུ་མཐོང་བའི་སྣང་ཚུལ་ཞིག་བཅོས་མིན་དུ་སྟེར་བ་ལགས། དཔེར་ན།   
            《ཧོར་གླིང་གཡུལ་འགྱེད་》ལས། འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང་།།སྐད་ལྷང་ལྷང་ཁུ་བྱུག་གྲགས་ས།  །ཞེ་ལྷང་ལྷང་ཅོ་ག་འགྱུར་ས།  །དཔལ་བདེ་མཆོག་ནོར་བུའི་ཕོ་བྲང་། །དབྱིབས་གྲུ་བཞི་ས་ཡི་གདན་ཐོག །ཅེས་གླིང་དཀར་སྟོད་ཀྱི་ཡུལ་ལྗོངས་ཀྱི་རྣམ་པ་བྲིས་འདུག་པ་མཐོང་བའི་ཚེ། གླིང་དཀར་སྟོད་ཀྱི་ས་ཆ་དེར་སྐྱིད་ཀྱི་མེ་ཏོག་ཡོངས་སུ་བཞད་ཅིང་བདེ་བའི་ཟེའུ་འབྲུ་ལེགས་པར་སྨིན་པ་དང་།  འདབ་ཆགས་ཁུ་བྱུག་ཅོ་ག་དང་བཅས་པ་ལྷང་ལྷང་གྲགས་པའི་ནགས་ཀླུང་མཛེས་ཤིང་སྡུག་པས་རྣམ་པར་བརྒྱན་འདུག་པ་ཐམས་ཅད་རྩོམ་གྱི་ཤུགས་སུ་ལྷང་ངེར་རྟོགས་ཐུབ་པ་རེད།  གླིང་སྒྲུང་ལས་མི་སྣའི་གཟུགས་བརྙན་ཞིབ་འབྲི་ལའང་ཁྱད་མཚར་ཅན་གྱི་ཁྱད་ཆོས་ལྡན་པ་རེད། དཔེར་ན།   
            《ཧོར་གླིང་གཡུལ་འགྱེད་》ལས། ཁ་ཕར་འཁོར་སྐྲ་མཛེས་རྒྱན་ཡག་མ། །ཁ་ཚུར་འཁོར་འཇའ་རིས་མདངས་ལྡན་མ། །འགྲོས་ཕར་འགྲོ་གོམ་པ་རྟ་བརྒྱའི་རིན།  །མ་མཁའ་འགྲོས་གར་སྟབས་བསྒྱུར་བ་འདྲ།  །ཚུར་འོང་ལུགས་སྨུག་པོ་དྲེལ་བརྒྱའི་རིན།  །ལྷ་རིག་འཛིན་རྩེ་བྲོ་འཁྱུག་པ་འདྲ།  །ཉམས་དགའ་བ་རྩེ་ལུགས་མཛོ་བརྒྱའི་རིན། །མི་གཞན་ཡིད་འཕྲོག་པའི་ལྕགས་ཀྱུ་འདྲ། །སོ་འཛུམ་དཀར་བསྟན་ན་ལུག་བརྒྱའི་རིན། །ཤེལ་མུ་ཏིག་ཕྲེང་ཆུང་བསྒྲིགས་པ་འདྲ། །སྐྲ་གཡས་པ་གཡས་སུ་འཕངས་པ་ན། །རྒོད་ཐང་དཀར་གཤོག་པ་བརྒྱངས་པ་འདྲ།།སྐྲ་གཡོན་པ་གཡོན་དུ་འཕངས་པ་ན།  །རྒོད་ཐང་སྨུག་གནམ་འཕོང་གཅོད་པ་འདྲ།  །རྒྱབ་སྐྲ་རྒྱན་གཡུ་བྱུར་ཕྲེང་བསྒྲིགས་པ།  །ལྷའི་བུ་མོ་མི་ཡུལ་འོངས་པ་འདྲ། །མདུན་ཁ་དོག་སྣ་ལྔའི་རྒྱན་ཆ་དེ། །བྱ་རྨ་བྱས་སྒྲོ་གུར་ཕུབ་པ་འདྲ། །ཡར་ལངས་ན་རྒྱ་དར་ཕར་པ་འདྲ། །མར་བསྡད་ན་གུར་ཁང་ཕུབས་པ་འདྲ། །ཞེས་པ་ལྟ་བུ་བཀོད་ཡོད་པར་ཆ་མཚོན་ན།  སེང་ལྕམ་འབྲུག་མོའི་གཟུགས་བྱད་དང་བཞིན་རས། གྱོན་ཆས། རྒྱན་ཆ་ལ་སོགས་སྙན་ཞིང་འཇེབས་པའི་ཚིག་ཕྲེང་གིས་ལེགས་པར་བྲིས་འདུག་པ་ལས་གཞན།  རྩོམ་འདི་བཀླགས་མ་ཐག་ཏུ་མཛེས་མ་གཞན་དང་མཚུངས་པའི་ཁྱད་པར་ཅན་གྱི་རིན་ཐང་ལྡན་ཞིང་། ངོ་མཚར་ཆེ་བ།  སྐབས་གསུམ་ལྷའི་བུ་མོ་དང་གཉིས་སུ་མ་མཆིས་པ་ཞིག་མིག་ལམ་དུ་ཤར་བྱུང་བའི་སྣང་ཚུལ་ཞིག་བཅོས་མིན་དུ་སྟེར་བ་རེད།  
            སྤྱིར་ན་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་རྗོད་བྱེད་ཚིག་གི་སྐོར་ནི་མུ་མཐའ་མེད་པའི་ཆུ་གཏེར་ཡངས་པ་ཞིག་དང་མཚུངས་པར་རྒྱ་ཆེ་ཞིང་གཏིང་ཟབ་པས་ན། རྗོད་བྱེད་ཚིག་གི་ཁྱད་ཆོས་ཀྱང་ཆ་ཚང་ཞིང་དོན་ཟབ་པ་ཞིག་བརྗོད་དཀའ་མོད།   ཡིན་ནའང་ངེད་ཅག་ཐམས་ཅད་ཀྱིས་རིག་པའི་ནུས་ཤུགས་ཡོད་ཚད་བཀོལ་ནས་རིན་པོ་ཆེ་ལྟ་བུའི་དཔྱད་གཏམ་སྣ་ཚོགས་སྤེལ་ན།  སླད་ཆར་རང་རེའི་བོད་གངས་ཅན་གྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་དང་རྒྱུད་འཛིན་གྱི་ཐད་ལ་ཕན་འབྲས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་ཞིག་ཐོན་ངེས་ལགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1