གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༢༩ཉིན།

༄༅།། སྙན་ངག་གི་གོ་དོན་ལ་དཔྱད་པ།

 བསམ་གཏན།
          ཁོ་བོ་ཐོས་པའི་རྒྱ་ཆུང་ཞིང་། བརྩོན་འགྲུས་གོ་ཆ་མི་བརྟན་ཡང་། ལོག་རྟོག་མུན་པ་སེལ་བ་ལ། བླ་མའི་འོད་སྟོང་སྐལ་བས་ཐོབ། འདི་ན་དམ་པའི་ལེགས་བཤད་དྭངས་མ་ལ།  བླུན་པོའི་ལོག་བཤད་ས་རྡུལ་ཪྙོག་མཐོང་བས། དྭངས་བྱེད་ནོར་བུ་ཀེ་ཏ་ཀ་ཡི་ཚོམ།   བློ་གསལ་མགྲིན་པའི་རྒྱན་དུ་སྤྲོ་བས་འབུལ།   
          རང་ཅག་གངས་ཅན་ལྗོངས་འདིར་སྔོན་བྱོན་ལོ་པཎ་མཁས་གྲུབ་རྣམས་ཀྱིས་སྐུ་དྲིན་ལས་ཕྱི་རབས་པ་རྣམས་ལ་སྤྱད་ནས་རྫོགས་མེད་དང་གཞལ་ན་དཔག་དཀའ་བའི་རིག་གནས་ཀྱི་བང་མཛོད་སྲིད་གསུམ་ཀུན་གྱི་སྙེམས་པ་འཕྲོག་པའི་ཕྱག་རྗེས་བླ་ན་མེད་པ་འདི་རྒྱུན་འཛིན་དང་ཁྱབ་སྤེལ་གྱི་འགན་བབ་ང་ཚོ་ཀུན་གྱི་ཐོག་ཏུ་འབབ་པ་འདི་ཡང་ལུང་དང་རིགས་པས་གཏན་ལ་ཕབ་དགོས་པ་ལས། རང་བློར་གང་ཤར་དང་གཟུ་ལུམ་སྒྲོ་སྐུར་བྱེད་པ་ནི་རིགས་པའི་གནས་མ་ཡིན་པས་འདིར་ཡང་སྙན་ངག་གི་གོ་དོན་ལ་སྔོན་བྱོན་མཁས་པའི་ལུང་དྲངས།  རྒྱབ་བརྟེན་དཔྱད་གསུམ་རིགས་པའི་ལམ་ནས་ཅུང་ཟད་སྤྲོ་བ་ལ།   
          སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་ཆེན་མོ་མེ་ལོང་མ་ཉིད་འཇིག་རྟེན་གྱི་མིག་གཅིག་པུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མ་བསྒྱུར་གོང་། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་མཛད་པའི《སྙན་ངག་གི་ལེའུ་གསུམ་གྱི་རྒྱ་ཆེར་འགྲེལ་བ་མི་འཇིགས་སེང་གེའི་རྒྱུད་ཀྱི་ང་རོའི་སྒྲ་དབྱངས》ནང་མེ་ལོང་མའི་བོད་འགྲེལ་དུ་སྔ་བ་མཁས་པ་འཇུག་པའི་སྒོ་ཡིན་པར་གསུངས་པ་ལྟར། ས་པཎ་གྱིས་མཛད་པའི《མཁས་པ་འཇུག་པའི་སྒོ》ལས། རྩོམ་པ་ལ་འཇུག་པའི་སྐབས། སྙན་ངག་གི་བསྟན་བཅོས་སྐྱེས་པའི་རབས་དང་ཆེན་པོ་གསུམ་དང་ཆུང་ངུ་གསུམ་ལ་སོགས་པ་དང་ཞེས་དང་། སྙན་ངག་ལ་ནི་ལུས་དང་རྒྱན། རྣམ་པ་གཉིས་སུ་བསྡུས་ཏེ་བཤད། (1)ཅེས་སོགས་མེ་ལོང་མའི་བརྗོད་བྱ་རགས་བསྡུས་བསྟན་ཡོད། ཕྱིས་ནས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བསྒྱུར་བ་ལ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས《སྙན་ངག་མེ་ལོང་གི་ས་བཅད》དང《སྙན་ངག་གི་བསྟན་བཅོས་པདྨ་དཀར་པོའི་ཕྲེང་བ》ལ་སོགས་མཛད་དེ་རྒྱས་འགྲེལ་གྱི་སྲོལ་ཕྱེ་བ་དེ་ནས་བཟུང་མཁས་གྲུབ་མང་པོས་མཛད་པའི་སྙན་ངག་གི་བསྟན་བཅོས་མཐའ་ཡས་པར་སྣང་། དེས་ན་སྙན་ངག་ཅེས་པའི་བརྡ་ཆད་འདི་ཐོག་མར་ས་པཎ་གྱིས་མཁས་འཇུག་ནང་ལེགས་སྦྱར་གྱི་སྐད་ཀ་བྱ་བོད་སྐད་དུ་སྙན་ངག་ཅེས་བསྒྱུར་ཕབ་མཛད་པ་འདི་ཡང་སློབ་དཔོན་དབྱུག་པ་ཅན་གྱི་མེ་ལོང་མ་གཞིར་བཟུང་ནས་གསུངས་ཡོད་པ་གོང་བརྗོད་རིན་སྤུངས་པའི་གསུང་དང་ས་པཎ་ཉིད་ཀྱི་བསྟན་བཅོས་མཁས་འཇུག་གི་བརྗོད་བྱ་ལས་ངེས་ཤེས་ཐུབ་པས་སྙན་ངག་གི་གོ་དོན་ཡང་། བོད་མཁས་པའི་སྙན་ངག་རྩ་འགྲེལ་ལས། འདིར་སྙན་ངག་ནི་བརྫོད་བྱའི་དོན། མེ་ལོང་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། སྙན་ངག་ཏུ་གང་གིས་འཇོག་པ་སྟེ། བསྟན་བཅོས་འདིའི་ནང་དུ་གསལ་བར་འཆར་བས་མེ་ལོང་ཞེས་ཏེ། འདྲ་བ་རྒྱུ་མཚན་དུ་བྱས་པ་ཡང་ཡིན་ལ། བརྗོད་བྱ་དང་རྗོད་བྱེད་འབྲེལ་ཏེ་གཞི་མཐུན་གྱིས་བསྡུ་བས། སྙན་ངག་མེ་ལོང་ཞེས་སོ། (2)ཞེས་འབྱུང་བ་ལྟར་གཞུང་མེ་ལོང་མར་བསྟན་པ་ཇི་བཞིན་གོ་དགོས་པ་གནད་དམ་པའོ། །   
          བོད་ཀྱི་རིག་གནས་ལ་སྦྱངས་པ་ཡོད་པའི་སྐྱེ་བོ་སུ་ཞིག་ཡིན་ནའང་བཅུ་ཕྲག་རིག་གནས་ཀྱི་བྱེ་བྲག་སྙན་ངག་ཅེས་བགྲང་དུས་སློབ་དཔོན་དབྱུག་པ་ཅན་དང་ཁོང་གི་བརྩམས་ཆོས་སྙན་ངག་མེ་ལོང་གཉིས་ཡིད་ཀྱི་སྣང་ངོར་ལྷམ་མེར་ཤར་མོད། སྙན་ངག་མེ་ལོང་མ་དང་ཕྱིས་བྱུང་མཁས་པའི་སྙན་འགྲེལ་དག་གི་བརྗོད་དོན་ལ་གོ་བ་ལོག་སྒྲུབ་ཏུ་སོང་བ་མང་དུ་མཆིས་ཏེ། སྙན་ངག་ཅེས་པ་ལུས་ངེས་པར་དུ་ཚིགས་བཅད་ཀྱི་རྣམ་པར་འདོད་པ་དང་། སྙན་ངག་ཅེས་པ་ཚིག་རྒྱན་རིག་པ་དང་དབྱེར་མེད་གཅིག་ཏུ་འདོད་པ་ལ་སོགས་པར་སྐབས་བབ་སོ་སོའི་དགོངས་གཞི་རེ་ཡོད་སྲིད་མོད། སྙན་ངག་མེ་ལོང་མའི་དགོངས་པ་འཁྲུལ་མེད་མ་ཡིན་ཏེ། མེ་ལོང་མར། ལུས་ནི་རེ་ཞིག་འདོད་པ་ཡི། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། དེ་ཡང་ཚིགས་བཅད་ལྷུག་པ་དང་། སྤེལ་མ་རྣམ་གསུམ་ཉིད་དུ་གནས། (3)ཞེས་པ་སྙན་ངག་གི་ལུས་ནི་སྙན་ངག་སྨྲ་བ་པོའི་བརྗོད་པར་འདོད་པའི་བརྗོད་བྱ་གང་ཡིན་པ་དེ་རྗོད་བྱེད་ཚིག་གི་ཕྲེང་བས་ལེགས་པར་སྤེལ་བ་དེ་ཡང་ཚིག་སྦྱོར་གྱི་རྣམ་པའི་སྒོ་ནས་རྐང་པ་བཅད་པའི་ཚིགས་བཅད་དང་། ངག་གང་ལ་རྐང་པ་སོ་སོར་མ་བཅད་པའི་ཚིག་རྒྱུན་ཇི་ལྟར་འཚམ་པའི་ངག་གི་ཕྲེང་བར་བརྗོད་པའི་ཚིག་ལྷུག ཚིགས་བཅད་པ་དང་ལྷུག་པ་འདྲེས་པའི་སྤེལ་མ་བཅས་རྣམ་པ་གསུམ་དུ་གསུངས་པ་འདི་ཡང་ཇི་སྐད་དུ་ལྔ་བ་ཆེན་པོས། བཅད་ལྷུག་སྤེལ་མའི་ལང་ཚོ་དར་ལ་བབ། སྡེ་བཞིའི་གཏམ་གྱིས་སྲོག་ཅན་རིགས་ལྡན་མ། སྒྲ་དོན་གབ་ཚིག་ནོར་བུའི་རྒྱན་གྱིས་སྤུད། ཉམས་འགྱུར་སྙན་པའི་གླུ་དབྱངས་མགྲིན་པར་ལེན། (4)ཞེས་གསུངས་པས་སྙན་ངག་གི་ལུས་ངེས་པར་དུ་ཚིགས་བཅད་ཀྱི་རྣམ་པར་འདོད་པ་ཁེགས།   
          སྙན་ངག་དང་ཚིག་རྒྱན་རིག་པ་གཉིས་དབྱེར་མེད་གཅིག་ཏུ་འདོད་པ་ནི་དེ་གཉིས་ཀྱི་དབྱེ་བ་ལ་འཁྲུལ་པ་ཞིག་སྟེ། ཚིག་རྒྱན་རིག་པ་ནི་རྗོད་བྱེད་ཀྱི་ངག་གང་ཇི་ལྟར་བྱས་ནས་མཛེས་པར་བྱེད་པའི་ཐབས་ལམ་སྟོན་བྱེད་ཞིག་ལ་གོ་དགོས། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས། ཞེས་ཀུན་གྱི་ཁ་ན་གླེང་བ་འདི་ཡང་སྙན་ངག་ཇི་ལྟར་སྦྱོར་བའི་ཚུལ་ཚིག་གི་རྒྱན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་འཆད་པའི་ཚིག་རྒྱན་ཤེས་པས་སྙན་ངག་གི་ཚིག་སྦྱོར་ལ་རྨོངས་མི་འགྱུར་ཞེས་པའི་དོན་ལས་སྙན་ངག་དང་ཚིག་རྒྱན་གཉིས་དབྱེར་མེད་གཅིག་ཏུ་གསུངས་པ་ག་ལ་ཡིན་ཏེ། སྙན་ངག་མེ་ལོང་མར་དོན་རྒྱན་སྒྲ་རྒྱན་གབ་ཚིག་རྒྱན་བཅས་སྙན་ངག་མཛེས་པར་བྱེད་པའི་རྒྱན་རྣམས་བསྟན་ཡོད་ལ། གཞན་གོང་དུ་བརྗོད་པ་བཞིན་སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་གསུམ་དང་། སྙན་ངག་ཆེན་པོའི་མཚན་ཉིད་བརྗོད་སྐབས་རྩ་ཚིག་ལས། དེ་ཡི་མཚན་ཉིད་བརྗོད་པར་བྱ། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། ངེས་པར་བསྟན་པའང་དེ་ཡི་སྒོ། (5)ཞེས་བསྟན་བཅོས་ཐོག་མར་ཤིས་པར་བྱ་བའི་ཚིག་སྦྱོར་དགོས་པ་ནི་མེ་ལོང་རྩ་བར། གདོང་བཞི་གདོང་གི་པད་ཚལ་གྱི། ངང་པའི་བུ་མོ་ཐམས་ཅད་དཀར།  དབྱངས་ཅན་མ་ནི་ཁོ་བོ་ཡི། ཡིད་ལ་རིང་དུ་གནས་པར་མཛོད། (6)ཅེས་དང་། དཔག་བསམ་འཁྲི་ཤིང་ལས། གང་ཐུགས་དྲི་བྲལ་ཤེས་ལ་ཆགས་ཚོན་འཛིན་པ་མིན་པ་ཉིད། ཡིད་ནི་སྙིང་རྗེས་བརླན་ལ་གང་གིས་སྐྱོན་རྣམས་མ་ལུས་བསྐམས། གང་གི་ཁྲོ་བ་མེད་ལ་རང་གིས་འཁོར་བའི་དགྲ་མངོན་བཅོམ། ཀུན་མཁྱེན་དེ་ཡིས་ཁྱེད་ལ་དགེ་ལེགས་གཡོ་བ་མེད་གྱུར་ཅིག(7)ཅེས་པ་ལྟ་བུ་དང་། བསྟོད་ཡུལ་ལ་ཕྱག་བྱ་བའི་ཚིག་སྦྱོར་འགོད་པ་ནི་སློབ་དཔོན་རིན་འབྱུང་ཞི་བས་མཛད་པའི་སྡེབ་སྦྱོར་བསྟན་བཅོས་ཀྱི་དབུར། རྒྱལ་བ་ཐུབ་པའི་ཉི་མ་ནི། སྣང་བ་མཆོག་གི་བདག་ཉིད་ཅན། ནང་གི་མཚན་མོ་བཤེས་བྲལ་གྱི། ནང་གི་ཉིན་བྱེད་ལ་ཕྱག་འཚལ། ཞེས་དང་། རྗེ་ཙོང་ཁ་པ་ཆེན་པོས་ལམ་རིམ་ཆེན་མོའི་དབུར། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། མཐའ་ཡས་འགྲོ་བའི་རེ་བ་སྐོང་པའི་གསུངས། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།  ཤཱཀྱའི་གཙོ་བོ་དེ་ལ་གུས་ཕྱག་འཚལ། (8)ཞེས་པ་ལྟ་བུ་དང་། བརྗོད་བྱ་བསྟན་བཅོས་གང་གི་དངོས་པོའི་གནས་ལུགས་མདོར་བསྡུས་ནས་ངེས་པར་བསྟན་པ་ནི་རྒྱུད་བླ་མར། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། སངས་རྒྱས་ཡོན་ཏན་འཕྲིན་ལས་ཐ་མ་སྟེ། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ (9)ཞེས་བསྟན་བཅོས་ཀྱི་བརྗོད་བྱ་རྣམས་རྡོ་རྗེའི་གནས་བདུན་དུ་བསྡུས་ནས་གསུངས་པ་འདི་རྣམས་ནི་སྙན་ངག་ཆེན་པོ་དེ་ཡི་འཇུག་སྒོ་དང་། སྙན་ངག་གི་བརྗོད་བྱའི་ནང་དོན་ལ་རྩ་ཚིག་ལས། སྔོན་བྱུང་གཏམ་ལས་གྱུར་པའམ། ཅིག་ཤོས་ལེགས་པ་ལ་བརྟེན་པ། སྡེ་བཞིའི་འབྲས་བུའི་དབང་གྱུར་དང་། མཁས་ཤིང་རྒྱ་ཆེའི་འདྲེན་པ་ཅན། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། ཉི་ཟླ་འཆར་བའི་བསྔགས་པ་དང་། སྐྱེས་ཚལ་ཆུ་ཡི་རོལ་རྩེད་དང་། ཆང་འཐུང་དགའ་བའི་དགའ་སྟོན་དང་། བསླུ་བ་དང་ནི་བག་མ་དང་།  གཞོན་ནུ་སྐྱེ་དང་འཕེལ་བ་དང་། གྲོས་དང་ཕོ་ཉ་བགྲོད་པ་དང་། གཡུལ་དང་འདྲེན་པ་དར་བས་ཀྱང་། བརྒྱན་པར་གྱུར་ཅིང་(10)ཞེས་སོགས་འབྱུང་བར་གཞིགས་ན། ཨུ་རུ་སུའི་རྩོམ་རིག་མཁས་ཆེན་ཀོར་ཅིས། སྒྱུ་རྩལ་རྩོམ་རིག་ནི་དུས་རབས་ཀྱི་མེ་ལོང་ཞིག་ཡིན་ཞེས་གསུངས་པ་ལྟར། ཕྱི་དངོས་པོའི་གནས་ལུགས་དང་ནང་སེམས་ཀྱི་འགྱུར་བ། སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་ཚོད་ཐམས་ཅད་པོ་སྙན་ངག་གི་བརྗོད་བྱར་གྱུར་པ་སྙན་ངག་མེ་ལོང་མའི་གོང་གི་རྩ་ཚིག་ལས་གསལ་བས་སྙན་ངག་དང་ཚིག་རྒྱན་རིག་པ་གཉིས་དབྱེར་མེད་གཅིག་ཏུ་འདོད་མི་རུང་། །   
          མེ་ལོང་མའི་བརྗོད་དོན་གཞན་ལ་དཔྱད་ནའང་ཁ་ཅིག་གི་འདོད་པ་ཁེགས་པར་གྱུར་ཏེ། བོད་མཁས་པའི་སྙན་ངག་རྩ་འགྲེལ་ལས། སྒེག་དང་རོལ་དང་སྟབས་ལ་སོགས། ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་། མཉན་པར་བྱ་བ་ཉིད་ཅེས་པ། འདི་ཡང་ལུགས་གཉིས་དག་ཏུ་བརྗོད། སྒེག་པ་དང་རོལ་པ་ལ་སོགས་པའི་ཉམས་གཙོ་བོར་གྱུར་པའི་ལུས་ཀྱི་འདུག་སྟངས་དང་རྐང་ལག་གི་གར་སྟབས་སོགས་ལྟ་བ་མིག་གི་དོན་གཙོ་བོར་སྟོན་པའི་སྙན་ངག་ནི་ལྟ་བ་ལ་སྦྱོར་ཕྱིར་གཙོ་བོར་ཟློས་གར་སྟོན་ལ་དེའི་ཅིག་ཤོས་བལྟ་བྱའི་ཡུལ་མིན་པར་རྣ་བར་མཉན་བྱའི་ཉམས་གཙོ་བོར་སྟོན་པ་སྙན་ངག་ཆེན་པོ་སོགས་ཏེ། ཉན་པ་ལ་ཉེ་བར་སྦྱོར་བ་ཡིན་པས་འདི་སྦྱོར་ཚུལ་གྱི་ལུགས་གཉིས་སུ་བརྗོད་དོ། (11)ཞེས་པ་ལྟར་ལྟ་བ་མིག་གི་དོན་གཙོ་བོར་སྟོན་པའི་ཟློས་གར་དང་། མཉན་བའི་ཉམས་གཙོ་བོར་སྟོན་པ་སྙན་ངག་ཆེན་པོ་སོགས་ཏེ་རྣམ་པའི་རབ་དབྱེ་གཉིས་སུ་གསུངས་པ་མཁས་པའི་ལེགས་བཤད་དོ། །འདི་བཞིན་སྙན་ངག་མེ་ལོང་མར་སྐྱོན་སེལ་བསྟན་པའི་སྐབས་རྩ་ཚིག་ལས། དོན་ཉམས་དོན་འགལ་དོན་གཅིག་པ། ཐེ་ཚོམ་ཅན་དང་རིམ་པ་ཉམས། སྒྲ་དམན་ངལ་གསོ་ཉམས་པ་དང་། སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། ལུང་རིགས་དག་དང་འགལ་བ་སྟེ།  སྐྱོན་བཅུ་དེ་དག་སྙན་ངག་ལས། སྙན་ངག་མཁན་གྱིས་སྤང་བར་བྱ། (12)ཞེས་འབྱུང་བ་ལྟར་སྙན་ངག་མཁན་གྱིས་བརྩམས་བྱ་རྩོམ་པའི་གནས་སྐབས་སུ་བརྗོད་བྱ་དོན་གྱི་སྒོ་ནས་དོན་དང་བྲལ་བ་དོན་ཉམས་དང་། བརྗོད་དོན་སྔ་ཕྱི་འགལ་བ་དོན་འགལ། དོན་གཅིག་པ་ཅན་ཡང་ཡང་ཟློས་པ་དོན་གཅིག་པ། ངག་ཚིག་འདིའི་བརྗོད་དོན་གང་ཡིན་མི་ངེས་པའི་ཐེ་ཚོམ་བཅས་བཞི་དང་། རྗོད་བྱེད་ཚིག་གི་སྒོ་ནས་ཚིག་སྔ་ཕྱིའི་གོ་རིམ་འཁྲུལ་པ་རིམ་པ་ཉམས་པ་དང་། བརྡ་སྤྲོད་གཞུང་ལུགས་དང་མི་མཐུན་པའི་སྒྲ་ཉམས། ཚིག་གི་གཅོད་མཚམས་ཉམས་པ། ཚིགས་བཅད་སྡེབ་སྦྱོར་གཞུང་ནས་བཤད་པའི་མཚན་ཉིད་དང་མི་ལྡན་པ། སྒྲའི་མཚམས་སྦྱོར་ཉམས་པ། ཡུལ་དུས་དང་འཇིག་རྟེན་ལུགས་ཀྱི་གནས་ལུགས་དང་འགལ་བ་སོགས་སྐྱོན་འདི་དག སྔར་ལུས་ཀྱི་དབྱེ་བ་བསྟན་སྐབས་རྩ་ཚིག་ལས། དེ་ཡང་ཚིགས་བཅད་ལྷུག་པ་དང་། སྤེལ་མ་རྣམ་གསུམ་ཉིད་དུ་གནས། ཞེས་འབྱུང་བའི་གཞུང་ཚིག་སྔ་ཕྱི་འབྲེལ་ནས་གོ་བ་བླངས་ན་སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་ཀུན་ལ་ལྟོས་ཏེ་གསུངས་པ་ནི་གཞུང་གི་དགོངས་པ་རྣལ་མར་འཁུམས།     
          གཞན་ཡང་རྩོམ་གཤིས་རྒྱ་གར་ལྷོ་ཕྱོགས་པའི་ལུགས་ལྟར་བོད་དུ་རྗེ་ཙོང་ཁ་པ་དང་། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན། ཀུན་མཁྱེན་ཀློང་ཆེན་པ། བོ་དོང་པཎ་ཆེན་འཇིགས་བྲལ། རྒྱལ་དབང་སྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། སྡེ་དགེ་མི་ཕམ་རྣམ་རྒྱལ་སོགས་ཀྱིས་མཚོན་པའི་རྩོམ་གཤིས་དྭངས་ཤིང་གསལ་བ་དང་། ཤར་ཕྱོགས་པའི་ལུགས་ལྟར་བོད་དུ་མཁས་གྲུབ་དགེ་ལུགས་དཔལ་བཟང་དང་། རྒྱལ་དབང་བློ་བཟང་རྒྱ་མཚོ། ཞང་ཞུང་ཆོས་དབང་གྲགས་པ། རིན་སྤུངས་ངག་དབང་འཇིགས་གྲགས་སོགས་ཀྱིས་མཚོན་པའི་རྩོམ་གཤིས་ཧ་ཅང་གི་སླ་བ་མ་ཡིན་པར་ཚིག་བརླིང་ཞིང་དོན་ཟབ་པའི་རིགས་གཉིས་ཡོད་པ་ཀུན་གྱི་མཐོང་ཆོས་ལགས། འདི་བཞིན་སྙན་ངག་ཤེས་མིན་གྱི་དགེ་སྐྱོན་དང་། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་སོགས་ཀྱང་མེ་ལོང་མར་བསྟན་ཡོད་པའི་ཕྱིར་ན། སྙན་ངག་མེ་ལོང་མ་ནི་རྩོམ་རིགས་སྐོར་གྱི་གནད་དོན་ཕལ་ཆེ་བ་གཏན་འབེབས་བྱས་ཡོད་པའི་རྩོམ་གཞུང་ཞིག་ཏུ་འདོད་དགོས་པ་རང་གྲུབ་ཏུ་སོང་། དེས་ན་རེབ་གོང་རྡོ་རྗེ་མཁར་གྱིས་སྙན་ངག་གི་ལུས་ཆེ་ལོང་ཙམ་བརྗོད་པ་ཞེས་པར་སྙན་ངག་ཅེས་པའི་ཐ་སྙད་འདི་དོན་དམ་དུ་རྩོམ་རིག་ཅེས་པའི་མིང་དང་གཅིག་ཏུ་མཚུངས་ཞེས་གསུངས་པའང་སྙན་གཞུང་མེ་ལོང་མ་ལ་སོགས་པའི་དགོངས་དོན་རྣལ་མ་རྟོགས་པའི་འབྲས་རྟགས་ཁོ་ནའོ། སློབ་དཔོན་དོར་ཞི་ཚང་ནས་ཀྱང་ལེགས་བཤད་རྨད་དུ་བྱུང་བ་བསྩལ་ཏེ། སྙན་ངག་མེ་ལོང་གིས་སྒྲ་དོན་གབ་ཚིག་གི་རྒྱན་གསུམ་རྒྱས་པར་གཏན་ལ་འབེབས་པ་ཡིན་ཀྱང་། རྒྱན་སྦྱོར་བའི་གཞི་ཚིག་བཅད་ལྷུག་སྤེལ་གསུམ་སོགས་ལུས་དང་། བརྗོད་བྱའི་ནང་དོན་སྔོན་གྱི་བྱུང་རབས་གཏམ་དང་། ད་ལྟའི་གནས་ཚུལ་སོགས་རྗོད་པའི་བརྗོད་པ་དང་། བརྗོད་དོན་གྱི་རྐང་འཛིན་པའི་དགོངས་པ་སྡེ་བཞི་སོགས་སྲོག་དང་སྙན་ངག་ཆེ་ཆུང་གི་གཞུང་ཚད་སརྒ་སྟེ་ལེའུ་མང་ཉུང་གི་ཁྱད་པར་དང་། རྣམ་པའི་རབ་དབྱེ་གཉན་བྱ་གཙོ་བོར་བྱེད་པའི་སྙན་ངག་དང་། བལྟ་བ་གཙོ་བོར་བྱེད་པའི་ཟློས་གར་སོགས་དང་། རྩོམ་སྟངས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་སོགས་སྒོ་དང་དོན་དང་ཚིག་མང་ཉུང་བ་ཚིག་གི་ཁྱད་པར་སྟོན་པའི་རིགས་གྲོལ་མཛོད་འདུས་དང་། དངོས་དང་ལྡོག་ཕྱོགས་ཀྱི་ཡོན་ཏན་བརྗོད་པའི་ཐབས་ཀྱིས་དོན་སྟོན་ཚུལ་དང་ཚིག་སྦྱོར་བྱེད་སྟངས་དགོངས་པ་ཅན་གཤིས་ཀྱི་མཚན་ཉིད་བཞི་སོགས་དང་། རྩོམ་སྐྱོན་སྤོང་ཚུལ་དང་། རྩོམ་གཤིས་རྒྱ་གར་ཤར་ལྷོའི་ཐུན་མོང་མ་ཡིན་པའི་ཡོན་ཏན་བཅུ། རྩོམ་གྱི་རྒྱུ་ཆ་སྐད་རིགས་བཞི་སོགས་དང་། རྩོམ་བཟང་པོ་འབྱུང་བའི་རྒྱུ་ལྷན་སྐྱེས་ཀྱི་ཤེས་རབ། མང་ཐོས་ཀྱི་གཞུང་ལུགས་ཀྱི་གོ་བ་དང་། འཚོ་བའི་ཤེས་བྱ། རྟག་གུས་སྦྱོར་བའི་བརྩོན་པས་ཚུལ་དང་། རྩོམ་པའི་དགོས་པ། འཇིག་རྟེན་རྨོངས་པའི་མུན་པ་སེལ་བ། ལེགས་པའི་ཡོན་ཏན་རིང་དུ་གནས་ཤིང་། གཞན་ལ་སློབ་གསོ་ཐོབ་པ། སེམས་ལ་དགའ་བ་བསྐྱེད་པའི་འདོད་པ་འཇོ་བ་སོགས་ཏེ། མདོར་ན་མེ་ལོང་མ་ནི་རྩོམ་རིགས་ཕྱོགས་ཀྱི་གནད་དོན་གལ་ཆེན་རིགས་ཕལ་ཆེར་གཏན་འབེབས་བྱས་ཡོད་པའི་སྒྱུ་རྩལ་རྩོམ་རིགས་ཀྱི་གཞུང་ལུགས་ཆ་ཚང་ཞིག་ཡིན་པས། རྒྱན་གྱི་བསྟན་བཅོས་ཞེས་བཏགས་ན་ནམ་མཁའ་ལ་སྐར་མའི་མིང་གིས་བཏགས་པ་ལ་སྐྱོན་གཞན་ཡང་ཡོད་དེ། སློབ་ཁྲིད་དང་རྟོག་ཞིབ་བྱེད་མཁན་རྣམས་ཀྱིས་མིང་དེ་ལས་གཞུང་གི་བརྗོད་བྱ་ཚིག་རྒྱན་ཁོ་ན་ཡིན་བསམས་ནས། དེ་ལ་རྣམ་ཤེས་གཏད་ཅིང་། ལུས་དང་སྲོག་དང་ནང་དོན་རབ་དབྱེ་རྩོམ་སྟངས་རྩོམ་གཤིས། རྒྱུ་དང་དགོས་པ་སོགས་རྩོམ་གྱི་གནད་དོན་གཞན་དག་ལ་དོ་སྣང་མི་བྱེད་ལ། ཚིག་རྒྱན་སྦྱོར་ཚུལ་ཙམ་ཤེས་ན་སྙན་ངག་ཤེས་པར་རློམ། ད་དུང་རྨོངས་པ་འགའ་ཞིག་གིས་བོད་ལ་ཚིག་རྒྱན་རིག་པ་ཙམ་ལས། སྒྱུ་རྩལ་རྩོམ་རིགས་ཀྱི་གཞུང་མ་ལག་ཆ་ཚང་མེད་ཅེས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་བབ་བཅོལ་དུ་སྨྲའོ། ཨེ་རེ་ཟི་ཏོད་དང་། དཎྜི་གཉིས་ཀྱི་སྒྱུ་རྩལ་རྩོམ་རིགས་ཀྱི་གཞུང་དུ། སྙན་ཚིག་དང་ཟློས་གར་མ་གཏོགས། ནང་དོན་རྟོག་བཟོའི་བྱུང་རབས་དང་། ལུས་ཚིག་ལྷུག་གི་རྣམ་པ་ཅན་གྱི་སྙན་སྒྲུང་ཟུར་ཙམ་ཡང་བཀོད་མེད་པ་ནི། རྩོམ་སྟངས་དེ་འདྲ་གནས་སྐབས་དེར་བྱུང་མེད་པའི་རྒྱུ་མཚན་ལ་ཐུག ཟློས་གར་སྙན་ངག་གི་ཁོངས་སུ་གཏོགས་ཚུལ། འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་དུ། སྒེག་དང་རོལ་དང་སྟབས་ལ་སོགས། བལྟ་བའི་དོན་ཡིན་ཞེས་གསུངས་པས། སྡེབ་སྦྱོར་དང་ཟློས་གར་རིག་པ་གཉིས་སྙན་ངག་གི་ཁོངས་སུ་འདུ་བར་བསྟན་ཅིང་ཞེས་བྱུང་། དེས་ན་སྙན་ངག་ཅེས་པ་ཡང་། སྒྲ་དོག་འཇུག་གི་དབང་དུ་བྱས་ན། རྒྱ་སྐད་ཀྱི་ཧྲི་དང་། དབྱིན་ཇིའི་སྐད་དུ་ཕོ་ཡུམ་འབོད་པའི་སྙན་ཚིག་གི་མིང་དང་། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་སྒྱུ་རྩལ་རྩོམ་རིགས་སྤྱིའི་མིང་དུ་འཇུག་ཅིང་། སྙན་ངག་མེ་ལོང་ཞེས་པའི་སྙན་ངག་ནི་སྒྲ་ཡངས་འཇུག་ཏུ་བཀྲལ་ན་གཞུང་གི་དོན་དང་ཤིན་ཏུ་འབྱོར་བར་སེམས་སོ། (13)ཞེས་གསུངས་པའི་ལེགས་བཤད་གསར་པ་འདི་མཇུག་སྡོམ་དུ་བཀོད་པ་སྙན་ངག་གི་གོ་དོན་ལ་རགས་བསྡུས་དཔྱད་པ་རེ་ཞིག་རྫོགས་སོ། །   
          མཆན་འགྲེལ།   
          (༡)ས་པཎ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ། [M] པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ .༦པར་གཞི་དང་པོ། ཤོག་གྲངས༤༤   
          (༢)བོད་མཁས་པ་སྙན་ངག་རྩ་འགྲེལ། [ M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ .༧ པར་གཞི་གཉིས་པ། ཤོག་གྲངས༩༥-༩༦   
          (༣)བོད་མཁས་པ་སྙན་ངག་རྩ་འགྲེལ། [ M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ .༧ པར་གཞི་གཉིས་པ། ཤོག་གྲངས༢   
          (༤)རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། སྙན་འགྲེལ་དབྱངས་ཅན་དགྱེས་གླུ། [M]ཟི་ཁྲོན། ཟི་ཁྲོན་རྔ་པའི་གསར་འགྱུར་དཔེ་སྐྲུན་ཁང་། ༡༩༨༩ .༧པར་གཞི་གཉིས་པ། ཤོག་གྲངས༡༦   
          (༥)བོད་མཁས་པ། སྙན་ངག་རྩ་འགྲེལ་[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ .༧ པར་གཞི་གཉིས་པ། ཤོག་གྲངས༢   
          (༦)བོད་མཁས་པ། སྙན་ངག་རྩ་འགྲེལ།[ M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ .༧ པར་གཞི་གཉིས་པ། ཤོག་གྲངས༡   
          (༧)དགེ་བའི་དབང་པོ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། [M]ཟི་ལིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག ༡༩༨༨ .༨ ཤོག་གྲངས༡   
          (༨)རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། བྱང་ཆུབ་ལམ་རིམ་ཆེ་བ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ .༩ པར་གཞི་དང་དང་པོ། ཤོག་གྲངས༡   
          (༩)རྗེ་བཙུན་མགོན་པོ་བྱམས་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། [M]ལྷ་ས། ཞོལ་པར་ཁང་། ཤོག་གྲངས༡   (༡༠)བོད་མཁས་པ། སྙན་ངག་རྩ་འགྲེལ།[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ .༧པར་གཞི་གཉིས་པ། ཤོག་གྲངས་(༡༡)བོད་མཁས་པ། སྙན་ངག་རྩ་འགྲེལ། [M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ .༧པར་གཞི་གཉིས་པ། ༡༤༩-༡༥༠  
          (༡༢)བོད་མཁས་པ། སྙན་ངག་རྩ་འགྲེལ།[ M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༢ .༧ པར་གཞི་གཉིས་པ། ཤོག་གྲངས༦༧   
          (༡༣)དོར་ཞི་གདོང་དྲུག་སྙེམས་བློ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ།[M]ཀན་སུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ .༩ པར་གཞི་དང་པོ།     ཤོག་གྲངས༢༦-༢༨
          (དཔྱད་རྩོམ་འདི་ཉིད《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》1997ལོའི་དུས་དེབ་དང་པོར་བཀོད།)    

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1