གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རྣམ་སྲས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་རིག་པ་ཞིབ་འཇུག སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༠༡ཉིན།

༄༅།། བོད་བཙན་པོའི་དུས་ཀྱི་བསླབ་བྱའི་རྩོམ་རིག་སྐོར་ཅུང་ཟད་བརྗོད་པ།

རྣམ་སྲས།
གཅིག ཆོས་རྒྱལ་སྲོང་བཙན་སྒམ་པོའི་བསླབ་བྱ་བཤད་པ།
          ཀ ལོ་རྒྱུས་རྒྱབ་ལྗོངས།
          བཙན་པོ་སྲོང་བཙན་སྒམ་པོའི་མེས་པོ་སྟག་རི་གཉན་གཟིགས་ཀྱི་སྐབས་བན་པ་རྗེ་དང་།བྱང་གར་རྗེ་ལ་སོགས་པ་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྡུ་བའི་འགོ་ཚུགས་པ་དང་།ཡབ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་དབུས་ཕྱོགས་ཀྱི་ཟིང་པོ་རྗེ་དང་།གཙང་གི་རྒྱ་པོ་མར་མིན།དྭགས་པོ་ས་ཁུལ་སོགས་མངའ་ཁོངས་སུ་བཅུག་སྟེ་བོད་དབུས་གཙང་གི་རྒྱལ་ཕྲན་དང་རུས་རྒྱུད་ཚོ་པ་རྣམས་གཅིག་གྱུར་བཟོ་རྒྱུའི་རྨང་གཞི་འདིང་བའི་རྣམ་པ་ཙམ་ཆགས་ན་ཡང་། ཕྱི་ནང་གང་སར་སྲིད་དབང་བརྟན་ལྷིང་ཞིག་ད་དུང་བྱུང་མེད་པ་ནི། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ནང་འདི་ལྟར་གསལ་ཏེ། “བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ་དགས་པ། རྐོང་པོ་མྱང་པོ་ཀུན་ཀྱང་ལོག་ཡབ་གནམ་རྀ་སློབ་མཚན་དུག་བོན་ཏེ་བཀྲོངས་སོ་……”ཞེས་འཁོད་པ་དེ་ལས་མཐོང་ཐུབ་པ་ནི།ཡབ་ཀྱི་སྐུ་ཚེ་སྨད་ལ་བསྐྱར་ནས་ཆབ་འོག་ཏུ་བཅུག་མ་ཐག་པའི་དྭགས་པོ་དང་།རྐོང་པོ།མྱང་པོ་ལ་སོགས་པའི་ཡུལ་དེ་དག་ཏུ་བཙན་པོའི་དབང་སྒྱུར་གྱི་སྟོབས་ཤུགས་སྲ་ཞིང་བརྟན་པ་ཞིག་ད་དུང་འཛུགས་མ་ཐུབ་པར་བརྟེན་སྔར་གྱི་བྲན་གཡོག་བདག་པོ་རྣམས་ཀྱིས་ཕན་ཚུན་ངན་འབྲེལ་བྱས་ནས་ཚུར་རྒོལ་བྱེད་པ་དང་། དེ་བཞིན་ས་ཐག་རིང་བའི་ཞང་ཞུང་དང་མཛོ་སུམ་པ་སོགས་རྒྱལ་ཕྲན་ནམ་ཚོ་པ་འགའ་ཞིག་སྔོན་ཆད་མངའ་འབངས་སུ་གཏོགས་པར་བརྟེན་གལ་སྲིད་གོ་སྐབས་ཤིག་བྱུང་མ་ཐག་ལམ་སེང་ཁ་གཏད་དུ་ལང་རྒྱུ་ཡིན་པ་ནི་སྨོས་མ་དགོས་པ་དང་།དུས་མཚུངས་ཕྱི་ནས་ཟིང་སློང་གི་རྣམ་པ་དེ་འདྲ་ཞིག་ལངས་དུས་ཡབ་མེས་གོང་མའི་སྐབས་ཀྱི་བློན་འབངས་རྙིང་པ་ལས་ཀྱང་མ་འདོད་པའི་འཁང་ར་དང་། གྱེན་ལོག་བྱེད་པའི་སྣང་ཚུལ་ཐོན་པ་མ་ཟད། ཐ་ན་ནང་འཁོར་ངན་པ་ཉུང་ཤས་ཀྱིས་དགྲ་བོ་དང་ལག་འབྲེལ་བྱས་ཏེ་ཡབ་གནམ་རི་སྲོང་བཙན་ལ་ཟས་དུག་ཕུལ་ནས་བཀྲོངས་པ་བཅས་མདོར་ན་གསར་དུ་རྒྱ་སྐྱེད་བྱུང་མ་ཐག་པའི་སྤུར་རྒྱལ་གདུང་རབས་ཀྱི་ཆབ་སྲིད་དེ་རླུང་ནང་གི་མར་མེ་བཞིན་དུ་ཆགས་འཇིག་ཇི་ཡོང་ལ་ཐུག་པའི་ཉེན་ཁ་ཚབས་ཧ་ཅང་ཆེ་བ་ཞིག་དང་འཕྲད་ཡོད་པ་དེ་ཡིན།
          གནས་ཚུལ་དེ་ལྟ་བུའི་འོག་སྲས་སྲོང་བཙན་དགུང་ལོ་བཅུ་གསུམ་ལ་ཁ་གཏད་མ་ཐག་པ་དེ་བློན་ཆེན་མྱང་མང་པོ་རྗེ་ཞང་སྣང་དང་། མགར་མང་ཞམ་སུམ་སྣང་། ཁྱུང་པོ་སྤུང་སད་ཟུ་ཙེ།དབས་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་བཙན་པོའི་ཁྲི་ལ་མངའ་གསོལ་ཞིང་།སྐབས་དེར་ལྷག་པའི་ཆབ་སྲིད་དང་དམག་དོན་གྱི་སྣང་ཚུལ་ཛ་དྲག་པོ་དེས་དགུང་ན་ཧ་ཅང་ཕྲ་བའི་བཙན་པོ་གསར་པ་དེ་ལ་དངོས་འབྲེལ་བཟོད་པར་དཀའ་བའི་ཚོད་བགམ་ནན་མོ་ཞིག་འཕྲད་ཡོད།འོན་ཀྱང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བཙན་པོ་གཞོན་ནུ་དེ་ནི་འཇིགས་སྐྲག་དང་ཉེན་ཁ་ཇི་ཙམ་འཕྲད་པ་དེ་ཙམ་གྱིས་བློ་གྲོས་ཇེ་འཕེལ་དང་སྙིང་སྟོབས་ཇེ་བརྟན་དུ་གྱུར་པ་ལས།ཡིད་ཐང་ཆད་ནས་དཔའ་ཞུམ་པ་ཞིག་རྩ་བ་ནས་བཟོ་མ་ཐུབ་པ་མ་ཟད།དེ་ལས་ལྡོག་སྟེ་འཐབ་རྩོད་ཀྱི་བརྒྱུད་རིམ་ནས་བཙོ་སྦྱང་ཡང་ཡང་བྱས་པའི་ངར་ལྕགས་ཀྱི་ཕ་བོང་ལྟ་བུ་ཞིག་ཆགས་པ་དེ་ནི།བཙན་པོ་འདི་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་རླབས་ཆེན་གྱི་མཛད་པ་བློ་ཡུལ་ལས་འདས་པ་གཅིག་རྗེས་གཉིས་མཐུད་དུ་སྐྲུན་གནང་མཛད་ཐུབ་པའི་མཐུན་རྐྱེན་ཁྱད་དུ་འཕགས་པ་ཞིག་ལགས།བཙན་པོ་སྲོང་བཙན་གྱི་དུས་འགོར་ད་དུང་རང་གར་ཐོར་བའི་ཚོ་པ་སོ་སོའི་དབར་རྟག་ཏུ་ཕན་ཚུན་འཐབ་འཁྲུག་དང་།གསོད་རྡུང་།འཕྲོག་བཅོམ་སོགས་དཔུང་པ་སུ་བཟང་གིས་རང་སྣང་གང་དྲན་བྱེད་པ་ལ་གཅིག་གྱུར་ཁྲིམས་ལུགས་ཀྱི་འགན་སྲུང་སོགས་མེད་པར་བརྟེན།མི་ཚང་མས་རང་གི་ལུས་སྲོག་ལོངས་སྤྱོད་སྲུང་བའི་ཕྱིར་རི་ལ་འཁྲས་ནས་བཙན་ས་ཞིག་མ་བཟུང་ཀ་མེད་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་དེ་སྔོན་བོད་ཀྱི་ཐོན་སྐྱེད་གཙོ་བོ་རི་དྭགས་བརྔོན་པ་དང་། འབྲོག་ལས་བྱེད་པ་ཡིན་པས་དབྱར་དུས་རི་བོ་མཐོ་ས་དང་།དགུན་དུས་རི་བོའི་འདབས་སོགས་རྩྭ་ཆུ་གང་བཟང་དུ་འཕོ་སྐྱས་བྱས་ནས་སྡོད་པས།གདོང་དམར་བོད་ཀྱི་ཀླད་པར་ད་དུང་གཅིག་གྱུར་དང་མཛའ་མཐུན།གུས་བཀུར།མཉམ་སྒྲིལ་སོགས་ཀྱི་དོན་སྤྱི་གཏིང་ཟབ་པ་ཞིག་ཆགས་མེད་པ་རྐྱེན་བྱས་པས།སྐབས་དེའི་བོད་སྤྱི་ཚོགས་ཀྱི་རྣམ་པ་དངོས་དེ་ནི་ཁ་བྲལ་ཡ་ཐོར་དུ་སོང་ནས་རུས་རྒྱུད་ཚོ་པ་ཁག་བཅོ་བརྒྱད་ཙམ་ལ་ཕྱེས་ཡོད་པར་ཕན་ཚུན་དབར་མཐུན་སྒྲིལ་མེད་པ་དང་། ཡིད་ཆེས་མེད་པ། བདེ་འཇགས་མེད་པ། སྤྱི་ཚོགས་ལ་སྒྲིག་ལམ་མེད་པ།མི་རྣམས་གཏུམ་ཞིང་རྒོད་པས་གདོད་མའི་སྤྱི་ཚོགས་ཀྱི་འཕྲོས་ལུས་དམུ་རྒོད་ཀྱི་བྱ་སྤྱོད་མངོན་སུམ་དུ་ཁྱེར་ཡོད། གཞན་ད་དུང་“བོན་པོའི་ཆོས་ཀྱིས་མི་རྣམས་ཀྱི་བསམ་བློར་དབང་བསྒྱུར་བའི་ནུས་པ་ཤོར་འགོ་བརྩམས་པར་མ་ཟད།བོན་གྱིས་དུས་ཚིགས་ལྟར་ཕྱུགས་ཟོག་དང་རི་དྭགས་མང་པོ་བསད་ནས་མཆོད་སྦྱིན་བྱེད་པ་དེས་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་གནོད་འཚེ་ཆེན་པོ་གཏོང་གིན་ཡོད།”﹙《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ལས﹚དེ་ལྟ་བུའི་སྤྱི་ཚོགས་སུ་བཙན་ཤུགས་དང་དཔུང་སྟོབས་ཁོ་ནར་བརྟེན་ནས་གཅིག་གྱུར་གྱི་སྲིད་དབང་ཞིག་འཛུགས་ཐུབ་པ་བྱུང་ནའང་སྲ་ཞིང་བརྟན་པོ་ཞིག་ཆགས་དཀའ་བ་ནི་ཞང་ཞུང་དང་སུམ་པ། གཉལ། དྭགས་པོ། ཀོང་པོ། མྱང་པོ་བཅས་ཡང་ཡང་ངོ་ལོག་པ་ལས་རྟོགས་ཐུབ་སྟེ།དཔེར་ན་ལྷོ་ཕྱོགས་འབངས་སུ་བཀུག་བཞག་ནས་བྱང་ཕྱོགས་འདུལ་སྐབས་ལྷོ་ཕྱོགས་པས་སླར་ཡང་གྱེན་རྒོལ་བྱེད་པས་ཚོ་ཁག་ཡོངས་ཀྱི་མགོ་ཁེབས་དཀའ་བའི་གནས་ཚུལ་བྱུང་བ་དང་།དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བོད་མིའི་སེམས་རྒྱུད་ཀྱི་འཇམ་རྩུབ་ལ་རག་ལུས་ཡོད་ཅེས་ཆོས་དཔེ་དང་བསླབ་བྱ།ཞལ་གདམས་དག་ལས་གསུངས་པ་ལྟར། བཙན་པོ་འཇིག་རྟེན་ན་ཀླ་ཀློ་དང་དམུ་རྒོད། རྨོངས་རྟུལ་བཅས་ཀྱི་གཉན་པོར་གྲགས་པའི་ཤེས་རིག་དང་ཁྲིམས་སྲོལ།ཆོས་ལུགས་ཀྱི་གཞུང་སོགས་ཕྱོགས་བཞིའི་རྒྱལ་ཁམས་ནས་དྲངས་པ་དང་།ལྷག་པར་དུ་རྒྱ་བོད་བར་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་ནས་མཛའ་མཐུན་གྱི་འབྲེལ་ལམ་རྒྱ་ཆེན་པོ་བཙུགས་པ་དང་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་གདན་འདྲེན་ཞུས་པ་དེས་བོད་མི་རྣམས་རྒྱུད་ལ་མིག་རྒྱང་རིང་བ་དང་། བག་ཡོད་པ་། བཟོད་པ་ཆེ་བ། བློ་བརྟན་པ། བརྩོན་འགྲུས་ཆེ་བ། ཁོང་གྲིམ་པ། རྒྱུད་འཇམ་པ། ཞི་ཞིང་དུལ་བ། བློ་རྟོན་རུང་བ་དང་། བསླུ་བ་མེད་པ་བཅས་ཀྱི་ཡོན་ཏན་གོམས་པར་བྱས།རྒྱལ་པོ་སྲོང་བཙན་སྒམ་པོས་སངས་རྒྱས་ཆོས་ལུགས་ཀྱི་ཀུན་སྤྱོད་རྩ་དོན་ལྷ་ཆོས་དགེ་བ་བཅུ་པོ་བོད་ཀྱི་ཁྲིམས་ཡིག་ནང་དུ་བཀོད་པས། བོད་ལ་དགེ་སྡིག་ཅེས་པའི་ཐ་སྙད་གཉིས་ཐོག་མར་བྱུང་བར་མ་ཟད། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་དགེ་སྡིག་གི་འདུ་ཤེས་ཀྱི་ས་བོན་ཡང་བོད་མི་རིགས་ཐུན་མོང་གི་སེམས་རྒྱུད་ལ་ཐོག་མར་བཏབ་པ་ད་ང།དུས་མཚུངས་སུ་བོད་འབངས་སྤྱི་མཐུན་དུ་སྡིག་སྤོང་དགེ་སྒྲུབ་ལ་སྐུལ་བ་བརྗོད་བྱ་གཙོ་བོར་བསྟེན་པའི་བསླབ་བྱའང་གང་མང་ཞིག་གནང་བ་རེད།
          ཁ《བོད་ཁམས་སྤྱི་ལ་གདམས་པ》བཤད་པ།
          《སྤྲུལ་པའི་རྒྱལ་པོས་བོད་ཁམས་སྤྱི་ལ་གདམས་པ》ཞེས་པའི་བསླབ་བྱ་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་སྟེ་ཡོངས་གྲགས་སུ་《མ་ཎི་བཀའ་འབུམ》ཞེས་པར་བསྡུས་ཡོད་ཅིང་། བཀའ་འབུམ་འདི་སྟོད་ཆ་དང་སྨད་ཆ་པོད་གཉིས་ཡོད་དེ། བརྗོད་བྱ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་དང་། བླ་མ་བརྒྱུད་པའི་གསོལ་འདེབས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྗེ་སྲོང་བཙན་སྒམ་པོའི་ཞལ་གདམས། ལོ་རྒྱུས་ཆེན་པོ་སོགས་སྟོད་ཆ་ད་ང། ཞལ་གདམས་ཀྱི་སྐོར། ཡི་གེ་དྲུག་པའི་དགུ་ཁྲིགས་བསྟོད་པ། སྐུ་གསུང་ཐུགས་ལ་བསྟོད་པ། ཞལ་གདམས་ཐུན་མོང་མ་ཡིན་པ།བཀའ་ཆེམས་བཀའ་ཁོལ་མ་སོགས་སྨད་ཆར་བསྡུས་ཡོད་དོ།། 《བོད་ཁམས་སྤྱི་ལ་གདམས་པ》ཞེས་པའི་ཞལ་གདམས་འདི་བོད་ཀྱི་བསླབ་བྱ་རྩོམ་རིག་ཁྲོད་ཆེས་སྔ་མོར་བྱུང་བའི་བརྩམས་ཆོས་སུ་ངེས་ཙ་ན།ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད་ལུགས་དང་མཐུན་པའི་སྒོ་ནས་བོད་ཀྱི་རྩོམ་རིག་ལས་བསླབ་བྱ་རྩོམ་ལུས་འདི་གསར་གཏོད་གནང་མཁན་ཡིན་པའང་སྨྲ་མི་དགོས་སོ།། དེས་ན་《བོད་ཁམས་སྤྱི་ལ་གདམས་པ》ཞེས་པའི་བསླབ་བྱ་འདིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་འཕེལ་རྒྱས་སྟེང་དམིགས་བསལ་གྱི་གནས་བབས་འགངས་ཆེན་ཞིག་ཟིན་ཡོད།
          རྒྱལ་པོས་གདམས་བྱའི་ཡུལ་བོད་ཁམས་སྤྱི་ལ་བཞག་ནས་གདམངས་པར་བྱེད་པའི་བརྗོད་བྱ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་དག་བསྟེན་ཡོད་ནའང་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དྲིལ་སྒྲོག་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན་ཏེ།འཆི་བ་མི་རྟག་དང་ལས་འབྲས་དཀར་ནག་སྡིག་སྤོང་དགེ་སྒྲུབ་བཅས་ནི་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་བྱུང་ཡོད་པའི་ནང་དོན་གཙོ་བོ་དག་ཡིན། དཔེར་ན། “ཉི་མ་ནུབ་ཁའི་གྲིབ་སོ་བཞིན་འདེད་དེ།བྲོས་པས་མི་ཐར།ཐོ་ཡོར་ལ་བྱ་སྒྲོ་བཙུགས་པ་རླུང་གིས་གཡོ་བ་ལྟར་ནམ་འཆི་ཆ་མེད་པ་ཡིན།བཙོན་གསོད་སར་ཁྲིད་པ་ལྟར་འཆི་བ་ལས་ཇེ་ཉེ་ཇེ་ཉེར་སོང་ནས་འཆི་ངེས་པ་ཡིན།།”ཞེས་འཆི་བ་མི་རྟག་པ་དང་དེར་བཟློག་ཐབས་མེད་པ་བཤད་ནས་ཚེ་ཕྱི་མ་དྲན་པར་བྱེད་པ་དང་། ཚེ་འདིར་འཇུག་ལྡོག་བྱ་ཚུལ་གསལ་བར་བསྟན་པ་ནི། “ཉོན་མོངས་དུག་ལྔ་རང་ཁར་སོང་བ་རྩྭ་ལ་མེ་འཆེད་﹙མཆེད﹚པ་དང་འདྲ། དུག་ལྔ་རང་ཁར་སྤྱད་པས་ཞེ་སྡང་གིས་དམྱལ་བར་སྐྱེ། ཚ་གྲང་གི་སྡུག་བསྔལ་མྱོང་། སེར་སྣས་ཡི་དྭགས་སྐྱེ། བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་། འདོད་ཆགས་ཀྱིས་མིར་སྐྱེ། འགྱུར་བའི་སྡུག་བསྔལ་མྱོང་། ཕྲག་དོག་གིས་ལྷ་མ་ཡིན་དུ་སྐྱེ། འཐབ་རྩོད་ཀྱི་སྡུག་བསྔལ་མྱོང་། ང་རྒྱལ་གྱིས་ལྷར་སྐྱེ། འཕོ་ལྟུང་གི་སྡུག་བསྔལ་མྱོང་། འགྲོ་དྲུག་སྡུག་བསྔལ་གྱིས་གཅིག་ནས་གཅིག་ཏུ་འཁོར་བས་སྡུག་བསྔལ་གྱི་མཐའ་མི་ཆོད་པ་ཡིན་ནོ།།”ཞེས་དཀར་ནག་གི་ལས་དང་འབྲས་ཤེས་པར་བྱས་ཏེ་ཤེས་པ་ཙམ་དུ་མི་འཇོག་པར་ཡང་དང་ཡང་དུ་སྒོམ་དགོས་ཤིང་།ལས་འབྲས་གཉིས་རྒྱུ་དང་འབྲས་བུར་བཅས་པ་ལ་ངེས་པ་བསྐྱེད་ཅིང་ཉིན་མཚན་ཀུན་ཏུ་སྒོ་གསུམ་ལ་རྟོག་པ་ཞིག་གིས་འཁོར་བའི་རྩ་བ་གཅོད་ཀྱི།ཐོག་མར་རྒྱུ་འབྲས་ཀྱི་རྣམ་དབྱེ་ལ་མི་མཁས་ཤིང་།ཅུང་ཟད་ཤེས་ཀྱང་སྒོ་གསུམ་བག་ཡངས་སུ་འཇོག་པ་ནི་འཁོར་བ་སྡུག་བསྔལ་གྱི་སྒོ་འབྱེད་པ་ཁོ་ནར་ངེས་པས།མི་དགེ་བ་བཅུ་ལ་ཀུན་སློང་གི་བསམ་པ་ཙམ་ཡང་མ་རྒྱུ་བར་སྡོམ་སེམས་ཀུན་ཏུ་བསྟེན་ཏེ་རྒྱུད་ལ་གོམས་པར་དགོས་ལ། གལ་ཏེ་དེ་ལྟར་ཉེས་སྤྱོད་ལས་མ་ལོག་ན་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མི་འདོད་བཞིན་དུ་མྱོང་དགོས་ཏེ་གང་དུ་ཕྱིན་ནའང་ཐར་བ་མེད་པར་གསུངས།
          དེ་ལྟར་ཉེས་སྤྱོད་ཀྱིས་མ་གོས་པ་ལ་འབད་ཀྱང་བདག་མེད་པ་དང་ཉོན་མོངས་པ་ལ་སོགས་པའི་དབང་གིས་སྡིག་པའི་ལས་དུ་མ་འདུ་བྱས་ན། “འགྲོ་དྲུག་གི་སྡུག་བསྔལ་ལས་ཐར་བར་བྱེད་པ་ལ་ཐུགས་རྗེ་ཆེན་པོ་ལས་ལྷག་པ་མེད། སྙིང་པོ་ཡི་གེ་དྲུག་པས་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་ཡིན།”ཞེས་མ་ཎི་ཡིག་དྲུག་ལ་ཡང་དག་པར་བརྟེན་སྔོན་བྱས་ཤིང་བསགས་པའི་སྡིག་པ་ཕལ་ཆེར་ཟིལ་གྱིས་གནོན་ནུས་པ་བསྟན་ནས་“སྡིག་པ་ཕྲ་མོ་ནས་སྤོངས་ཤིག་ཐིགས་པ་བསགས་པས་རྒྱ་མཚོ་ཙམ་དུ་འགྲོའོ།། དགེ་བ་ཕྲ་མོ་ནས་གྱིས་ཤིག་རི་རབ་ཆེན་པོ་ཡང་རྡུལ་ཕྲ་རབ་ནས་གྲུབ་བོ།།”ཞེས་སྡིག་སྤོང་དགེ་སྒྲུབ་ལ་འཇུག་པར་སྐུལ་བ་སྟེ།མི་སུ་ཡིན་ཡང་དེས་ཞེ་ཐག་པའི་སྡོམ་སེམས་ལ་བརྟེན་ནས་ཕྱིན་ཆད་མི་དགེ་བ་ཅུ་ཡང་དག་པར་སྡོམ་པ་ཡིན་ནོ་ཞེས་དམ་བཅས་ཏེ་སྒོ་གསུམ་གྱི་ལས་དགེ་བའི་ཕྱོགས་ཁོ་ནར་གཞོལ་ན་སྔར་བྱས་སྡིག་པ་རྣམས་ཀྱང་ཟད་འགྲོ་བར་གསུངས་པས།འདིས་དོན་དངོས་སྟེང་ནས་བོད་ཁམས་སྤྱིའི་མི་རྣམས་དགེ་བའི་ལམ་དུ་དཀྲི་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
          རྩོམ་མཁན་གྱིས་བསླབ་བྱ་འདི་ཚིག་ལྷུག་ཁོ་ནའི་ལམ་ལ་བརྟེན་ནས་གསུངས་ཤིང་། རྗོད་པ་གསལ་ལ་གནད་དུ་འཁེལ་བ།སྡེབ་སྦྱོར་ཕུན་སུམ་ཚོགས་ཤིང་མི་སེམས་སྒུལ་བར་བྱེད་པ།གོ་དཀའི་ཟབ་ཆོས་ཀྱི་ནང་དོན་དག་རྒྱུན་མཐོང་གི་དཔེར་འབྲེལ་ནས་བརྗོད་ཚེ་གཟུགས་ཅན་བཞིན་དུ་སྣང་ངོ་ཤར་བར་བྱེད་པས།སྐྱེ་བུ་རབ་འབྲིང་ཐ་གསུམ་གང་གིས་བལྟས་ཀྱང་དོན་རྣམས་ཚེགས་མེད་པར་རྟོགས་ཐུབ་པའི་དགེ་མཚན་ལྡན་པའི་ཁར།མང་ཚོགས་ཀྱི་གོ་བདེ་ལ་ཁྱབ་ཆེ་བའི་སྐད་རྣམས་རྗོད་བྱེད་ཀྱི་ཕྲེང་བར་སྤེལ་ནས་སྔོན་འགོག་དང་།ཤེས་རིག་དར་བ་དང་བདེ་འཇགས་སྐྲུན་པ། ཀུན་སྤྱོད་ལེགས་བཅོས། རང་བཞིན་དྲང་བ། གཞན་ཕན་དང་དགེ་སེམས་ཆེ་བར་བྱེད་པའི་ཐད་ཕན་ནུས་ཆེན་པོ་ཐོན་ཡོད་པར་མ་ཟད། དེང་གི་དུས་འདིར་ཡང་གཡོ་དང་སྒྱུ་མ་ལ་མཁས་ཤིང་། སྡིག་དང་མ་རབས་ཀྱི་ལས་རྩོམ་པ། རང་བཞིན་མི་བརྟན་པ།རྐུ་དང་གསོད་འཕྲོག་རྒྱུན་མི་ཆད་པའི་སྤྱི་ཚོགས་སྲོལ་ངན་དག་སྤོང་བར་དངོས་ཡོད་ཀྱི་དོན་སྙིང་ངེས་ཅན་ལྡན་པ་རེད།
          ག《ཕྱི་བློན་རྣམས་ལ་གདམས་པ》བཤད་པ།
          རྒྱལ་པོ་སྲོང་བཙན་སྒམ་པོའི་《ཕྱི་བློན་རྣམས་ལ་གདམས་པ》ཞེས་པའི་བསླབ་བྱ་འདིའང་《མ་ཎི་བཀའ་འབུམ》ཞེས་པར་བསྡུད་ཡོད་ཅིང་། དེ་ནི་བོད་བཙན་པོའི་སྐབས་བྱུང་བའི་ཆེས་སྔ་གྲས་ཀྱི་བསླབ་བྱའི་རིགས་ཤིག་ཡིན་པ་ནི་གང་ཉིད་ཀྱི་《བོད་ཁམས་སྤྱི་ལ་གདམས་པ》ཞེས་པ་འཆད་སྐབས་ངོ་སྤྲད་པ་དང་གཅིག་འདྲ་ཡིན་ལ།རྗོད་བྱེད་ཚིག་གི་ཐད་ནས་ཀྱང་དེ་དང་འདྲ་བར་མགོ་ནས་མཇུག་བར་དུ་ཚིག་ལྷུག་རྐྱང་པར་བརྟེན་ནས་འཇིག་རྟེན་ཀུན་སྤྱོད་དང་དམ་པའི་ལྷ་ཆོས་ཇི་ལྟར་བླང་དོར་བྱེད་ཚུལ་གྱི་གནས་དག་ཁ་གསལ་ཞིང་གནད་དུ་འཁེལ་བའི་སྒོ་ནས་གདམས་ཡོད།
          བསླབ་བྱ་འདིའི་གདམས་བྱའི་ཡུལ་གྱི་ཆ་ནས་ཁ་བྱང་དུ་བསྟན་པ་ལྟར་ཕྱི་རབས་བློན་པོ་རྣམས་ལ་དམིགས་པ་ཁོ་ན་མ་ཡིན་པར། བོད་ཀྱི་བློན་པོ་དང་སྟག་ཤར། བུད་མེད། བྱིས་པ། བན་དེ། གྲུབ་ཐོབ། བཙུན་པ་བཅས་འཇིག་རྟེན་པ་དང་ཆོས་བྱེད་མི་སྣ་སྤྱི་མཐུན་དུ་གདམས་བྱའི་ཡུལ་དུ་བྱས་པས་བརྗོད་བྱ་ཤིན་ཏུ་ཁྱབ་ཆེ་ལ།གདམས་པར་བྱ་བའི་དོན་གྱི་ཆ་ནས་དེ་དག་རེ་རེའི་ངོ་བོ་གཤིས་ལ་ཁྱེར་བའི་ཆས་དམན་པའི་སྐྱོན་ངན་གྱི་མཚང་དག་རྩ་བ་ནས་སློག་པ་སྟེ། “བོད་ཀྱི་བློན་པོ་གདུག་པ་ཆེ་ལ་ཆོས་ལ་གནག གཞོན་པ་ཤར་རྣམས་ནི་ངོ་མི་རྟག་ལ་འགྱུར་ལྡོག་ཆེ། བུད་མེད་རྣམས་ནི་བོང་མི་སྲུན་ལ་དབང་ཆེ། བྱིས་པ་རྣམས་ནི་ཤེས་བཞིན་རགས་ལ་ཅོལ་ཆུང། སྤྱིར་མི་ཐམས་ཅད་ཉོན་མོངས་པ་རགས་ལ་སྙིང་དུ་འགོང་པོ་ཞུགས་ནས། བོད་ཁྲབ་བརྒྱ་བྱང་བུ་རྒྱུན་ཆད་པ་ལྟར། སིལ་བུ་སིལ་བུར་སོང་ནས། ནང་འཁྲུག་དང་རྨེ་འཁྲུག་བྱེད། ཕ་སྤུན་ནང་མི་འཆམ། མཐོན་པོ་རྒྱོགས་﹙སྒྱོགས﹚ཀྱིས་འབེབས། ཆེ་རིགས་དུག་གིས་གསོད། དྲག་རིགས་མཚོན་གྱིས་གསོད།”ཅེས་གསུངས་ནས་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་དབང་དང་ནོར་གྱི་དོན་དུ་རྒྱལ་བློན་འབངས་འཁོར་བར་མངོན་ལྐོག་གཉིས་ཀྱི་ཐབས་ལ་བརྟེན་ནས་གསོད་རེས་དང་ཕ་སྤུན་ནང་འཁྲུག་བྱེད་པའི་ཡིད་སྐྱོ་བའི་འཁྲབ་ཚན་རེ་རེ་འཁྲབ་པའི་རྒྱུ་རྐྱེན་ངོ་མ་ནི་བོད་རྒན་རྣམས་ང་རྒྱལ་དང་ཕྲག་དོག ཆགས་སྡང་བཅས་ཉོན་མོངས་དུག་ལྔའི་དབང་དུ་སོང་བས་ཡིན་པ་གསལ་འདེབས་ཀྱི་ཚུལ་དུ་བསྟན་པ་དང་། དེར་མ་ཟད། རྩོམ་པ་པོས་བོད་མི་རྣམས་བསོན་ནམས་དམན་ཞིང་ཟབ་མོ་མིན་པར་གཟིགས་ནས་མ་འོངས་པའི་དོན་རྣམས་ལུང་བསྟན་གྱི་ཚུལ་དུ་“དེའི་ཚེ་བོད་མི་རྣམས་འདོད་སེམས་ལངས་ནས། བཟང་ངན་ནོར་གྱིས་འབྱེད། ཚོང་དང་ཁྱེད﹙ཁྱེ﹚བོགས་ཀྱི་སྦྱོར་བ་དང་དུ་བླངས་ནས། བན་དེ་བཙུན་པའི་ཆ་བྱད་བྱས་ནས་མཐའ་ནོར་དབུས་སུ་དྲངས། དབུས་ནོར་མཐའ་རུ་སྐྱེལ། མཐའ་མི་རྣམས་དབུས་ཀྱི་ཆོས་བྱེད་པ་ལ་དད་པ་སྐྱེ་ཡང་། དབུས་ཀྱི་མི་དང་ཆོས་བྱེད་རྣམས་ཉོན་མོངས་པའི་དབང་དུ་སོང་ནས་བྱེད་གྲགས་ཆེ། འཁོར་སུ་མང་དང་བསོད་ནམས་སུ་ཆེ་འགྲན། སྒོམ་སྒྲུབ་ཀྱི་རྩལ་མི་འགྲན་པར་ནོར་དང་བསོད་ནམས་འགྲན། དམ་ཚིག་དང་སྡོམ་པ་མི་བསྲུང་བར་ཆེ་བ་དང་གྲགས་པ་འགྲན། གྲུབ་པ་ཐོབ་པ་ནམ་ལངས་པའི་སྐར་མ་བས་ཉུང་། དེ་ལྟ་བུའི་དུས་ངན་པ་ཅིག་དུས་ཀྱི་མཐའ་ལ་འོང……”ཞེས་རྣམ་དཔྱོད་ཀྱི་སྤྱན་ཟུང་གིས་འདས་མ་འོངས་ད་ལྟ་གསུམ་ལ་གཟིགས་ཐུབ་པ་སྒོས་སྐབས་དེའི་བོད་མིའི་བསམ་པ་དང་སྤྱི་ཚོགས་སྣང་ཚུལ་མཐའ་དག་དང་།ལྷག་དོན་ཆོས་བྱེད་མི་སྣ་རྣམས་ཀྱི་བསམ་སྤྱོད་ལ་བརྟག་དཔྱད་དོན་དུ་གནས་པ་ཞིག་གནང་སྟེ་ཕྱི་དུས་ཀྱི་བན་དེ་བཙུན་པའི་ཆ་བྱད་འཛིན་པ་རྣམས་ལ་འཛེམ་བྱའི་གནས་དག་མངོན་པར་གདམས་པར་མིག་རྒྱང་རིང་པའི་ཁྱད་ཆོས་ལྡན་ནོ།།
          དེ་ལྟར་བོད་རྗེ་སྲོང་བཙན་སྒམ་པོས་མ་འོངས་པའི་དུས་སུ་ཆོས་ལུགས་དཔུང་ཁག་དང་འབྱུང་བའི་ངན་སྤྱོད་རྩུབ་རགས་དང་རང་ཁེ་གཞན་གནོད།མཚན་སྙན་གྲགས་དང་རྒྱུ་ནོར་གཉེར་བ།བདེ་བར་ཆགས་པ།འགྲན་སེམས་ཆེ་བ་བཅས་ལུས་ངག་ཡིད་གསུམ་གྱི་ཚུལ་མིན་བྱ་སྤྱོད་དག་ལ་སྔ་མོ་ནས་སྔོན་འགོག་དང་དགག་པ་བརྒྱབ་སྟེ།དེ་ནི་སངས་རྒྱས་བསྟན་པའི་དགྲ་བོ་འབའ་ཞིག་ཡིན་པ་དང་ངེས་པར་སྤོང་དགོས་པར་བསྟན་པ་ནི། “ཟས་ཀྱི་དྭངས་མ་ཏིང་འཛིན་བདེ་གསལ་ཟོ། སྒོམ་གྱི་དྭངས་མར་བླ་མའི་གདམས་ངག་འཐུང་། གོས་ཀྱི་དམ་པར་སྡོམ་ཁྲིམས་གཙང་མར་བསྲུངས་﹙སྲུངས﹚། རྒྱན་གྱི་མཛེས་པར་མ་བཅོས་རང་སར་ཞོག”ཅེས་ཆོས་པ་རྣམ་དག་ཅིག་བྱེད་པར་རེ་བ་ནན་མོ་བཏོན་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དང་མཐུན་པར་གསུངས་ནི་བསླབ་བྱ་འདིའི་བརྗོད་བྱ་དངོས་ཡིན།
          མདོར་ན། 《ཕྱི་བློན་རྣམས་ལ་གདམས་པ》ཞེས་པ་དེ་ནི་དུས་རབས་བདུན་པའི་སྐབས་ལ་འཇིག་རྟེན་པ་དང་ཆོས་པ་ཅི་རིགས་ཀྱིས་སྤྱི་ཚོགས་འཚོ་བ་དང་རང་རང་སོ་སོའི་མི་ཚེའི་བགྲོད་ལམ་ཁྲོད་བསམ་བློའི་མཛུབ་ཁྲིད་དང་། བསམ་སྤྱོད་ཟུང་གི་དཔལ་ཡོན་བསྐྲུན་ཆེད་ཆེས་མཁོ་ཞིང་སྨན་པར་ངོས་བཟུང་པས་བསླབ་བྱའི་རྩོམ་རིག་ཁྲོད་གནས་བབས་མཐོན་པོ་ཡོད་པའི་བརྩམས་ཆོས་ཤིག་ཏུ་ངེས་བཟུང་ཆོག་གོ།
གཉིས། སློབ་དཔོན་པདྨའི་བསླབ་བྱ་བཤད་པ།
          ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནི་བོད་ཀྱི་རྩོམ་རིག་ཕུན་སུམ་ཚོགས་པར་འཕེལ་བའི་དུས་སྐབས་ཤིག་ཡིན་ཏེ།བསླབ་བྱའི་རྩོམ་ལུས་ཀྱི་ཐད་རྒྱལ་པོའི་བཀའ་ལུང་དང་ཞལ་གདམས།མཁན་སློབ་ཟུང་གི་བསླབ་བྱ་དང་མགུར་གསུངས།ཞལ་ཆེམས་སོགས་བསླབ་བྱའི་བརྩམས་ཆོས་མོད་པ་ཞིག་ཐོན་པ་དང་། ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན་པའི་《སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་བཀའ་ཐང་ཟངས་གླིང་མ》ནི་བསླབ་བྱའི་བང་མཛོད་ཅིག་ཡིན་པ་དང་། 《བཀའ་ཐང》དེ་ནི་རྒྱལ་པོ་ཨིནྡྲ་བོངྷིས་ཡབ་མཛད་པ་དང་རྒྱལ་ས་བཟུང་བ་ནས་དབུ་བརྩམས།སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཏེ་ཕྱག་དང་སྐྱེལ་ལན་དུ་མགུ་གསུངས་པས་མཇུག་བསྡུས་པའི་ལེའུ་ཞེ་གཅིག་གི་བདག་ཉིད་ཅན་ཡིན་ལ།དེ་ལས་ལེའུ་དྲུག་པ་མན་ཆད་ཡོངས་རྫོགས་བོད་དང་འབྲེལ་བའི་ལོ་རྒྱུས་ཤ་སྟག་འདུག་གོ།ལེའུ་ཉེར་བཞི་པ་སློབ་དཔོན་པདྨས་བོད་ཀྱི་རྒྱལ་པོ་རྣམས་ལ་ཞལ་ཆེམས་བཞག་པ་ནས།ལེའུ་སོ་དྲུག་པ་སློབ་དཔོན་པདྨས་བོད་འབངས་སྤྱི་མཐུན་རྣམས་ལ་ཞལ་ཆེམས་བཞག་པ་ཞེས་པའི་བར་ཁྱོན་བསྡོམས་ཞལ་ཆེམས་ལེའུ་བཅུ་གསུམ་ཡོད་པ་དང་། དེ་ནི་སྲོང་བཙན་སྒམ་པོའི་བསླབ་བྱའི་རྗེས་སུ། བོད་མིའི་ཆབ་སྲིད་དང་ཆོས་ལུགས། ཀུན་སྤྱོད། བསམ་བློ། འཚོ་བ་བཅས་ཕྱོགས་སོ་སོར་ཐེ་གཏོགས་གང་ཡག་བྱ་ནུས་པའི་བསླབ་བྱ་གལ་ཆེན་ཞིག་ཡིན་ཙ་ན།ང་ཚོས་འདིར་ཞལ་ཆེམས་བཅུ་གསུམ་ལས་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གང་ཅི་ཐད་ཡང་རྩེར་སོན་པ་རེ་གཉིས་ཤིག་ངོ་སྤྲོད་བགྱིས་ན།     
          ཀ《བོད་ཀྱི་རྒྱལ་པོ་རྣམས་གནང་བའི་ཞལ་ཆེམས་》《བོད་ཀྱི་རྒྱལ་པོ་རྣམས་གནང་བའི་ཞལ་ཆེམས》ཞེས་པའི་བསླབ་བྱ་འདི་གཙོ་བོ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཨོ་རྒྱན་པདྨ་འབྱུང་གནས་བོད་དུ་བཞུགས་པའི་རིང་གནང་བའི་བསླབ་བྱའི་ཞལ་ཆེམས་བཅུ་གསུམ་ནང་གི་དང་པོ་ཡིན།
          དེ་ལས་རྒྱལ་པོ་ཞིག་ཡིན་ཕྱིན་རྒྱལ་སྲིད་ཇི་ལྟར་སྐྱོང་བ་དང་འབངས་ལ་ཇི་ལྟར་བྱམས་པ།འདོད་ཆགས་སོགས་མ་རབས་ཀྱི་ལས་ཇི་ལྟར་སྤོང་བ་དང་།དཀོན་མཆོག་གསུམ་ལ་ཇི་ལྟར་བཀུར་བསྟི་སྒོས་བོད་མི་རྒན་དར་གཞོན་གསུམ་ཆོས་ལ་ཚུད་པར་བྱ་རྒྱུན་ནི་རྒྱལ་པོའི་བླ་ནས་བླར་མཆིས་པའི་འཕྲིན་ལས་སུ་སྣང་བའི་བསླབ་བྱ་ནན་ཏུར་བརྒྱབ་ཡོད་དེ།དཔེར་ན།བསོད་ནམས་ལྡན་པའི་བོད་ཀྱི་རྒྱལ་པོ་རྣམས།། རྒྱལ་པོའི་རང་བཞིན་འབངས་དང་ཟླ་མི་བྱ།། རྒྱལ་པོས་འབངས་ཀྱི་སྤྱོད་པ་བྱ་བ་མིན།། གཞུང་བཟང་ཟོ་བཟང་རབ་ཏུ་བརྟན་པར་གྱིས།། ཐུགས་ཆེས་ནང་བྱོན་བཀའ་གྲོས་དྲི་བ་ལ།། དགོས་དོན་ཐུགས་ཆོད་ལྷུག་པར་གསུང་བར་གྱིས།། སྲིད་ལ་གནོད་པའི་གྲོས་ལ་གསན་མི་བྱ།། ཁྲོ་གཏུམ་མི་བྱ་ཞི་ཞིང་དུལ་བར་བྱ།། གཙུགས་དང་བྱ་དགའ་བློ་གྲོས་མཛད་ཀྱང་ནི།། ཧ་ཅང་མ་ཆེ་རན་ཙམ་མཛད་ན་ལེགས།། བློན་པོ་འདོད་པ་ཆེ་ཞིང་རིག་པ་མེད།། སྲིད་ཀྱི་མཁར་ནི་འཇིག་པའི་ཉེན་ཆེའོ།། རྒྱལ་ཁ་བློན་གྱིས་སྒྱུར་བའི་དུས་སུ་ནི།། དཀོར་དང་སྡིག་ལ་ཤིན་ཏུ་འཛེམ་པར་གྱིས།། རྒྱལ་སྲིད་ཉམས་ན་རྒྱལ་པོ་བྱ་བ་ཡིན།། བསྒྱུར་བ་མ་སླ་སྙན་ཁུར་མ་མཐུག་པར་མཛོད།།ཕྱེད་ཙམ་ཁོང་དུ་བསད་ནས་ཁོང་བ་བསྐྱེད།། སྲིད་ཀྱི་མུ་མཐའ་རིང་བས་གདོད་མཆིའོ།། བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ།། འདོད་ཆགས་ཕྱིར་ན་ཐུགས་ལ་བཏགས་དྲགས་ན།།ང་ཁྱོད་འདྲེས་ཤིང་བཟང་ངན་མེད་པར་འགྲོ།།ཡིད་ཆེས་མེད་པའི་མི་ལ་བློ་མ་གཏོད།།ལེགས་པར་མི་འོང་རང་སྲོག་འགུམ་ཉེན་ཡོད།།ཕྱི་འཁོར་ཞི་བས་སྐྱོངས་ལ་ནང་འཁོར་ཟས་ཀྱིས་སྐྱོངས།།
          གོང་གསལ་ཚན་པ་ལས་རྒྱལ་པོ་ཞིག་ལ་ཆ་མཚོན་ན།འབངས་ཕལ་བ་ལས་ཐུགས་བཀོད་མཛངས་དགོས་པ་དང་།རྒྱལ་པོའི་དབང་ཆ་རང་བཞིན་ངན་ཞིང་ལྐོག་གཡོ་མཆིང་བའི་བློན་པོ་སོགས་ཀྱི་ལག་ཏུ་གཏོད་མི་རུང་ཞིང་། རྒྱལ་པོ་ཉིད་ནི་“བསྒྱུར་བར་མ་སླ་སྙན་ཁུང་མཐུག་པར་མཛོད”ཅེས་པ་ལྟར་གཡེམ་དང་འདོད་ལ་སོགས་པའི་དབང་དུ་སོང་ནས།བུད་མེད་འཕྱོར་མའི་ངག་ལྟར་རྒྱུག་མི་ཉན་པ་གདམས་ནས་དམངས་བཀུར་བསྟོད་འོས་ཀྱི་རྒྱལ་པོའི་མཚན་བཟང་ལ་བརྩོན་དགོས་པ་ཤུགས་སུ་བསྟན།དེ་ལྟར་མ་བགྱིས་ན་ནམ་ཞིག་གི་ཚེ་རྒྱལ་པོའི་གསེར་ཁྲི་ལས་ལྷུང་སྟེ་རང་གི་སྲོག་ཀྱང་ཤོར་ཆེའོ་ཞེས་མངོན་སུམ་འཛེམས་མེད་ཀྱིས་འཇིགས་པའི་སྣང་བ་བཅོས་མིན་ཞིག་སྦྱིན་ནོ།།
          བསླབ་བྱའི་ནང་དོན་འཇིག་རྟེན་མི་ཆོས་ཡིན་པ་མ་ཟད།ད་དུང་མི་རྣམས་ཀྱི་བསམ་བློ་དམ་པའི་ལྷ་ཆོས་ཀྱི་ཕྱོགས་སུ་སྐུལ་བའི་ནང་དོན་ཡང་མཆིས་ཏེ་དཔེ་རན། གཙུག་ལག་ཁང་དང་ལྷ་ཁང་མཆོད་རྟེན་རྣམས།།བསོད་ནམས་ཆེ་སྟེ་ཐ་མ་སྡིག་པའི་མཛོད།། དེ་བས་སྔ་ཡོད་རྣམས་ལ་བཀུར་སྟི་མཛོད།། དམ་ཆོས་བསྒྱུར་ལ་ཞུ་གཏུག་དག་པར་མཛོད།། ལན་གཅིག་དུས་ནས་བཀའ་བ་ཚད་མར་འཛིན།།དཀོན་མཆོག་གསུམ་ལ་སྤྱན་ལྟར་གཅེས་པར་མཛོད།། ཐེག་པའི་ཆོས་ལ་འཇུག་ལུགས་རེ་རེ་སྟེ།། ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱང་།། གསང་སྔགས་རྡོ་རྗེ་ཐེག་པ་དང་དུ་ལོངས།། ཞེས་པ་ལྟར།སློབ་དཔོན་པདྨས་བོད་པ་རྣམས་ཁོང་རང་ཉིད་ཀྱིས་སྲོལ་བཏོད་པའི་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྐུལ་བར་འདོད་པ་མངོན་པར་གསལ་ཞིང་།བོད་ཀྱི་རྒྱལ་པོ་རྣམས་ཀྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང་བར་རེ་བ་བཏོན་ཡོད།ཞལ་ཆེམས་ཀྱི་ཁྱད་ཆོས་ཐད་དྲི་བ་དྲིས་ལན་གྱི་སྒོ་ནས་བྱུང་རིམ་སྤེལ་ཡོད་ཅིང་།རྩོམ་ལུས་ཀྱང་བོད་ཀྱི་བརྩམས་ཆོས་མང་པོ་ཞིགདང་འདྲ་བར་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་ཡིན་ཞིང་།དེ་ཡང་ལྷུག་པ་ཁ་གསལ་གནད་དུ་འཁེལ་བ།ཚིགས་བཅད་དག་གདངས་དབྱངས་ཀྱི་ཆ་ནས་མགུར་མའི་ཁྱད་ཆོས་བཟུང་བ་དང་ཚེག་བར་དགུ་དང་བདུན་ཅན་ལ་བསྟེན་པས་སྙན་ངག་གི་ཉམས་ཀྱང་ཐོན་ཡོད་དོ།།
          ཁ《བོད་ཀྱི་སྐྱེ་བོ་རྣམས་ལ་གནང་བའི་ཞལ་ཆེམས》བཤད་པ།
          《བོད་ཀྱི་སྐྱེ་བོ་རྣམས་ལ་གནང་བའི་ཞལ་ཆེམས》འདིའང་《རྣམ་ཐར་ཟངས་གླིང་མ》ནང་གི་ལེའུ་སོ་གཅིག་པ་ཡིན་ཞིང་། ཁྱོན་བསྡོམས་ཚིག་རྐང་སོ་བརྒྱད་ཙམ་ཡོད། སློབ་དཔོན་པདྨས་《ཞལ་ཆེམས》འདིའི་ནང་བོད་སྤྱི་ཚོགས་ནང་གི་སྐྱེ་བོ་རྒན་དར་གཞོན་གསུམ་རྣམས་ཆོས་དང་འཇིག་རྟེན་གྱི་གནས་ལ་ཇི་ལྟར་བླང་དོར་བྱེད་ཚུལ་གྱི་ཚད་གཞི་ལྟ་བུ་མངོན་པར་བསྟན་པ་སྟེ། དཔེར་ན།ཕྱི་རབས་བོད་ཀྱི་སྐྱེ་བོ་རྒན་གཞོན་རྣམས།།རྒྱལ་པོའི་རྒྱལ་ཁྲིམས་གཉན་པར་ཟུང་།། རྗེ་ཡི་བཀའ་ལུང་གཉན་པར་ཟུང་།། སྒོས་སྤྱོད་ཡལ་བར་དོར་ནས་ནི།། གཙོ་བོ་སྤྱི་ཆོས་སྲོག་ཏུ་ལྟོས།། མནའ་ནི་གཟན་དུ་མི་བོར་ཞིང་།། ཆད་པ་ཐམས་ཅད་བཙན་པར་བྱ།། མང་པོ་རྣམས་ནི་ཁ་བསྡུས་ལ།། ངན་པ་ཁྱད་དུ་མི་གསོད་པར། སྤྱི་གྲོས་བྱས་ན་འགྱོད་པ་མེད།། མཛངས་མ་རྣམས་ཀྱིས་འདུན་གྲོས་ཀྱིས།། གྲྭ་གཟུངས་ཐུབ་ལ་བློ་གཏད་བྱ།། བསམ་ཤེས་རྣམས་ཀྱིས་ཞལ་ལྕེ་ཆོད།། དཔའ་བོ་རྣམས་ཀྱིས་དམག་སྣ་དྲོངས།། མཚོན་ཆ་རྣམས་ཀྱིས་དམག་དཔུང་སྐྱེད།། འཁོར་གཡོག་རྣམས་ཀྱིས་མེལ་ཙེ་གྱིས།། བྲན་འབངས་རྣམས་ནི་རིམ་པར་སྐོས།། མིས་བློ་གཏད་ན་ཡིད་མ་གཅོད།། སྐྱེས་པ་མཛངས་པར་འགྱུར་བས་ན།། ནོར་དུ་སྲིད་དང་གཏམ་སྙན་སྒྲུབས།།
          གོང་གི་ཚན་པ་ལས་འཇིག་རྟེན་གྱི་བླང་དོར་གྱི་གནས་ལ་ཇི་ལྟར་འཇུག་ཚུལ་གཙོ་བོར་བཟུང་ནས་གདམས་ཡོད།བོད་ཀྱི་སྐྱེ་བོ་རྒན་གཞོན་རྣམས་དམུ་རྒོད་དང་ཁྲིམས་མེད་མི་བྱེད་པར་རྒྱལ་ཁྲིམས་བརྩི་ཞིང་སྤྱི་སེམས་ཆེ་བ།དོན་ལ་ཐུག་ཚེ་རང་ལྟ་མཆོག་འཛིན་མི་བྱེད་པར་ཀུན་ལ་བློ་གྲོས་བསྡུར་དགོས་པའི་ཞལ་ཆེམས་གནང་བ་མ་ཟད།བོད་ཀྱི་སྐྱེ་བོ་མཐོ་དམའ་བར་གསུམ་གང་ཡིན་ཡང་རང་གི་ཕ་ཡུལ་ལ་གཅེས་ཤིང་དགའ་བ་དང་དེའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་སྐྱེ་བོ་རྣམས་ཀྱི་འོས་འགན་ཡིན་པས།དེའི་ཆེད་དུ་བློ་དང་སྟོབས་ཤུགས་གང་ཡོད་འབུལ་དགོས་པར་མངོན་པར་གདམས་པ་རེད།
          ཡིན་ནའང་ང་ཚོས་ཤེས་དགོས་པ་ཞིག་ནི།སློབ་དཔོན་པདྨ་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ནང་དུ་བྱུང་བ་དང་།བོད་དུ་ཕེབས་གོང་སྟེ་ཆུང་དུས་ནས་སངས་རྒྱས་ཆོས་ལུགས་ཀྱི་སློབ་གསོ་ཕུན་སུམ་ཚོགས་པ་མྱངས་པའི་སྟབས་ཀྱིས་ཁོང་གི་བསམ་བློར་ཆོས་ལུགས་དང་བཀས་བཀོད་རྒྱུད་འཛིན་གྲལ་རིམ་གྱི་རྟགས་ཐམ་ཅིས་ཀྱང་ཁེལ་ཡོད།དེར་བརྟེན་ཁོང་ཉིད་ཐོག་མཐའ་ཀུན་ཏུ་སངས་རྒྱས་ཆོས་ལུགས་ཀྱི་ལངས་ཕྱོགས་སུ་ལངས་ཤིང་།ཆོས་ཀྱི་འདུ་ཤེས་དང་ལྟ་བ་ཤེས་སླ་བའི་རྩོམ་སྟངས་ཀྱི་རྣམ་པ་བཅད་མ་བཀོལ་ནས་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཡོད་དེ། དཔེར་ན། བུ་ཚ་ཆོས་ལ་མཁས་བསླབ་ན།། གཏན་གྱི་ནོར་བུ་ཕྱི་ཕྱིར་ཆེ།། ཅི་བྱེད་ལས་ལ་བསམ་གཞིག་བྱ།། མ་བསམ་བྱས་ན་ཉེས་པ་མང་།། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་བྱ་ཅི་དགོས།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། དལ་བུས་ཕྱིན་ན་གར་ཡང་སླེབས།། འཇིགས་སར་བསྐོར་ན་དགྲས་མི་ཕྲོག། འཇམ་པོར་སྨྲས་ན་སུས་ཀྱང་གོ། ཞལ་ཏ་སྐད་ཆེ་ཁ་ཕོག་གོ། ཡུན་དུ་བསྲིངས་ན་ཅི་ཡང་འགྲུབ།། དང་དྲགས་ཡུན་ཐུང་གྲ་ཤ་འཆད།། འདི་ཕྱིའི་དོན་དུ་ལྷ་ཆོས་ཀྱིས།། ཡུན་གྱི་སྲིན་དུ་འདི་ཀ་བཟང་།། ཞེས་པ་ལྟར། མི་རྣམས་ཀྱི་བློ་སྒོ་ཆོས་ཕྱོགས་སུ་སྐུལ་བ་དང་། བླང་དོར་ལ་མི་རྨོངས་པ། ལས་དང་བྱ་བ་གང་ཞིག་བརྩམས་ན་ཕྱི་ཐག་རིང་དགོས་པའི་གནས་ལུགས་འགྲེལ་ནས་བསྟན་པ་དང་། དེའི་མཚུངས་སུ་ཞལ་ཆེམས་ལ་སྒྱུ་རྩལ་གྱི་རང་བཞིན་ཡང་ཧ་ཅང་ལྡན་ཏེ། སྙན་ངག་ཚེག་བར་བདུན་ཅན་མ་གོ་བདེ་བའི་སྤྱི་སྐད་ཀྱི་ལམ་ནས་སྤེལ་བས་གནད་དུ་ཐིངས་ཤིང་མངོན་གསལ་དོད་པ་དང་སྐྱ་སེར་གང་གིས་བལྟས་ནའང་ཡིད་ཀྱི་དབང་པོ་འཕྲོག་པར་བྱེད་པའི་ཁྱད་ཆོས་ལྡན་པ་རེད།
          ག《བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ལ་གནང་བའི་ཞལ་ཆེམས》བཤད་པ།
          《བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ལ་གནང་བའི་ཞལ་ཆེམས》ཀྱང་《སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ》ནང་གི་ལེའུ་ཉེར་བདུན་པ་ཡིན་པ་དང་ཞལ་ཆེམས་ཧྲིལ་པོ་ཚིགས་བཅད་ཀྱི་རྣམ་པ་ལྟར་མཛད་འདུག་ལ། ཁྱོན་བསྡོམས་པས་ཚིག་རྐང་སུམ་ཅུ་སོ་གཉིས་ཡོད།
          སློབ་དཔོན་པདྨ་བོད་དུ་སླེབས་པའི་དུས་དེ་ནི།བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་ཡི་གེ་དང་ཆོས་ལུགས་དར་ནས་ཡུན་རིང་མ་ལོན་པས་འདུ་ཤེས་འཛིན་སྟངས་ཐད་དམངས་ཡོངས་ཀྱི་བསམ་བློ་གཅིག་མཐུན་ཡོང་མེད་ལ།ཆོས་ལ་དགའ་བ་དང་མི་དགའ་བ་གཉིས་བར་གྱི་འཐབ་རྩོད་ཛ་དྲག་ཆེ་ཞིང་རྣོ་ངར་ལྡན་པ་རེད།དེས་བོད་སྤྱི་ཚོགས་གཏུམ་སྤྱོད་དང་བཙན་ཤེད།འཁྲུག་ལོང་གི་ལམ་དུ་འགྲོའམ་ཡང་ན་གཅིག་གྱུར་དང་ཤེས་རིག ལུགས་སྙོམས་ཀྱི་ལམ་གང་ལ་འགྲོ་བའི་ཐད་དགེ་བཤེས་སྟོན་པ་རྣམས་ཀྱིས་ནུས་པ་གལ་ཆེན་ཐོན་ཐུབ་པས་ན།ཐོག་མར་ཁོང་རང་ཚོ་བླང་དོར་གྱི་གནས་ལ་མཁྱེན་དཔྱོད་ཡངས་དགོས་པ་དང་།འཇིག་རྟེན་གྱི་ལོངས་སྤྱོད་མཐའ་དག་ལས་གཙོ་བོ་ཡོན་ཏན་གྱི་གཞི་མར་གྱུར་བའི་རིག་པ་ཤེས་རབ་ཀྱི་བསླབ་པའི་དོན་ལ་གཉེར་བ་དང་།ང་རྒྱལ་དང་ཕྲག་དོག་ལེ་ལོ་དང་གཡོ་སྒྱུ། ཆོག་ཤེས་བཅས་མེད་པའི་སྒོ་ནས་རྒྱུན་པར་གཞན་གྱི་ཡོན་ཏན་ཆུང་ངུའང་ལེན་པ། མདོ་སྔགས་གཉིས་ལ་རིས་སུ་མ་ཆད་པར་འཇུག་པ་དང་།འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དེ་ཀུན་གྱི་རྩ་བར་བཟུང་ཐོག་བརྩོན་འགྲུས་ཆེ་བ་དང་། རྟུལ་ཕོད་པ། ཡིད་བརྟན་པ། དགེ་བའི་བཤེས་གཉེན་ལ་ལུས་ངག་ཡིད་གསུམ་འབུལ་བ། བློ་དང་ནུས་པ་ལྡན་པ། ཕ་རོལ་གནོན་པའི་ཟིལ་ཤུགས་ཆེ་བ་བཅས་ཀྱི་ཡོན་ཏན་ཚང་བར་སློབ་དགོས་པ་བསྟན་ཡོད་པ་མ་ཟད།རང་རྒྱུད་ལ་ཚད་མེད་བཞི་ཡི་གོ་ཆ་བགོས་ཏེ་ཀུན་ལ་སྙིང་རྗེ་བའི་སེམས་སྐྱེས་པ་དང་རང་གི་ལུས་ངག་ཡིད་གསུམ་ཞི་དུལ་བྱེད་དགོས་པ་བཅས་ཀྱི་བསླབ་བྱ་ནན་ཏུར་གནང་འདུག་སྟེ་དཔེར་ན། མཁས་ཤིང་ཡོན་ཏན་ལྡན་པའི་བོད་ཀྱི་དགེ་བཤེས་རྣམས།། སློབ་དཔོན་མཁས་གྲུབ་ལྡན་པའི་བླ་མ་ལ།།འདྲི་ཀློག་ཉན་དང་བསམ་བརྗོད་ལེགས་པར་གྱིས།།སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་སྟེ།།ཐེག་པའི་ཆོས་རྣམས་ཀུན་ལ་མཁས་པར་སློབས།།ཤེས་བྱ་རྣམས་ཀྱི་ཡུལ་ཀུན་སྦྱར་བའི་ཕྱིར།།རིག་པའི་གནས་ལྔ་དག་ལ་མཁས་པར་སློབས།། མི་གཞན་བཀུར་བའི་གནས་གྱུར་ནས།། བསོད་ནམས་འདུ་འཛི་བྱུང་བའི་ཚེ།། ང་རྒྱལ་ཁེངས་སེམས་ཕྲག་དོག་སྤོངས།། མང་མཐོང་ཆེ་བའི་ལས་མི་བྱ།། ཁ་ནས་སྨྲ་བའི་ཚིག་རྗེས་བསླབ།། ཀུན་དང་མཐུན་པའི་ཆོས་བཞིན་སྤྱོད།། ང་མཁས་གཞན་ནི་མི་མཁས་ཞེས།། ཁ་ན་མ་ཐོ་ཕྲག་དོག་སྤོངས།། སློབ་གཉེར་འདོད་པའི་གང་ཟག་ལ།། ཅི་དགའ་ཅི་མོས་ཆོས་རྣམས་སློབས།། རང་གི་བླ་མ་སློབ་དཔོན་ལ།། ལུས་ངག་ཡི་གསུམ་བཀུར་སྟི་བྱེད།། ནོར་ཟས་ལ་སོགས་ཅི་ཡོད་ཕུལ།། ཆོས་ལ་ངོམས་སྐྱེན་མ་བྱེད་པར།། མཁན་པོ་རྣམས་ལ་འདྲི་ཞིང་གཏུགས།། ཆེ་བཅོས་སྟོང་ལྡིར་མ་ཆེ་བར།། ཡོན་ཏན་ཆོས་ཀྱིས་གང་བར་གྱིས།། མཆེད་གྲོགས་རྣམས་ལ་འགྲན་སེམས་སྤོངས།། ཅུང་ཟད་ཡོད་ཏན་རྙེད་པའི་ཚེ།། ཁེངས་ཤིང་རང་འདོད་མ་ཆེ་བར།། གཙོར་ནི་ཀུན་ལ་སྙིང་རྗེ་ཟུང་།། ཚད་མེད་བཞི་ཡི་གོ་ཆ་བགོས།། རང་རྒྱུད་ཆོས་ཀྱི་མ་དུལ་ན།། གཞན་དག་འདུལ་བར་ག་ལ་ནུས།། མཁས་ནས་རང་རྒྱུད་དུལ་བར་གྱིས།།ཞེས་བྱུང་བ་ལྟར།བླང་བྱ་དང་འདོར་བྱའི་གནས་ལ་རྨོངས་མིན་ནི་ཡོན་ཏན་ཡོད་མེད་དང་།འཆད་རྩོད་རྩོམ་གྱི་བྱ་བ་ནུས་མིན་གྱིས་ཕྱེ་ཡོད་པ་སྟེ། ལྡིར་སྒྲ་གྲགས་པའི་རྔ་བོ་ཆེ་ལའང་དབྱུག་གུ་མ་བརྡུངས་ན་དེ་ཡི་ཁྱད་པར་སྟོན་མི་ནུས་བཞིན་མཁས་པ་རྣམས་ཀྱང་དུས་དང་རྣམ་པ་ཀུན་ཏུ་མཁས་པའི་བྱ་བར་མ་ཞུགས་ན།དེ་ཉིད་དགེ་བཤེས་དང་སྟོན་པ་ཡིན་པ་རྟོགས་བྱེད་ཀྱི་ཆོས་གཞན་དག་མི་མཐོང་བས་ན།གྲགས་སྐམ་གྱི་རྗེས་མི་འབྲངས་པར་རང་ཉིད་གཞན་ལས་ཡོན་ཏན་ལྡན་པ་ཞིག་ཏུ་འབད་དགོས་པ་བཅས་བསྟན།
          ང་། 《བོད་ཀྱི་བུད་མེད་རྣམས་ལ་གནང་བའི་ཞལ་ཆེམས》འདིའང་《སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ》ནང་གི་ལེའུ་སོ་གཉིས་པ་ཡིན་པ་དང་། ཞལ་ཆེམས་བཅད་ལྷུག་སྤེལ་མའི་རྣམ་པར་བསྟེན་ནས་གསུངས་ཡོད་པ་དང་ནང་དོན་དངོས་བརྗོད་སྐབས་ཚིགས་བཅད་ཤ་སྟག་ཡིན་ཞིང་ཁྱོན་བསྡོམས་པས་ཚིག་རྐང་ཉེར་བཞི་ཙམ་ཡོད།
          མཐོ་བ་རྒྱལ་པོའི་རྒྱལ་སྲིད་དང་དམའ་བ་སྤྲང་པོའི་འཚོ་ཐབས་བར་འཇིག་རྟེན་གྱི་བུད་མེད་ནི་མེད་དུ་མི་རུང་ལ།སློབ་དཔོན་པདྨས་དོན་གནད་དེའི་ངོ་བོ་མཁྱེན་པའི་སྒོ་ནས་བོད་ཀྱི་བུད་མེད་རྣམས་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་བླང་བར་བྱ་བ་གང་དང་དོར་བར་བྱ་བ་གང་ཞིག་ཡིན་པ་གསལ་པོར་བསྟན་ནས་ཆོས་སུ་དགའ་བ་དང་། གཏོང་ཕོད་ཆེ་བ། བྱམས་དང་སྙིང་རྗེ་ལྡན་པ།བཟའ་ཟླ་ཁྱིམ་མི་ཕན་ཚུན་བར་འགྲིག་མཐུན་ཡོང་དགོས་པ་བཅས་ཀྱི་བསླབ་བྱ་བརྩེ་སེམས་ཀྱི་གདངས་ལྕི་ཞིང་སྙན་ངག་གི་ཉམས་དང་ལྡན་པར་གནང་བས།དེ་ལ་བསམ་བློའི་ནང་དོན་ཐད་མ་ཟད་རྩོམ་རིག་གི་རིན་ཐང་ཡང་མི་ཆུང་བ་་ཞིག་ཡོད་པ་རེད། དཔེར་ན། སྲིད་ཀྱི་མཚོ་མོ་བུད་མེད་རྣམས་ལ།། གནས་ཀྱི་གཞི་མ་ཡིན་པས་ཁྱིམ་གྱི་ག་དར་གྱིས།།སྲིད་ཀྱི་མཚོ་མོ་ཡིན་པས་བུ་ཚ་ཆོས་ལ་ཚུད།།ལུས་ཀྱི་ཟླ་གྲོགས་ཡིན་པས་ཁྱོ་ལ་བཀུར་སྟི་གྱིས།།ཁྱོ་བཟང་སྙིང་དང་འདྲ་བས་ཅི་ཟེར་ཁྱག་པར་གྱིས།།ཁྱོ་ངན་ལས་འཕྲོ་ཡིན་པས་རྔན་ཅན་སྙིང་མི་རིང་།།གྱོས་སྒྱུག་ཕ་མ་འདྲ་བས་བཀུར་སྟི་ཕུ་དུད་གྱིས།།ཡབ་སྐུད་ཕ་མིང་འདྲ་བས་ཟས་དང་ཁྲེལ་གྱིས་སྐྱོངས།།སྙིད་མོ་འགྲོགས་ཡུན་ཐུང་བས་བཀུར་ལ་བཟང་བྱེ་གྱིས།།མིས་འཕྱ་རང་ལ་ལེན་པས་ཅི་གཏམ་འཛུམ་དང་སྦྱོར།།
          ཁྲོ་གཏུམ་ང་རྒྱལ་ཆེ་ན་སུ་ཡང་འཁོར་མི་ཉུང་།།སྣང་བ་དགྲ་རུ་སྡང་བས་རྟག་ཏུ་དང་སྤྲོ་སྲིངས།།སྨྲ་མང་བུད་མེད་ལོད་པས་འཇབ་འཇིབ་མ་མང་མཛོད།།ཕ་མིང་བསྟོད་ཅིང་བཀུར་ནས་ཁྲལ་ལ་བཟང་བར་གྱིས།།བུ་ཁྱོའི་ལམ་རྒྱགས་ཡིན་པས་མགྲོན་ལ་ཡང་བར་གྱིས།།འཁོར་དང་གཉེན་བཤེས་ཟས་ཀྱིས་སྐྱོངས་ལ་གདུང་སེམས་སྐྱེད།།ནོར་ལ་འཛིན་པ་མ་ཆེ་ཟས་ལ་ཡང་བར་གྱིས།།ངོ་འཛུམ་གསལ་པོ་གྱིས་ལ་གཙང་སྦྲ་ཆེ་བར་གྱིས།།ནུབ་མོ་ཉལ་ཕྱི་ནང་པ་སྔར་ལངས་པ།།དུས་ཀྱི་སོ་ནམ་བརྩོན་འགྲུས་ཕྱིར་མ་བཤོལ།།ཕྱུགས་དང་སྒོ་ཁྱི་འཁོར་གཡོག་སྙིང་རྗེས་སོས།། ཅི་ཡོད་དཀར་པོ་དགེ་བའི་ཕྱོགས་སུ་ཐོང།། ཚེ་འདིར་བྱིན་རླབས་ཕྱི་མ་བདེ་བ་འཐོབ།། ཅེས་བྱུང་བ་ལྟར།སློབ་དཔོན་གྱིས་ད་དུང་བུད་མེད་རྣམས་ནི་སྤྱི་ཚོགས་ཀྱིས་གུས་བཀུར་བྱེད་ཡུལ་དུ་གྱུར་བ་དང་།སྤྱི་ཚོགས་སྟེང་གི་གོ་བབ་དང་ཐོབ་ཐང་ཡང་སྐྱེས་པ་དག་ལས་མི་དམན་པ་ཤུགས་སུ་བསྟན་ཡོད།
གསུམ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བསླབ་བྱ་《བཀའ་ཡི་ནན་ཐག་ཅི་ལྟར་གདམས་ཚུལ》བཤད་པ།
          ཀ ལོ་རྒྱུས་རྒྱབ་ལྗོངས།
          《སྦ་བཞེད》ལས། “རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་བརྒྱད་ལོན་པ་དང་། ཆབ་སྲིད་བཞེས་མ་ཐག་ཏུ་སྐུ་ནར་མ་སོན་པས། ཞང་མ་ཞམ﹙ཞང﹚ཁྲོན་པ་སྐྱེས་ན་རེ། རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་སྟེ་བཀྲ་མི་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་བྱ་བ་རྫུན་ཡིན། ཚེ་འདིའི་རྐྱེན་བཟློག་བོན་གྱིས་བྱ། ཆོས་སུ་བྱེད་པ་ཕོ་རེང་﹙ཐང﹚དུ་མཐར་སྤྱུགས”ཞེས་བྱུང་བ་ལྟར་ཞང་མ་ཞང་གིས་བློན་པོ་ཆོས་ལ་དགའ་བ་མང་བལ་གཉིས་ལ་སྐྱོན་བཏགས་ནས་བོད་ནག་པོར་བཏང་བ་དང་།ར་མོ་ཆེ་ནས་གསེར་གྱི་ཤཱཀྱ་མུ་ནེ་ཕྱིར་དྲུད་ནས་བྱེ་ཐང་དུ་སྦས། ལྷ་ཁང་ཚང་མ་རྨང་ནས་བཤིག་སྟེ་བཤས་རར་བསྒྱུར་བ་དང་། དམ་པའི་ཆོས་སྲུང་བའི་ཁྲིམས་བུ་ཆུང་རྩ་ནས་བཤིག་པར།རྗེ་བློན་ཆོས་ལ་དགའ་བ་རྣམས་ཀྱང་འདུས་ནས་ཆོས་བྱ་བར་གྲོས་མོལ་བྱས་པར་ཞང་མ་ཞང་གེགས་སུ་མཐོང་ནས་མེད་པར་གཏོང་ཐབས་སུ་རྒྱལ་པོ་སྐུ་ཆགས་ཆེ་བའི་རིམ་གྲོ་བྱ་བར་སྐུ་བླུད་དུ་རྫོང་རྒྱུར་ཁ་འཆམས་ནས་གསོན་པོར་དུར་ལ་སྦས་ཤིང་།ཡབ་མེས་ཀྱིས་མཛད་པའི་ལྷ་ཆོས་དང་ཁྲིམས་བུ་ཆུང་སོགས་སླར་གསོ་བྱ་བར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀའ་ཡིས་ནན་པོར་བཏགས་པ་སྟེ། 《སྦ་བཞེད》ལས། “དུས་འདི་ཕན་ཆད་བཀའ་ཤོ་ཆེན་པོ་བཏང་སྟེ། ཆོས་ཁྲིམས་བཅས། སླན་ཆད་འོག་གི་འབངས་ལས་ཕོ་མིག་མི་དབྱུང་། མོ་སྣ་མི་བཅད། མཚང་ཅན་མི་དགུམ་པར་སྣང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཅིང་། རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་ལ་དབུའི་མཆོད་གནས་སུ་ཕྱུང་ལ།ཕྱག་དང་མཆོད་པ་བྱ་བ་དང་།བཀུར་བ་ལ་སོགས་འབངས་ཕྱོགས་སུ་ཆོས་ཀྱི་བཀའ་དྲིན་ཆེན་པོ་བསྩལ་བ་སོགས་པའི་བཀས་བཏགས།”ཞེས་པ་ལྟར།གོང་གི་ལོ་རྒྱུས་གནས་ཚུལ་དེ་འདྲ་ཞིག་གི་འོག་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་པོ་དང་བློན་པོའི་བྱ་བྱེད་གཏམ་བརྗོད་དག་ནི་ཆབ་སྲིད་དར་རྒུད་དང་འབངས་མིའི་བདེ་སྡུག་ལ་རག་ལས་པས།རྗེ་བློན་གཏམ་སྤྱོད་ཀྱི་ཚད་གཞིར་བསྟེན་དུ་རུང་བའི་གདམས་པ་དག་བཀའ་ནན་མོས་ཐག་བཅད་དེ་སྨྲས་པ་ཡིན་ནོ།།
          ཁ  བརྗོད་བྱའི་ནང་དོན་དང་སྒྱུ་རྩལ་ཁྱད་ཆོས་བཤད་པ།
          རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི《ཞལ་གདམས》འདིའི་བརྗོད་བྱའི་ནང་དོན་གྱི་ཆ་ནས་རིམ་པ་གཉིས་མཆིས་ཏེ།ཐོག་མར་བློན་འབངས་ལ་མཚོན་ན།རྒྱལ་པོའི་བཀའ་ལ་ལན་གཅིག་དང་ཡར་བཟློག་མེད་ཚུལ་སོགས་གདམས་ནས་དེའི་ཆེས་མཐོ་ཞིང་བཙན་པའི་དབང་ཐང་རང་བཞིན་ཐག་གིས་བཅད་ཅིང་།དེ་བཞིན་དུ་རྒྱལ་པོར་མཚོན་ནའང་མ་བསམ་མ་བརྟགས་པར་གང་དྲན་དྲན་དུ་བཀའ་ཕབ་པ་ནི་ཤིན་ཏུ་འོས་མ་ཡིན་པའི་གནས་སུ་བསྟན་པ་སྟེ། རྒྱལ་པོའི་སྨྲ་བ་ལན་གཅིག་གསུང་བ་སྟེ།། དེ་ལས་བརྒལ་ན་ཉེས་ལ་ཆད་པ་གཅོད།། ལེགས་ཉེས་ཆེ་ཆུང་ལེགས་པར་མ་བརྟགས་ན།། སེར་གཞིག་ལོང་མེད་བཙན་པོའི་བཀའ་ལུང་ལ།། ཉེས་མེད་མི་ལ་ཆད་པ་ཕོག་པ་མང་།། བྱམས་པ་མེད་པའི་རྒྱལ་པོ་སྲིན་པོ་འདྲ།། མ་བརྟགས་མ་གཞིགས་བཙན་པོའི་བཀའ་ལུང་ནི།། གཞན་གྱིས་ཁྲེལ་ཞིང་རང་རེ་གྱོད་ཀྱིས་ཟིན།།དོན་མེད་སེམས་ཅན་སྡུག་བསྔལ་མཚོ་རུ་བསྐྱུར།།ཞེས་པ་དང་།རྒྱལ་པོས་བཀའ་ལུང་ཡོ་གཟུར་མེད་པ།ཡང་དག་ཅིང་ཀུན་ལ་སྙོམས་པ་ཞིག་དབབ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ནི་བློན་དང་འཁོར་ངན་པའི་ངག་རྗེས་མི་འབྲངས་བར། རྒྱལ་པོ་ཉིད་ནི་འབངས་མིའི་འཚོ་བའི་ཁྲོད་ཞུགས་དགོས་པ་གལ་ཆེར་གདམས་པ་སྟེ། རྒྱལ་པོ་གོས་ངན་ཆས་སུ་ཞུགས་ནས་ནི།། རང་གི་མངའ་རིས་ཡུལ་ཁམས་མྱུལ་བར་བྱས།། ལེགས་ཉེས་ཁྲིམས་ཀྱི་བྱ་ར་ལོ་རྒྱུས་གསན།། རྒན་རྒོན་ཁ་འཆལ་དག་ལ་འདྲི་བར་བྱ།། བྱིས་པ་ཁ་འཆལ་དག་ལའང་འདྲི་བར་བྱ།།ཞེས་སྐུ་ངོ་མས་གནས་ཚུལ་དངོས་ལ་གཞིགས་ཏེ། བྱ་དངོས་ཀྱི་ངོ་བོའམ་རང་བཞིན་མ་ལུས་ཐུགས་སུ་ཆུད་པ་བྱ་རྒྱུ་ནི་རྒྱལ་པོའི་བཀའ་ལུང་བཙན་པོ་དབབ་པའི་གཞིའམ་རྩ་བ་ལྟ་བུ་ཡིན་པ་“ཕྱི་རབས་རྒྱལ་བརྒྱུད་རྒྱལ་ས་འཛིན་པ་རྣམས”ཀྱིས་ཐུགས་སུ་ངེས་དགོས་པ་ནན་ཏུ་གདམས་པའོ།།
          བརྗོད་དོན་གྱི་རིམ་པ་གཉིས་པ་ནི་བོད་ཀྱི་ཕྱི་རབས་བློན་པོ་རྣམས་ལ་གདམས་པ་སྟེ།ཕྱི་རབས་རྒྱལ་བརྒྱུད་ནང་བློན་བྱེད་པ་རྣམས།། ཕྲ་མ་མི་བྱ་དྲང་པོ་ཚུགས་ཐུབ་བྱ།། ཁྲོ་གཏུམ་མི་བྱ་རྒྱལ་པོའི་གསུང་མི་བཅག། རྒྱལ་པོའི་ཞབས་ཏོག་གང་ཆེ་གང་འགྲོ་བྱ།། རྒྱལ་སྲིད་འཕྲིན་ལས་གང་འཕེལ་འདུན་མ་བསྐྱེད།།ཆབ་སྲིད་ཕྱི་ནང་བདེ་བའི་གྲོས་སྣ་བསྲིངས།།ཞི་དེས་འབངས་འཁོར་རྣམས་ལ་བདེ་བ་སྦྱིན།།ངག་སྙན་འཇམ་པོའི་ཚིག་སྒོ་གསལ་བ་ཡིས།།མ་རིག་འཁོར་འབངས་དུད་འགྲོའི་ལམ་སྣ་བྱ།།མཉམ་གཉིས་གཞན་གྱི་བར་བ་བྱེད་པའི་དུས།།ཟས་ཀྱི་ངོ་རུ་ཉེ་རིང་བྱེད་པ་མིན།།ཞེས་པ་དང་།ལར་རྒྱལ་པོའི་རྒྱལ་སྲིད་ཀྱི་ལེགས་ཉེས་རྣམས་ཐད་ཀར་བློན་གྱི་བཟང་ངན་དང་མཛངས་བླུན་ལ་རག་ལས་པས་བློ་དང་རིག་པ་ཅི་མཆིས་རྒྱལ་སྲིད་སྐྱོང་ཐབས་སུ་བཀོལ་པ་ལས། ངན་གཡོ་དང་མ་རབས། ཕྱོགས་རིས། ཕྲ་མ། ཁྲོ་གཏུམ། ཚིག་རྩུབ། ཐུབ་ཚོད། ངག་འཁྱལ་བཅས་སུ་མི་འཇུག་པར་དུས་དང་རྣམ་པ་ཀུན་ཏུ་རྒྱལ་པོའི་མཚན་སྙན་གྲགས་ལ་དམའ་སྟེར་བའི་གཏམ་སྤྱོད་དག་དུག་བཞིན་འཛེམ་དགོས་པ་མཛངས་པའི་བློན་གྱི་རང་འགན་ཡིན་པ་དང་། ཕྱི་ནང་གཉིས་ཀྱི་བྱ་བ་ཐམས་ཅད་ལ་ལེགས་པར་བརྟགས་ནས། མཐོ་དམའ་བར་གསུམ་ལ་ཚངས་པའི་ཐིག་ལྟར་དྲང་བ།རྗེ་འབངས་ཀུན་གྱིས་རེ་ལྟོས་བྱེད་པའི་དུས་སུ་རང་སྲོག་ཤོར་ཡང་ཕན་འདོགས་ཅི་ཐུབ་བྱེད་པ།བླ་མ་སློབ་དཔོན་རྒྱལ་པོ་སོགས་སྤྱི་བོའི་གཙུག་ཏུ་བཀུར་ནས་འབངས་ཕལ་པ་རྣམས་སྙིང་བརྩེ་བའི་སྒོ་ནས་སྐྱོང་དགོས་པའི་བཀའ་ལུང་ནན་མོར་གདམས་པའོ།།
          སྒྱུ་རྩལ་མཚོན་ཐབས་ཐད་གསོན་ཉམས་ལྡན་ཞིང་ཞིབ་ཕྲ་བ།སྡེབ་སྦྱོར་ཕུན་སུམ་ཚོགས་ལ་གནད་དོན་གྱི་ངོ་བོ་སྟོན་ཐུབ་པའི་ནུས་པ་དང་ལྡན།མང་ཚོགས་ཀྱིས་གོ་བདེ་ལ་ཧ་ཅང་ཁྱབ་ཆེ་བའི་སྐད་ཆ་རྣམས་སྙན་འཇེབས་ཚིགས་བཅད་ཀྱི་བསྟར་ལ་བརྒྱུས་ཁར་རྒྱལ་པོ་དང་བློན་པོ་དག་ལས་ཚུལ་དང་མི་མཐུན་པའི་སྤྱོད་ཚུལ་མཐའ་དག་བཀའ་ནན་མོས་སྔོན་འགོག་དང་།དྲང་ཞིང་འོས་པའི་བསམ་བློ་ཀུན་སྤྱོད་དར་སྤེལ་བྱེད་པའི་དྲང་ལྡོག་གི་བཀའ་སློབ་གནའ་རབས་བོད་ཀྱི་རྒྱལ་བློན་རིམ་བྱུང་གིས་བླང་དོར་བྱེད་སྒོའི་ཕྱོགས་སྟོན་དུ་གྱུར་པ་མ་ཟད། དེང་སྐབས་ཀྱང་སློབ་གསོའི་དོན་སྙིང་ངེས་ཅན་ལྡན་པ་རེད།
བཞི། བསླབ་བྱ་དེ་དག་རྨང་གཞི་གང་ལ་བྱས་ནས་བརྩམས་ཚུལ་བཤད་པ།
          དུས་རབས་བདུན་པ་ནས་བཅུ་པའི་འཇུག་བར་དུ་བྱུང་བའི་བསླབ་བྱ་དེ་དག་རྨང་གཞི་གང་ལ་བྱས་ནས་བརྩམས་ཞེ་ན།སྤྱིར་བོད་ཀྱི་རིག་གནས་གང་ཡིན་རུང་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་གང་འཚམ་རེ་མ་ཐེབས་པ་ཤིན་ཏུ་དཀོན་པ་ལྟར།བསླབ་བྱ་དེ་དག་ཀྱང་ཚུལ་དེ་ལས་མ་འདས་པ་ནང་དོན་དང་རྣམ་པ་གཉིས་གའི་ཆ་ནས་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་ཐེབས་འོག བོད་ཀྱི་གནའ་རབས་གཏམ་དཔེ་དང་སུམ་པའི་ལེགས་བཤད་དག་རྨང་གཞི་བྱས་ཏེ་གསར་དུ་བཏོད་ནས་བྱུང་བའི་རྩོམ་ལུས་ཤིག་ཡིན།
          སྲོང་བཙན་སྒམ་པོའི་ཡར་སྔོན་དུ་བོད་རང་ལ་ཡིག་ཐོག་གི་རྩོམ་རིག་བསྟན་བཅོས་འདིའོ་ཞེས་ངོས་བཟུང་དཀའ་ནའང་། ངག་ཐོག་གི་རྩོམ་རིག་ལ་ལོ་རྒྱུས་དང་ལྷ་སྒྲུང་། གླུ་ཚིག གཏམ་དཔེ། ལེགས་བཤད་སོགས་ཕོན་ཆེན་པོ་ཞིག་མཆིས་པ་ནི་སྤུ་དེ་གོང་རྒྱལ་རིང་གི་གླུ་ཚིག་དང་སུམ་པ་ཨ་མྱིའི་ལེགས་བཤད་བཅས་ཚན་པ་ཞིག་མཆིས་པ་ནི་སྤུ་དེ་གོང་རྒྱལ་རིང་གི་གླུ་ཚིག་དང་སུམ་པ་ཨ་མྱིའི་ལེགས་བཤད་བཅས་ཚན་པ་བརྒྱ་ཕྲག་གཅིག་ལྷག་སྡུད་སྒྲིག་བགྱིས་ཡོད་པ་དེས་མཚོན་ཞིང་།གཞན་ད་དུང་གླུ་ཚིག་དང་ལེགས་བཤད་ཁག་ཅིག་ནི་ཏུན་ཧོང་གཏེར་ཡིག་ཏུ་བཅུག་འདུག་པར་ནང་དོན་གྱི་ཐད་མི་ཆོས་ལ་ཕན་པའི་བསླབ་བྱ་གཙོ་བོ་ཁྱིམ་སྐྱོང་གི་གནས་ལུགས་དང་སྡིག་སྤོང་དགེ་སྒྲུབ་ཀྱི་གདམས་ངག་བཅས་གཉིས་སུ་སྣང་བ་ལས་ཁྱིམ་སྐྱོང་གི་གནས་ལུགས་བཤད་པའི་སྐོར་ལ་དཔེར་ན། ཏུན་ཧོང་ལེགས་བཤད་ལས། ཕ་མེད་ན་ནི་མི་སྐྱེའོ།། མ་མྱེད་ན་ནི་མྱོ་སོས་སོ།། མས་བུ་གསོས་ཤིན་ཏུ་དཀའ།། ཐོག་མ་ཆགས་ནས་ཉམས་མི་བདེ།། མ་བྱུང་བར་དུ་ཉམས་རེ་མོངས།། ཟླ་གྲངས་ཚངས་ནས་བྱེ་བྲག་ཕྱེད།། ལུག་བསད་ཤ་གཞི་འོ་དང་འདྲ།། གཡས་གཡོན་ཀུན་ཀྱང་ཁྲག་གིས་གང་། ན་ཚ་མ་བཟད་ཤའི་འཐུག། གཤེར་གྲང་མལ་དུ་མ་བདག་ཉལ།། སྐམ་དྲོ་མལ་དུ་བུ་སྡུག་བསྙལ།། མ་སྙིང་རྟག་ཏུ་བུ་ལ་ཆགས།། སྐད་ཅིག་མྱི་བཟོད་ཉམས་རེ་མོངས།། སྐྱེས་ནས་ཆུང་མའི་ངག་ཉེན་ཞིང་།། ཕ་མ་གཤེས་ན་མྱིག་འོར་བྱེད།། བུ་སྨད་མཐོང་ན་དགྲ་བོར་འཛིན།། དེ་ལྟ་བུའི་སྡིག་ཡུལ་དུ།། ཕྱིན་ཅིང་ནམ་ཡང་ཐར་མྱི་མྱོང་།། དེ་ལས་སོམས་ཏེ་སྲི་ཞུ་བྱོས།། ཞེས་དྲིན་ཅན་མ་ཡིས་བུ་སྡུག་གསོ་བའི་ངལ་བ་ཞིབ་ཕྲ་བཀོད་འབྲི་བྱས་ནས་བུ་ཕྲུག་རྣམས་ཀྱིས་ཕ་མར་སྲི་ཞུ་དང་། བཀུར་སྟི་རྣམ་དག་བྱེད་དགོས་པ་བསྟན་པ་ལྟ་བུ་དང་། སྡིག་སྤོང་དགེ་སྒྲུབ་སྐོར་གྱི་བསླབ་བྱ་དཔེར་ན་ཏུན་ཧོང་ལེགས་བཤད་ལས། ལེགས་རྒུ་བྱས་ནས་དཔལ་དུ་སྐྱེ།། ཉེས་རྒུ་བྱས་ནས་བྱུར་དུ་གྱུར།། འདི་གཉིས་གང་བྱེད་ཞིབ་ཏུ་བརྟོགས།། འཆི་བའི་དུས་ན་བཙན་ཉེན་མྱེད།། སྐྱེ་དགུ་ཀུན་ཡང་གཅིག་མྱི་ཐར།། གསོན་གྱི་ཚེ་ན་ལེགས་མ་བྱས།། ཤི་བའི་འོག་ཏུ་ཞར་མ་བྱུང་།། འདི་དག་གང་བྱ་ཞིབ་ཏུ་བརྟོགས།། ཞེས་སྐྱེས་པའི་མཐའ་མ་འཆི་བ་ཡིན་པ་དང་ལེགས་ཉེས་ཀྱི་དབྱེ་བ་གསལ་པོར་བསྟན་ནས་མི་རྣམས་ལ་སྡིག་སྤོང་དགེ་སྒྲུབ་ཀྱི་བསླབ་བྱ་ནན་པོ་བྱས་ཡོད།།
          ང་ཚོས་གོང་གི་དཔེ་བརྗོད་འདི་གཉིས་ལས་སྲོང་བཙན་ཡར་སྔོན་དུ་བོད་རང་ནས་བྱུང་བའི་བསླབ་བྱ་ཡོད་པ་རྟོགས་ཐུབ་པ་མ་ཟད།དུས་རབས་བརྒྱད་པ་དང་དགུ་པའི་ནང་བྱུང་བའི་བསླབ་བྱ་དེ་དག་གིས་གནའ་རབས་གཏམ་དཔེ་དང་དང་ལེགས་བཤད་ཁག་ཅིག་རྨང་གཞིར་བསྟེན་ཡོད་པའམ་ཤེས་ཐུབ།ཡིན་ནའང་བོད་ཀྱི་རྩོམ་རིག་ནང་བསླབ་བྱ་ཞེས་པའི་རྩོམ་ལུས་འདི་དངོས་སུ་ཐོན་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་འགོ་བརྩམས་པ་དང་། ནང་པའི་ཆོས་གཞུང་མང་པོ་ཞིག་བསྒྱུར་ཅིང་འགྱུར་མུས་སུ་མཆིས་ལ། འགྱུར་གཞུང་དེ་དག་ལས་བསྟན་པའི་ཆོས་ལུགས་ཀྱི་ནང་དོན་ནི་བསླབ་བྱའི་བརྗོད་བྱ་གདེམ་ལེན་བྱེད་པའི་ཁུངས་སམ་གཞི་ལྟ་བུ་བྱས་ཡོད་དེ། དཔེར་ན། སྲོང་བཙན་སྒམ་པོའི་《བོད་ཁམས་སྤྱི་ལ་གདམས་པ》ལས། “ཕའི་དོན་དུ་ཐུགས་རྗེ་ཆེན་པོ་སྒོམས། མའི་དོན་དུ་ཡི་གེ་དྲུག་མ་སྒོམས། གྲོགས་ཀྱི་དོན་དུ་ཆོས་ཉིད་བག་མར་ལོངས། བུའི་དོན་དུ་ཐབས་ཀྱི་དོན་ལ་ལྟོས། བུ་མོའི་དོན་དུ་ཤེས་རབ་ཡེ་ཤེས་ལྟོས། སྤུན་ཟླའི་དོན་དུ་རིག་པ་རྩལ་སྤྱོང་གིས། ཟས་ཀྱི་དྭངས་མ་ཏིང་འཛིན་བདེ་གསལ་ཟོ། སྒོམ་གྱི་དྭངས་མར་བླ་མའི་གདམས་ངག་འཐུང་།གོས་ཀྱི་དམ་པར་སྡོམ་ཁྲིམས་གཙང་མར་སྲུངས།”ཞེས་བྱུང་བ་ནང་པའི་ཆོས་གཞུང་ལས་ཚུར་བླངས་ནས་བསླབ་བྱའི་བརྗོད་བྱར་བཀོད་པ་གསལ་ལོ།། སྐབས་དེ་དག་ཏུ་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་《བཤེས་སྤྲིངས》དང་སློབ་དཔོན་ཙན་དྲ་གོ་མིའི་《སློབ་སྤྲིངས》གཉིས་བོད་སྐད་དུ་བསྒྱུར་བ་དེས།བོད་ཀྱི་བསླབ་བྱ་རྩོམ་རིག་སྔར་བས་བདེ་ཐང་གི་ལམ་དུ་སྐུལ་བ་རེད།བསྟན་བཅོས་དེ་གཉིས་ཀྱི་བརྗོད་བྱ་ནི་ནང་པའི་ཆོས་ལུགས་སྐོར་གྱི་ཞལ་གདམས་ཤ་སྟག་ཡིན་ལ།རྗོད་བྱེད་ནི་ཚིགས་བཅད་རྐྱང་པ་ཡིན།ད་དུང་བསྟན་བཅོས་དེ་གཉིས་ནི་གཞན་ལ་སློབ་གསོ་གཏོང་བའི་ཆེད་དུ་བརྩམས་པ་ཡིན་པས།བརྗོད་ཚུལ་ཐད་མགོ་ནས་མཇུག་བར་དུ་འདི་བྱོས་དང་དེ་སྤོངས་ཞེས་ཁ་ཏའི་ཚུལ་དུ་བྱས་ཡོད།བསྟན་བཅོས་དེ་གཉིས་ཀྱི་ནང་དོན་བོད་མིའི་ཆོས་འདོད་བསམ་བློ་དང་མཐུན་པར་མ་ཟད།བོད་ཀྱི་རྒྱལ་པོ་དང་སློབ་དཔོན་རྣམས་ལ་མཚོན་ནའང་ལུགས་གཉིས་བླང་དོར་གྱི་གནས་དག་སྐྱེ་བོ་ཀུན་ལ་གདམས་པར་བྱེད་པ་ལ་འོས་ཤིང་འཚམ་པའི་རྩོམ་ལུས་ཤིག་མཁོ་འདུག་པ་དང་།དེ་བཞིན་གོང་གི་བསྟན་བཅོས་གཉིས་ཀྱིས་རྩོམ་སྟངས་ཐད་དུ་བློ་སྒོ་ཕྱེ་འོག རྒྱལ་པོ་དང་སློབ་དཔོན་རྣམས་ཀྱིས་བོད་གནའ་རབས་ཀྱི་ལེགས་བཤད་རྩོམ་རིག་རྨང་གཞི་བྱས་ཤིང་ནང་ཆོས་རྩོམ་རིག་གི་ནང་དོན་སོགས་བརྗོད་བྱར་བསྟེན་ནས་བསླབ་བྱ་ཞེས་བོད་ཀྱི་རྩོམ་རིག་ཁྲོད་བྱུང་སྔ་བ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་རང་རྐྱ་འཕར་བའི་རྩོམ་ལུས་འདི་གྲུབ་པ་རེད།
ལྔ། སྐབས་དེའི་བསླབ་བྱ་སྤྱིའི་ཐུན་མོང་གི་ཁྱད་ཆོས་བཤད་པ།
          ཀ བསླབ་བྱའི་གོ་དོན་དང་འབྲེལ་བའི་སྤྱི་བཤད།
          སྤྱི་ལོ་དུས་རབས་བདུན་པ་ནས་བཟུང་སློབ་དཔོན་ཐོན་མིས་གཙོ་བྱས་ལོ་ཙཱ་ཆེན་མོ་རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་མདོ་ཉེར་གཅིག་སོགས་ཆོས་གཞུང་མང་པོ་ཞིག་བསྒྱུར་ཞིང་།ནང་པའི་ཆོས་ལུགས་བོད་དུ་སྤེལ་བས་བོད་ཀྱི་རྒྱལ་པོ་དང་སློབ་དཔོན།དགེ་བཤེས་རྣམས་ཀྱིས་བོད་འབངས་རྣམས་སངས་རྒྱས་ཆོས་ལ་སྐུལ་བའི་བསླབ་བྱ་དང་ཞལ་གདམས། གཞེན་སྐུལ།འདོམས་པ།དྲན་སྐུལ་སོགས་གསུངས་གནང་མཛད་འདུག་པ་རྩོམ་རིག་གི་ལུས་ཀྱི་ཆ་ནས་བསླབ་བྱའི་རྩོམ་ལུས་སུ་གཏོགས་ཤིང་།དེ་ལྟ་བུའི་བསླབ་བྱའི་རྩོམ་ལུས་ལ་གོ་དོན་གཉིས་ཡོད་དེ།སྤྱིར་བཏང་དུ་བསླབ་བྱ་ཞེས་པ་ནི་བསླབ་པར་བྱ་བའམ་ཤེས་པར་བྱ་བའི་གནས་ལ་འཇུག་མོད།འོན་ཀྱང་སྐབས་འདིར་བཤད་པའི་བསླབ་བྱ་ཞེས་པ་ནི་སློབ་གསོའམ་ཁ་ཏའི་དོན་ཡིན་ལ།དེ་ཡང་དམ་པའི་ལྷ་ཆོས་སྐོར་གྱི་བླང་དོར་བྱེད་ཚུལ་གཙོ་བོར་བརྗོད་ཅིང་།ཞར་དུ་འཇིག་རྟེན་མི་ཆོས་ལ་ཕན་པའི་བསླབ་བྱ་གཙོ་བོ་སྲིད་དང་ཁྱིམ་སྐྱོང་གི་གནས་ལུགས་གདམས་པ་བཅས་གཉིས་སུ་སྣང་བ་དང་།རྗོད་བྱེད་ཚིག་གི་ཐད་བཙན་པོའི་སྐབས་ཀྱི་བསླབ་བྱ་ཚིགས་བཅད་ཁོ་ནར་བརྟེན་པ་མ་ཡིན་པར་ལྷུག་པ་དང་སྤེལ་མ་གང་རུང་གི་ལམ་ནས་དྲངས་ཡོད་པས་དུས་རབས་བཅུ་པའི་རྗེས་ཀྱི་བསླབ་བྱའི་རྩོམ་ལུས་དང་ཁྱད་པར་ཅུང་ཆེ་བར་སྣང་སྟེ། དཔེར་ན། སྲོང་བཙན་སྒམ་པོའི་བསླབ་བྱ་《བོད་ཁམས་སྤྱི་ལ་གདམས་པ》དང《སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས》བཅས་ནི་རྗོད་པ་ལྷུག་པའི་རྣམ་པ་རྐྱང་རྐྱང་ལ་བརྟེན་ནས་གསུངས་ཡོད་པ་དང་།དེ་ལས་ལྡོག་སྟེ་སློབ་དཔོན་པདྨའི་བསླབ་བྱ་《བོད་ཀྱི་རྒྱལ་པོ་རྣམས་ལ་གནང་བའི་ཞལ་ཆེམས》། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བསླབ་བྱ་《བཀའ་ཡི་ནན་ཐག་ཇི་ལྟར་གདམས་ཚུལ》བཅས་ནི་བཅད་ལྷུག་སྤེལ་མའི་ལམ་དུ་སོང་ཡོད་ཅིང་།གདམས་པ་དངོས་ལ་འཇུག་ཚེ་ཚིགས་སུ་བཅད་པའི་ལམ་ནས་སོང་ཡོད་ཅིང་ཚིགས་བཅད་གཅིག་གི་རྐང་པའི་མང་ཉུང་ནང་དོན་གྱི་དགོས་དབང་ལྟར་བཅད་པ་མང་ཤོས་དང་།རྐང་པ་གཅིག་གི་ནང་དུ་ཚེགས་བར་དོ་མཉམ་པར་བྱེད་པ་ཡིན་ཏེ།དཔེར་ན།སློབ་དཔོན་པདྨའི་《བོད་ཀྱི་རྒྱལ་པོ་རྣམས་ལ་གནང་བའི་ཞལ་ཆེམས》ལས། “བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ༔འདོད་ཆགས་ཕྱིར་ན་ཐུགས་ལ་བཏགས་དྲགས་ན༔ང་ཁྱོད་འདྲེས་ཤིང་བཟང་ངན་མེད་པར་འགྲོ༔ཡིད་ཆེས་མེད་པའི་མི་ལ་བློ་མ་གཏོད༔ལེགས་པར་མི་འོང་རང་སྲོག་འགུམས་ཉེན་ཡོད༔ཅེས་རྐང་པ་ལྔ་ཚིགས་བཅད་གཅིག་ཏུ་བྱས་པ་དང་། “གཙུག་ལག་ཁང་དང་ལྷ་ཁང་མཆོད་རྟེན་རྣམས༔བསོད་ནམས་ཆེ་སྟེ་ཐ་མ་སྡིག་པའི་རྒྱུ༔དེ་བས་སྔར་ཡོད་རྣམས་ལ་བཀུར་སྟི་མཛོད༔ཐེག་པའི་ཆོས་ལ་འཇུག་ལུགས་རེ་རེ་སྟེ༔ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱང༔གསང་སྔགས་རྡོ་རྗེ་ཐེག་པ་དང་དུ་ལོངས༔”ཞེས་ཚིག་རྐང་གསུམ་གྱི་ནང་དུ་དོན་ཆུང་ངུ་ཞིག་རྫོགས་པར་སྟོན་པ་དང་། གཞན་ད་དུང་ཚིག་རྐང་གཉིས་དང་ཡང་ན་བཅུ་ཡན་གྱི་ནང་དུ་དོན་ཆུང་ངུ་ཞིག་སྟོན་པ་ཅན་དུ་མར་སྣང་མོད།ཡི་གེར་འཇིགས་ནས་མ་དྲངས་སོ།།དེས་ན་བཙན་པོའི་སྐབས་ཀྱི་བསླབ་བྱ་གཙོ་བོ་ནང་དོན་བརྗོད་ཚུལ་ཐད་མགོ་ནས་མཇུག་བར་དུ་འདི་བྱོས་དང་དེ་སྤོངས་ཞེས་ཁ་ཏའི་ཚུལ་དུ་བྱས་ཡོད་པ་ལས་མ་གཏོགས།ཚིག་རྐང་དང་ཚེག་བར་ཐད་གཏན་ཆགས་གཟབ་ནན་གྱི་རྩོམ་རྒྱ་ཞིག་ཆགས་མེད་པ་དེའང་སྐབས་དེའི་བསླབ་བྱའི་ཁྱད་ཆོས་ཤིག་ཏུ་བརྩིས་ཆོག་ཀྱང་སྲིད།
          ཁ བརྗོད་བྱ་རྒྱ་ཆེ་བའི་ཁྱད་ཆོས།
          བོད་བཙན་པོའི་དུས་ཀྱི་བསླབ་བྱའི་ཁྱད་ཆོས་གཙོ་བོ་ཞིག་ནི་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བ་སྟེ།བསླབ་བྱའི་ནང་དོན་སྐབས་དེའི་བོད་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་འབྲེལ་ཡོད་པ་དང་།སློབ་དཔོན་པདྨས་བོད་འབངས་སྤྱི་ལས་སོ་སོར་ཞལ་ཆེམས་བཅུ་གསུམ་གྱི་སྒོ་ནས་གདམས་པའི་སྐབས། གདམས་བྱའི་ཡུལ་གྱི་་ཆ་ནས་བོད་ཀྱི་སྐྱེ་འགྲོ་ཡོངས་རྫོགས་ཚུད་ཡོད་དེ། སྐབས་དེའི་བོད་འབངས་རྣམས་ཀྱི་རིམ་གྲས་དང་ཐོབ་ཐང་སོ་སོར་བཀར་ནས།བོད་ཀྱི་རྒྱལ་པོ་དང་བློན་པོ། བཙུན་པ་ཕོ་མོ། དགེ་བཤེས་སྟོན་པ། སྔགས་པ། སྒོམ་ཆེན། རྣལ་འབྱོར་བ། བོད་ཀྱི་སྐྱེ་བོ། བུད་མེད། བོད་ཀྱི་ཡོན་མཆོད། ནད་པ་དང་སྨན་པ། སློབ་དཔོན་ལ་ཆོས་འབྲེལ་ཡོད་མཁན།བོད་ཀྱི་བྱིས་པ་བཅས་རིམ་གྲས་བཅུ་ཕྲག་གཅིག་ལྷག་ལ་བཀར་ནས་གདམས་པས།བོད་ཁམས་རིལ་བོའི་སྐྱེ་འགྲོ་ཡོངས་རྫོགས་ཚུད་པར་བྱས་ཡོད་ཅིང་། དེ་བཞིན་དུ་སྲོང་བཙན་སྒམ་པོའི་《ཕྱི་བློན་རྣམས་ལ་གདམས་པ》ལས་ཀྱང་། “བོད་ཀྱི་རྒྱལ་པོ་སྙན་ཁུང་སྲབ་ལ་གྲོས་ཁ་ཡང་།བོད་ཀྱི་བློན་པོ་གདུག་པ་ཆེ་ལ་ཆོས་ལ་གནག གཞོན་པ་ཤར་རྣམས་ནི་ངོ་མི་རྟག་ལ་འགྱུར་ལྡོག་ཆེ། བུད་མེད་རྣམས་ནི་བོང་མི་སྲུན་ལ་དབང་ཆེ།བྱིས་པ་རྣམས་ནི་ཤེས་བཞིན་རགས་ལ་ཅོལ་ཅུང་། སྤྱིར་བོད་མི་ཐམས་ཅད་ཉོན་མོངས་པ་རགས་ལ་སྙིང་དུ་འགོང་པོ་ཞུགས།”ཞེས་པས། གདམས་བྱའི་ཡུལ་གྱི་ཆ་ནས་ཤིན་ཏུ་ཁྱབ་ཆེ་བར་སྣང་ལ།གདམས་པར་བྱ་བའི་ནང་དོན་གྱི་ཐད་ནས་ལྷ་ཆོས་དང་མི་ཆོས་དག་གདུལ་བྱའི་རྒྱུ་དང་ངོ་བོ་ལ་དམིགས་ནས་གང་ལ་གང་འཚམ་གྱིས་ཆོས་དང་ཁྲིམས་ལུགས། སྲིད་ཐབས། འབངས་ཀྱི་སྤྱི་ཚིས། འཇིག་རྟེན་མཐུན་འཇུག་སོགས་མི་ཆོས་ཀྱི་གནད་གང་མང་ཞིག་སྟོན་བཞིན་ཡོད་དེ། དཔེར་ན། 《བོད་ཀྱི་ནད་པ་དང་སྨན་པ་རྣམས་ལ་གནང་བའི་ཞལ་ཆེམས》ལས། “དང་པོ་སྨན་གྱི་སློབ་དཔོན་མཁས་པའི་རྩར༔ལག་ལེན་སྨན་སྦྱོར་རྨ་ཆིངས་ལེགས་པར་སློབས༔བར་དུ་སློབ་དཔོན་མཉེས་བྱས་གདམས་ངག་ཞུས༔ཐ་མ་ནད་པ་བཅོས་དུས་སྙིང་རྗེ་སྐྱེད༔རྩ་ཆུ་ཕྱི་ཡུལ་བརྟག་ལ་ནད་ངོས་བཟུང་༔ནད་ངོས་མི་ཟིན་སྨན་སྦྱོར་བྱས་པ་ཡིས༔སྨན་དུ་མ་སོང་དུག་ཏུ་སོང་བར་འོང༔ནད་ཀྱི་ངོས་ཟིན་སྨན་སྦྱོར་བཏང་བ་ཡིས༔མེ་ཡི་གཉེན་པོར་ཆུ་ཡིས་གསོད་དང་འདྲ༔ཞེས་ནད་བརྟག་སྨན་སྦྱོར་སོགས་ཞིབ་ཕྲར་བཀོད་པ་མ་ཟད། སྐྱེས་པ་དང་བུད་མེད། དགེ་བཤེས་སོགས་ལ་གདམས་པ་ལས། དམག་རྒྱག་སོ་སྲུང་དང་། ཁྱིམ་སྐྱོང་གནས་ལུགས། རིག་གནས་སྦྱངས་བརྩོན། ཆོས་བསྒྱུར་གཞུང་སྤེལ། ཆེར་བཀུར་ཆུང་བྱམས་སོགས་མིའི་ཀུན་སྤྱོད་དང་འབྲེལ་བའི་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་བསྟན་པས།སྐབས་དེ་དག་ཏུ་བྱུང་བའི་བསླབ་བྱའི་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བའི་ཁྱད་ཆོས་ལྡན་ནོ།།
          ག བསླབ་བྱའི་ནང་དོན་གཙོ་བོ་ལྷ་ཆོས་སྒྲུབ་ཚུལ་ལ་སྦྱར་བ།
          བསླབ་བྱ་མང་ཆེ་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་རབ་བྱུང་བཙུན་པ་རྣམས་ལ་དམིགས་ནས་བརྩམས་པ་ཡིན་པས།བསླབ་བྱ་ཕལ་ཆེ་བའི་བརྗོད་བྱའི་ནང་དོན་གཙོ་བོ་ནི་ཆོས་ལུགས་ཀྱི་གཞུང་ལས་བརྩམས་ཏེ་ཐོས་བསམ་ཇི་ལྟར་བྱེད་ཚུལ་དང་།བསླབ་ཁྲིམས་ཇི་ལྟར་སྲུང་ལུགས་སོགས་ལ་སྦྱར་ཡོད་པ་ཇི་བཞིན།བཙན་པོའི་སྐབས་ཀྱི་བསླ་བྱ་སྤྱིའི་ནང་དོན་གཙོ་བོ་སྡིག་སྤོང་དགེ་སྒྲུབ་དང་ལས་འབྲས་སོགས་དམ་པའི་ལྷ་ཆོས་ཀྱི་ནང་དོན་དང་དེ་སྒྲུབ་ཚུལ་ལ་སྦྱར་ཡོད་དེ། དཔེར་ན། སྲོང་བཙན་སྒམ་པོའི་《བོད་ཁམས་སྤྱི་ལ་གདམས་པ》ལས། “ཉོན་མོངས་དུག་ལྔ་རང་ཁར་སྤྱད་པས་ཞེ་སྡང་གིས་དམྱལ་བར་སྐྱེ། ཚ་གྲང་གི་སྡུག་བསྔལ་མྱོང་། སེར་སྣས་ཡི་དྭགས་སུ་སྐྱེ། བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་། གཏི་མུག་གིས་བྱོལ་སོང་དུ་སྐྱེ། བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱོང་། འདོད་ཆགས་ཀྱིས་མིར་སྐྱེ། འགྱུར་བའི་སྡུག་བསྔལ་མྱོང་།ཕྲག་དོག་གིས་ལྷ་མ་ཡིན་དུ་སྐྱེ།འཐབ་རྩོད་ཀྱི་སྡུག་བསྔལ་མྱོང་། ང་རྒྱལ་གྱིས་ལྷར་སྐྱེ། འཕོ་ལྟུང་གི་སྡུག་བསྔལ་མྱོང་། འགོ་དྲུག་སྡུག་བསྔལ་གྱིས་གཅིག་གནས་གཅིག་ཏུ་འཁོར་བས་སྡུག་བསྔལ་གྱི་མངའ་མི་ཆོད་པ་ཡིན་ནོ།། སྡུག་བསྔལ་དེ་ལས་བཟློག་པའི་ཐབས་བཀའ་རྒྱ་ཆེ་ལུང་གྲངས་མང་ཡང་། འགྲོ་དྲུག་གི་སྡུག་བསྔལ་ལས་ཐར་བར་བྱེད་པ་ཐུགས་རྗེ་ཆེན་པོ་ལས་ལྷག་པ་མེད།སྙིང་པོ་ཡི་གེ་དྲུག་པས་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་ཡིན།རང་གི་གྲོགས་སུ་དམ་པའི་ཆོས་བཟང་བས་ཐུགས་རྗེ་ཆེན་པོའི་ཆོས་ལ་ཆོད་﹙མཆོད﹚ཅིག སྐྱེལ་མར་དཀོན་མཆོག་གསུམ་བཟང་བས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྒྱུན་མ་བཅད﹙གཅོད﹚ཅིག སུན་མར་བླ་མ་ཡིད་དམ་མཁའ་འགྲོ་གསུམ་བཟང་བས་གསོལ་བ་རྒྱུན་མ་ཆད་པར་ཐོབ་ཅིག རྒྱབ་སྐྱོར་དུ་བལྟ་སྒོམ་སྤྱོད་པ་གསུམ་བཟང་བས་ཉམས་སུ་ལོང་﹙ལོངས་﹚ཅིག སྡིག་པ་ཕྲ་མོ་ནས་སྤོངས་ཅིག་ཐིགས་པ་བསགས་པས་རྒྱ་མཚོ་ཙམ་དུ་འགྲོའོ།།དགེ་བ་ཕྲ་མོ་ནས་གྱིས་ཤིག་རི་རབ་ཆེན་པོ་ཡང་རྡུལ་ཕྲན་རབ་ནས་གྲུབ་བོ།།ཅི་བྱད་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོས་ཤིག”ཅེས་པ་ལྟ་བུ་དང་།དེ་ལྟར་སློབ་དཔོན་པདྨའི་བསླབ་བྱའི་དགོངས་དོན་གྱི་རྩ་བ་ལྟ་བུ་ཁོང་གི་《བོད་ཀྱི་སྤྱི་མཐུན་རྣམས་ལ་གནང་བའི་ཞལ་ཆེམས》ལས། “གདོང་དམར་སྲིན་པོ་བོད་ཀྱི་མི་རྣམས་ང་ལ་ཉོན༔ངན་སོང་གསུམ་གྱི་སྐྱེལ་མ་དཀོན་མཆོག་གསུམ་ལ་ཚོལ༔འདི་ཕྱིའི་བརྟེན་ས་བླ་མ་ཡིན་དམ་མཁའ་འགྲོར་གྱིས༔བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ལྷ་རུ་ཟུང༔མི་དགེ་བཅུ་སྤོངས་དགེ་བ་བཅུ་བོ་དང་དུ་ལོངས༔དེ་ལྟར་བྱས་ན་འདིར་བདེ་ཕྱི་མ་ཇེ་བདེར་འགྲོ༔་ཞེས་གསུངས་ཏེ།ནང་པའི་ཆོས་ལུགས་ཀྱི་ཀུན་སྤྱོད་རྩ་དོན་ལྷ་ཆོས་དགེ་བ་བཅུ་པོ་སྒྲུབ་པ་དང་།དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཏེ་ནག་པོའི་ལས་ལམ་བཅུ་པོ་ལས་ལྡོག་པར་གདམས་པའི་བསླབ་བྱའི་བརྗོད་དོན་ལྷ་ཆོས་སྒྲུབ་ཚུལ་ལ་སྦྱར་བ་ཤ་སྟག་ཡིན་པ་བཞིན་ནོ།།
          ཡིན་ནའང་སྲོང་བཙན་སྒམ་པོའི་སྐབས་དང་སློབ་དཔོན་པདྨ་བོད་དུ་ཕེབས་པའི་དུས་འགོར་སྟོན་པའི་རྗེས་འཇུག་རབ་བྱུང་བ་དང་བཙུན་མ་ཞེས་ལྷ་ཆོས་ཁོ་ནར་བགྱིད་པའི་སྡེ་དག་ལོགས་སུ་བྱུང་མེད་པས་བསླབ་བྱ་གཏོང་ཡུལ་གྱི་ཆ་ནས་བོད་སྤྱི་ཚོགས་ཧྲིལ་བོ་དང་འབྲལ་ཐབས་མེད་ཅིང་།སྤྱི་ཚོགས་ཀྱི་རིམ་གྲས་སོ་སོའི་ཁྱིམ་པ་ཕོ་མོ་རྣམས་ནི་དོན་དུ་ལྷ་ཆོས་སྒྲུབ་མཁན་ཡང་ཡིན་གཤིས།ཁོ་ཚོའི་མི་ཚེ་གཏོང་རྒྱུ་ལ་དམ་པའི་ལྷ་ཆོས་སྒྲུབ་ལུགས་ཤེས་པ་ཁོ་ནས་ཆོག་གི་མེད།དེ་བས་ཚེ་འདིའི་འགྲོ་ལུགས་དང་།འཇིག་རྟེན་མིའི་མཐུན་འཇུག་སོགས་མི་ཆོས་སྐྱོང་ལུགས་སྐོར་གྱི་སྐབས་དེའི་བསླབ་བྱའི་ནང་དོན་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་འདུག་པ་དང་།དེ་ནི་ཕྱིས་བྱུང་བསླབ་བྱ་དག་གི་ནང་དོན་སྟོན་ཚུལ་དང་ཅུང་མི་འདྲ་བའི་གནས་ཤིག་ཏུ་མཐོང་བས་ན།སྐབས་དེའི་ཐུན་མིན་གྱི་བསླབ་བྱའི་ཁྱད་ཆོས་ཤིག་ཏུ་བརྗོད་ན་ཤིན་ཏུ་འོས་པར་སེམས་སོ།།
          ང་ཚོས་གོང་ནས་སྨྲས་པ་ལྟར།བསླབ་བྱའི་བརྗོད་བྱ་ལྷ་ཆོས་སྒྲུབ་ཚུལ་གྱི་ཕྱོགས་ལ་གཞོལ་འདུག་པ་ནི་བསྙོན་དུ་མེད་པ་ཞིག་དང་།དེ་ནི་བསླབ་བྱ་དང་ལེགས་བཤད་གཉིས་ཀྱི་བརྗོད་བྱའི་ཐད་ཀྱི་ཁྱད་པར་ཡིན་ཏེ།ལེགས་བཤད་ཀྱི་བསྟན་བཅོས་ནི་ཕལ་ཆེ་བ་ཆོས་བྱེད་ཁྱིམ་པ་རྣམས་ཀྱི་དོན་དུ་བརྩམས་པ་ལྟར་སྣང་བས།བརྗོད་བྱའི་ནང་དོན་ཀྱང་མི་ཆོས་སྐྱོང་ལུགས་ཀྱི་ཕྱོགས་ལ་གཞོལ་འདུག་པ་བཞིན་དང་བོད་བཙན་པོའི་སྐབས་ཀྱི་བསླབ་བྱར་ནང་དོན་ཐད་རྩོམ་ལུས་དེ་གཉིས་ཀྱི་ཁྱད་ཆོས་ལྡན་པ་ཡིན་ཞེས་སྨྲས་ན་འོས་སྙམ་མོ།།
དྲུག བསླབ་བྱ་དེ་དག་གི་ཤན་ཤུགས་སྐོར་བཤད་པ།
          བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་བྱུང་བ་ཅུང་སྔ་བའི་བསླབ་བྱའི་རྩོམ་རིག་ནི་“དམ་པའི་ལྷ་ཆོས་སྐོར་གྱི་བླང་དོར་བྱེད་ཚུལ་གཙོ་བོར་བརྗོད་ཅིང་། རྗོད་བྱེད་ཚིགས་བཅད་ཀྱི་ལམ་ནས་དྲངས་པའི་རྩོམ་ལུས་ཤིག་ཡིན།”﹙《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གྲངས་ལ་ཆེ་ལོང་ཙམ་དཔྱད་པ》ལས﹚ཞེས་པ་གཙོ་བོ་དུས་རབས་བཅུ་པའི་རྗེས་ཀྱི་བསླབ་བྱ་ལ་དམིགས་པ་གསལ་ལོ།།བསྟན་པ་སྔ་དར་སྐབས་ཀྱི་བསླབ་བྱ་དོན་གྱི་ལུས་ཏེ་ནང་དོན་གྱི་སྟེང་ནས་རྩོམ་ལུས་ཤིག་ཏུ་ངོས་འཛིན་བྱེད་ཐུབ་པ་མ་གཏོགས།ཚིག་ལུས་ཀྱི་རྣམ་པའི་ཐད་བཅད་པ་དང་ལྷུག་པ་སྤེལ་མ་སོགས་གང་རུང་དུ་སྣང་བའི་ཕྱིས་བྱུང་བསླབ་བྱ་ལྟར་ཚིག་བཅད་རྐྱང་པའི་ལམ་ནས་དྲངས་པའི་རྩོམ་ལུས་ཤིག་མ་ཡིན་ནོ།།
          དེ་ལྟ་ནའང་སྐབས་དེའི་བསླབ་བྱ་དག་གིས་ཕྱིས་བྱུང་བོད་ཀྱི་བསླབ་བྱའི་རྩོམ་རིག་ལ་རྩོམ་ལུས་དང་བརྗོད་བྱ་ཟུང་གི་ཐད་ཤན་ཤུགས་ཆེན་པོ་ཐེབས་པར་ཐེ་མི་ཚོམ་སྟེ། བཙན་པོ་སྲོང་བཙན་སྒམ་པོས་གནང་བའི་བསླབ་བྱ་《བོད་ཁམས་སྤྱི་ལ་གདམས་པ》དང་། 《ཕྱི་བློན་རྣམས་ལ་གདམས་པ》《སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས》བཅས་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་《བོད་ཀྱི་རྒྱལ་པོ་རྣམས་ལ་གནང་བའི་ཞལ་ཆེམས》དང་བོད་ཀྱི་དགེ་བཤེས་དང་སྔགས་པ། སྐྱེ་བོ། བུད་མེད། ནད་པ་དང་སྨན་པ་ཕྱི་རབས་བོད་ཀྱི་སྤྱི་མཐུན་ལ་གནང་བའི་ཞལ་ཆེམས་བཅས་ཁྱོན་བསྡོམས་པས་ཞལ་གདམས་བཅུ་གསུམ་དང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་《བཀའ་ཡི་ནན་ཐག་ཇི་ལྟར་གདམས་ཚུལ》སོགས་ཀྱི་བརྗོད་བྱ་ནི་ནང་པའི་ཆོས་ལུགས་དང་འཇིག་རྟེན་མི་ཆོས་སྐོར་གྱི་ཞལ་གདམས་ཡིན་ལ། རྗོད་བྱེད་ཚིག་ནི་ཚིགས་བཅད་གཙོ་བྱས་བཅད་ལྷུག་སྤེལ་མའི་ལམ་དུ་ཞུགས་ཡོད་ཅིང་།བསླབ་བྱ་དེ་དག་ནི་བོད་འབངས་སྤྱི་ལ་སློབ་གསོ་གཏོང་བའི་ཆེད་དུ་བརྩམས་པ་ཡིན་པས། བརྗོད་ཚུལ་ཐད་མགོ་ནས་མཇུག་བར་དུ་ལུགས་གཉིས་བླང་དོར་གྱི་གནས་ཁ་ཏའི་ཚུལ་དུ་བསྟན་ཡོད། བསླབ་བྱ་དེ་དག་གི་བསམ་བློའི་ནང་དོན་སྐབ་དེའི་བོད་མིའི་ཆོས་དད་བསམ་ཕྱོགས་དང་མཐུན་པར་མ་ཟད།སྒྱུ་རྩལ་གྱི་ཐད་དུའང་རྩོམ་རིག་གི་རོ་བཅུད་ཅུང་ཟད་ལྡན་པས། བོད་ཀྱི་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཅུང་ཆེན་པོ་ཞིག་བཟོས་པ་དང་། ལྷག་དོན་བསླབ་བྱའི་རྩོམ་རིག་གི་བྱུང་གྲུབ་དང་འཕེལ་རྒྱས་ལ་ཤན་ཤུགས་གཏིང་ཟབ་ཐེབས་པ་རེད།
          ཐོག་མར་བརྗོད་བྱ་དོན་གྱི་ཐད་ཕྱིས་བྱུང་བསླབ་བྱར་ཤན་ཞུགས་ཚུལ་ནི། དཔེར་ན། བཙན་པོ་སྲོང་བཙན་སྒམ་པོའི་བསླབ་བྱ་《བོད་ཁམས་སྤྱི་ལ་གདམས་པ》ལས། “དེ་ལྟར་དུག་ལྔ་རང་ཁར་སྤྱད་ན།ཞེ་སྡག་གི་མེ་འབར་བས་དགྲ་མ་ཐུལ་གྱིས་དོགས་ནས་རང་གི་སྲོག་ལ་མི་ལྟ།འདོད་ཆགས་ཀྱི་ཆུ་གྲུགས་པས་གཉེན་མ་སྐྱོངས་ཀྱི་དོགས་ནས་ནོར་རྫས་ལ་གདུང་སེམས་ཀྱི་ཟས་འདོད་པ་དང་འདྲ།གཏི་མུག་གི་མུན་པར་ཚུད་པས་རང་ངོ་རང་གིས་མ་ཤེས་པ་མུན་ཁུང་དུ་རྫས་འཚོལ་བ་དང་འདྲ།”ཞེས་པ་དང་། ཡང་“བོད་ཀྱི་མི་རྣམས་སྤྲེའུ་དང་བྲག་སྲིན་མོའི་བུར་སོང་བས། ཁོང་ཅོལ་ཆུང་ལ་ཁ་སྦྲིན། ཁྲེལ་འཛེམ་དང་ངོ་ཚ་ཆུང་ལ་གསར་འགྲོགས་ལ་དགའ་བ།དད་པ་ཆུང་ལ་སྡིག་ལ་མི་འཛེམ། འགྲན་སེམས་ཆེ་ལ་ཕྲག་དོག་ཆེ།སྡིག་པ་ཕྲ་མོ་ནས་སྤོངས་ཤིག་ཐིགས་པ་བསགས་པས་རྒྱ་མཚོ་ཙམ་དུ་འགྲོའོ།།དགེ་བ་ཕྲ་མོ་ནས་གྱིས་ཤིག་རི་རབ་ཆེན་པོ་ཡང་རྡུལ་ཕྲ་རབ་ནས་གྲུབ་བོ།།”ཞེས་གདམས་བྱའི་ནང་དོན་ལུགས་གཉིས་བླང་དོར་གྱི་གནས་ལ་སྦྱར་བ་སྟེ། ཉོན་མོངས་དུག་ལྔས་བསྐྱེད་པའི་སྡིག་པའི་ལས་དག་སྐྱེ་འགྲོ་ཀུན་གྱི་འདུན་མར་མཚོན་བཞིན་སྡང་བས།སྡིག་སྤོང་དགེ་སྒྲུབ་དང་ཀུན་སྤྱོད་ལེགས་བཅོས་བྱེད་ཚུལ་གཙོ་བོར་བརྗོད་ཡོད་པ་ལྟར། འབྲོམ་སྟོན་གྱིས་《མི་ཆོས་གནད་ཀྱི་ཕྲེང་བ》ལས། ལ་སྟོད་ལྷོ་ཡི་ཕྱོགས་ནི་དགྲ་འཇིགས་ཆེ།། ཞེ་སྡང་ངན་སྔགས་ཚོགས་ལ་གཟབ་པར་འཚལ།། ཉང་ཤབ་བྱང་གི་ཕྱོགས་ནི་སྨྲེ་མཆུ་མང་།། ལོང་གཏམ་ཚིག་གི་ཚོགས་ལ་གཟབ་པར་འཚལ།། པུ་རྒྱལ་བོད་ཀྱི་ཡུལ་ནི་ཁྲེལ་གཞུང་ངན།།ཡིད་འབྱུང་ཁོང་ཁྲོའི་ཚོགས་ལ་གཟབ་པར་འཚལ།། དེང་དུས་སྐྱེ་བོའི་ཚོགས་ནི་གསར་འགྲོགས་ཆེ།།བསླུ་བྲིད་འཁོར་གྱི་ཚོགས་ལ་གཟབ་པར་འཚལ།། ཞེས་གདམས་པ་དང། པཎ་ཆེན་སྐུ་ཕྲེང་བདུན་པའི་《ཁ་ཆེ་ཕ་ལུའི་བསླབ་བྱ》ལས་ཀྱང་། “རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་འདོད་ན།། སེམས་པའི་ཡུལ་ན་གཏི་མུག་ཤུལ་མེད་བཟོས།།འདོད་ཆགས་ནག་པོ་རྒྱ་མཚོའི་གཏིང་ལ་བསྐྱུར།།ཆགས་སྡང་ཞེས་སྡང་དམར་པོའི་མེ་ལ་སྦོར།།བསམ་རྒྱུ་གཅིག་ལ་སྒོམས་རྒྱུ་དྲན་རྒྱུ་གཅིག གཅིག་ལ་གཉིས་ཀྱི་འབྲེལ་སོ་མེད་ཟེར་ན།། ཆོས་ལ་འགྲོ་ཆས་སྒྲིགས་ཤིག་ཕ་ཡི་བུ།།”ཞེས་ནང་ཆོས་དར་བའི་ཡུལ་དམིགས་བྱ་རུ་བཟུང་སྟེ་དེ་ལ་འགྲོ་འདོད་ན་གཙོ་བོ་སེམས་པའི་ཡུལ་ན་གཏི་མུག་རྨོངས་མུན་མེད་ལ་གཞན་ནོར་འདོད་པ་དང་། ཆགས་སྡང་། སྡང་སེམས།ཕྲག་དོག་ཞེ་སྡང་སོགས་དྲི་མ་ཙམ་མེད་པར་རང་ཉིད་ཀྱི་བསྒྲུབ་བསམ་པའི་དམིགས་ཡུལ་ཁོ་ན་བཅངས་ཏེ་རང་སེམས་རྣམ་དག་གཅིག་དགོས་པར་བསྟན་ནས་བཙན་པོའི་སྐབས་ཀྱི་བསླབ་བྱ་དང་འདྲ་བར་སྤྱི་ཚོགས་དེ་དག་ཏུ་བྱུང་བའི་དགེ་བ་བཅུ་ལས་ལྡོག་པའི་བྱ་བ་བྱེད་པའི་མཐའ་དག་ལ་ཟུར་ཟ་དང་ཆོས་འདོད་པ་རྣམས་ལ་མཛུབ་ཁྲིད་གནང་ཡོད་པ་མ་ཟད།དེ་ནི་ཆོས་དོན་ཁོ་ན་གསུངས་པ་མ་ཡིན་ཏེ་འཇིག་རྟེན་བྱ་བྱེད་པ་དག་ལ་རང་གི་རྒྱང་རིང་དམིགས་ཡུལ་སྒྲུབ་དགོས་ན་ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་ཡོང་བ་བཞིན་བློ་རྩེ་གཅིག་ཏུ་སྒྲིལ་ནས་དོན་དེ་ཁོ་ན་ལ་འབད་པ་ལྷོད་མེད་བྱེད་པའི་འཇིག་རྟེན་སྐྱོང་ལུགས་ཀྱང་བསྟན་ཡོད་པ་རེད།དེ་ལྟར་བསླབ་བྱའི་བརྗོད་བྱ་ཐོག་མ་ཉིད་ནས་ད་ལྟའི་བར་ལུགས་གཉིས་བླང་དོར་བྱེད་ཚུལ་ལ་འབྲེལ་ཡོད་པ་ནི་བོད་ཀྱི་སྤྱི་ཚོགས་འཚོ་བའི་དགོས་མཁོ་ཡིན་པ་དང་།སངས་རྒྱས་ཆོས་ལུགས་བོད་ཁམས་སུ་རྐང་ཚུགས་པ་ནས་རིམ་བཞིན་དར་ཁྱབ་ཏུ་སོང་བ་དང་བསྟུན་ནས་ཇི་ལྟར་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི་ཆོས་བྱེད་མི་སྣ་ཚང་མས་སྣང་ཆུང་བྱེད་མི་རུང་བའི་དོན་ཆེན་ཞིག་ཏུ་གྱུར་འདུག བྱ་བ་དེ་འགྲུབ་ཆེད་བླ་མས་སློབ་མ་དང་།བསླབ་པ་རྒན་པས་བསླབ་པ་གཞོན་གྲས་ལ་དམ་པའི་ལྷ་ཆོས་གཙོ་བྱས་འཇིག་རྟེན་མི་ཆོས་ལྟར་གྱི་འགྲོ་ལུགས་འདུག་སྟངས་སྐོར་ཁ་ཏ་སློབ་གསོ་བྱེད་པ་ནི་རང་བཞིན་གྱིས་སྔ་མས་རྗེས་མར་ཤན་ཞུགས་ཡོད་པ་སྨྲས་ཅིང་དགོས།
          དུས་རབས་བཅུ་པའི་རྗེས་ནས་བྱུང་བའི་འབྲོམ་སྟོན་པའི་《མི་ཆོས་གནད་ཀྱི་ཕྲེང་བ》དང་། བུ་སྟོན་གྱི《རང་གི་སློབ་བུ་ལ་གདམས་པ་སྙིང་གི་ཐུར་མ》རྒྱལ་དབང་ལྔ་པའི་《བསླབ་བྱ་མུ་ཐི་ལིའི་འཁྲི་ཤིང་》དང་། གུང་ཐང་བསྟན་པའི་སྒྲོན་མེའི་《ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》ཞང་སྟོན་བསྟན་པ་རྒྱ་མཚོའི་《བསླབ་བྱ་ནོར་བུའི་ཕྲེང་བ》རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་《ལྷ་བཙུན་གྲགས་པ་རྒྱལ་མཚན་ལ་གནང་བའི་བསླབ་བྱ》པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མའི་《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩིས་ལུགས་ཀྱི་བསླབ་བྱ》དགེ་བཤེས་ཤེས་རབ་རྒྱ་མཚོའི་《བསླབ་བྱ་ཨ་རུ་རྣམ་པར་རྒྱལ་བའི་དགའ་ཚལ》སོགས་ནི་བོད་ཀྱི་བསླབ་བྱའི་བསྟན་བཅོས་ཕུལ་དུ་བྱུང་བ་ཤ་སྟག་རེད།བསླབ་བྱ་དེ་དག་གི་རྩོམ་ལུས་དང་ཚིག་སྦྱོར་སོགས་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བསླབ་བྱ་རྩོམ་སྟངས་དང་ཁྱད་པར་ཆེན་པོ་མེད་དེ།སྐབས་དེའི་བསླབ་བྱའི་རྩོམ་རྒྱ་ནི་སྙན་ངག་དང་ལེགས་བཤད་ལྟ་བུའི་ཧ་ཅང་དམ་པོའམ་གཟབ་ནན་ཞིག་མིན་ལ། མགུར་མ་ལྟར་ཚིག་རྐང་ལྔ་རེ་དང་། དྲུག་རེ། བདུན་རེ། བརྒྱད་རེ། དགུ་རེ་སོགས་ཚིགས་བཅད་གཅིག་ཏུ་བྱས་ཤིང་། ཚིགས་བཅད་གཅིག་གི་ནང་དུ་མང་ཉུང་མི་འདྲ་བ་བཞི་རེ་ལྔ་རེ་བསྲེས་པའི་རྩོམ་རྒྱ་ཆེས་ལྷོད་ཅིང་རང་དབང་ཆེ་བ་ཞིག་ཀྱང་མ་ཡིན་པ་དམ་ལྷོད་རན་པའི་ཁྱད་ཆོས་འབུར་དུ་ཐོན་འདུག་པ་དང་།དེ་ནི་བསླབ་བྱ་རྩོམ་རིག་སྤྱིའི་ཁྱད་ཆོས་སུའང་བགྲང་བཞིན་ཡོད་པ་ཤན་ཤུགས་ཐེབས་པའི་ནུས་པ་ཡིན་ནོ།།ཚིག་སྦྱོར་གྱི་ཆ་ནས་བབ་ཆགས་ཤིང་གསོན་ཉམས་ལྡན་པ་མ་ཟད།ཉམས་འགྱུར་མང་བའི་ཁར་མང་ཚོགས་ཀྱི་གོ་བདེ་ལ་ཧ་ཅང་ཁྱབ་ཆེ་བའི་སྐད་རྣམས་སྙན་འཇེབས་ཚིགས་བཅད་ཀྱི་བསྟར་ལ་བརྒྱུས་པ་བཞིན་ནོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1