༄༅།། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ།

ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 11-01


ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
          དང་པོ། གླེང་གཞི།
          ཀུན་གྱིས་སྤྱོད་ཀྱང་གྱིས་མི་དཔྱད་པའི། །གངས་ལྗོངས་བརྡ་སྤྲོད་རིག་པའི་གཞུང་ལུགས་མཆོག །བསྟན་བཅོས་སུམ་རྟགས་གཞུང་འདི་ནམ་བྱུང་དང་། །སུས་མཛད་དེ་ལ་བདག་ཡིད་འཕྱང་མོ་ཉུག །རག་ལ་གསེར་ཞུན་འབྱུག་པའི་མཛད་བྱང་འགའ། །བསྟན་ན་ཕྱི་དར་དུས་ནས་བོད་དུ་དར། ཆོས་སྲིད་ཟུང་འབྲེལ་ལུགས་ཀྱི་སྲུང་སྐྱོབ་འོག། །སྐབས་ཤིག་རང་རེའི་ལྗོངས་འདིར་ཀུན་གྱིས་བཀུར། །གསར་བུའི་བཞིན་ལ་གནའ་བོའི་འབག་གཡོགས་པར། །ཀུན་ཀྱང་དེ་ཉིད་གནའ་མིར་བརྩི་བ་ཡི། །རྫུ་བག་མཁན་གྱི་བཅོས་མའི་རྫུན་གཏམ་ཡང་། །བདེན་པར་བྱེད་པའི་ལུགས་ཤིག་ཡུལ་འདིར་ཆགས། ཡུན་རིང་འཕྱང་མོའི་མུན་ཁྲོད་འཕྱན་པ་ལ། །རེ་བའི་འོད་དཀར་རྟ་རྔ་ཙམ་འཕྲོས་པས། །ཚུལ་འདིར་དགག་དང་སྒྲུབ་པའི་གནས་ལུགས་གཏམ། །ལྷུག་པོར་གླེང་བ་དཔྱད་གཞི་འབའ་ཞིག་ལགས། སྔོན་བྱོན་མཁས་པར་སྐུར་བ་འདེབས་པ་མིན། །བག་ཆགས་རྙིང་པའི་ཟིལ་གྱིས་ཀུན་གནོན་ལས། །གྲོལ་ཕྱིར་རང་བཞིན་བདེན་པའི་འབེལ་གཏམ་འགས། །རང་གཞན་བློ་སྒོ་འབྱེད་ཕྱིར་འབད་པས་བྲིས། ཞེས་བརྩམ་བྱའི་སྙིང་དོན་ནམ་རྩོམ་པའི་དགོས་པ་མདོ་ཙམ་བརྗོད་པས་ལམ་ཡངས་པོར་ཕྱེ་སྟེ། དེ་ཡང་ཉེ་བའི་ལོ་ཤས་ནང་ཁོ་བོས་བོད་ཀྱི་གནའ་ཡིག་སོགས་ལ་དཔྱད་ཞིབ་ཅུང་ཟད་བགྱིད་ཁུལ་ལྷུར་བླངས་པའི་ཉམས་མྱོང་ལྟར་ན། སྤྱི་ལོའི་དུས་རབས་བརྒྱད་པ་ཡན་གྱི་གནའ་ཡིག་ལ་ཞིབ་སྐབས་དེ་དུས་བོད་ཡིག་ལ་ཅུང་ཆ་ཚང་བའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཤིག་ད་དུང་བྱུང་མེད་པ་ལྟ་བུར་སྣང་། དཔེར་ན་དེའི་གོང་གི་གནའ་ཡིག་ཕལ་པ་རྣམས་ལྟ་ཅི་བཙན་པོ་ཁྲོ་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་གཞུང་ཐོག་ནས་བསྐྲུན་པའི་རྩེ་ཞོལ་རྡོ་རིང་གི་ཡེ་གེ་ལའང་སྡེ་པ་གཅིག་གི་ནང་ཚན་ཏེ་ཀ་དང་ག ཅ་དང་ཆ། པ་དང་ཕ་ལ་སོགས་པ་ཕན་ཚུན་ཅི་བདེར་སྤྱད་པ་དང་། ཕན་པ་ལ་དཔེནད་པ་ཞེས་དང་།
          གསན་པ་ལ་བསྩནད་པ་ཞེས་པ་ལ་སོགས་ཡི་གེ་སྦྱོར་ཚུལ་གཅིག་ཏུ་མ་ངེས་པ་ལྟ་བུ་ཇི་སྙེད་ཅིག་མཐོང་རྒྱུ་ཡོད་པ་འདི་རིགས་ལ་དཔག་ན། སློབ་དཔོན་ཐུ་མིས་བོད་ལ་ཡི་གེའི་གསར་གཏོད་གནང་བ་དང་དུས་མཚུངས་བརྡ་སྤྲོད་པའི་གཞུང་ལུགས་བརྒྱད་དམ། ད་ཡོད་སུམ་རྟགས་ཏེ་དེང་སྐབས་རང་ཅག་གིས་སྦྱོང་སྤྱོད་བྱེད་བཞིན་པའི་བསྟན་བཅོས་འདི་ཡང་གསར་རྩོམ་མཛད་པར་གྲགས་པ་དེ། ཇི་ལྟར་བྱས་ཀྱང་འདྲ་པོ་དང་འགྲིག་པོ་རྩ་བ་ནས་མེད་པའི་དོགས་གཞི་ཞིག་ཆགས་རུང་སུ་ལའང་བརྗོད་མི་ཕོད་པ་དེ་མུར་གནས་ཐོག། ཏུན་ཧོང་ས་ཕུག་ནས་ཐོན་པའི་གནའ་བོའི་བོད་ཡིག་གི་ཁྲོད་ནས་སློབ་དཔོན་ཐུ་མིའི་ལོ་རྒྱུས་དང་། བརྡ་སྤྲོད་གཞུང་ལུགས་ཀྱི་དུམ་ཛར་འདྲ་རྙེད་དུ་རེ་བའི་འདུན་པ་ན་མར་བཅངས་ནའང་ད་ཕན་ནི་མཐོང་བ་ལྟ་ཅི། ཐོས་རྒྱུ་ཙམ་ཡང་མེད། འོན་ཀྱང་རང་ཅག་བོད་ཀྱི་ཡི་གེ་འདི་ནི་དབྱངས་གསལ་གྱི་གྲངས་ཆེས་ཉུང་བའི་སྒྲ་སྦྱོར་གྱི་ཡི་གེ་ཞིག་ཡིན་པར་བརྟེན་གང་ལྟར་འགོ་ཐོག་མ་ཉིད་ནས་སྒྲ་སྦྱོར་གྱི་གཞུང་ལུགས་རགས་པ་ཙམ་ཞིག་མེད་ཐབས་མེད་ལ་གནའ་དུས་ནས་དེ་ལ་འཕེལ་རིམ་འགའ་ཞིག་ཀྱང་མ་བྱུང་བ་ཅི་ལ་སྲིད། ད་ཕན་རང་གིས་མཐོང་བ་ནི་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོའི་གསུང་《བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད》ཅེས་བོད་ཡིག་སྒྲ་སྦྱོར་ཀློག་ཐབས་ཀྱི་བསྟན་བཅོས་དེའི་ནང་དུ་ཡི་གེའི་སྐྱེ་གནས་བསྟན་པའི་མཇུག་ཏུ། “སྔོན་གྱི་རྒན་པོ་དག་གིས་སྦྱར་བའི་ཡི་གེའི་མདོ་ཞེས་བྱ་བ་ལས། ཁོ་བོས་བཤད་པའི་བསྟན་བཅོས་འདི་དང་འབྱུང་གནས་མི་འདྲ་བ་ཡོད། མི་འདྲ་བ་གཉིས་པོ་གང་བདེན་ན། དེ་ནོར་འདི་བདེན་གང་ཡིན་པ། རང་ནི་ཁ་ལྕེ་ཡིད་ལ་དྲིས། ཚུལ་དེས་རྟོགས་པར་འགྱུར་རོ།”①
          ཞེས་གསལ་བ་བཞིན་དེ་ཡང་རྩོམ་པ་པོ་གཅིག་ཉིད་མ་ཡིན་པ་གནའ་མི་ཡིག་མཁན་རིམ་ཅན་གྱིས་མཛད་པ་ཤུགས་ལ་བསྟན་པའི《ཡི་གེའི་མདོ》དེའི་ནང་བོད་ཡིག་སྒྲ་སྦྱོར་གྱི་གཞུང་ལུགས་ངེས་ཅན་ཞིག་ཡོད་པ་གཞིར་བཅས་ཀྱང་། ད་ལྟ་དེ་ལྟའི་དཔེ་དངོས་གང་དུ་ཡོད་པ་ལྟ་ཅི་ཁོ་བོས་ནི་མཚན་ཙམ་ཡང་གསུང་འདི་ལས་ཐོས་པ་དང་པོ་ཡིན། དེ་བཞིན་ས་པཎ་གྱི་གསུང་མཁས་འཇུག་ཏུའང་“རྣམ་དབྱེ་ཚིག་གིས་བསྒྲུབ་པའི་ཚུལ་བོད་ཀྱི་རྒན་པོ་རྣམས་ཀྱིས་མ་མཛད་དོ་”② ཞེས་གསུངས་པ་ལས་ཀྱང་གནའ་བོའི་བརྡ་སྤྲོད་པའི་གཞུང་གཞན་ཡང་ཡོད་དམ་སྙམ། སྐབས་ཤིག་གི་རིང་ཁོ་བོའི་རྨོངས་འཆར་ལ། སུམ་རྟགས་ཀྱི་རྩ་གཞུང་ཐོག་མ་དེ་ཕལ་ཆེར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་བྱུང་བ་མིན་ནམ་སྙམ་མྱོང་། གང་ལགས་ཞེ་ན་སྐབས་དེར་《སྒྲ་སྦྱོར་བམ་པོ་གཉིས་པ་》གཏན་ལ་ཕབ་པའི་ནང་དུ། “བྱཱ་ཀ་ར་ཎའི་ལུགས་དང་་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས་”ཞེས་དང་། ཡང་“བྱཱ་ཀ་ར་ཎའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ།”③ ཞེས་སོགས་གསལ་བ་དང་གཅིག དེ་དུས་“ཉི་འོག་གི་མཁན་པོ་ཨཙརྱ་ཛི་ན་མི་དྲ”ལ་སོགས་པ་རྒྱ་གར་གྱི་པ་ཎྚིཏ་ལྔ་དང་། “བོད་ཀྱི་མཁན་པོ་རཏྣ་རཀྵའི་ཏ”ལ་སོགས་པ་ལོ་ཙཱ་བ་ཆེན་པོ་དྲུག་ཙམ་སོགས་ལྷན་ཅིག་ཏུ་ཞལ་འཛོམས་ནས་ཞུ་ཆེན་གྱི་བྱ་གཞག་ཆེན་པོ་ཞིག་མཛད་པའི་སྐབས་འཁེལ་བ་དང་གཉིས། དུས་དེ་ནས་བོད་ཀྱི་གནའ་ཡིག་ཚད་ལྡན་རྣམས་ཀྱི་སྡེབ་སྦྱོར་ཡང་ཅུང་ལེགས་སུ་གྱུར་པ་ལྟ་བུ་དང་གསུམ་བཅས་ལ་བརྟེན་པས་ཡིན་མོད། འོན་ཀྱང་ངེས་པ་རྙེད་པའི་ལུང་ཁུངས་ཡིག་རིགས་གཞན་རྙེད་པ་མ་ཟད། བྱཱ་ཀ་ར་ཎ་ཞེས་ལེགས་སྦྱར་གྱི་སྐད་དེའང་བོད་སྐད་དུ་ལུང་སྟོན་པ་བྱ་བའི་གོ་དོན་ལས་སུམ་རྟགས་ཀྱི་གོ་དོན་ཟུར་ཙམ་ཡང་མེད་པ་སུམ་འགྲེལ་རྣམས་ལས་གསལ་པོར་བསྟན་པ་སོགས་དོགས་ཀྱི་དྲ་བར་ཚུན་ནས་གནས་ཡོད།
          ཉེ་ཆར་ཁོ་བོའི་སློབ་མ་བཟང་པོ་ཐོས་པ་ལ་བརྩོན་པ་ཞབས་ཤར་ཟླ་བ་ཚེ་རིང་གིས་དོགས་འདྲིའི་མཚམས་སྦྱོར་ལ་བརྟེན་ནས། རང་ཅག་བོད་ཀྱི་མཁས་པ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་ས་སྐྱ་ཎྚི་ཏ་མཆོག་གི་གསུང་《ཡི་གེའི་སྦྱོར་བ་བཞུགས》ཞེས་བྱ་བ་④བོད་ཀྱི་ཡུ་གེའི་བརྡ་སྤྲོད་པའི་བསྟན་བཅོས་མཆོག་ཏུ་གྱུར་པ་དེ་མཇལ་བའི་སྐལ་བ་ཐོབ་བྱུང་། དེ་ཉིད་ཀློག་གིན་ཀློག་གིན་ངོ་མཚར་དང་དགའ་སྤྲོ་ཕན་ཚུན་འགྲན་པ་ཇི་བཞིན་གཅིག་ཅར་དུ་འཆར་ཏེ་གློ་བུར་འདི་ན་གཅིག་འདུག། འདི་ན་གཅིག་འདུག་ཅེས་པའི་ཆིག་ལབ་རང་དབང་མེད་པ་ཞིག་ཀྱང་ཤོར་སོང་། ཡིད་ལ་རབ་དགའི་ཚོར་བ་དཔག་མེད་སྐྱེ་བ་དང་དུས་མཚུངས་ཆ་མི་འཚལ་བའི་ཚོར་སྣང་འཇིགས་ཡེ་རེ་བ་ཞིག་ཀྱང་དབང་མེད་དུ་འཆར་བྱུང་། དེ་ནི་ཞིབ་ཏུ་བསམ་དུས་སྤྱི་ཚོགས་རྙིང་པའི་ནང་འདི་རིགས་དངོས་སུ་བརྗོད་པ་ལྟ་ཅི་དོགས་པ་ཙམ་ཡང་ཟ་མི་ནུས་མོད། དེང་སྐབས་སྤྱི་ཚོགས་གསར་པ་འདིའི་ནང་རིག་གནས་གང་ལའང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་མཛད་ཕྱོགས་བཟང་པོ་འདི་ལྟ་བུ་ཡོད་པའི་སྐབས་སུ་ཡང་། ད་དུང་སྲོལ་རྒྱུན་གྱི་བསམ་བློའི་བག་ཆགས་འཇིག་སུ་རུང་བ་ཞིག་གིས་གཉོམ་ཆུང་བདག་ལ་འགོག་གནོན་ཕོག་སྟེ་རེ་ཞིག་སླར་ཡང་འདི་སྐོར་དཔྱད་བརྗོད་འཐད་མིན་གྱི་ཐོག་ལ་ཐེ་ཚོམ་གྱི་དྲ་བར་ཚུད། འོན་ཀྱང་དེ་ནས་བཟུང་ཇི་ལྟར་བྱས་ནའང་ཞེ་བློ་མི་བདེ་བར་བསམ་གཞིགས་ཡང་ཡང་བགྱིས་པ་ལས་འདི་འདྲ་ཞིག་དྲན་ཏེ། ཇི་སྐད་དུ་ཡང་ལང་ཀར་གཤེགས་པའི་མདོ་ལས། “དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །ལེན་པར་བྱ་ཡི་གུས་ཕྱིར་མིན། །”ཞེས་བྱ་བ་དེས་བདག་གི་བློ་སྒོ་ཕྱེ་ཞིང་། བློ་སྟོབས་རྡོ་རྗེའི་གོ་ཆ་བཞིན་སྲ་བར་འགྱུར་ནས་བདེན་དོན་འཚོལ་ཞིག་ཀྱི་ཆེད་དུ་བརྟན་དཔྱད་ནན་ཏན་བགྱིས་པ་ལ་ནི་ཉེས་པ་ནམ་ཡང་ཡོང་མི་སྲིད་པའི་ཆོས་ཉིད་ལ་ངེས་པ་རྙེད་དེ་བོད་ཀྱི་ཡི་གེའི་བརྡ་སྤྲོད་རིག་པ་འཕེལ་རིམ་གྱི་ལམ་ཚད་རྡོ་རིང་ལྟ་བུ་འདིའི་འབྱུང་ཁུངས་ལ་གང་ནུས་ཀྱིས་ཞིབ་དཔྱད་ཅིག་བགྱིས་ནས་མི་རབས་རྗེས་རྣམས་ལ་དཔྱད་གཞིའི་རྒྱུ་ཆ་ལྟ་བུ་ཞིག་ཤུལ་བཞག་བྱ་རྒྱུ་ནི། གཅིག་བྱས་ན་དགོས་པ་དོན་ལྡན་དུ་འགྱུར་བའང་སྲིད་སྙམ་སྟེ་འབྲེལ་ཡོད་ཡིག་རིགས་གང་རྙེད་ལ་ཞིབ་འཇུག་དང་འབྲེལ་དོགས་གཞི་རྒྱུ་མཚན་དང་བཅས་རིམ་བཞིན་གླེང་བར་བྱའོ།།
          དེ་ཡང་དོགས་གཞི་གཙོ་བོ་ནི། དེང་སྐབས་རང་ཅག་རྣམས་ཀྱིས་སྦྱོང་སྤྱོད་བྱེད་བཞིན་པའི་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་འདི་སྤྱི་ལོའི་དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མོ་སམ་བྷོ་ཊའམ་ཨ་ནུས་མཛད་པ་ཡིན་ཟེར་བའི་ཡོངས་གྲགས་ཀྱི་བརྗོད་ཚུལ་ཁྱབ་གནམ་ཁྱབ་འདི་དོན་དངོས་དང་མཐུན་པ་ཞིག་མ་ཡིན་སྙམ་པ་དེ་ཡིན། རྒྱུ་མཚན་ནི་ད་ཡོད་བཙན་པོའི་དུས་ཀྱི་རྡོ་རིང་སོགས་ཀྱི་ཡི་གེ་དང་། ཏུན་ཧོང་སོགས་ནས་ཐོན་པའི་བོད་ཀྱི་གནའ་ཡིག་འདི་དག་ལ་ཞིབ་ཏུ་དཔྱད་ན། གལ་ཏེ་ཐོན་མོས་མཛད་པའི་བརྡ་སྤྲོད་གཞུང་ལུགས་ཤིག་ཡིན་ཚེ་དེའི་ནང་དུ། ཀ་སྡེ་ཐོག་མ་བཞི་པོའི་ནང་གི་ཡི་གེ་སྡེ་པ་གཅིག་གི་ནང་ཚན་ཕན་ཚུན་ཡུལ་སྐད་དང་བསྟུན་ནས་ཅི་བདེར་སྤྱད་ཆོག་པ་དང་། མྱི་མྱེད་མྱེས་ལ་སོགས་ལ་ཡ་བཏགས་འབྲི་དགོས་ལ། མ་དང་མོ་སོགས་ལ་སྨད་འདོགས་ཀྱི་དགོས་པའི་ཁྱད་པར། དེ་བཞིན་དབྱངས་ཡིག་ཨི་ལྡན་གྱི་གི་གུ་ཕྱི་ནང་སློག་པ་དང་མ་སློག་པ་གཉིས་ལ་གདངས་དབྱངས་སམ། ཡང་ན་དོན་གྱི་དབྱེ་བ་ཡོད་མེད་ལ་སོགས་པ་ལྟ་བུ་མདོར་ན་དུས་སྐབས་དེ་རང་གི་སྐད་ཡིག་སྒྲ་སྦྱོར་ལ་མེད་དུ་མི་རུང་བའི་རྣམ་གཞག་གི་རིགས་རྣམས་སྟོན་དགོས་པ་ལས། སྐབས་དེའི་ཡི་གེ་དངོས་དང་མ་འབྲེལ་བའི་རིགས་དཔེར་ན་ཕྲད་གཞན་དབང་ཅན་ལ་སོགས་པའི་ཐོབ་ཚུལ་གྱི་དབྱེ་ཞིབ་མོ་དང་། སྔོན་འཇུག་མིང་གཞི་སོགས་ལ་ཕོ་མོ་མ་ནིང་སོགས་རྟགས་ཀྱི་ཁྱད་པར་ཕྱེ་བ་མི་ཟད། དེ་དག་གང་ལ་གང་འཇུག་དང་མི་འཇུག་གི་ཁྱད་པར་ཞིབ་ཅིང་ཕྲ་བ་ལ་སོགས་པ་འདི་དག་ཐོག་མིས་གསུངས་མྱོང་མེད་པ་ནི་དངོས་ཡོད་ཀྱི་གནའ་ཡིག་ཚད་མ་རྣམས་ལས་གསལ་པོར་རྟོགས་ཐུབ་པ་མ་ཟད། སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལས་བསམ་ནའང་དེ་ལྟ་བུ་ནི་ཡོང་ཡང་ག་ལ་སྲིད། ཡང་ན་ཐོན་མིས་མ་འོངས་པའི་དུས་རབས་འགའ་ཞིག་གི་བོད་ཀྱི་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་མངོན་པར་མཁྱེན་ཏེ་ལེགས་པར་བརྩམས་ནས་མི་ལོ་ལྔ་བརྒྱ་ཙམ་གྱི་རིང་གཏེར་དུ་སྦ་གནང་མཛད་པ་ནི་མིན་ལས་ཆེ། འོན་ཀྱང་དེ་ལྟ་བུའི་གཏམ་རྒྱུད་ཅིག་བཟོ་མཁན་བྱུང་མེད་ལ། མཚན་ཡོངས་སུ་གྲགས་པའི་གཏེར་སྟོན་ཡང་སུས་ཀྱང་ཐོས་མྱོང་མེད་དོ།
          གཉིས་པ། 《སུམ་རྟགས་རྩ་བ》དང་《ཡི་གེའི་སྦྱོར་བ》གཉིས་ཕན་ཚུན་གཤིབ་བསྡུར་གྱི་དཔྱད་པ།
          《སུམ་ཅུ་པ》ལས། 《ཡི་གེའི་སྦྱོར་བ》ལས།
          (1)བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།རིག་བྱེད་སྨྲ་བ་རྣམ་ཀྱི་རྒྱུ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།མིང་ཚིག་བརྗོད་པ་ཀུན་གྱི་གཞི། མིང་ཚིག་བརྗོད་པ་རྣམས་ཀྱི་གཞི། ཡི་གེའི་སྦྱོར་བ་བཤད་པར་བྱ།། ཡི་གེའི་སྦྱོར་བ་བཤད་པར་བྱ།།
          (2)ཡེ་གེ་ཨཱ་ལི་ཀཱ་ལི་གཉིས།། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། ཀཱ་ལི་སུམ་ཅུ་ཐམ་པོའི།།
          ཀཱ་ལི་སུམ་ཅུ་ཐམ་པོའི།།
          (3)མི་འཇུག་པ་ནི་ཉི་ཤུའོ།། མི་འཇུག་པ་ནི་ཉི་ཤུའོ།།
          (4)ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། སྡེ་པ་ཕྱེད་དང་བརྒྱད་པོ་ནི།།བཞི་བཞི་དག་ཏུ་ཕྱེ་བ་ལས།། དང་པོ་གསུམ་པ་བཞི་པ་ལ།། དང་པོ་གསུམ་པ་བཞི་པ་ལ།།མས་གཉིས་དྲུག་པའི་གསུམ་པ་དང་། མས་གཉིས་དྲུག་པའི་གསུམ་པ་དང་།བདུན་པ་ལ་ནི་ཤ་མ་གཏོགས། བདུན་པ་ལ་ནི་ཤ་མ་གཏོགས།
          རྗེས་འཇུག་ཡི་གེ་བཅུ་རུ་འདོད། རྗེས་འཇུག་ཡི་གེ་བཅུ་རུ་འདོད།
          (5)རྗེས་འཇུག་ཡེ་གེ་བཅུ་ཉིད་ལས། རྗེས་འཇུག་ཡེ་གེ་བཅུ་ཉིད་ལས། དང་པོ་གསུམ་པ་ལྔ་པ་དྲུག།། དང་པོ་གསུམ་པ་ལྔ་པ་དྲུག།།བདུན་པ་རྣམས་ནི་སྔོན་དུའང་འཇུག། བདུན་པ་རྣམས་ནི་སྔོན་དུའང་འཇུག་གོ
          (6)རྗེས་འཇུག་ཡི་གེ་བཅུ་པོ་ནི།། རྗེས་འཇུག་ཡི་གེ་བཅུ་པོ་ནི།། མིང་གང་གི་ནི་མཐར་སྦྱར་བ།། མིང་གང་གི་ནི་མཐར་སྦྱར་བ།།དེ་ལ་ཨཱ་ལི་བཞི་པ་སྦྱར།། དེ་ལ་ཨཱ་ལི་བཞི་པ་སྦྱར།།སླར་བསྡུ་བར་ནི་ཤེས་པར་བྱ།། སླར་བསྡུ་བར་ནི་ཤེས་པར་བྱ།།རྗེས་འཇུག་ཡི་གེ་བཅུ་རྣམས་ལས། རྗེས་འཇུག་ཡི་གེ་བཅུ་པོ་ལས།གང་མིང་མཐའ་ན་བཅུ་པ་གནས།། གང་མིང་མཐའ་ན་བཅུ་པ་གནས།།དེ་ལ་ཨཱ་ལི་གཉིས་པ་སྦྱར།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། གང་མིང་མཐའ་ན་བརྒྱད་པ་གནས། གང་མིང་མཐའ་ན་བརྒྱད་པ་གནས།དེ་ལ་གཉིས་པ་ཨུ་ཡང་སྦྱར།། དེ་ལ་གཉིས་པ་ཨུ་ཡང་སྦྱར།།གང་མིང་མཐའ་ན་གསུམ་པ་གནས། གང་མིང་མཐའ་ན་གསུམ་པ་གནས།དེ་ལ་ཨཱ་ལི་གཉིས་པ་སྦྱར། དེ་ལ་ཨཱ་ལི་གཉིས་པ་སྦྱར།བཞི་པ་དགུ་པ་དངོས་ཀྱང་སྟེ། བཞི་པ་དགུ་པ་དངོས་ཀྱང་སྟེ།ལས་དང་ཆེད་དང་རྟེན་གནས་དང་། ལས་དང་ཆེད་དང་རྟེན་གནས་དང་། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།རྗེས་འཇུག་ཡི་གེ་བཅུ་པོ་ལ། རྗེས་འཇུག་ཡི་གེ་བཅུ་པོ་ལ།ཨི་དང་མཐུན་ལུགས་འདི་ཞེས་བྱ། ཨི་དང་མཐུན་ལུགས་འདི་ལྟ་སྟེ།དང་པོ་གཉིས་ལ་དང་པོ་མཐུན། དང་པོ་གཉིས་ལ་དང་པོ་མཐུན།གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།བདུན་པ་ཉིད་ནི་ལ་བདུན་པ་སྟེ། བདུན་པ་ཉིད་ནི་ལ་བདུན་པ་སྟེ།ལྷག་མ་རྣམས་ལ་གྱ་སྦྱར་བ།། ལྷག་མ་རྣམས་ལ་གྱ་སྦྱར་བ།།དེ་དག་ཨི་སྦྱར་འབྲེལ་བའི་ས། དེ་དག་ཨི་སྦྱར་འབྲེལ་བའི་ས།དེ་ཉིད་ལ་ནི་བཅུ་པ་སྦྱར། དེ་རྣམས་ལ་ནི་བཅུ་པ་སྦྱར།བྱེད་པ་པོ་རུ་ཤེས་པར་བྱ། བྱེད་པ་པོ་རུ་ཤེས་པར་བྱ།ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།།ལ་དོན་སུ་ལ་ཨུ་ཕྱིས་ནས། ལ་དོན་སུ་ལ་ཨུ་ཕྱིས་ནས།དེ་ལ་གསུམ་པའི་དང་པོ་སྦྱར། དེ་ལ་གསུམ་པའི་དང་པོ་སྦྱར། དེ་ལ་ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། དེ་ལ་ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།དེ་ནི་ལྷག་དང་བཅས་པའོ། དེ་ནི་ལྷག་དང་བཅས་པའོ། རྗེས་འཇུག་ཡི་གེ་བཅུ་པོ་ལ། རྗེས་འཇུག་ཡི་གེ་བཅུ་པོ་ལ།དྲུག་པ་སྦྱར་ན་འབྱེད་བསྡུད་ཡིན། དྲུག་པ་སྦྱར་ན་འབྱེད་བསྡུད་ཡིན།རྗེས་འཇུག་ཡི་གེ་བཅུ་པོ་ཡི། རྗེས་འཇུག་ཡི་གེ་བཅུ་པོ་ཡི།བཞི་པ་དགུ་པ་ལ་བཅུ་པ། བཞི་པ་དགུ་པ་བཅུ་ལ་པ། (ལ་བཅུ་པ)སྦྱར་པ་འབྱུང་ཁུངས་ས་ཡིན་ཏེ།། སྦྱར་པ་འབྱུང་ཁུངས་ས་ཡིན་ཏེ།། དགར་དང་སྡུད་པའང་དེ་བཞིན་ཡིན། དགར་དང་སྡུད་པའང་དེ་བཞིན་ཡིན།གང་མིང་བརྗོད་པའི་དང་པོ་རུ། གང་མིང་བརྗོད་པའི་དང་པོ་རུ། ཀྱེ་སྦྱར་བ་ནི་བོད་པ་ཡིན། ཀྱེ་སྦྱར་བ་ན་ནི་བོད་པར་འགྱུར།གང་མིང་མཐའ་དང་མཐུན་པ་ཡི།། གང་མིང་མཐའ་དང་མཐུན་པ་ཡི།།བཞི་པ་ལ་ནི་ཨི་སྦྱར་བ། བཞི་པ་ལ་ནི་ཨི་སྦྱར་བ།དགར་དང་བསྣན་པའི་ཚིག་ཏུ་འགྱུར།། དགར་དང་བསྣན་(བརྣན)པའི་ཚིག་ཏུ་འགྱུར།།མིང་གང་རུང་བའི་བར་མཚམས་སུ།།མིང་གང་རུང་བའི་བར་མཚམས་སུ།། གསུམ་པ་ལ་ནི་གཉིས་པ་སྦྱར།། གསུམ་པ་ལ་ནི་གཉིས་པ་སྦྱར། དེ་ནི་སྡུད་དང་འབྱེད་པ་དང་། དེ་ནི་སྡུད་དང་འབྱེད་པ་དང་། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།།
          (7)གང་མིང་གི་ནི་ཡ་མཐའ་རུ།། མིང་གང་གི་ནི་ཡ་ཐ་ན།། གསུམ་པ་ལ་ནི་ཨེ་སྦྱར་བ། གསུམ་པ་ལ་ནི་ཨེ་སྦྱར་བ། ཐ་སྙད་དབང་དུ་གསུམ་ཡིན་ཏེ།། ཐ་སྙད་དབང་དུ་གསུམ་ཡིན་ཏེ།། དངོས་པོའི་དབང་དུ་བཞི་རུ་འགྱུར།། དངོས་པོའི་དབང་དུ་བཞི་རུ་སྦྱར།། དུས་ཀྱི་དབང་དུ་གཉིས་ཡིན་ནོ།། དུས་ཀྱི་དབང་དུ་གཉིས་ཡིན་ནོ།།
          (8)གང་མིང་བརྗོད་པའི་དང་པོ་རུ། མིང་གང་གི་ནི་ཡ་ཐ་རུ།དང་པོ་ལ་ནི་གཉིས་པ་སྦྱར།། དང་པོ་ལ་ནི་གཉིས་པ་སྦྱར།།
          སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། སྤྱི་ལ་བྱ་བ་ཉིད་དུ་འགྱུར།གང་མིང་གི་ནི་མ་མཐའ་ན། མིང་གང་གི་ནི་ཡ་(མ)ཐ་ན།།པུ་ལིངྒ་ཡི་སྒྲ་མེད་པ།དེ་ལ་པུ་ལིངྒ་སྦྱར་ན། པུ་ལིངྒ་ཡི་སྒྲ་བྱུང་ན།བདག་པོའི་སར་ནི་ཤེས་པར་བྱ། བདག་པོའི་སར་ནི་ཤེས་པར་བྱ།གང་མིང་བརྗོད་པའི་ཡ་མཐའ་ན།། མིང་གང་གི་ནི་ཡ་ཐ་ན།སྟཱི་ལིངྒ་ཡི་སྒྲ་མེད་པ། དེ་ལ་སྟཱྲི་ལིངྒ་སྦྱར་ན། སྟཱྲི་ལིངྒ་ཡི་སྒྲ་བྱུང་ན།
          དགག་པའི་གནས་སུ་ཤེས་པར་བྱ། དགག་པའི་གནས་སུ་ཤེས་པར་བྱ།
          (9)ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།ཅུང་ཟད་བསྡུས་པ་ཡོད་ན་ཡང་།། ཅུང་ཟད་བསྡུས་པ་ཡོད་ན་ཡང་།། དེ་ནི་དེ་བཞིན་སྦྱར་བར་བྱ།། དེ་ནི་དེ་བཞིན་སྦྱར་བར་བྱ།།
          (གོང་གསལ《ཡི་གེའི་སྦྱོར་བ་》ལས་དྲངས་པ་འདི་དག་ས་པཎ་གསུང་འབུམ་ལྕགས་པར་གླེགས་བམ་དང་པོའི་ཤ་ཤོག་ངོས་555—559བར་གསལ།)
 《རྟགས་ཀྱི་འཇུག་པ》ལས། 《ཡི་གེའི་སྦྱོར་བ》ལས།
          (1)སྡེ་པ་ཕྱེད་དང་བརྒྱད་པའང་།། སྡེ་པ་ཕྱེད་དང་བརྒྱད་གནས་པ།
          (2)ཕོ་དང་མ་ནིང་མོ་དང་ནི།། ཕོ་དང་མ་ནིང་མོ་དང་ནི།།ཤིན་ཏུ་མོ་དང་བཞི་བཞི་རུ།། ཤིན་ཏུ་མོ་དང་བཞི་བཞི་རུ།།སྡེ་བ་བཞི་པ་ཡན་ཆད་དབྱེ།། སྡེ་བ་བཞི་པ་ཡན་ཆད་དབྱེ།།ལྷག་མ་བཅུ་བཞི་གནས་པ་ལ། ལྷག་མ་བཅུ་བཞི་གནས་པ་ལ།ཙ་སོགས་གསུམ་ནི་ཅ་སོགས་སྦྱར།། ཙ་སོགས་གསུམ་ནི་ཅ་སོགས་སྦྱར།།ཝ་ནི་བ་དང་སྦྱར་བར་བྱ།། ཝ་ནི་བ་དང་སྦྱར་བར་བྱ།།ལྷག་མ་དྲུག་ནི་མོ་རུ་སྦྱར།། ལྷག་མ་དྲུག་ནི་མོ་རུ་སྦྱར།།ར་ལ་ཧ་ནི་མོ་གཤམ་སྟེ། ར་ལ་ཧ་ནི་མོ་གཤམ་སྟེ།ཨ་ནི་མཚན་མེད་ཅེས་ཀྱང་བྱ།། མ་ནིང་མཚན་མེད་ཅེས་ཀྱང་བྱ།
          (3)མོ་ཡི་ཡི་གེའི་ནང་ནས་ནི།། མོ་ཡི་ཡི་གེའི་ནང་ནས་ནི།།འཇུག་པའི་ཡི་གེ་བཅུ་དབྱུང་བྱ། རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ།འཇུག་པ་བཅུ་ཡི་ནང་ནས་ནི།། འཇུག་པ་བཅུ་ཡི་ནང་ནས་ནི།།སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།། སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།
           (4) སྔོན་འཇུག་ཡི་གེ་ལྔ་པོ་ལ།། སྔོན་འཇུག་ཡི་གེ་ལྔ་པོ་ལ།། ཕོ་དང་མ་ནིང་མོ་དང་ནི། ཕོ་དང་མ་ནིང་མོ་དང་ནི།ཤིན་ཏུ་མོ་དང་བཞི་རུ་དབྱེ། ཤིན་ཏུ་མོ་དང་བཞི་རུ་དབྱེ།
           (5) དེ་དག་རེ་རེའིང་བཞི་བྱེད་སྟེ། དེ་དག་རེ་རེའང་བཞི་བཞི་སྟེ།གང་ལ་འཇུག་བྱེད་གང་གིས་བྱེད། གང་ལ་འཇུག་བྱེད་གང་གིས་བྱེད།ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།གང་ལ་འཇུག་བྱེད་གང་གིས་ན།། གང་ལ་འཇིག་བྱེད་གང་གིས་ན།།
           (6) མི་འཇུག་པ་ནི་འདི་ལྟ་སྟེ། མི་འཇུག་པ་ནི་འདི་དག་སྟེ།ཕོ་ནི་མ་ནིང་ལ་མི་འཇུག། ཕོ་ནི་མ་ནིང་ལ་མི་འཇུག། མོ་ཕོ་ལ་འཇུག་པ་མིན། མོ་ནི་ཕོ་ལ་འཇུག་པ་མིན།མ་ནིང་རང་ལ་རང་མི་འཇུག། མ་ནིང་རང་ལ་རང་མི་འཇུག།རང་གི་སྡེ་དང་འཕྲད་པ་ན། རང་གི་སྡེ་དང་འཕྲད་པ་ན།ཕོ་ཡང་མོ་ལ་འཇུག་མི་འགྱུར།། ཕོ་ཡང་མོ་ལ་འཇུག་མི་འགྱུར།།མ་ནིང་མོ་ཡང་དེ་བཞིན་ནོ།། མོ་དང་(མ་ནིང་)མོ་ཡང་དེ་བཞིན་ནོ། །
           (7)ཇི་ལྟར་འཇུག་པར་བྱེད་ཅེ་ན། ཇི་ལྟར་འཇུག་པར་བྱེད་ཅེ་ན།ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ།མ་ནིང་རན་པར་འཇུག་པ་ཡིན། མ་ནིང་རན་པར་འཇུག་པ་ཡིན།མོ་ནི་ཞན་པའི་ཚུལ་གྱིས་ཏེ། མོ་ནི་ཞན་པའི་ཚུལ་གྱིས་འཇུགཤིན་ཏུ་མོ་ནི་མཉམ་པས་སོ། ཤིན་ཏུ་མོ་ནི་མཉམ་པས་སོ།།ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཅི་ཕྱིར་འཇུག་པར་བྱེད་ཅེ་ན།ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།མ་ནིང་གཉིས་ཀ་ད་ལྟར་ཆེད། མ་ནིང་གཉིས་ཀ་ད་ལྟར་ཆེད།མོ་ནི་བདག་དང་མ་འོངས་ཕྱིར། མོ་ནི་བདག་དང་མ་འོངས་ཕྱིར།ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།
          (8) དེ་ཡང་བྱེད་པ་བཞི་བྱེད་འདི།། དེ་ཡང་དབྱེ་བ་བཞི་བཞི་སྟེ།གང་ལ་འཇུག་བྱེད་གང་གིས་བྱེད། གང་ལ་འཇུག་བྱེད་གང་གིས་བྱེད།ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།གང་ལ་ཡི་གེ་ཐམས་ཅད་ལ། གང་ལ་ཡི་གེ་ཐམས་ཅད་ལ།གང་གིས་བཅུ་པོ་དེ་དག་གིས། གང་གིས་བཅུ་པོ་དེ་དག་གིས།ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ།། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ།།
          (9)དྲག་ཞན་བར་མ་གསུམ་དུ་འཇུག། དྲག་ཞན་བར་མ་གསུམ་དུ་འཇུག།
          (10)ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཅི་ཕྱིར་འཇུག་པར་བྱེད་ཅེ་ན།ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།། ཡི་གེའི་ཁོང་(ཁོངས་)ནས་མིང་འབྱུང་སྟེ།མིང་གི་ཁོངས་ནས་ཚིག་ཕྱུང་ནས། མིང་གི་ཁོངས་ནས་ཚིག་ཕྱུང་ནས།ཚིག་གི་དོན་རྣམས་སྟོན་པར་བྱེད། ཚིག་གིས་དོན་རྣམས་སྟོན་པར་བྱེད་པའོ།།
          (11)མོ་ཡི་ཡི་གེ་མེད་པ་ན། མོ་ཡི་ཡི་གེ་མེད་པ་ན།ཕོ་ཡིག་བརྗོད་པ་མེད་པར་འགྱུར། ཕོ་ཡིག་བརྗོད་པ་མེད་པར་འགྱུར།ཕོ་ཡིག་དེ་དག་རྣམས་ལ་ཡང་།། ཕོ་ཡིག་དེ་དག་རྣམས་ལ་ཡང་།།འཇུག་པར་བཅས་པ་མེད་ན་ནི། འཇུག་པར་བཅས་པ་མེད་ན་ནི།མིང་དང་ཚིག་ཀྱང་གསལ་མི་ནུས། མིང་དང་ཚིག་ཀྱང་གསལ་མི་ནུས།མིང་ཚིག་གསལ་བར་མེད་ན་ནི། མིང་ཚིག་གསལ་བར་མེད་ན་ནི།དོན་རྣམས་བརྗོད་པར་མི་འགྱུར་རོ། དོན་རྣམས་བརྗོད་པར་མི་འགྱུར་རོ།།
          དེ་ལྟར་གྱུར་ན་འཇིག་རྟེན་དུ། དེ་ལྟར་གྱུར་ན་འཇིག་རྟེན་གྱི།།⑤
          (གོང་གསལ་《ཡི་གེའི་སྦྱོར་བ》ལས་དྲངས་པ་རྣམས་ས་པཎ་གསུང་འབུམ་ལྕགས་པར་གླེགས་བམ་དང་པོའི་ཤོག་ངོས་555ནས་559བར་གསལ།)
          གོང་གསལ་བསྟན་བཅོས་དེ་གཉིས་ཕན་ཚུན་གཟབ་ནན་ཆེན་པོས་ཞིབ་བསྡུར་ཞིག་བྱས་ན། འགོ་རྩོམ་པར་དམ་བཅའ་བ་ནས། བར་སུམ་ཅུ་པའི་རྣམ་དབྱེ་བརྒྱད་དང་དེ་དག་གྱི་སྦྱོར་ཚུལ་སོགས་གཙོ་བོའི་རྩ་དོན་རྣམས་དང་། དེ་བཞིན་རྟགས་ཀྱི་འཇུག་པའི་རྩ་དོན་མིང་གཞིའམ། རྗེས་འཇུག སྔོན་འཇུག་བཅས་སོ་སོའི་ཕོ་མོ། མ་ནིང་། ཤིན་ཏུ་མོ་བཅས་པའི་རྟགས་ཀྱི་དབྱེ་བ་དང་། དེ་དག་རང་རང་གི་འཇུག་པ་བཞི་སོགས་ཀྱི་བར་དང་། མཇུག་“མོ་ཡི་ཡི་གེ་མེད་པ་ན།”ཞེས་ཤོ་ལོ་ཀ་གཉིས་ཀྱི་བརྗོད་དོན་བཅས་ནི་སུམ་རྟགས་ཀྱི་སྙིང་དོན་རྣམས་ཇི་མ་ཇི་བཞིན་དུ་མཚོན་པ་ནི་ངོ་མཚར་དང་རྒྱུ་མཚན་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་། གལ་ཏེ་སུམ་རྟགས་ཀྱི་གཞུང་འདི་སློབ་དཔོན་ཐོན་མིས་མཛད་པ་ཞིག་ཡིན་ན། རྗེ་ས་པཎ་གྱིས་བསྐྱར་ཟློས་འདི་ལྟ་བུ་གནང་དགོས་དོན་ག་ལ་ཡོད།
          ལྷག་པར་དུ་རྩོམ་པར་དམ་བཅའ་བའི་ཚིག་རྐང་མཐའ་མ་“ཡི་གེའི་སྦྱོར་བ་བཤད་པར་བྱ།”ཞེས་པའི་མདུན་གྱི་ཚིག་འབྲུ་བཞིས་ས་པཎ་གྱིས་མཛད་པའི་བསྟན་བཅོས་ཀྱི་མཚན་དངོས་སུ་བསྟན་པ་དེ་སུམ་རྟགས་ཀྱི་རྩ་བར་ཡང་སོར་ན་གནས་པ་འདིས་བསྟན་བཅོས་དེ་ཉིད་ཀྱི་མ་ཕྱི་དངོས་ཡིན་པ་མངོན་སུམ་མཚོན་མི་འདུག་གམ། ཡང་བསྐྱར་བཤད་ན་ཤོ་ལོ་ཀ་ཧྲིལ་པོ་འདི་རང་ལ་མཚོན་ནའང་དཔེ་དེ་གཉིས་བསྡུར་ན་ཚིག་འབྲུ་གཅིག་ཁོ་ནའི་ཁྱད་པར་མཐོང་བ་ནི། རྐང་པ་གསུམ་པར་“མིང་ཚིག་བརྗོད་པ་རྣམས་ཀྱི་གཞི། ཞེས་རྣམས་བྱ་བ་དེ་ཀུན་ཞེས་པར་ལེགས་བཅོས་གནང་སྟེ་རྐང་པ་གཉིས་པར་ཡོད་པའི་མང་ཚིག་སླར་ཡང་ཟློས་སྐྱོན་འབྱུང་བ་སེལ་ནས་བརྗོད་བདེ་བར་མཛད་པ་འདི་ལས་ཀྱང་མ་ཕྱི་ཡིན་པའི་རྩ་དོན་དེ་སླར་ཡང་གསལ་བཤད་བྱེད་ཐུབ།
          སུམ་རྟགས་རྩ་གཞུང་ནང་གི་ཚིག་དོན་བརྒྱ་ཆ་ལྔ་བཅུ་ཙམ་ཡི་གེའི་སྦྱོར་བས་བཟུང་ཞིང་། དེ་ཡང་སུམ་རྟགས་ཀྱི་རྩ་གནད་གལ་ཆེ་ཤོས་ཤིག་ཡིན་ལ། དེ་ཙམ་དུ་མ་ཟད་ཚིག་སྦྱོར་མི་འདྲ་བའི་ནང་དུ་ཡང་རྒྱས་བསྡུས་སམ། གོ་བདེ་ལོད། ཡན་ལག་དང་ཆ་ཤས་ཙམ་གྱི་ཁྱད་པར་མ་གཏོགས། རྩ་བའི་བརྗོད་དོན་ཕྱོགས་མཐུན་ལྟ་བུ་མང་དུ་སྣང་སྟེ་དཔེར་ན།《ཡི་གེའི་སྦྱོར་བ》ནང་སྔོན་འཇུག་གི་རྟགས་ཀྱི་སྦྱོར་ཚུལ་སྟོན་སྐབས། “གང་ལ་འཇུག་བྱེད་གང་གིས་ན། །ཕོ་ནི་ཕོ་བཞི་མོ་བདུན་ལའོ། དང་པོ་ཕོ་གསུམ་མོ་བརྒྱད་ལའོ། གཉིས་པ་ཕོ་གཉིས་མོ་བཞི་ལའོ། མོ་ན་མོ་ལྔ་མ་ནིང་ལྔའོ། ཤིན་ཏུ་མོ་ནི་མོ་བཞི་དང་། ཤིན་ཏུ་མོ་གསུམ་མ་ནིང་བཞིའོ། །”ཞེས་པ་ལ་《སུམ་རྟགས་》ནང་། “གང་ལ་འཇུག་པར་བྱེད་ཅེས་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །”ཞེས་བསྡུས་གསལ་གོ་བདེ་འཐུས་ཚང་དུ་ལེགས་སྒྲིག་མཛད་པ་ལྟ་བུ་དང་། དེ་བཞིན་རྗེས་འཇུག་བཅུའི་རྟགས་ཀྱི་དབྱེ་བ་སྟོན་སྐབས་《ཡིག་སྦྱོར》ནང་། “རྗེས་འཇུག་ཡི་གེ་བཅུ་ཡིན་དེའི། གསུམ་ལྔ་བཅུ་དང་བདུན་བརྒྱད་དང་། གཅིག་གཉིས་བཞི་དྲུག་དགུ་གྲངས་བཞིན། །གསུམ་གཉིས་ལྔ་ཡི་སྡེ་ཚན་གྱིས། ཕོ་མོ་མ་ནིང་གསུམ་དུ་དབྱེ། །”ཞེས་གསུངས་ཤིང་། 《སུམ་རྟགས་》ནང་“རྗེས་འཇུག་ཡི་གེ་བཅུ་པོ་ལ། ཕོ་མ་ནིང་གསུམ་དུ་དབྱེ། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། མོ་ལ་མོ་དང་ཤིན་ཏུ་མོ། མ་ནིང་འགྱུར་དང་མཚན་གཉིས་དང་། མཚན་མེད་དག་དང་གསུམ་དུ་འདོད། །”ཅེས་ལེགས་པར་ཕྱེ་ཞིང་གསལ་བར་བསྟན་པ་ལྟ་བུ། ཡང་རྗེས་འཇུག་བཅུའི་འཇུག་ཚུལ་སྟོན་སྐབས《ཡིག་སྦྱོར་》ནང་“གང་ལ་ཡི་གེ་ཐམས་ཅད་ལ།། གང་གིས་བཅུ་པོ་དེ་དག་གིས། །ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། དང་པོ་སྒྲ་ཡི་འཇུག་ཚུལ་ནི། དྲག་ཞན་བར་མ་གསུམ་དུ་འཇུག། །”ཅེས་མདོར་བསྟན་ཙམ་མཛད་པར། 《སུམ་རྟགས》ནང་གོང་གི་ཤོ་ལོ་ཀ་དང་པོ་ཆ་ཚང་དྲངས་པའི་མཇུག“ཕོ་གསུམ་མོ་གཉིས་མ་ནིང་གསུམ། དྲག་ཞན་བར་མ་གསུམ་དུ་འཇུག། །དྲག་པ་གསུམ་ཉིད་ནང་ཕྲད་དམ། གལ་ཏེ་ཞན་པ་ནང་ཕྲད་ན། དེ་ལའང་ནང་གི་ཆ་ཤས་ཀྱིས། དེ་ཡང་དྲག་ཞན་གཉིས་སུ་དབྱེ། མ་ནིང་གསུམ་དུ་གང་གཏོགས་པ། དྲག་དང་ཕྲད་ན་དྲག་པར་འགྱུར། ཞན་དང་ཕྲད་ན་ཞན་པར་འགྱུར། གཉིས་ཀ་དག་དང་ཕྲད་གྱུར་ན། དེ་ནི་གཉིས་ཀ་ཅན་དུ་འགྱུར། གཉིས་ཀ་དག་དང་མ་ཕྲད་ན། གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །ཞེས་གསལ་ཞིང་རྒྱས་པར་ཕྱེ་གནང་བ་དང་། 《ཡིག་སྦྱོར་》ནང་གོང་གི་འཕྲོ་མཐུད་དུ། “དེ་ནས་དོན་གྱི་འཇུག་ཚུལ་ནི། །རང་རང་མཐུན་པའི་མཐའ་དྲངས་ཏེ།”ཞེས་མདོར་བསྟན་མཛད་ཅིང་། 《སུམ་རྟགས》ནང་“དོན་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་གང་ལྟར་འགྱུར་བ་དང་། ཕྱི་མ་གང་ལྟར་འགྱུར་བའོ། །སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཕྱི་མ་དག་གི་འདྲེན་ཚུལ་ནི། ཕོ་ཡིས་ཕོ་མིང་མཐའ་དྲངས། མོ་ཡིས་མོ་ཡི་མིང་མཐའ་དྲངས། མ་ནིང་གིས་ནི་མ་ནིང་ངོ།། །”ཞེས་རྒྱས་པར་ཕྱེ་གནང་སོགས་ལེ་ཚན་ཕྱི་མ་འདི་ལ་མཚོན་ན་བསྟན་ཆོས་དེ་གཉིས་ཧ་ལམ་རྩ་བ་དང་འགྲེལ་པ་ལྟ་བུར་བརྗོད་ནའང་མི་འཚམས་པ་མེད་པ་བཅས་ནི་དཔེ་མཚོན་ཙམ་མོ།
          ཁྱད་པར་གོང་དུ་མདོར་བསྟན་ཙམ་བརྗོད་པའི་བསྟན་བཅོས་ཀྱི་མཇུག་བསྡོམས་སྐབས་《ཡིག་སྦྱོར་》དུ། “མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། འཇུག་པར་བཅས་པ་མེད་ན་ནི། མིང་དང་ཚིག་ཀྱང་གསལ་མི་ནུས། མིང་ཚིག་གསལ་བ་མེད་ན་ནི། དོན་རྣམས་བརྗོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་གྱི། །སེམས་ཅན་རྣམས་ནི་བདེ་བར་འགྱུར། །”།ཞེས་གསུངས་ཡོད་པ་ལ་《སུམ་ཅུ་པ》ཡི་མཇུག་བསྡུར། “སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །”ཅེས་རྗེས་མཇུག་གི་གལ་ཆེའི་རང་བཞིན་དང་ནུས་པ་རྒྱས་བཤད་ལེགས་པར་མཛད་ཡོད་པ་དང་། ལྷག་པར་《རྟགས་འཇུག》གི་མཇུག་བསྡུ་སྐབས་ཐོག་མར་གོང་དུ་བརྗོད་པའི། 《ཡིག་སྦྱོར》གྱི་མཇུག་བསྡོམས་ཤོ་ལོ་ཀ་གཉིས་པོ་ཇི་མ་ཇི་བཞིན་འདྲེན་གནང་བའི་མཇུག་མཐར། “དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །”ཞེས་སོགས་ཞིབ་པར་ཕྱེ་ནས་ལེགས་པར་བསྟན་ཡོད།
          ད་དུང་དམིགས་སུ་བཀར་ནས་བརྗོད་དགོས་པ་ཞིག་ནི། 《སུམ་རྟགས་》ཀྱི་རྩ་བའི་སྤྱིའི་མཇུག་བསྡོམ་ཀྱི་ཆེས་མཐའ་མའི་ཚིག་རྐང་གཉིས་པོ་དེ་ཡིན་ཏེ། “……དེའི་ཕྱིར་སྨྲ་བའི་དབང་ཕྱུག་གི། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག་”ཅེས་པའོ། དེ་ལ་མཁས་དབང་སི་ཏུ་པཎ་ཆེན་གྱིས་འགྲེལ་ཆེན་དུ། “དེ་བས་ན་ཐུ་མི་བདག་གིས་……ཡུལ་འདི་ཉིད་ཀྱི་སྐད་དང་རྗེས་སུ་འཚམ་པའི། ཡི་གེའི་འཇུག་པ་གསལ་བར་བྱེད་པའི་བསྟན་བཅོས་འདི་འཕགས་ཡུལ་ལ་སོགས་པའི་སྨྲ་བའི་དབང་ཕྱུག་མཁས་པ་རྣམས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་འཆད་པའི་ཚུལ་གྱི་རྗེས་སུ་འབྲངས་ནས་སྨྲས་པ་ཡིན་ནོ”⑥ཞེས་དེ་ལྟ་བུའི་སྐོར་བ་ཆེན་པོ་ཞིག་ལ་ཁྲིད་ནས་འགྲེལ་བཤད་མཛད་འདུག་ཀྱང་། བོད་ཀྱི་སྐད་དང་རྗེས་སུ་འཚམ་པའི་བོད་ཀྱི་ཡི་གེའི་འཇུག་པ་གསལ་བར་བྱེད་པའི་བསྟན་བཅོས་འདི་རྒྱ་གར་ལ་སོགས་པའི་མི་རིགས་གཞན་གྱི་སྨྲ་བའི་དབང་ཕྱུག་མང་པོ་དེ་རྣམས་ཀྱིས་ཡུལ་དེ་དང་དེའི་མི་རིགས་རང་རང་གི་སྐད་དང་ཡི་གེའི་བརྡ་སྤྲོད་པའི་བསྟན་བཅོས་འཆད་པའི་ཚུལ་གྱི་རྗེས་སུ་འབྲངས་ནས་སྨྲས་པ་ཡིན་ཞེ་ན། བདག་གིས་ནི་ཇི་ལྟར་བསམས་རུང་དོན་དང་ལྡན་པའི་འགྲེལ་པ་ཞིག་ཏུ་གོ་བ་ལེན་མ་ཐུབ་པ་མ་ཟད། སུམ་རྟགས་རྩོམ་པ་པོའི་ཐུགས་དགོངས་ལ་དེ་འདྲ་རྩ་བ་ནས་མེད་སྙམ། ཡང་ཞ་ཞུ་ལོ་ཆེན་གྱིས་སུམ་འགྲེལ་དུ་ནི། “རྒྱུ་མཚན་དེའི་ཕྱིར་སྨྲ་བའི་དབང་ཕྱུག་གི་རྗེས་སུ་འབྲངས་ཏེ་ཐོན་མི་སམ་བྷོ་ཊ་བདག་གིས་སྨྲས་པ ”⑦ཞེས་ཚིག་འགྲེལ་བཤད་ཡམ་ལྟ་བུས་གཡོལ་ཐབས་མཛད་ནས་
           “སྨྲ་བའི་དབང་ཕྱུག་”བྱ་བ་སུ་ཡིན་འདི་ཡིན་གསུངས་མི་ཕོད་པ་ལྟ་བུ་སོགས་བོད་ཀྱི་སུམ་རྟགས་མཁན་པོ་གྲགས་ཅན་རྣམས་ལའང་འོ་བརྒྱལ་ཆེན་པོ་བྱུང་བ་མཐོང་ཐུབ་ཀྱི་ཡོད།
          ཁོ་བོའི་རྨོངས་དཔྱད་ལྟར་ན་གཅིག་ནས་“རྗེས་སྨྲས་”ཞེས་པའི་ཚིག་འབྲུ་གཉིས་པོ་དེར་གོ་རྒྱུ་ཆེན་པོ་ལྡན་པ་ཞིག་སྟེ། སྔོན་ལ་བརྡ་སྤྲོད་པའི་གཞུང་འདིའི་ཕྱི་མོ་སྨྲ་བ་པོ་ཞིག་བྱུང་པ་དངོས་སུ་བསྟན་པས། 《སུམ་རྟགས》ཀྱི་གཞུང་འདི་སློབ་དཔོན་ཐོན་མིས་མཛད་པ་ཞིག་མ་ཡིན་པ་གསལ་བར་བསྟན་ཅིང་། གཉིས་ནས་སྨྲ་བའི་དབང་ཕྱུག་ཅེས་པ་ནི་མགོན་པོ་འཇམ་དཔལ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་སུ་འགྱུར་བར་བསྟན་ཅིང་། གཉིས་ནས་སྨྲ་བའི་དབང་ཕྱུག་ཅེས་པ་ནི་མགོན་པོ་འཇམ་དཔལ་ས་སྐྱ་པཎྚི་ཏའི་《ཡི་གེའི་སྦྱོར་བ》ཞེས་པའི་གསུང་གི་རྗེས་སུ་འབྲངས་ནས་སྨྲས་པ་ཞེས་ལྷང་ངེར་ཐོས་ཤིང་ལྷན་ནེར་དྲན་པ་ནི་རེ་ཞིག་རང་སྣང་གི་དཔྱད་པ་ཙམ་ལགས་སོ། ད་དུང་“སྨྲ་བའི་དབང་ཕྱུག་གི་རྗེས་སྨྲས་”ཞེས་གསུངས་པ་འདིས་སུམ་རྟགས་ཀྱི་གཞུང་མཛད་པ་པོ་གང་ཟག་ཁྱད་དུ་འཕགས་པ་དེ་ཉིད་ཀྱི་ཐུགས་དགོངས་ལ་བསྟན་བཅོས་འདི་བཞིན་སློབ་དཔོན་ཐོན་མིས་མཛད་པར་རྫུ་བའི་ཀུན་སློང་དེ་རིགས་རྩ་བ་ནས་མེད་པ་མཐར་ཕྱིན་པར་བསྟན་ཡོད། དེ་ནི་གང་གི་རྗེས་འཇུག་པ་དག་གིས་བར་སྐབས་ཤིག་ལ་བསྟན་བཅོས་མཛད་བྱང་སྔ་རབས་འགའ་ཞིག་གི་ལད་མོ་བྱས་ཏེ། སློབ་དཔོན་ཐུ་མི་སམ་བྷོ་ཊས་མཛད་ཅེས་ཆེར་སྒྲོག་བྱས་པ་དེ་ནི་“སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་”ཞེས་པའི་དཔེ་དོན་ཐོག་ཏུ་མངོན་པ་ཞིག་ཡིན་སྙམ། འོན་ཀྱང་དེའི་རྗེས་འབྲས་ནི་《མ་ཎི་བཀའ་འབུམ》ཟེར་བ་སོགས་དང་གཏན་ནས་མི་འདྲ་བར་ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་ཕྱོགས་ཞེན་མེ་ལྟར་འབར་བའི་དུས་རབས་རིང་པོའི་ནང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་འཕེལ་རྒྱས་ཁྱབ་གདལ་དུ་འགྱུར་བའི་ཕན་འབྲས་བརྗོད་ཀྱིས་མི་ལང་བ་ཞིག་ཐོན་པས་དེ་རིགས་ཀྱི་ཕན་གནོད་ལྟ་བུར་ཉ་ཉུང་མཉམ་བསྲེལ་རྩ་བ་ནས་བྱེད་མི་རུང་ངོ་།
          བསྟན་བཅོས་འདི་གཉིས་མི་འདྲ་བའི་ཕྱོགས་གཙོ་བོ་ནི་སྡེ་ཚན་དང་རིམ་པ་སྒྲིག་སྟངས་དེ་ཡིན། དཔེར་ན་《ཡི་གེའི་སྦྱོར་བ》ལ་ཐོག་མར་དབྱངས་གསལ་གྱི་གྲངས་བསྟན་མ་ཐག་ཡི་གེའི་རྣམ་གཞག་དང་། སྐྱེ་གནས་རྟགས་ཀྱི་དབྱེ་བ་སོགས་མུ་མཐུད་གུང་བསྒྲིགས་ནས་གསུངས་ཡོད་པ་དེ་ད་ལྟ་བལྟས་ན་སུམ་རྟགས་གཉིས་འདྲེས་ཐོག། སྐྱེ་གནས་སོགས་བསྣན་པས་ལས་དང་པོ་བ་རྣམས་སྦྱོང་དཀའ་བ་ལྟ་བུ་ཞིག་ཆགས་ཡོད་པ་དང་། 《སུམ་རྟགས》 རྩ་བ་ནི་ཡི་གེ་འབྲི་ཀློག་གཉིས་བྱང་ཆུབ་ཙམ་དུ་སོན་པའི་ཤེས་ཚད་ལ་དམིགས་ཏེ། 《ཡི་གེའི་སྦྱོར་བ》ལས་བརྡ་སྤྲོད་རིག་པའི་གཙོ་གནད་རྣམས་སྡེ་ཚན་གཉིས་སུ་ཕྱེ་ནས་དགོས་ངེས་ཀྱི་མདོར་ལེན་དུ། ལེགས་ཆ་གབས་སྣོན་ཡང་གནང་བས་གཡང་རྩེའི་སྒང་ལ་ཡར་སྒྲོན་གྱི་དཔེ་ལྟར་ཇེ་ལེགས་སུ་གྱུར་ཏེ་ཕྱི་རབས་པ་རྣམས་ལ་དེ་བས་སློབ་སྦྱོང་བྱེད་བདེ་ཞིག་ཏུ་ལེགས་སྒྲིག་མཛད་པ་ཡིན། དེ་ལྟར་བསྟན་བཅོས་དེ་གཉིས་ཞིབ་ཚགས་ནན་ཏན་གྱི་སྒོ་ནས་གཤིབ་བསྡུར་དང་རྟོག་དཔྱོད་ཇི་ཙམ་བགྱིས་པ་དེ་ཙམ་གྱིས་གང་ཞིག་མ་ཕྱི་ཡིན་པ་དང་། གང་ཞིག་དེ་ལས་ཉིང་བཅུད་ལེགས་པར་བཏུས་ཤིང་ཞིབ་ཏུ་ཕྱེ་ནས་སྒྲིག་སྦྱོར་མཛད་པའི་ཉིང་ཁུ་ཡིན་པ་དེ་ནི། བོད་ཡིག་གི་བརྡ་སྤྲོད་གཞུང་ལུགས་ལ་སྦྱངས་པ་རགས་ཙམ་བྱེད་མྱོང་མཁན་ཞིག་ཡིན་ཕྱིན་ཝ་ལེར་ཤེས་རྟོགས་ཐུབ་པ་ལས། ཐེ་ཚོམ་དང་སོམ་ཉི་ཅི་ཡང་བྱེད་དགོས་དོན་མེད་པ་ཞིག་ཡིན་སྙམ་པ་ནི་དཔྱད་བརྗོད་ཀྱི་བསྡོམས་ཚིག་འབའ་ཞིག་ལགས་སོ།
          གསུམ་པ། འབྲེལ་ཡོད་ཀྱི་དགག་སྒྲུབ།
          1.《སུམ་རྟགས་》ཀྱི་རྩ་བའི་ཚིག་སྦྱོར་ལ་མཚོན་ནའང་སྤྱི་ལོའི་དུས་རབས་བདུན་པའི་སྐབས་ཀྱི་གནའ་ཡིག་དང་རྩ་བ་ནས་མི་མཐུན་པ་མ་ཟད། བོད་དུ་སྐད་གསར་བཅད་སྔ་ཕྱི་རིམ་པར་མཛད་ཟིན་པའི་རྗེས་ཀྱི་ཡིག་སྲོལ་དང་སྤྱིར་ན་མི་མཐུན་པ་མེད་པ་འདི་ཡང་དཔྱད་གཞིའི་རྒྱུ་ཆེན་པོ་ཞིག་ཡིན་རུང་། སྔ་འཕྲོས་རྩོད་རྙོག་མི་འབྱུང་ཆེད་བཏང་སྙོམས་སུ་བཞག་ཐོག་བོད་དུ་གྲགས་ཆེ་བའི་ཐ་སྙད་གཅིག་དཔེ་མཚོན་དུ་བཞག་སྟེ་དཔྱད་ཞིབ་བྱ་རྒྱུ་ཡིན། དེ་ཡང་སུམ་ཅུ་པའི་མཆོད་བརྗོད་ཀྱི་མཐའ་མཇུག་ཏུ། “སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། ”།ཞེས་དང་། མཇུག་བསྡུའི་སྐབས་“ལུང་གི་དོན་དང་སྦྱོར་བ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས། ”ཞེས་དང་། ཡང་“བསླབ་པ་གང་ལ་དད་པ་ཡི།། གཞུང་ཉིན་བླ་མ་དག་ལས་བསྟན། །”ཞེས་བླ་མ་བྱ་བའི་མཚན་ཐེངས་གསུམ་ཙམ་བྱུང་། དེ་ལ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་སུམ་རྟགས་ཀྱི་འགྲེལ་བར། “བདག་ཉིད་ཀྱི་བླ་མ་པཎྚི་ཏ་ལྷ་རིག་པའི་སེང་གེ་དང་ཡིག་མཁན་ལི་བྱིན་དག་ལ་ཡང་ཕྱག་འཚམ་ནས”⑧ཞེས་བྲམ་ཟེ་བྱ་བ་སྦས་ནས་གསུངས་ན་ཡང་། ཐོན་མིས་བྲམ་ཟེ་ལི་བྱིན་ལྟ་བུའི་ཕྱི་རོལ་པ་ལ་བླ་མར་བཟུང་ནས་ཕྱག་མཛད་པ་ག་ལ་སྲིད། འོན་ཀྱང་གཏམ་དཔེར། “བླ་མས་གསུངས་ན། གང་ནས་གསུངས་གསུངས་”ཟེར་བ་ལྟར་ཡིན་པས་གསུང་དུ་ཆུག། འདིར་དཔྱད་དོན་གཙོ་བོ་ནི་ཆོས་ལུགས་ཀྱི་མཁན་པོའམ་སློབ་དཔོན་ལ་བླ་མ་ཞེས་པའི་ཐ་སྙད་དེ་བོད་དུ་དུས་ནམ་ཙམ་ལུ་བྱུང་བ་དེ་ཡིན། ཁོ་བོས་བསམ་ན་གནའ་རབས་བོན་གྱི་ལུགས་ལ་ནི་“གཤེན་”ཟེར་བ་ལས་དེ་འདྲ་གཏན་ནས་མེད་ཅིང་། མཚན་འདི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ལྟར་བཞག། དེ་ནས་མི་ལོ་བརྒྱ་ཕྲག་རེ་ཟུང་གི་རྗེས་ཁྲི་སྲོང་ལྡེ་བཙན་ཆབ་སྲས་ཀྱི་སྐུ་རིང་ལ་བོད་དུ་དམ་ཆོས་དར་ཞིང་རྒྱས་པའི་དུས་སྐབས་སུའང་བྱུང་མེད་པ་དུས་དེའི་རྡོ་རིང་དང་བྲག་བརྐོས་གནའ་ཡིག་ཁག་བཅུ་གྲངས་དང་། དྲིལ་བུའི་སྦྱར་བྱང་ཁག་གསུམ་བཅས་ཀྱི་ཡི་གེར་ཞིབ་བཤེར་བྱས་ཀྱང་། བླ་མ་ཞེས་པའི་མཚན་དེ་རིགས་གཅིག་ཀྱང་རྙེད་རྒྱུ་མི་འདུག་ཅིང་། རྡོ་བརྐོས་གནའ་ཡིག་དེ་རྣམས་ཀྱི་ཁྲོད་ཆོས་གཙིགས་ཀྱི་རྡོ་རིང་ཡང་མི་ཉུང་བ་ཞིག་མཆིས་ཏེ་དཔེར་ན། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་བཞེངས་པའི་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་གི་ཡིག་ཕྲེང་33—36བར་དུ། “བཙན་པོ་དབོན་སྲས་སྐུ་ཆུང་ངུར་བཞུགས་པ་ཡན་ཅད། ཆབ་སྲྀད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱང་། དགེ་སློང་ལས། དགེ་བའྀ་བཤེས་གཉེན་བརྐོས་ཏེ། ཆོས་ཐུགས་སུ་ཅྀ་ཆུད་ཆུད་དུ་བསླབས….”།ཞེས་དང་། ཡང་ཡིག་ཕྲེང་41--43བར་དུ། “བཅོམ་ལྡན་འདས་ཀྱི་རིང་ལུགས་བྱེད་པའྀ་རྣམས་ཆོས་འཁོར་ནས་བྱའོ་ཅོག་གི་བཀའ་ལ་ཡང་གཏོགས་སྟེ། ཆོས་འཁོར་གྱྀ་ལས་དབང་བྱེད་ཅྀང་དགེ་བའི་བཤེས་གཉེན་བྱེད་པར་བརྐོའོ”⑨ཞེས་འཁོར་པ་ལྟར་དེ་དུས་ཀྱང་དགེ་བའི་བཤེས་གཉེན་དང་། བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཞེས་གསལ་བ་ལས། བླ་མ་ཞེས་པའི་མཚན་དེ་ད་དུང་བྱུང་མེད་པ་གསལ་པོར་མཚོན་ཐུབ་པ་དཔེ་མཚོན་ཙམ་དུ་བཀོད་པ་དེ་དག་ལས་ཀྱང་། སུམ་རྟགས་ཀྱི་རྩ་བ་ནི་བཙན་པ་སྲོང་བཙན་སྒམ་པོའི་སྐུ་རིང་ལྟ་ཅི། ཐ་ན་བཙན་པོའི་རྒྱལ་རབས་ཀྱི་མཇུག་ཆར་ཡང་བྱུང་མེད་པ་ཤུགས་ལས་རྟོགས་ཐུབ་པ་ཡིན་ནོ། དེ་མིན་བོད་ཀྱི་སྤྱི་སྐད་ལ་དལ་བུས་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ལོ་ཙཱ་བ་སོགས་ཀྱིས་བསྐྱར་བཅོས་ཡང་བཅོས་གནང་བའི་ཆོས་དཔེའི་རིགས་ཕུད། བཅོས་ལྷད་ཀྱི་མ་གོས་པའི་ཏུན་ཧོང་ས་ཕུག་ནས་ཐོན་པའི་བོད་བཙན་པོའི་དུས་རབས་ཀྱི་གནའ་ཡིག་གི་ཁྲོད་དུའང་བླ་མ་ཞེས་པའི་མིང་ཚིག་དེ་ཧ་ལམ་མཐོང་རྒྱུ་མེད་སྙམ། ཁོ་བོས་བལྟས་པའི་གནའ་ཡིག་ངོ་མ་གཅིག་ཁོ་ནའི་ནང་ཐ་སྙད་དེ་ལན་རེ་ཟུང་མཐོང་བ་ནི། 9. T.1283《ལུགས་ཀྱི་བསྟན་བཅོས་ཁག་དང་པོ》ཞེས་པ་དེའི་ནང་ཡིན་ཏེ། དཔེར་ན་དྲིས་ལན་27པར་“དེ་ནི་བླ་མ་རྣམས་གྱིས་ཀྱང་། འོས་ཤིང་རན་པ་དང་། ཐོག་ཏུ་ཕེབས་ཤིང་། མྱི་བརྙས་པར་བྱ་སྟེ། ལེགས་པའི་ཆོས་གྱིས་བཀོལ་ལོ། འོག་མ་རྣམས་གྱིས་ཀྱང་། ལྟ་རྒྱབ་གཉིས་རྒྱུན་མྱི་ཆད་པ….”⑩ཞེས་གསལ་བ་ལྟ་བུ་དེ་རིགས་ནི། ཆོས་སྟོན་པའི་བླ་མའི་གོ་དོན་རྩ་བ་ནས་མ་ཡིན་པར་མ་ཟད། “ལེགས་པའི་ཆོས་གྱིས་བཀོལ་”ཞེས་པའང་དམ་ཆོས་ཀྱི་དོན་མིན་པར་དྲང་བོའི་ལུགས་བཞིན་བསྐུལ་ཟེར་ཡིན་པ་བཅས་ནི་སྐབས་དེའི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནང་། དེ་ནི་བླ་འོག་སྟེ་ཚིག་ཟིན་ལྟར་གོང་རིམ་དང་འོག་རིམ་བྱ་བའི་གོ་དོན་ཁེ་གཙང་ཞིག་ཡིན་པ་དྲི་བ་དང་ཚིག་གྲོགས་ཀྱི་དངོས་དོན་ལས་གསལ་རྟོགས་ཐུབ་པས་མ་ཚད། བསླབ་བྱ་ཧྲིལ་པོའི་ནང་དོན་ལས་བལྟས་པ་ཙམ་གྱིས་ཤེས་ངེས། གནའ་ཡིག་དངོས་པར་མ་རང་ལ་གཟིགས་ན་ཐེ་ཚོམ་སྤུ་ཙམ་ཡང་སྐྱེ་དོན་མེད་དོ།
          2.གལ་ཏེ་སུམ་རྟགས་ཀྱི་རྩ་བ་འདི་སྤྱི་ལོའི་དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མིས་མཛད་པ་ཞིག་ཡིན་ན། བར་དེར་མི་ལོ་དྲུག་བརྒྱ་ཙམ་གྱི་རིང་བོད་དུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀར་སྒྲ་སྒྱུར་གྱི་ལོ་ཙྭ་བ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ལ་མཆོག་ཏུ་མཁས་པ་བརྒྱ་སྟོང་མང་པོ་བྱོན་ཡོད་པ་དེ་རྣམས་ཀྱིས་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་འཇུག་གཉིས་ལ་འགྲེལ་པ་རྒྱས་བསྡུས་ཅི་རིགས་ཤིག་མཛད་མཁན་མ་བྱུང་བ་ཅི་ལ་སྲིད་དམ། འོན་ཀྱང་བལྟ་རྒྱ་ཐོས་རྒྱ་ཁབ་མིག་ལྟར་ཕྲ་བ་བདག་ལྟ་བུའི་མྱོང་ཚོར་ལ་ནི་ད་ཕན་སུམ་རྟགས་ཀྱི་འགྲེལ་པ་མཐོང་ཐོས་ཀྱི་ཁྲོད་ནས་གྲགས་ཆེ་བ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་《སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་པའི་རྣམ་འགྲེལ》(11)ཞེས་བྱ་བ་དེའི་ནང་། “ཡང་སུམ་པ་ལོ་ཙཱ་བས་བས་ཇ་འཕུལ་བ་དང་། ཀླུ་མེས་དབང་ཕྱག་གྲགས་ཀྱིས་བས་ཉ་འཕུལ་བར་བཞེད་པ་ནི་སྔོན་གྱི་མཁན་པོ་རྣམས་ཀྱི་ལུགས་ལས་གཞན་ཡིན་ནོ་ཞེས་པ་དབུས་པ་བློ་གསལ་གྱིས་སུམ་ཅུ་པའི་འགྲེལ་པར་བཀག་པ་ལྟར་རོ།”(12)ཞེས་གསལ་བ་བཞིན་དེ་ལས་སྔ་བའི་སུམ་འགྲེལ་ཞིག་ད་ཕན་མ་རྙེད་ཅིང་། དེ་ལྟར་ན་དབུས་པ་བློ་གསལ་འཁྲུངས་གཤེགས་ཀྱི་ལོ་དུས་མ་རྟོགས་ཀྱང་། ཁོང་ནི་སྣར་ཐང་གི་མཁས་པ་བཅོམ་ལྡན་རིག་རལ་གྱི་སློབ་མ་མཆིམས་ནམ་མཁའ་གྲགས་པའི་ཡང་སློབ་ཡིན་པ་དང་། མཆིམས་ནམ་གྲགས་སམ་མཚན་གཞན་འཇམ་དགག་པཀྵིར་གྲགས་པ་དེ་ནི་རང་རྒྱལ་ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུ་པ་ཏ་བུ་ཡན་ཐུས་གོང་མ(1312-1320)གནང་རིང་། དབུ་བླར་རྒྱལ་ནང་དུ་གདན་དྲངས་པ་ཡིན་ཅིང་། རྗེས་སུ་ཁོང་སྐུ་གཤེགས་པའི་མཇུག་སློབ་མ་དབུས་པ་བློ་གསལ་གྱིས་བརྩམས་པའི་སྣར་ཐང་བསྟན་འགྱུར་བྲིས་མའི་མཇུག་བྱང་དུ། “ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་དགོངས་པ་ཇི་ལྟ་བར་དེ་ཉིད་ཀྱི་ཞབས་ཀྱི་རྡུལ་སྤྱི་བོར་ལེན་པ་བློ་གསལ་རྩོད་པའི་སེང་གེ….ལ་སོགས་པས་”བཞེངས་ཚུལ་(13)འཁོད་པ་སོགས་ལ་དཔགས་པ་ཁོང་གི་《སུམ་ཅུ་པའི་འགྲེལ་པ》དེ་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཡས་མས་ཙམ་དུ་མཛད་པར་སྙམ། འོན་ཀྱང་དེ་རྣམས་ནི་རེ་ཞིག་རང་གི་བསམ་ཚུལ་བརྗོད་པ་ཙམ་ཡིན་མོད། “ཁྱོད་ཀྱི་མཐོང་དངོས་པོ་མང་། བོང་བུས་མ་ཕྱིན་ལམ་འཕྲང་མང་།”ཞེས་པའི་དཔེ་ལྟར་ཁྲོན་པའི་སྦལ་པ་དང་འདྲ་བ་བདག་ལྟ་བུས་དེ་ལྟར་ལགས་ཞེས་ཁ་ཚོན་གཅོད་པར་ག་ལ་ཕོད་ན། མང་ཐོས་མཁས་པའི་ཚོགས་ཀྱི་གཟིགས་ངོར་གནའ་དུས་སམ་སྔོན་གྱི་སུམ་རྟགས་ཀྱི་འགྲེལ་པ་དང་འཆད་ཉན་མཛད་པ་སོགས་ཀྱི་ལོ་རྒྱུས་ཡོད་སྲིད་པས་རྨོངས་རྒན་སྤྱི་བརྟོལ་ཅན་བདག་ལ་བཀའ་བཀྱོན་དྲག་པོ་དང་བཅས་འདི་དང་འདི་ཡོད་ཅེས་རྣག་ཐོག་གཙག་འགེལ་གྱི་བཀའ་དྲིན་སྐྱོང་བ་ཞུ། ཡང་གལ་སྲིད་རུས་སྦལ་ལོང་བའི་མགྲིན་པ་གསེར་གཉའི་བུགར་ཆུད་པ་ལྟ་བུར་སྟེས་དབང་གིས་དེ་ལྟར་ཡིན་ན། སུམ་རྟགས་ཀྱི་གཞུང་ལུགས་འདི་ཆོས་རྗེ་ས་པཎ་གྱི་སྐུ་དྲིན་ལ་བརྟེན་ནས་དར་འཕེལ་བྱུང་བའི་སྒྲུབ་བྱེད་དུ་འགྱུར་བའང་སྨོས་ཅི་དགོས།
          3.དེ་བཞིན་ཞ་ལུ་ལོ་ཆེན་གྱི་སུམ་འགྲེལ་ནང་། ཅུང་ཟད་ཡ་མཚན་པའི་གནད་དོན་ཞིག་མཐོང་བ་ནི་ཁོང་གིས། འཇམ་མགོན་ས་སྐྱ་པཎྚི་ཏར་“གང་ཡང་མཁས་པའི་ཁ་རྒྱན་དུ། བོད་ཀྱི་དབང་དུ་མཛད་དེ། དབྱངས་རྣམས་ནི་ལྔའོ། གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། །ཞེས་གསུངས་པ་ནི་གཞུང་འདི་དང་དངོས་སུ་འགལ་བ་ཁོ་ནར་ཟར་དོ”(14)ཞེས་ས་པཎ་གྱི་བཞེད་པ་སུམ་རྟགས་ཀྱི་གཞུང་དང་དངོས་འགལ་ཡིན་པའི་དགག་པ་ཞིག་མཛད་ནས། “ཀ་ལི་སུམ་ཅུ་ཐམ་པའོ”ཞེས་སོགས་སུམ་རྟགས་ཀྱི་རྩ་དོན་ཆ་ཚང་འཁོད་པའི་《ཡི་གེའི་སྦྱོར་བ་》བྱ་བ་ས་པཎ་གྱི་གསུང་རྩོམ་བརྡ་སྤྲོད་པའི་གཞུང་ངོ་མཚར་ཅན་དེའི་ཚིག་ཟུར་ཙམ་ཡང་ཐོག་མཐའ་བར་གསུམ་དུ་གསུངས་མི་འདུག་པ་དེ་ནི། རྒྱ་རིགས་ཀྱི་གཏམ་དཔེར་“འདིར་དངུལ་སྲང་སུམ་བརྒྱ་ཐམ་པ་སྦས་མེད་”ཅེས་པའི་ཁ་བྱང་བཀོད་པ་དེ་དང་དངོས་སུ་འདྲ་བ་འདི་ཡང་ཁོ་བོའི་དོགས་གཞི་དེའི་ལྡོག་ཕྱོགས་ཀྱི་སྒྲུབ་བྱེད་ཅིག་ཏུ་འགྱུར་སྲིད་སྙམ།
          4.ཉེར་རབས་སུམ་རྟགས་ཀྱི་འགྲེལ་པ་ཐམས་ཅད་ཀྱི་མཆོག་དང་ཕུལ་དུ་གྱུར་པ་《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་》ཞེས་བྱ་བ་དེའི་ནང་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་བྱུང་བ་དང་། འཕེལ་རིམ་གྱི་སྐོར་ལ་ཇི་ལྟར་གསུངས་པའང་ཞིབ་མཇལ་ཞུས་པའི་མདོ་དོན་ལ། སྲོང་བཙན་སྒམ་པོའི་སྐུ་རིང་དུ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་པའི་སྐོར་སྤྱི་འགྲོས་ལྟར་བསྟན་པའི་མཇུག“…རིམ་པར་བསྟན་བཅོས་འདི་ལ་སོགས་པ་བོད་ཀྱི་བརྡ་ཡང་དག་པར་སྦྱར་པའི་བསྟན་བཅོས་བརྒྱད་ལ་སོགས་པ་མཛད་པས་སྨག་ལ་སྒྲོན་མེ་བཏེགས་པ་བཞིན་དུ་ཤཱཀྱའི་བསྟན་པ་བྱང་ཕྱོགས་སུ་རྒྱས་པའི་ལམ་གྱི་ཐོག་མ་སྣང་བར་གྱུར་ཏོ་ཞེས་གྲགས་སོ།
          དེ་ལས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཁོ་ན་དེང་སང་གི་བར་དུ་ཡོད་ཅིང་། མཁས་བླུན་མང་པོས་འགྲེལ་བཤད་ཀྱི་ཁུར་བླངས་པས་དོན་གཞན་དུ་འདོན་པའི་གླེགས་བམ་གྱི་ཕྲེང་བར་གྱུར་མོད། འོན་ཏང་རྣམ་དཔྱོད་དང་ལྡན་པ་ཁ་ཅིག་གིས་རིག་པའི་མདའ་རྣོན་ཕུག་པས་གཞུང་དོན་མང་པོ་ཞིག་དཔྱིས་ཕྱིན་པར་གྱུར་ཅིང་། ཕལ་ཆེར་ནི་བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པའི་དབང་ལས་བཤད་རྒྱུན་དང་བསྟན་བཅོས་ཀྱི་ཡན་ལག་གཞན་མ་ཚང་བའི་ཕྱིར་མི་གསལ་བ་རྣམས་ཁ་ཁྲལ་འཇལ་བ་ཙམ་ལས་དོན་དུ་གནས་པ་མ་མངོན….”(15)ཞེས་ལྡེམ་པོའི་གསུང་དགོངས་པ་ཅན་འདི་ལའང་བསམ་གཞིགས་བྱེད་དགོས་པའི་དུས་རབས་ཀྱི་གནད་དོན་གཉིས་མཆིས་པ་སྟེ། དང་པོ་ནི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆ་ཚང་བཞུགས་ཤིང་། “སྨག་ལ་སྒྲོན་མེ་བཏེགས་བཞིན་དུ་”བཤད་རྒྱུན་མ་ཉམས་པའི་དུས་རབས་དེ་ཇི་ཙམ་ཞིག་ལ་བརྩི་དགོས། ཕལ་ཆེར་བཙན་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་མཁན་སློབ་གཉིས་གདན་དྲངས། བསམ་ཡས་གཙུག་ལག་ཁང་བཞེངས། སད་མི་བདུན་སོགས་མང་པོ་རབ་ཏུ་བྱུང་། སྒྲ་སྒྱུར་རྒྱ་གར་གླིང་དུ་ལོ་པཎ་དུ་མ་གདན་འཛོམས་ཏེ་དམ་པའི་ཆོས་མང་དུ་སྒྱུར་བའི་དུས་དེ་ཙམ་ཞིག་ལ་བརྩི་འོས་པ་ལས། དེ་བས་ལྷག་པའི་དུས་གཞན་མ་མཆིས་སྙམ། དེ་ཡང་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ཁོ་ན་ལ་དགོངས་པ་ཡིན་ཆོག་པ་ཙམ་མོད། ཐེངས་འདིར་སྐབས་སུ་བབས་པ་ནི་དེ་ཙམ་མ་ཡིན་པར་གཙོ་བོ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ལ་ཆེད་དུ་དམིགས་ནས་གསུང་པ་ཚིག་ཟིན་ལ་བརྟེན་དེ་ལྟར་ན། རྗེས་སུ་བཙན་པོ་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་དམ་པའི་ཆོས་བོད་སྐད་དུ་བསྒྱུར་ཟིན་པ་རྣམས་དཀར་ཆག་ཏུ་བྲིས་ཏེ《སྒྲ་སྦྱོར་བམ་པོ་གཉིས་པ》བཀས་བཅད་པའི་ནང་། “སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙ་རྱ་བོ་ངྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་བཞེར་སང་ཤིང་དང་། ལོ་ཙྭ་བ་ཛྙན་དེ་བ་ཀོ་ཥ་དང་། ལྕེ་ཁྱེ་འབྲུག་དང་། བྲམ་ཟེ་ཨ་ནན་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས…”ཞེས་འཁོད་པ་ལྟར་ན་ཡབ་ཀྱི་སྐུ་རིང་ལ་བསྒྱུར་པ་ཁག་ཅིག་ཀྱང་བྱ་ཀ་ཎའི་ལུགས་དང་མི་མཐུན་པར་བཤད་འདུག་པ་མ་ཟད། སྐབས་དེ་ཤེད་དུ་བཙན་པོའི་གཞུང་ཐོག་ནས་བཞེངས་པའི་རྡོ་རིང་དང་བྲག་བརྐོས་གནའ་ཡིག་སྒྱུར་བཅོས་མཁན་གྱི་སྨྱུ་གུའི་རྩེས་མ་རེག་པ་དུ་མ་ད་ལྟ་ཡང་མཇལ་དུ་ཡོད་པ་འདི་རྣམས་དང་། ཏུན་ཧོང་ས་ཕུག་ནས་ཐོན་པའི་བཙན་པོའི་དུས་རབས་ཀྱི་གནའ་ཡིག་ངོ་མ་རང་ལས་འཕྲུལ་པར་གྱིས་བླངས་པའི་ཡེ་གེ་སྣ་ཚོགས་སོགས་ལ་ཞིབ་ཏུ་དཔྱད་ནའང་སུམ་ཅུ་པའི་གཞུང་གི་ཚིག་ཕྲད་ཀྱི་སྦྱོར་ཚུལ་དང་། རྟགས་ཀྱི་འཇུག་པའི་གཞུང་གི་མིང་གཞི་དང་སྔོན་རྗེས་སོ་སོའི་ཕོ་མོ་མ་ནིང་སོགས་ཕན་ཚུན་རྟགས་ཀྱི་འཇུག་ཚུལ་རྣམས་རྩ་བ་དང་མི་མཐུན་པ་ཇི་སྙེད་ཅིག་མཆིས་པས་དུས་དེར་ད་ལྟའི་སུམ་རྟགས་ཀྱི་རྩ་གཞུང་འདི་ཉིད་གང་དུ་བཞུགས་མིན་ཆ་མི་འཚལ་བ་ལྟ་བུར་གྱུར་ན་གོང་དུ་གསུངས་པའི་ཡུལ་དུ་དེ་ལྟ་བུ་གང་དུ་འཚོལ་དགོས་སམ།
          གཉིས་པ་ནི། “བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པ”ཞེས་གསུངས་པ་དེ་དར་མས་འདུལ་བའི་བསྟན་པ་བསྣུབས་ཤིང་། ནང་འཁྲུག་གིས་བོད་སིལ་བུ་ཁ་ཐོར་གྱི་དུས་ལ་གསུང་པ་གཞིར་བཅས་ཤིང་། བསྟན་བཅོས་ཡན་ལག་གཞན་རྣམས་བརླགས་པ་དང་སུམ་རྟགས་ཀྱི་བཤད་རྒྱུན་ཉམས་པའང་དུས་སྐབས་དེ་རང་ལ་ཡིན་པ་ནི་རྒྱུ་མཚན་གྱི་བྱེད་སྨྲས་གསལ་བསྟན་བཅས་གོ་སླ་མོད། འོན་ཀྱང་དེ་ལྟར་ན་བོད་འདིར་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བཤད་རྒྱུན་འདི་སླར་ཡང་དུས་ནམ་ཞིག་ལ་སླར་གསོ་བྱུང་བ་དང་། གང་ཟག་སུ་ཞིག་གིས་ཚུལ་ཇི་ལྟར་བྱས་ནས་བསྐྱར་གསོ་མཛད་པའི་ཐད་འདྲི་ཚིག་ཅིག་མི་ཞུ་ཐུ་མེད་ཆགས་པ་དེ་ནི། ཁོ་བོའི་དོགས་གཞིས་རྩ་ཆོད་ཡོང་རྒྱུ་དང་འབྲེལ་བ་དམ་ཟབ་གཞན་དང་མི་འདྲ་བ་ཞིག་ཡོད་པའི་རྐྱེན་གྱིས་ཡིན།
          “གཞན་ཡང་མཁས་བླུན་མང་པོས་འགྲེལ་བཤད་ཀྱི་ཁུར་བླངས་པ་”དེ་ཡང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འབའ་ཞིག་ལ་གསུངས་ཁོ་ནར་བརྟེན་བསྟན་བཅོས་ཀྱི་ཡན་ལག་གཞན་རྣམས་བརླགས་ཟིན་པའི་རྗེས་སུ་ཡིན་པ་བཤད་མ་དགོས་སྟབས། སུམ་འགྲེལ་དེ་དག་ཀྱང་བོད་སིལ་བུ་ཁ་ཐོར་གྱི་མཇུག་ལ་བརྩམ་པ་གཏན་འཁེལ་བས་བསྟན་པ་སྔ་དར་གྱི་སྐབས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་བརྒྱད་དམ། ཡང་ན་སུམ་རྟགས་གཉིས་ལ་འགྲེལ་པ་རྒྱས་བསྡུས་ཙམ་ཡང་མ་བྱུང་བར་བཤད་རྒྱུན་དར་ཞིང་། “སྨག་ལ་སྒྲོན་མེ་བཏེགས་པ་བཞིན”ཇི་ལྟར་བྱུང་བའང་གོ་བ་ལོན་དཀའ་བ་ཞིག་མ་ཡིན་ནམ།
          5.བསྟན་བཅོས་བསྒྱུར་རོ་ཅོག་གི་གཤམ་དུ། བོད་ཀྱི་གནའ་བོའི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་འགའ་ཞིག་ཀྱང་འཁོད་ཡོད་པར་བརྟེན་ཁོ་བོས་བོད་དུ་སྙན་གྲགས་ཆེ་ཤོས་ཡིན་པའི། 《སྡེ་དགེ་བསྟན་འགྱུར》པར་མ་དཀར་ཆག་ནང་གསལ་སྣ་ཚོགས་ཁོངས་ཀྱི་པོ་ཏི་ཅོ་པ་ཡང་ཞལ་མཇལ་ཙམ་ཞུས་པ་ཡིན། དེའི་ནང་སུམ་རྟགས་ཀྱི་རྩ་བ་འཁོད་འདུག་ཅིང་། ནང་དོན་ཚིག་སྦྱོར་མཐའ་དག་དེང་སྐབས་རང་རེས་སློབ་སྦྱོང་ཞུ་བཞིན་པའི་དཔེ་གཞུང་འདི་རང་ལ་ལྷག་པའི་གནའ་ཉམས་ཀྱི་ཁྱད་ཆོས་སོགས་མ་མཆིས་ཁར། དེ་ལས་ལྡོག་པའི་སྔོན་ཆད་ཀྱི་སུམ་རྟགས་རྩ་གཞུང་བྲིས་དཔར་གཞན་དག་ལ་མེད་པའི་རྟགས་ཀྱི་འཇུག་པའི་དབུར། “ རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒ་པ་ཏཱ་ར་ཎ་ན་མ། བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། བྱཱ་ཀ་ར་ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །”ཞེས་པའི་སྐད་གཉིས་དང་། མཆོད་བརྗོད་བཅས་གསར་སྣོན་མཛད་འདུག་ཅིང་། བསྟན་བཅོས་ཀྱི་གོ་རིམ་སྒྲིག་སྟངས་སྐོར། ཐོག་མར་《ལོ་པཎ་མང་པོས་མཛད་པའི་སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེ་མོ》ཞེས་པ། དེ་ནས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་བཀས་བཅད་གཏན་ལ་ཕབ་པའི《བྲེ་བྲག་ཏུ་རྟོགས་བྱེད་འབྲིང་པོ་སྒྲ་སྦྱོར་བམ་གཉིས་པ》བཅས་བཀོད་པའི་མཇུག་ཏུ་ཤོག་གྲངས་160རྒྱབ་ནས་གྲངས་161རྒྱབ་བར་དེར་《ཐོན་མི་ཨ་ནུས་བྱས་པའི་སྒྲའི་བསྟན་བཅོས་ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་པ》དང་། 《ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ》ཞེས་དང་། དེའི་མཇུག་《ལྕེ་ཁྱི་འབྲུག་གིས་མཛད་པའི་བྱཱ་ཀ་ར་ཎའི་སྐད་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་ཀྱི་རྩ་བ་དང་། སྒྲའི་བསྟན་བཅོས་གནས་བརྒྱད་ཀྱི་འགྲེལ་པ》ཞེས་གསལ་བ་སྔ་ཕྱིའི་རིམ་པ་སྒྲིག་ཕྱོགས་དེ་ཡང་ཅུང་རྟོགས་དཀའ་བ་ཞིག་འདུག པོ་ཏི་ཅོ་པ་ནི་སྣ་ཚོགས་ཀྱི་ཁོངས་ཡིན་ལ། དེའི་འགོ་བྱང་ལའང་《བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་མཛད་པའི་དཔེ་དཀོན་པ་ཅི་རིགས་》ཞེས་འཁོད་འདུག་པས། གལ་སྲིད་སུམ་རྟགས་ཀྱི་རྩ་བ་འདི་སློབ་དཔོན་ཐོན་མིས་མཛད་པ་དངོས་འབྲེལ་ཞིག་ཡིན་ན། བོད་ཀྱི་མཁས་པས་བོད་ཀྱི་ཡི་གེར་བྲིས་པའི་བསྟན་བཅོས་ཡོད་དོ་ཅོག་གི་ནང་ནས་འདི་ལས་ལྷག་པ་དང་། འདི་ལས་སྔ་བ་གཞན་དག་ཅི་ཡང་མི་སྲིད་པས་བོད་དཔེ་ཐམས་ཅད་ཀྱི་ཡང་མེས་ཉག་ཅིག་དེ་ཡིན་པར་བསྙོན་དུ་མེད་ན། གོ་རིམ་ཨང་དང་པོ་ཁོ་ནར་ཐེ་ཚོམ་སྤུ་ཙམ་མེད་པར་འགོད་རྐྱང་གནང་དགོས་ཀྱང་། གནད་འདིར་ཞུ་ཆེན་གྱི་མཁན་པོ་མཆོག་གི་དགོངས་གཞིར་ཀུན་རྟོག་ཅི་ཞིག་འཁྲུངས་པ་ཆ་མི་འཚལ་རུང་། གཅིག་བྱས་ན་སུམ་རྟགས་ཀྱི་གཞུང་ལུགས་འདི་བརྡ་དང་ཚིག་སྦྱོར་གང་གི་ཐད་ནས་ཀྱང་དུས་རབས་བདུན་པའི་གནའ་ཡིག་གི་མཚན་ཉིད་མི་ལྡན་པས་ཞར་ལ་ལྕེ་ཁྱི་འབྲུག་ཀྱང་ཕྱིར་བཤོལ་གྱི་བཞུགས་གྲལ་ཡ་མ་ཟུང་དེ་འདྲ་ཞིག་མཛད་པ་དེ་ལའང་བསམ་བློ་གཏོང་ཡུལ་ཞིག་ཡོད་དམ་སྙམ།
          6.དུས་རབས་བཅུ་གཅིག་པ་ཙམ་ནས་བཀའ་དང་བསྟན་བཅོས་སོགས་ཀྱི་མཛད་བྱང་ཁག་ཅིག་ལ་འདི་ལྟ་བུའི་དར་སྲོལ་ཞིག་ཆགས་ཡོད་དེ་དཔེར་ན། 《བཀའ་ཆེམས་ཀ་ཁོལ་མ》འདྲ་མིན་འགའ་ཤས་དང་། 《མ་ཎི་བཀའ་འབུམ》སོགས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསུང་ཡིན་ཟེར་བ་ཡོངས་གྲགས་དང་། དེ་བཞིན《གསོ་རིག་རྒྱུད་བཞི》དེ་ཡང་སྟོན་པ་སངས་རྒྱས་ཀྱི་གསུང་ཡིན་ཞེས་ཚིག་ཟིན་ལྟར་དང་(འདི་ལ་རྩོད་པ་སྔ་ཚད་ནས་བྱུང་ཡོད)ངེས་ཚིག་བརྗོད་དཀའ་བའི《བཀའ་ཐང》སྣ་ཚོགས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་གསུང་ཡིན་ཟེར་བ། 《རྦ་བཞེད》རྒྱས་བསྡུས་སྣ་ཚོགས་ཀྱང་རྦ་གསལ་སྣང་གི་གསུང་ཡིན་ཟེར་བ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་པར་བོད་རྙིང་པའི་ནང་། 《རྒྱུད་བཞི》ཙམ་མ་གཏོགས་གཞན་དག་ལ་སུས་ཀྱང་ཀླན་ཀ་འཚོལ་ཐབས་མེད་པར་“བླ་མས་གང་གསུང་ཆོས་”ཟེར་བའི་དཔེ་ལྟར་དེ་རང་ལ་བརྩི་བ་ཀུན་ཤེས་ཡོངས་གྲགས་ཡིན། འོན་ཀྱང་དེ་རིགས་ལའང་ཆོས་ལུགས་ཀྱི་ལྟ་སྟངས་ངོས་ནས་བཤད་ན་རྒྱུ་མཚན་ཡོད་པར་བརྩི་ཚུལ་ནི་དཔེར་ན། མཁས་དབང་ཟུར་མཁར་བ་བློ་གྲོས་རྒྱལ་པོའི་ཆེད་པོའི་ཆེད་རྩོམ《རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ》ཞེས་བྱ་བ་དེའི་ནང་རྒྱུད་བླ་མ་དང་། མདོ་སྡུད་པ། བརྒྱད་སྟོང་པ་སོགས་ལས་ལུང་འདྲེན་གནང་སྟེ་མདོ་དོན། “གང་ཞིག་དོན་དང་ལྡན་ཞིང་སེམས་ཅན་སྡུག་བསྔལ་སྤོང་བ་དང་། བདེ་དང་ཞི་བའི་ཕན་ཡོན་སྟོན་པ། ཆོས་འཆད་པ། རིགས་པ་དང་ལྡན་པར་བརྗོད་པ་སོགས་གང་ཡིན་པ་དེ་ལྟ་བུ་ནི་གང་ཟག་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ། རང་སངས་རྒྱས། སོ་སོ་སྐྱེ་བོ་སོགས་སུ་ཞིག་གིས་བསྟན་ཀྱང་། གོང་གི་ཕན་ཡོན་དེ་དག་དང་ལྡན་ཕྱིན་ཆད་དེ་རྣམས་ཀྱི་བཤད་པ་ཀུན་ཀྱང་སངས་རྒྱས་ཁོ་ནའི་མཐུ་ཡིན་གྱི། ཉན་ཐོས་ལ་སོགས་པ་རང་རང་གི་མཐུ་མ་ཡིན་ནོ་ཞེས་པའི་ཆོས་ཀྱི་དགོངས་པ་ཤེས་པར་བྱའོ། །”(16)ཞེས་གསུངས་པ་ལྟར་གལ་ཏེ་སུམ་རྟགས་ཀྱི་བསྟན་བཅོས་དེ་ཤོང་ལོས་མཛད་དེ་ཐུ་མིས་བརྩམས་པ་ཡིན་གསུང་རུང་། རྫུན་ཆེན་སྨྲས་པར་བརྩི་མི་རུང་བ་ཡིན་ཅིང་། ཁྱད་པར་ཟུར་མཁར་བའི་ཆེད་རྩོམ་དེའི་མཇུག་ཏུ་ཡང་བསྐྱར་བསྟན་པར། “འོ་ན་རྒྱུད་བཞིས་བཞུགས་ཚུལ་ལ་སངས་རྒྱས་ཀྱི་བཀའ་གཞིར་བྱས་འདུག་པས་སྐྱོན་མི་ཡོང་བ་ཨེ་ཡིན་ཟེར་ན་བཤད་པར་བྱ་སྟེ། དེ་ཡང་བཀའ་ཡིན་པ་ལྟར་མ་བྱས་ན་བོད་ཀྱི་མཁས་བླུན་བར་མ་དང་བཅས་པ་རྣམས་ཡིད་ཆེས་པ་དཀའ་བ་ཡིན་ཞིང་། དོན་ལ་མི་དཔྱོད་ཚིག་ལ་རྟོག་པ་རྣམས་ཀྱི་ངོར་བཀའ་ཡིན་པ་ལྟར་མ་བྱས་ན་མ་འཐུས་པ་ཡིན་”(17)ཞེས་གསལ་བ་ལྟར་བོད་ཀྱི་སྤྱི་ཚོགས་རྙིང་པར་ཁྱབ་པའི་བསམ་བློའི་བག་ཆགས་མཐུན་པོ་དེ་མང་ཚོགས་ཁོ་ན་མ་ཡིན་པར་གཙོ་བོ་མཁས་པ་རྣམས་ཀྱི་ཁྲོད་དུ་ཁྱབ་ཡོད་པ་དང་། དེ་ལྟར་ཡོང་དོན་ཡང་བསྟན་བཅོས་སོགས་ཀྱི་ནང་དོན་ཡང་དག་མིན་ལ་མི་དཔྱོད་པར་སུའི་གསུང་ཡིན་དང་སུས་མཛད་ཀྱི་ཚིག་ཙམ་ལ་རྟོག་ཞེན་བྱེད་པའི་སྣང་ངོར་དེ་བཞིན་བྱེད་པའི་དགོས་པའམ་གསང་བ་དངོས་དེ་ཐེར་འདོན་ཡང་གནང་ཡོད། དེས་ན་སངས་རྒྱས་ཀྱི་བཀའ་ཡིན་པ་དང་རྒྱལ་པོ་སྲོང་བཙན་སྒམ་པོའི་གསུང་ཡིན་ཚུལ་སོགས་ལ་བརྫུས་ཆོག་སར་བློན་པོ་ཐུ་མིའི་གསུང་དུ་བརྫུས་ན་ཡང་ཧ་ལམ་ཧང་སངས་དགོས་དོན་ཅི་ཞིག་ཡོད་དམ། གལ་ཏེ་བདག་གི་དོགས་གཞི་ལྟར་《སུམ་རྟགས་རྩ་བ་》དེ་ཤོང་ལོས་རྩོམ་སྒྲིག་མཛད་པ་ཡིན་ཚེ“ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བརྩམས”ཞེས་བཀོད་ན། སྐབས་དེར་གྲུབ་མཐའ་གཞན་གྱི་མཁས་པ་ཚོས་འདི་དང་དེ་ཞེས་རྩོད་རྙོག་སློང་སྲིད་པ་མ་ཟད། རིས་སུ་མ་ཆད་པའི་སྐྱེ་བོ་མང་པོས་སུམ་རྟགས་ཀྱི་གཞུང་ལ་སློབ་གཉེར་མཐའ་གཅིག་ཏུ་བྱེད་པའི་འགྲོ་ཕན་རྒྱ་ཆེ་རྒྱུན་བསྲིངས་འདི་ལྟ་བུ་ཡོང་མི་སྲིད་པ་གོ་བས་ཆོད་གསལ་ཡིན།
          7.ཁོ་བོས་བཏོན་པའི་དཔྱད་གཞི་འདི་ནི་ཕྱོགས་གཅིག་ནས་གཟིགས་ན་འབུ་གྲོག་མས་ཤིང་སྡོང་སྒུལ་བ་ལྟ་བུའི་གླེན་རྟགས་ཀྱི་ཐོ་ཅོ་འབའ་ཞིག་ལས་མ་འདས་པས་དུ་མ་ཞིག་གི་ཐུགས་ལ་ཕོག་སྟེ་བཀའ་བཀྱོན་སྤྱན་འདྲེན་གྱི་རྒྱ་གླིང་དུ་འགྱུར་ངེས་དང་། ཡང་ཕྱོགས་གཞན་ཞིག་ནས་གཟིགས་ན་ཕན་པ་ཅུང་ཟད་ཀྱང་འབྱུང་སྲིད་དེ་དེང་རབས་རང་རིགས་རྩོམ་པ་པོ་རེ་ཟུང་གིས་གནའ་ཡིག་ལ་ཇི་མི་སྙམ་པ་དང་། ལྷག་པར་བོད་ཀྱི་སྐད་ཡིག་འཕེལ་རིམ་གྱི་ཆོས་ཉིད་ལ་སྣང་འཇོག་རྩ་བ་ནས་མི་གནང་བར་མཉམ་བསྲེས་ཀྱིས་རང་རེའི་གནའ་རབས་ལོ་རྒྱུས་ལ་ཕོག་པའི་འཁྱོག་བཤད་བསྐྱར་ལོག་དང་བོད་ཀྱི་ཡི་གེའི་འཕེལ་འགྲོས་ལ་མ་བལྟོས་པར་དཔེར་ན《བོད་བཙན་པོའི་དུས་ཀྱི་བསླབ་བྱའི་རྩོམ་རིག་སྐོར་ཅུང་བརྗོད་པ》(18)ཞེས་པའི་ཆེད་རྕོམ་ནང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་བརྗོད་སྐབས་བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། “ཡང་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ་དགས་པོ། རྐོང་པོ་མྱང་པོ་ཀུན་ཀྱང་ལོག། ཡབ་གནམ་རི་སློབ་མཚན (སློན་བཙན)དུག་བོན་ཏེ་བཀྲོངས་སོ”ཞེས་དུས་རབས་བདུན་པ་བརྒྱད་པའི་ཏུན་ཧོང་གི་གནའ་ཡིག་གཞིར་བཟུང་སྟེ་སྲོང་བཙན་གྱི་འཁྲུངས་རབས་བྲིས་པའི་མཇུག་ཏུ་ནང་དོན་བརྗོད་བྱ་དངོས་འདྲེན་སྐབས་དུས་རབས་བཅུ་གཉིས་པའི་ཡས་མས་སུ་བྲིས་པའི《མ་ཎི་བཀའ་འབུམ་》ཞེས་པ་སོགས་ལས་དྲངས་པ་སྟེ་སྲོང་བཙན་གྱིས་དཔེར་ན《ཕྱི་བློན་རྣམས་ལ་གདམས་པ》ཟེར་བ་ལས། “དེའི་ཚེ་བོད་མི་རྣམས་འདོད་སེམས་ལངས་ནས། བཟང་ངན་ནོར་གྱིས་འབྱེད། ཚོང་དང་ཁེ་བོགས་ཀྱི་སྦྱོར་བ་དང་དུ་བླངས་ནས། བན་དེ་བཙུན་པའི་ཆ་བྱད་བྱས་ནས་མཐའ་ནོར་དབུས་སུ་དྲངས། དབུས་ནོར་མཐའ་རུ་སྐྱེལ། མཐའ་མི་རྣམས་དབུས་ཀྱི་ཆོས་བྱེད་པ་ལ་དད་པ་སྐྱེ་ཡང་། དབུས་ཀྱི་མི་དང་ཆོས་བྱེད་རྣམས་ཉོན་མོངས་པའི་དབང་དུ་སོང་ནས་བྱེད་གྲགས་(བྱེ་བྲག)ཆེ། འཁོར་སུ་མང་དང་བསོད་ནམས་སུ་ཆེ་འགྲན། སྒོམ་སྒྲུབ་ཀྱི་རྩལ་མི་འགྲན་པས་ནོར་དང་བསོད་ནམས་འགྲན། དམ་ཚིག་དང་སྡོམ་པ་མི་སྲུང་པར་ཆེ་བ་དང་གྲགས་པ་འགྲན། གྲུབ་པ་ཐོབ་པ་ནམ་ལངས་པའི་སྐར་མ་བས་ཉུང་། དེ་ལྟ་བུའི་དུས་ངན་པ་ཅིག་དུས་ཀྱི་མཐའ་ལ་འོང་..”ཞེས་པ་ལྟ་བུ་དེ་འདྲ་མང་དུ་དྲངས་འདུག གཟིགས་དང་གོང་གི་དྲངས་ཡིག་དེ་གཉིས་བསྡུར་ན་རྗོད་བྱེད་ཀྱི་ཚིག་སྦྱོར་ནི་དུས་རབས་སོ་སོའི་ཁྱད་པར་གསལ་པོར་མངོན་པས་འགྲེལ་མི་དགོས་ཤིང་། ནང་དོན་གྱི་ཐད་ལའང་སྲོང་བཙན་སྐབས་བོད་དུ་བན་དེའམ་བཙུན་པ་བྱ་མེད་ལ། སྡོམ་པ་སྲུང་མི་སྲུང་གི་ཐ་སྙད་ཙམ་མ་མཆིས་ན་སྲོང་བཙན་གྱིས་མ་འོངས་པ་མཁྱེན་པའི་དབང་དུ་བཏང་ཡང་། ཞལ་གདམས་གནང་ཡུལ་གྱིས་ཇི་ལྟར་གོ་ནུས། བན་དེ་ནི་དེ་ནས་ལོ་བརྒྱ་ཙམ་རྗེས་སུ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ལ་སད་མི་བདུན་སོགས་གཞི་ནས་བྱུང་། བཙུན་པས་ཚོང་བྱེད་པ་དང་། འཁོར་སུ་མང་དང་། ནོར་དང་གྲགས་པ་སུ་ཆེ་འགྲན་པ་སོགས་ནི། ཏག་ཏག་བོད་སིལ་བུ་ཁ་ཐོར་གྱི་དུས་སྐབས་སུ་ནང་བསྟན་གྲུབ་མཐའ་མི་འདྲ་བ་མང་པོ་ཐོན་ཞིང་། ཕན་ཚུན་འགལ་ཟླ་དང་འགྲན་སེམས་འཕེལ་བའི་དུས་སྐབས་ཏེ། 《མ་ཎི་བཀའ་འབུམ》འཁྲུངས་པའི་སྐབས་དེ་རང་ཡིན་པ་མངོན་སུམ་གསལ་རྗེན་འདི་ལྟ་བུའང་ད་དུང་“བཙན་པོའི་དུས་ཀྱི་བསླབ་བྱ་རྩོམ་རིག”ལ་རྩིས་ན་ང་ཚོས་གནའ་ཡིག་ལ་འགྲེལ་བཤད་ཇི་ལྟར་བྱ་དགོས། བོད་ཀྱི་སྐད་ཡིག་འཕེལ་རིམ་གྱི་ཆོས་ཉིད་ལ་དབྱེ་ཞིབ་ཅི་འདྲ་བྱ་དགོས། ཆེད་རྩོམ་དེའི་ནང་ད་དུང་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཞལ་གདམས་བྱ་བ་སོགས་མང་དུ་མཆིས་ཀྱང་གནད་འགག་ལྟེ་བ་གོང་བཞིན་ལས་མ་འདས་པས་སྨོས་མ་དགོས་པ་སོགས་འདི་རིགས་ཀྱིས་རང་རེའི་གཞོན་སྐྱེས་རྣམས་ལ་བསྐྱར་བསྐོར་ཡང་བསྐོར་གྱི་འཁྲུལ་གཞི་སྣ་ཚོགས་སྐྱེ་སྲིད་པ་བཅས་ལ་བརྟེན་རང་ཅག་བོད་མི་རིགས་ཀྱི་གནའ་བོའི་ལོ་རྒྱུས་སྤྱི་དང་། བྱེ་བྲག་བོད་ཡིག་གི་བརྡ་སྤྲོད་པའི་འཕེལ་རིམ་གྱི་ཆོས་ཉིད་ལ་ཅུང་ཟད་དོན་དངོས་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དཔྱད་བསྡུར་གྱི་གླེང་མོལ་འདྲ་མ་བྱུང་ཐུ་མེད་ཀྱི་དགོས་པ་གལ་ཆེར་གཞིགས་ན། དོགས་སློང་གི་གྲོས་གཞི་འདི་འདྲ་ཞིག་ཕུལ་ནས་གནད་དོན་འདི་དག་གི་ཐད་ལ་འབྲེལ་ཡོད་ཚང་མས་དགོངས་བཞེས་དང་འབྲེལ་དཔྱད་གླེང་གི་སྒོ་འབྱེད་ལྡེ་མིག་ལྟ་བུའི་ཕན་ནུས་ཕྲན་བུ་ཙམ་ཐོན་པའང་སྲིད་སྙམ། འོན་ཀྱང་རང་ཉིད་ཐོས་རྒྱ་བློ་གྲོས་དང་ཆབས་ཅིག་དམན་པས་འགལ་ནོངས་ཀྱང་མི་ཉུང་བ་འབྱུང་ངེས་པ་ནི་གཡོལ་ཐབས་མེད་རྐྱེན་གཟིགས་པ་པོ་ཆོས་སྐྱོན་བརྗོད་དང་དགོངས་འཆར་ཅི་མཆིས་ཟོལ་མེད་ལྷུག་པོར་གནང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་བ་ལགས་སོ།།
          8.(1)འཇིག་རྟེན་ཐོག་གི་བྱ་དངོས་ཅི་ཞིག་ཡིན་ནའང་ཐོག་མར་མེད་པ་ནས་ཡོད་པ་དང་། དེ་རྗེས་ཆུང་ངུ་ནས་ཆེན་པོ། ཆ་མི་ཚང་བ་ནས་ཆ་ཚང་བ་སོགས་སུ་རིམ་བཞིན་འཕེལ་འགྱུར་འགྲོ་བའི་ཆོས་ཉིད་ངེས་ཅན་ཞིག་ཡོད་པ་ལྟར་འགྲོ་བ་མིའི་རིགས་ཀྱི་སྐད་ཡིག་ཀྱང་ཆོས་ཉིད་དེ་ལས་འདའ་མི་སྲིད་པ་ལྟར་རང་ཅག་བོད་ཀྱི་སྐད་ཡིག་ལའང་དམིགས་བསལ་ག་ལ་ཡོད་སྲིད། བོད་ཀྱི་སྐད་དང་ཡི་གེ་སོགས་ཐོག་མའི་བྱུང་ཚུལ་སྐོར་ལོ་ཤས་གོང་ར་སེ་དཀོན་མཆོག་ཡོན་ཏན་ཞུ་བ་མཆོག་ནས་《གངས་ལྗོངས་རིག་གནས》2001ལོའི་དུས་དེབ་ཐོག《གངས་ཅན་བོད་ཀྱི་སྒྲ་རིག་པའི་བྱུང་རིམ་དང་འཕེལ་འགྱུར་གྱི་ལྟ་བར་རིག་གསར་གྱིས་མཐའ་དཔྱད་པ》ཞེས་ཆེད་རྩོམ་ཞིག་སྤེལ་གནང་འདུག་པའི་ནང་གི་ལེ་ཚན་སྔོན་མ་གསུམ་གྱི་ལྟ་ཚུལ་ལ་གཞི་རྩའི་ཆ་ནས་རང་ཉིད་ཀྱང་མོས་མཐུན་བྱུང་བ་བཞིན་འདིར་བསྐྱར་ཟློས་ལྟ་བུ་ཞུ་དགོས་མ་མཆིས་པ་དང་། ད་ཡོད་གནའ་ཡིག་ལ་ཞིབ་འཇུག་སྐབས་བཙན་པོའི་རྒྱལ་རབས་ཀྱི་དུས་བོད་མི་རིགས་རང་གི་ཁྱབ་ཆེ་བའི་སྤྱི་སྐད་ཀྱི་རྨང་གཞིའི་ཐོག་གཅིག་གྱུར་གྱི་སྒྲ་སྦྱོར་བྱེད་ཐབས་རགས་ཙམ་ཞིག་ཆགས་ན་ཡང་། དེའང་རིང་པོར་མ་ཐོགས་པར་སྐབས་དེའི་རུས་རྒྱུད་ཚོ་པ་སོ་སོའི་བྱེ་བྲག་གི་ཡུལ་སྐད་ཅུང་འདྲ་མིན་ལ་བརྟེན་ནས་རང་རང་སྐད་གདངས་སོགས་ཀྱི་དབང་གིས་སྒྲ་སྦྱོར་ཆ་ཤས་མི་འདྲ་བ་ཅི་རིགས་རང་དགར་སྤྱོད་སྲོལ་དར་བ་རྡོ་རིང་གི་ཡི་གེ་དང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་སོགས་ལས་གསལ་པོར་མཚོན་པ་ལྟར་མདོར་ན་སྐབས་དེར་བོད་ཡིག་ལ་སྒྲ་སྦྱོར་དང་དོན་སྦྱོར་སོགས་ཆ་ཚང་བའི་གཅིག་གྱུར་གྱི་བརྡ་སྤྲོད་གཞུང་ལུགས་ཡོད་པའི་འགྲེལ་བཤད་བྱ་ཐབས་མེད་པ་ཞིག་ཆགས་ཀྱིན་འདུག དེ་ཡང་སྐབས་དེ་ཤེད་ན་《སུམ་རྟགས་》ཀྱི་གཞུང་ལུགས་ད་དུང་བྱུང་མེད་པ་དེ་གནའ་ཡིག་རང་ཐོག་ནས་ར་སྤྲོད་བྱས་པ་ཞིག་མིན་ནམ་སྙམ།
          ཁོ་བོའི་རྨོངས་ཚོད་ལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་གོང་འཕེལ་ཆེ་ཙམ་བྱུང་བ་དང་བསྟུན་ནས་སྐད་ཡིག་ཤེས་རིག་ཀྱང་ཆོས་ཉིད་བཞིན་རྒྱ་ཁྱབ་འཕེལ་རྒྱས་ངེས་ཅན་ཞིག་ཏུ་སོན་སྐབས་རིམ་བཞིན་གཅིག་གྱུར་ཇེ་ཆེ་དང་ཡང་ན་བར་ཁྱད་ཇེ་ཆུང་དུ་འགྲོ་བའི་ཕྱོགས་སུ་འགྱུར་སྲིད། དེ་ཡང་མིའི་འདོད་བློ་དང་མི་རེ་ཟུང་གི་བྱེད་ནུས་ཁོ་ནར་བརྟེན་ནས་ཡུན་ཐུང་ནང་འགྲུབ་ཐུབ་པ་ཞིག་མ་ཡིན་པར་དུས་འགྱུར་ཆེན་པོ(འབངས་གྱེན་ལོག་ལྟ་བུ)འམ། རིག་གནས་ཀྱི་རླབས་རྒྱུན(བསྟན་པ་ཕྱི་དར་ལྟ་བུ་)ཆེན་པོ་ཞིག་དང་འགྲོགས་ནས་འཕེལ་འགྱུར་ཡུན་རིང་འགྲོ་བའི་བརྒྱུད་རིམ་ནང་། ས་སྐྱ་པཎྚི་ཏ་ལྟ་བུའི་དམིགས་བསལ་རིག་གནས་ཀྱི་མཁས་པ་ཆེན་པོ་ཞིག་གིས་འཚོལ་ཞིབ་དང་། དཔྱད་པ་གཟབ་ནན་མཛད་དེ་བརྡ་སྤྲོད་རིག་པའི་གཞུང་ལུགས་ཆ་ཚང་ཙམ་(ཡི་གེའི་སྦྱོར་བ)ཞིག་རྨང་གཞི་ཕྱོགས་སྒྲིག་མཛད་ཅིང་། དེ་རྗེས་རིག་གནས་ལ་མཁྱེན་རབ་མཆོག་ཏུ་ཡངས་པའི་(ཤོང་སྟོན་ལོ་ཙཱ་བ་ལྟ་བུ་)མི་སྣ་ཞིག་གིས་སྔར་ཡོད་གཞུང་ལུགས་དེ་རྩ་བར་བཟུང་ཐོག་དབྱེ་ཞིབ་དང་ལེགས་ཆ་གསབ་སྣོན་སོགས་གནང་བ་བརྒྱུད་དུས་རབས་བཅུ་གསུམ་པའི་མཇུག་ཙམ་ལ《སུམ་རྟགས》གཞུང་ལུགས་འདི་ཐོན་པར་བྱས་ནའང་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བོད་ཀྱི་ཡིག་སྲོལ་ལེགས་འགྱུར་གྱི་དོན་དངོས་གང་ཐད་ནས་དཔྱད་ཀྱང་ཡ་མཚན་རྒྱུ་ཆེར་ཨེ་ཡོད་སྙམ་པ་འཆར། རིག་གཞུང་འཕེལ་རྒྱས་ཀྱི་ཆོས་ཉིད་ནི་དེ་ཙམ་གྱིས་མཇུག་འགྲིལ་བ་ཞིག་ཡོང་ག་ལ་སྲིད་དེ་མུ་མཐུད་དཔང་ལོ་བློ་གྲོས་བརྟན་པ་དང་། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། དེ་རྗེས་སི་ཏུ་པཎ་ཆེན། དེ་བཞིན་དངུལ་ཆུ་ངྷརྨ་བྷ་དྲ་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཚོན་པའི་གྲུབ་མཐའ་རིག་བྱེད་ཀྱི་མཁས་པ་མང་པོས་སུམ་རྟགས་ཀྱི་གཞུང་ལུགས་དཀའ་གནད་གསལ་སྟོན་གྱི་འགྲེལ་པ་དང་ལེགས་ཆ་ཁ་སྐོང་སོགས་གནང་ཡོད། ལྷག་པར་དུ་《ལྗོན་པའི་དབང་པོ་》དང་《དཀའ་གནད་གསལ་བའི་མེ་ལོང་》འདི་གཉིས་ཀྱིས་རང་ཅག་རྗེས་རབས་པ་རྣམས་ལ་བརྡ་སྤྲོད་ཀྱི་གཞུང་ལུགས་སྦྱོང་སྤྱོད་ལ་བྱ་སླ་དོན་ཆེན་གྱི་སྐུ་དྲིན་བསམ་བརྗོད་ལས་འདས་པ་ཞིག་བསྩལ་བ་ཡིན། འོན་ཀྱང་བོད་ཡིག་གི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་མཐའ་ད་དུང་རྫོགས་པ་ག་ལ་སྲིད། ལྗོན་དབང་ནང་བདག་སྒྲ་དང་དེ་འབྲེལ་མིང་མཐའ་སྟོན་སྐབས་“ང་འ་ར་ལ་མཐའ་མེད་མཐར། བདག་སྒྲ་མ་གྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། མིང་མཐའི་པ་བའང་ཕལ་ཆེར་འདྲ།”ཞེས་དཔྱད་པ་རྫོགས་མེད་པའི་རྣམ་པ་གསལ་པོར་བསྟན་ཅིང་། ད་དུང་སུམ་རྟགས་ཀྱི་དཀའ་གནད་དང་པོར་མཁས་པ་རྣམས་བཞེད་པ་མི་མཐུན་པའང་ཇི་སྙེད་ཡོད་པ་སོགས་ལས་ཀྱང་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་མཐའ་མེད་པ་དེ་མཚོན་པ་ཡིན་སྙམ། གལ་སྲིད་ཐུ་མིས་ཡི་གེ་གསར་གཏོད་དང་དུས་མཉམ་བརྡ་སྤྲོད་པའི་གཞུང་བརྒྱད་དམ་སུམ་རྟགས་ཆ་ཚང་བརྩམ་པ་ཡིན་ན་འཕེལ་རྒྱས་ཀྱི་མཐའ་དེ་རང་ནས་རྫོགས་པར་མི་འགྱུར་གྲང་།
          བཞི་པ། མཇུག་བསྡུ་བ།
          དཔྱད་རྩོམ་འདི་འབྲི་འགོ་བརྩམས་ནས་ལོ་ངོ་བདུན་ཙམ་སོང་རུང་། ཐེ་ཚོམ་དང་། སྒྱིད་ལུག གཡེང་བ་སྣེ་བསྡོམས་ཀྱིས་འབྲི་ཙམ་བཞག་ཙམ་བྱས་ནས་ཡུན་རིང་སོང་མུར་རང་གི་མིག་ཆབ་ཇེ་ཞན་དུ་གྱུར་ཏེ་ཅམ་འཇོག་མི་བྱེད་ཀ་མེད་བྱུང་། སྤྱི་ལོ2003ལོར་《ཀྲུང་གོའི་བོད་རིག་པ་》དུས་དེབ་ནང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་སྟོབས་ལྡན་ལགས་ནས“སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ”(19)ཞེས་པའི་དོགས་འདྲི་རྒྱུ་མཚན་དང་བཅས་པ་ཞིག་འདོན་སྤེལ་གནང་འདུག་པར་དྲི་ལན་འདྲ་ཡོང་རེ་བྱས་ཀྱང་། བོད་ལྗོངས་དང་། མདོ་སྟོད་སྨད་སོགས་གང་ས་ནས་དེའི་སྐོར་གྱི་ཆེད་རྩོམ་ཐོན་རིགས་ད་ཕན་གོ་ཐོས་ཙམ་མ་བྱུང་བས་དཔྱོད་ལྡན་གཞོན་ནུ་ཚོའི་རེ་འདོད་བསྐོང་རྒྱུ་ནི་རང་རིགས་ཡི་གེ་འདྲིས་པའི་མི་རྒན་ཚོའི་འོས་འགན་འདོར་ཐབས་མེད་པ་ཞིག་ཡིན་སྙམ་པའི་སྐུལ་འདེད་ཅིག་བྱུང་རུང་། རང་གི་དཔྱད་རྩོམ་ལེགས་སྒྲིག་མ་བྱུང་བར་འདྲེན་བྱེད་ཀྱི་ནུས་པ་ཤོར་སྐབས་དེ་མུར་ལུས་ཞིང་། ཉེ་ཆར་གོ་ཐོས་ཞིག་ལ་ཨ་མདོ་ཁུལ་དུ་དཔེ་ཉོག་བསྡུ་སྒྲིག་བྱས་པའི་དེབ་གཅིག་གི་ནང་། 《ས་པཎ་གྱིས་མཛད་པའི་སུམ་རྟགས་འགྲེལ་པ》ཟེར་བ་ཞིག་འཁོད་ཡོད་ཚོད་འདུག་པ་དེ་ནི་“མཛད་པ”ཞེས་པ་དེ་རང་ནས་དཔེ་མིང་དངོས་མ་ཡིན་པ་ར་འཕྲོད་ཅིང་། ས་པཎ་གྱི་སྐུ་དུས་སུ《སུམ་རྟགས》 བྱུང་མེད་པའི་རྒྱུ་མཚན་གོང་དུ་བརྗོད་ཟིན་པས་བསྐྱར་བརྗོད་མ་དགོས་ཀྱང་། འདི་རིགས་ཀྱིས་གཞོན་སྐྱེས་རྣམས་ལ་འཁྲུལ་གཞི་ཡང་བསྐོར་བསྐྱར་བསྐོར་བཟོ་ཉེན་བློ་ཚབས་ཀྱང་སྐྱེས་པ་མ་ཟད། ལྷག་པར་སྔ་ལོ“ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དར་སྤེལ་ཚོགས་”གསར་འཛུགས་སྐབས་རྒད་པོ་བདག་ལའང་འཐོབ་པར་དཀའ་བའི་ལྷན་ཚོགས་དེའི་ཚོགས་གཙོ་གཞོན་པའི་ཁོངས་འདེམས་ཐོན་བྱུང་འདུག་པ་བཅས་ལ་བརྟེན་ཀྲུང་གོའི་བོད་ཀྱི་རིག་གནས་དར་སྤེལ་ལ་རང་ནུས་ཀྱི་ཕན་ཆ་ཅུང་འདོན་ཐུར་རེས་ཉེ་འཁོར་མིག་ལྡན་གཞན་གྱི་གྲོགས་འགྱུར་ལ་བརྟེན་ནས་དཔྱད་རྩོམ་འདི་བསྟར་སྒྲིག་གང་ཐུང་དང་འབྲེལ་ཕུལ་བ་ལགས་ན་དགེ་སྤེལ་སྐྱོན་སེལ་ལེགས་བཅོས་གང་གཟབ་ཡོང་བ་ཞུ།
          མཆན་འགྲེལ།
          ⑴ 《ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》གླེགས་བམ་དང་པོ་ལྕགས་པར་དེབ་ངོསP.542 P.387གསལ།
          ⑷ ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད》ཤོག་གྲངས་95གསལ།
          ⑷《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》ལྕགས་པར་དེབ་ངོས་555གསལ།
          ⑤གོང་གསལ་སུམ་རྟགས་ཀྱི་རྩ་བ་དང་། ཡི་གེའི་སྦྱོར་བ་གཉིས་ཀྱི་རྩ་ཚིག་ནི་བསྟན་བཅོས་དེ་གཉིས་དཔྱད་བསྡུར་གྱིས་ཆེས་འདྲ་བའི་ཆ་རྣམས་གའུ་ཁ་སྦྱོར་གྱི་ཚུལ་དུ་བཀོད་པ་ལགས། གཞན་ཡང་ས་པཎ་གྱི《ཡི་གེའི་སྦྱོར་བ་བཞུགས》ཞེས་པ་ན་མ་ཕྱིའི་སྐྱོན་ནམ་ལྕགས་པར་གྱི་སྐྱོན་ཅི་ཞིག་ཡིན་ཡི་གེ་དག་དོན་ནོར་བ་ལྟ་བུ་མང་ཡང་བཅོས་ཐལ་མ་བྱས་ཤིང་ནོར་ངེས་གཏན་ཡིན་པའི་རིགས་ལ་རྟགས་()ནང་བཟོ་བཅོས་ཞུས་པ་ལགས། དེ་མིན་བསྟན་བཅོས་འདི་གཉིས་ཀྱི་ཚིག་རྐང་མི་འདྲ་བ་རྣམས་འདིར་འགོད་ཐབས་མེད་གཤིས་བསྟན་བཅོས་སོ་སོར་གཟིགས་གནང་ཡོད་པ་ཞུ།
          ⑥སི་ཏུའི《སུམ་རྟགས་འགྲེལ་ཆེན།》མཚོ་སྔོན་ལྕགས་པར་མའི་དེབ་དངོས་261གསལ།
          (7)《སུམ་རྟགས་ཀྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ》མཚོ་སྔོན་ལྕགས་པར་མའི་དེབ་ངོས་72གསལ།
          (8)《སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ》མཚོ་སྔོན་ལྕགས་པར་མའི་པར་དེབ་ངོས་4གསལ།
          (9)《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་》པེ་ཅིང་ལྕགས་པར་མའི་དེབ་ངོས་108གསལ།
          (10)《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་འཕྲོ་མཐུད》སི་ཁྲོད་ལྕགས་པར་མའི་དེབ་ངོས་250གསལ།
          (11)(12)《སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་ཕྱོགས་གཅིག་ཏུ་བསྒྲིགས་པ》མཚོ་སྔོན་ལྕགས་པར་མའི་དེབ་ངོས1གསལ།
          (13)《ཀྲུང་གོའི་བོད་ཀྱི་ཤེས་རིག》2000ལོའི་བོད་ཡིག་དུས་དེབ་དང་པོའི་པར་ངོས་51གསལ།
          (14)《སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ།》 མཚོ་སྔོན་ལྕགས་པར་མའི་དེབ་ངོས་7གསལ།
          (15)སི་ཏུའི་《སུམ་རྟགས་འགྲེལ་ཆེན།》མཚོ་སྔོན་ལྕགས་པར་མའི་དེབ་ངོས་15གསལ།
          (16)(17)《བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས》ལྕགས་པར་མའི་དེབ་ངོས་71—116གསལ།
          (18)(19)《ཀྲུང་གོའི་བོད་རིག་པ》1999ལོའི་བོད་ཡིག་དེབ་4པའི་པར་ངོས་74 2003ལོའི་དུས་དེབ་གསུམ་པའི་པར་ངོས་46ལ་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1