གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཚེ་རིང་བག་གྲོ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༠༡ཉིན།

༄༅།། ཕག་གྲུའི་དུས་བོད་ཀྱི་རི་མོའི་སྒྱུ་རྩལ་འཕེལ་རྒྱས་བྱུང་ཚུལ་མདོ་ཙམ་གླེང་བ།


ཚེ་རིང་བག་གྲོ།
          སྒྱུ་རྩལ་ནི་མིའི་རིགས་ཀྱིས་ཐོན་སྐྱེད་བྱེད་པའི་ལག་ལེན་ནང་གསར་གཏོད་བྱས་པ་ཞིག་དང་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་བ་དང་བསྟུན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན། ཁ་བ་ཅན་གྱི་རི་མོའི་སྒྱུ་རྩལ་དེ་ལོ་ངོ་བཞི་སྟོང་གོང་ནས་བོད་ལྗོངས་ས་མཐོའི་ཐོག་བྱུང་ཡོད་པ་ཆབ་མདོ་མཁར་རོ་ནས་ཐོན་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་རྫས་ཁག་ལས་ར་སྤྲོད་གསལ་པོ་ཐུབ་ཡོད།   
          བོད་ཀྱི་ལོ་རྒྱུས་དུས་རིམ་སོ་སོའི་ནང་རང་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་གྲ་རྒྱས་གོང་འཕེལ་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་ཐོག ལྷག་དོན་ཕག་གྲུ་སྡེ་སྲིད་རིམ་བྱོན་རྣམས་ཀྱི་སྐུ་དུས་སུ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་རི་མོའི་སྒྱུ་རྩལ་དེ་ཉིད་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ཡོད།   
          དེ་ཡང་ང《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས“འཇིག་རྟེན་ཀུན་ཏུ་མུ་གེ་དང་ནད་ཡམས་སོགས་མེད་ཅིང་མཁོ་དགུའི་ཡོ་བྱད་ལ་ལོངས་སྤྱོད་པའི་འདོད་རྒུ་ནོར་གྱི་བདག་པོ་ཛམྦྷ་ལའམ་རྨུགས་འཛིན་གྱི་བང་མཛོད་ལ་རང་བདག་དུ་སྤྱོད་པ་ལྟར་གྱུར”ཅེས་གསལ་བ་བཞིན་ཕག་གྲུའི་དུས་སྐབས་སུ་བོད་ཀྱི་ཆབ་སྲིད་བརྟན་ལྷིང་བྱུང་བ་དང་དཔལ་འབྱོར་ཐད་ལ་འཕེལ་རྒྱས་ཤུགས་ཆེན་བྱུང་བ་དེས་བོད་ཀྱི་རིག་གནས་སྒོ་ཀུན་ནས་གོང་འཕེལ་ཡོང་རྒྱུར་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད།
དང་པོ། ཕག་གྲུའི་དུས་སུ་བོད་ལ་དགོན་སྡེ་དང་གཙུག་ལག་ཁང་མང་པོ་ཞིག་བཞེངས་པ།
          དེ་ཡང་སྐབས་དེར་རྗེ་ཙོང་ཁ་པ་ཆེན་པོས་དགའ་ལྡན་དགོན་ཕྱག་བཏབ་གནང་བ་དང་འཇམ་དབྱངས་ཆོས་རྗེས་དཔལ་ལྡན་འབྲས་སྤུངས་དགོན་ཕྱག་བཏབ་པ། ཆོས་རྒྱལ་རབ་བརྟན་འཕགས་ཀྱིས་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་གྱི་ལྷ་ཁང་བདུན་ཅུ་དོན་བདུན་དང་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་པ། བྱངས་སེམས་ཆོས་རྗེ་ཤེས་རབ་བཟང་པོས་ཆབ་མདོ་བྱམས་པ་གླིང་ཕྱག་བཏབ་ཅིང་། ཚ་ཁོ་ངག་དབང་གྲགས་པས་མདོ་སྨད་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་དང་རྒྱལ་དབང་དགེ་འདུན་གྲུབ་ཀྱིས་གཙང་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ལྡེབས་བྲིས་དང་རས་བྲིས་རྒྱས་པ་བྲིས་པའི་འདུ་ཁང་དང་གཙུག་ལག་ཁང་བརྒྱ་དང་ཉི་ཤུ་ཕྱག་བཏབ་པ་དང་། ཞྭ་དམར་བ་སྐུ་ཕྲེང་བཞི་པས་ཡངས་པ་ཅན་དགོན་པ་དང་རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་གྱི་དགོན་ཕྱག་བཏབ་པ། འཕགས་པ་སངས་རྒྱས་ཀྱིས་ཉང་པོར་བཀྲ་ཤིས་ཕན་བདེའི་དགོན་ཕྱག་བཏབ་པ། བ་སོ་སྤྲུལ་སྐུས་ཁམས་བཤད་སྒྲུབ་གླིང་དང་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་སྐུ་འབུམ་བྱམས་པ་གླིང་ཕྱག་བཏབ་པ་སོགས་དགོན་སྡེ་དང་གཙུག་ལག་ཁང་བགྲངས་ཀྱིས་མི་ལངས་པ་ཞིག་ཆར་རྗེས་ཀྱི་མྱུ་གུ་བཞིན་གངས་ལྗོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཡོད། དགོན་སྡེ་མང་པོ་དེ་ལྟ་བུ་བཞེངས་པ་དེས་བོད་ཀྱི་བྲིས་འབུར་གཉིས་ཀྱི་སྒྱུ་རྩལ་ལ་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད་ལ་གཞན་ཡང《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》ལས“......ཕྱིས་ཞབས་ཏོག་མེད་པས་ལྡེབས་ཀྱི་ལྷ་རིས་ཐམས་ཅད་གོག    ཇོ་བོའི་སྐུ་བརྙན་དེའང་རྡུལ་དང་བྱ་ཐལ་སོགས་མི་གཙང་བའི་ནང་དུ་བརྒྱལ་བ་གཟིགས་ནས། འོལ་ཁ་སྟག་རྩེ་ལ་ཞལ་ཏ་དང་རྣམ་སྲས་ལ་འཕྲིན་བཅོལ་སོགས་ཀྱིས་ཉམས་པ་གསོ་བའི་ནོར་རྫས་དང་ཚོན་བཟང་པོ་དང་། ལྷ་བཟོ་སོགས་ཀྱི་ཆ་རྐྱེན་ལེགས་པར་བསྒྲུབས་ནས་ཐོག་མར་རྗེའི་ཞལ་བཀོད་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞིང་བཀོད་རི་མོར་བྲིས་་་་་་”ཞེས་གསལ་བ་དེས་ཕག་གྲུའི་དུས་སུ་སྔ་རབས་བཞེངས་པའི་དགོན་སྡེ་དང་གཙུག་ལག་ཁང་མང་པོར་ཕྱིའི་བཀོད་པ་དང་ནང་གི་རྟེན་ཁག་དང་ལྡེབས་བྲིས་ཁག་ལ་སྔར་ལས་ལྷག་པའི་ཉམས་གསོ་བྱས་ཡོད་པ་དེའི་ཐོག་ནས་ཀྱང་སྐབས་དེར་བོད་ཀྱི་བཟོ་རྩལ་འཕེལ་རྒྱས་ཤུགས་ཆེན་བྱུང་བ་མཚོན་ཐུབ།   
གཉིས་པ། རི་མོའི་འབྲི་རྒྱུན་རིགས་མི་འདྲ་བ་ཁ་ཤས་ཐོན་པ།
          དུས་རབས་བཅུ་བཞིའི་དུས་ནས་དུས་རབས་བཅུ་དྲུག་པའི་དུས་མཇུག་བར་གྱི་ལོ་རྒྱུས་འཕེལ་རིམ་ནང་རི་མོའི་སྒྱུ་རྩལ་ལ་མཁས་པའི་མི་སྣ་མང་དག་ཅིག་ཐོན་ཡོད་པ་མ་ཟད། བོད་མི་རིགས་ཀྱི་རི་མོའི་ཁྱད་ཆོས་སྙིང་བསྡུས་ཐོག་མི་རིགས་གཞན་གྱི་ལེགས་ཆ་ཉམས་སུ་བླངས་པའི་བྱིའུ་སྒང་ལུགས་དང་སྨན་ལུགས། མཁྱེན་ལུགས། སྒར་ལུགས་བཅས་ཀྱི་རི་མོའི་འབྲི་རྒྱུན་མི་འདྲ་བ་ཁ་ཤས་བྱུང་ཡོད།   
          1.བྱིའུ་སྒང་ལུགས། ཡར་སྟོད་བྱིའུ་སྒང་པ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་ལྷོ་ཁ་ཡར་ལུང་ཁུལ་དུ་སྐུ་འཁྲུངས། ཁོང་སྐུ་ན་ཕྲ་མོའི་དུས་ནས་རི་མོ་ལ་ལྷག་པར་དགའ་ཞིང་ནར་སོན་རྗེས་པིར་ཐོགས་མཁས་པ་དུ་མའི་ཞབས་ལ་གཏུགས་ནས་བཟོ་རྩལ་གྱི་ཁོ་ལག་ཁོང་དུ་ཆུད་པར་བྱས། ཁོང་གིས་ཐོག་མཐའ་བར་གསུམ་དུ་རི་མོའི་སློབ་དཔོན་བསྟེན་པ་དང་། ལུས་ལ་རི་མོ་སྦྱོང་བའི་ཡོ་བྱད་བྲལ་མེད་དུ་བཅངས་ཤིང་། དབུས་གཙང་ཕྱོགས་ཀྱི་དགོན་གནས་དང་གཙུག་ལག་ཁང་ཐ་ན་བྲག་ཕུག་དང་གནས་རྙིང་ཞིག་རལ་སོགས་ཕྱོགས་མཐའ་དག་མྱུལ་ནས་གང་གཟིགས་པའི་རི་མོ་ཡོད་ཚད་ཞལ་བཤུས་མཛད་དེ་དཔེར་ལེན་པ་དང་། གལ་ཏེ་ཡུལ་གང་རུང་ཞིག་ཏུ་རི་མོ་ལེགས་པ་ཡོད་ཚུལ་ཐོས་ཚེ་ཁོང་སྐུ་ངོ་མ་ས་ཡུལ་དངོས་སུ་རྟོག་ཞིབ་ཏུ་ཕེབས་པ། ཡུལ་གང་དུ་བྱོན་ཚེ་དེ་གའི་དགོན་སྡེ་དང་གཙུག་ལག་ཁང་གི་རྟེན་གསུམ་བཟོ་རྩལ་དངོས་ལ་རྟོག་ཞིབ་མཛད་པ་མ་ཟད་ཐ་ན་སྒོའི་སྒོ་རྒྱན་དང་། ཤིང་ཚོན་གྱི་པ་ཏྲ་རི་མོ་སོགས་ལ་ཡང་ལྟ་ཞིབ་ཞིབ་ཕྲ་མཛད་ཅིང་། སྒོ་ཡོད་ཚད་ཀྱི་ནང་དུ་མྱུལ་ནས་གཡས་གཡོན་གང་སར་གཟིགས་པར་བྱེད་པས་མི་རྣམས་ཀྱིས་ཁོང་ལ་སྤྲུལ་སྐུ་དེ་བྱིའུ་ཞིག་དང་ཁྱད་མ་མཆིས་ཞེས་སྨྲས་པས་འདྲ་བའི་ཆ་ནས་ཕྱིས་སུ་སྤྲུལ་སྐུ་བྱིའུ་ཞེས་འབོད། དེ་ལྟ་བུའི་སྙིང་སྟོབས་དང་བརྩོན་འགྲུས་ལ་བརྟེན་ནས་རིང་པོར་མི་ཐོགས་པར་བལ་རིས་ཀྱི་ལེགས་ཆ་སོར་བཞག་ཐོག་བོད་ཀྱི་ས་གནས་སོ་སོའི་རི་མོའི་ཁྱད་ཆོས་མི་འདྲ་བའི་ལེགས་ཆ་རྣམས་བཏུས་ཏེ་བོད་མི་རིགས་རང་ཉིད་ཀྱི་བསམ་པའི་སྙིང་སྟོབས་དང་།  བརྩེ་དུང་། འདུན་པ། ཉམས་མདངས་བཅས་མཚོན་པའི་བྱིའུ་སྒང་ལུགས་གསར་གཏོད་གནང་། བྱིའུ་སྒང་ལུགས་དེ་ཉིད་མ་གཞི་ས་སྐྱ་བའི་དུས་སུ་གསར་གཏོད་མཛད་པ་ཞིག་ཡིན་ཡང《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》ཀྱི་ནང་དུ“ཁོང་གི་ཕྱག་བྲིས་ས་སྐྱ་དང་ཤེལ་དཀར་ཞལ་ཐང་དུ་མ་དང་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་སྤྱན་རས་གཟིགས་ཀྱི་གོས་སྐུ་དང་སྐུ་འབུམ་ནང་གི་ལྡེབས་བྲིས་ཀུན་ཏུ་བཟང་པོ་གཙོ་འཁོར་སོགས་ཡིན”ཞེས་གསལ་བར་གཞིགས་ན་དུས་རབས་བཅུ་བཞིའི་དུས་མཇུག་དང་དུས་རབས་བཅོ་ལྔའི་དུས་འགོར་རི་མོའི་གྲུབ་མཐའ་དེ་ཉིད་འཕེལ་རྒྱས་ཀྱི་ཡང་རྩེར་སོང་བ་ཡིན་པ་གསལ་པོར་རྟོགས་ནུས། ཕྱིས་སུ་བྱིའུ་སྒང་ལུགས་དེ་ཉིད་བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་སོགས་རི་མོ་བ་ཕུལ་བྱུང་མང་པོས་རྒྱུན་འཛིན་དར་སྤེལ་མཛད་ཡོད།   
          2.སྨན་ལུགས། བོད་རིས་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཡ་གྱལ་སྤྲུལ་པའི་བཟོ་བོ་སྨན་བླ་དོན་གྲུབ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་འགོར་ལྷོ་བྲག་ཏུ་སྐུ་བལྟམས་པ་དང་དུས་མཉམ་དུ་སྨན་ཐང་གི་མཚལ་ཁ་ཡང་ཐོན། ཆུང་བྱིས་པའི་དུས་ནས་རིག་པ་སྦྱོང་བ་དང་། ཀུན་སྤྱོད་བཟང་བས་རང་དང་མཉམ་པའི་བྱིས་པ་གཞན་ལས་ཡོན་ཏན་ཁྱད་དུ་འཕགས་པ་བྱུང་། ནར་སོན་ཏེ་ཁྱིམ་ཐབ་བཟུང་བས་རང་གི་ཆུང་མ་དང་མ་མཐུན་པའི་དབང་གིས་ཡུལ་གྱར་ནས་ས་ཕྱོགས་གང་སར་ཕེབས། ཡར་འབྲོག་སྟག་ལུང་ནས་པིར་ཆག་པ་གཅིག་དང་ལྷའི་བྲིས་དཔེ་ཤོག་དྲིལ་ཞིག་རྙེད་པས་སྔོན་གྱི་བག་ཆགས་ཀྱིས་དགའ་ཚོར་ཆེན་པོ་བྱུང་བ་དང་ཆབས་ཅིག་རི་མོ་སྦྱོང་རྒྱུར་བློ་ཁ་ཕྱོགས། དེ་ནས་གཙང་རྡོ་པ་བཀྲ་ཤིས་རྒྱལ་པོ་ཞེས་པའི་ཞབས་ལ་གཏུགས་ནས་བོད་དང་རྒྱ་ནག་རྒྱ་གར་ལ་སོགས་པའི་སྲོལ་རྒྱུན་རི་མོའི་ལག་ལེན་དང་གཞུང་ལུགས་གཉིས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། གངས་ཅན་ཡུལ་དུ་ཆེས་གནའ་བོའི་དུས་ནས་རི་མོ་འབྲི་བའི་ལག་རྩལ་ཡོད་ཀྱང་། རི་མོའི་གཞུང་ལུགས་ཆ་ཚང་བ་ཞིག་མེད་པ་ལ་དམིགས་ནས་རང་གི་ལོ་མང་རི་མོ་འབྲི་བའི་ལག་ལེན་དང་། སྔར་ཡོད་རྒྱ་དཀར་ནག་གི་ལུགས་དང་བོད་རང་ལ་ཡོད་པའི་སྲོལ་རྒྱུན་གྱི་རི་མོ་གཞིར་བྱས། མདོ་རྒྱུད་གཉིས་ཀྱི་དགོངས་པ་དང་བསྟུན་ནས《སྐུ་གཟུགས་ཀྱི་ཆ་ཚད་ཡིད་བཞིན་ནོར་བུ》ཞེས་པའི་བོད་རང་གི་གཟུགས་བཟོའི་གཞུང་ལུགས་ཐོག་མ་དེ་བརྩམས་གནང་མཛད་དེ་རང་གི་སློབ་དཔོན་གྱི་ཕྱག་རྒྱུན་ལས་ལྷག་པའི་རི་མོའི་སྲོལ་རྒྱུན་སྨན་ཐང་ཆེན་པོའི་ལུགས་ཞེས་པ་གསར་དུ་གཏོད། ཕྱིས་སུ་སྲས་རྒྱུད་དང་སློབ་རྒྱུད་གཉིས་ཀྱི་ཐོག་ནས་རྒྱུན་འཛིན་གྱིས་བོད་གངས་ཅན་ཡུལ་དུ་དར་སྤེལ་མཛད།   
          3.མཁྱེན་ལུགས། བོད་རིས་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཡ་གྱལ་གོང་དཀར་མཁྱེན་རྩེ་ཆེན་མོ་ནི་སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་གོང་དཀར་སྒང་སྡོད་དུ་སྐུ་འཁྲུངས། ཁོང་ནི་ཆུང་བྱིས་པའི་དུས་ནས་སྲོག་ཆགས་དང་རྩི་ཤིང་མེ་ཏོག་ལ་སོགས་འབྲི་རྒྱུར་ཧ་ཅང་དགའ་བས་ནར་སོན་རྗེས་གཙང་རྡོ་པ་བཀྲ་ཤིས་རྒྱལ་པོའི་ཞབས་ལ་གཏུགས་ནས་རི་མོ་འབྲི་བའི་སློབ་གཉེར་ལ་འབད་པ་ལྷོད་མེད་མཛད་དེ་མཐར་རང་གི་སློབ་དཔོན་གྱི་ཕྱག་རྩལ་ལས་བརྒལ་ནས་རི་མོའི་བཞེད་སྲོལ་མི་འདྲ་བའི་ལུགས་མཁྱེན་ལུགས་ཞེས་པ་གསར་གཏོད་མཛད། ཁོང་གི་ཕྱག་རྩལ་ད་ལྟ་ལྷོ་ཁ་གོང་དཀར་རྡོ་རྗེ་གདན་གྱི་ནང་དུ་དངོས་སུ་མཇལ་རྒྱུ་ཡོད།  
          4.སྒར་ལུགས། སྒར་བྲིས་ཀྱི་ལུགས་ལ་རྙིང་མ་དང་གསར་མ། སྐུ་ཕྲེང་བཅུ་པའི་ལུགས་བཅས་དབྱེ་བ་གསུམ་དུ་འབྱེད་སྲོལ་ཡོད། སྒར་བྲིས་རྙིང་མ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་ཀརྨ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི(1507-1554)དངོས་སློབ་ཡར་སྟོད་དུ་སྐུ་འཁྲུངས་པའི་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཞེས་བྱ་བས་ཐོག་མར་ཨེ་ཁུལ་དཀོན་མཆོག་ཕན་བདེ་ལས་ལྷ་བྲིས་ཀྱི་ཕྱག་རྩལ་བསླབས་རྗེས། སྨན་ལུགས་གཞིར་བཞག་ཐོག་རང་རྒྱལ་མིང་རྒྱལ་རབས་ཀྱི་རྒྱལ་སྲོལ་རི་མོའི་རྒྱུན་ལ་དཔེ་མཛད་དེ་སྲོག་ཆགས་དང་ཡུལ་ལྗོངས་ཐམས་ཅད་ཀྱི་བཀོད་པ་ཕལ་ཆེ་བ་རྒྱ་ནག་གི་ལུགས་སུ་བྱས་ཏེ་སྒར་ལུགས་ཀྱི་སྲོལ་ཐོག་མར་བཏོད། ཀརྨ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས《རི་མོའི་ཐིག་རྩ་ཉི་མ་ཆེན་པོ》ཞེས་པའི་རིགས་པའི་གཞུང་ལུགས་ཀྱི་ཕྱག་རྩོམ་སྤེལ། དེ་རྗེས་ཆོས་བཀྲ་ཤིས་དང་ཀར་ཤོད་ཀརྨ་བཀྲ་ཤིས་ཞེས་རི་མོའི་སྒྱུ་རྩལ་ལ་འགྲན་ཟླ་དང་བྲལ་བ་གཉིས་ཀྱི་སྐུ་དུས་སུ་སྔར་བས་དར་སྤེལ་མཛད་པའི་ལུགས་ལ་སྒར་ལུགས་རྙིང་མ་ཞེས་ཟེར།   
          དུས་རབས་བཅུ་བདུན་པའི་ནང་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས(1604-1674)སྒར་ལུགས་ཀྱི་འབྲི་རྒྱུན་ལ་ལེགས་ཆ་གསར་བསྣན་མཛད་པ་དང《ཐིག་ཡིག་རྣམ་འགྲེལ་ཉི་མའི་འོད་ཟེར》ཞེས་པའི་རིགས་པའི་གཞུང་ལུགས་ཕྱག་རྩོམ་མཛད་དེ་བྲིས་རྒྱུན་སྤེལ་བ་དེ་ལ་ཀརྨ་སྒར་བྲིས་སམ་སྐུ་ཕྲེང་བཅུ་པའི་ལུགས་ཞེས་གྲགས། ཕྱིས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྒར་བྲིས་ཀྱི་ཕྱག་རྒྱུན་གཞི་རྩའི་ཐོག་སྨན་མཁྱེན་བྱིའུ་གསུམ་གྱི་ཁྱད་ཡོན་འགའ་ཞིག་བླངས་ནས་ཁ་གསབ་མཛད་པའི་བྲིས་རྒྱུན་ལ་སྒར་བྲིས་གསར་མ་ཞེས་གྲགས།   
གསུམ་པ། ཕག་གྲུའི་དུས་སུ་བོད་ཀྱི་བཟོ་རིག་པའི་བསྟན་བཅོས་མང་དག་ཅིག་ཐོན་པ།   
          ཕག་གྲུའི་དུས་སུ་རི་མོའི་སྒྱུ་རྩལ་ལ་མཁས་པའི་སྐྱེ་བོ་རྣམས་ཀྱིས་རང་ཉིད་ཀྱིས་ལོ་མང་རིང་རི་མོ་འབྲི་བའི་ལག་ལེན་ནང་གསོག་འཇོག་བྱས་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་མཛད་དེ་བཟོ་རིག་པའི་རིགས་པའི་གཞུང་ལུགས་ཀྱི་དཔེ་ཆ་མང་དག་ཅིག་བརྩམས་གནང་ཡོད་པ་སྟེ། སྨན་བླ་དོན་གྲུབ་ཀྱིས་མཛད་པའི《ཆ་ཚད་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་ཚད་རབ་ཏུ་འབྱེད་པ་ཡིད་བཞིན་ནོར་བུ》དང་། ཀརྨ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པའི《རི་མོའི་ཐིག་རྩ་ཉི་མ་ཆེན་པོ》ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་བརྩམས་པའི《ཐིག་ཡིག་རྣམ་འབྲེལ་ཉི་མའི་འོད་ཟེར》དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི《ལྟ་སྐུའི་ཆ་ཚད་མདོ་རྒྱུད་གསལ་བའི་མེ་ལོང》 མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི《དུས་ཀྱི་འཁོར་ལོའི་ཐིག་རྩ》རྗེ་བཙུན་ཙོང་ཁ་པས་མཛད་པའི《ལྷ་སྐུའི་གཟུགས་བརྙན་ལེགས་པར་ལྟ་བའི་མེ་ལོང》བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི《དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་བཀོད་པ》དང《མཆོད་རྟེན་བྱང་ཆུབ་ཆེན་པོའི་ཐིག་རྩ》ལ་སོགས་བཟོ་རིག་པའི་བསྟན་བཅོས་དང་། སྐུ་གཟུགས་ཆ་ཚད་ཀྱི་གཞུང་ལུགས་དང་དཔེ་རིས་སོགས་དཔེ་ཚད་འཇོག་ས་མང་པོ་ཞིག་ཐོན་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་དེ་ཉིད་སྔར་ལས་འཕེལ་རྒྱས་ཡོང་རྒྱུར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡག་པོ་བཏིང་ཡོད།   
བཞི་པ། རི་མོའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ།
          ཕག་གྲུའི་དུས་ཀྱི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་མཚོན་བྱའི་ནང་དོན་ཐད་ཆོས་ལུགས་ཀྱི་ནང་དོན་ཁོ་ན་མ་ཡིན་པར་ད་དུང་རྟོགས་བརྗོད་དང་། ལོ་རྒྱུས། དམངས་ཁྲོད་སྒྲུང་གཏམ། ཡུལ་གོམས་གཤིས་ལུགས། གསོ་རིག  སྤྱི་ཚོགས་ཀྱི་རྣམ་པ། མི་སྣའི་འདུ་ཤེས་སོགས་བརྗོད་བྱ་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ནི་བློ་མཐུན་ཡུད་ནད་ཁྲང་གིས“སྒྱུ་རྩལ་ནི་ཆོས་ལུགས་ཁོ་ན་ཉིད་ལ་དབང་བའི་ལག་ཆ་ཞིག་མིན། ལྡེབས་རིས་དེ་རྣམས་འབྲི་མཁན་ནི་འཚོ་བ་དངོས་ནང་སྡུག་བསྔལ་མྱོང་མཁན་གྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཡིན་པས་ཁོ་ཚོས་རྟག་ཏུ་དངོས་ཡོད་ཀྱི་ས་བོན་ཐོག་བསམ་གཞིགས་དང་མྱོང་ཚོར། འཚོ་བ་དངོས་ནང་ཞུགས་པ་བཅས་རང་ཉིད་ཀྱི་བརྩེ་དུང་དང་། འདུན་པ། རེ་བ། བརྩོན་ལེན་སོགས་སྒྱུ་རྩལ་གསར་སྐྲུན་གྱི་ནང་དུ་བསྲེས་ཡོད་པ་སྟེ། བོད་ཀྱི་ལྡེབས་རིས་ནི་ཕྱོགས་གཅིག་ནས་ཆོས་ལུགས་དང་ཕྱོགས་གཞན་ཞིག་ནས་དམངས་སྲོལ་ཏེ་ཆོས་ལུགས་དྲིལ་བསྒྲགས་ཀྱི་ནང་དུ་འཚོ་བའི་བརྩེ་དུང་བསྲེས་པའི་སྒྱུ་རྩལ་ཞིག་ཡིན”ཞེས་གསུངས་པ་བཞིན་ནོ།   
          མདོར་ན། ཕག་གྲུའི་དུས་ཀྱི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་ཁྱད་ཆོས་འདི་ལྟར་ལྡན་པ་སྟེ། གཅིག་ནས་ཕག་གྲུའི་དུས་སྐབས་ནི་ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་དང་འདྲ་བར་བོད་ཀྱི་རིག་གནས་སྤྱི་དང་ལྷག་དོན་རི་མོའི་སྒྱུ་རྩལ་ཐད་ཞིབ་འཇུག་དང་འཕེལ་རྒྱས་ཤུགས་ཆེ་ཤོས་བྱུང་བའི་དུས་སྐབས་ཤིག་ཡིན། གཉིས་ནས་བོད་རང་གི་སྲོལ་རྒྱུན་རི་མོའི་ལེགས་ཆ་སྙིང་བསྡུས་ཐོག་མི་རིགས་གཞན་གྱི་སྔོན་ཐོན་ལག་རྩལ་དང་ལེན་གྱིས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་གསར་གཏོད་བྱེད་པའི་དུས་སྐབས་ཤིག་ཡིན། གསུམ་ནས་རི་མོ་འབྲི་བའི་ལག་ལེན་དངོས་ཀྱི་ཁྲོད་ནས་རི་མོའི་གཞུང་ལུགས་ཕྱོགས་བསྡོམས་བྱས་ཏེ་ལག་ལེན་དང་རིགས་པའི་གཞུང་ལུགས་ཕྱོགས་གཉིས་ཀྱི་ཐད་ནས་འཕེལ་རྒྱས་ཤུགས་ཆེན་བྱུང་བའི་དུས་སྐབས་ཤིག་ཡིན། བཞི་ནས་བརྩམ་བྱའི་ནང་དུ་ཡུལ་ལྗོངས་ཀྱི་བཀོད་པའི་འབྲི་རྒྱུན་ཐོག་ནས་འགྲོ་བ་མིའི་རིགས་ཀྱིས་རང་ཉིད་འཚོ་གནས་བྱ་ཡུལ་གྱི་རང་བྱུང་ཁམས་ལ་དགའ་ཞེན་དང་སྲུང་སྐྱོབ་བྱེད་དགོས་པའི་བསམ་བློའི་འདུ་ཤེས་གསལ་བར་མངོན་པའི་དུས་སྐབས་ཤིག་ཡིན་པ་བཅས་སོ། །   
          དཔྱད་གཞིའི་ཡིག་ཆ།   
          ༡. བསྟན་པ་རབ་བརྟན་གྱིས་བརྩམས་པའི《བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས》   
          ༢. དཀོན་མཆོག་བསྟན་འཛིན་གྱིས་བརྩམས་པའི《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》   
          ༣ .རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་བརྩམས་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》   
          ༤.《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》98ལོའི་དུས་དེབ་གཉིས་པ།   
                                                                   (དཔྱད་རྩོམ་འདི་ཉིད《བོད་ལྗོངས་ཞིབ་འཇུག》2002ལོའི་དུས་དེབ་དང་པོར་བཀོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1