རིག་གནས་འདི་དག་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་ཏུ་ཚུད།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-01


        ཉེ་ཆར། སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མིང་གཞུང་ཁག་ལྔ་པའི་ནང་ཚུད་པའི་འཆར་འགོད་མིང་ཐོ་སྤྱི་བསྒྲགས་བྱས་ཡོད་པ་དང་། དེའི་ནང་རིགས་ཆེན་པོ་དགུའི་རྣམ་གྲངས་༥༢བདམས་ཐོན་བྱུང་ཡོད་ཅིང་། དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་ཆུ་བཤེར་རྩམ་པ་དང་། དར་མདོ་གྲོང་ཁྱེར་གྱི་མི་ཉག་བོད་རིགས་གྱོན་ཆས་བཟོ་སྐྲུན་ལག་རྩལ། བྲག་འགོ་རྫོང་གི་ཏྲེ་ཧོར་གནའ་བྲོ། འབའ་ཐང་རྫོང་གི་དབྱར་གནས་དུས་ཆེན་བཅས་དང་། རྔ་བ་ཁུལ་མཛོད་དགེ་རྫོང་སྒུར་སྐྱོང་དགོན་པའི་གཏོ་དང་། ཁྱུང་མཆུ་རྫོང་གི་རྟ་རྒྱུགས་དུས་ཆེན་གཉིས། ཧྲི་མེན་རྫོང་མི་ཉག་བོད་རིགས་ཀྱི་འབག་བྲོ། ཕིང་ཝུའུ་རྫོང་བོད་དམག་གི་ཕྱིང་ཞྭ་འདེད་པའི་ལག་རྩལ་བཅས་བོད་རིགས་ཀྱི་རྣམ་གྲངས་བརྒྱད་ཚུད་ཡོད།
དཀར་མཛེས་ཆུ་བཤེར་རྩམ་པའི་འཐུས་ཚབ་ལྟ་བུར་གྱུར་པའི་བདེ་མཆོག་ཆུ་བཤེར་རྩམ་པའི་བཟོ་གྲྭ་དང་ཐོན་རྫས།
        ཆུ་བཤེར་རྩམ་པ་ནི་དཀར་མཛེས་རྫོང་གི་ཁྱད་ཐོན་དངོས་རྫས་ཡིན་པ་དང་ཁམས་ནས་ཨང་རྟགས3པ་དང་དེ་མིན་གྱི་སྤུས་ལེགས་ནས་དཀར་གྱིས་རྒྱུ་ཆ་བྱས་པ་ཡིན་པས། ལོ་རྒྱུས་རིང་ལ་ལས་སྣོན་ཞིབ་མོ་དང་བྲོ་བ་ཞིམ་པའི་དབང་གིས་ཁམས་པའི་ཡུལ་ཕྱོགས་སུ་སྐད་གྲགས་ཁྱབ་པ་རེད།
ཐུན་མོང་མ་ཡིན་པའི་མི་ཉག་གི་གྱོན་ཆས།

བྲག་འགོ་རྫོང་གི་ཏྲེ་ཧོར་གནའ་བྲོ།

འབའ་ཐང་གི་དབྱར་གནས་དུས་ཆེན།
        དབྱར་གནས་དུས་ཆེན་ནི་རྫོང་དེའི་མི་དམངས་ཀྱིས་ལོ་ལེགས་བྱུང་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། ལོ་རྗེས་མར་ལོ་ལེགས་ཡོང་བའི་རེ་སྨོན་ཡང་ཡིན། དབྱར་གནས་དུས་ཆེན་གྱི་རིག་གནས་འཁྲབ་སྟོན་གྱི་ནང་དོན་གཙོ་བོ་འབའ་གཞས་དང་འབའ་ཐང་བོད་ཀྱི་ཟློས་གར་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་འཇུག་རྒྱུའི་ཆོག་མཆན་གནང་། དུས་ཆེན་གྱི་སྐབས་སུ་སྣང་ས་འོད་འབུམ་དང་དྲི་མེད་ཀུན་ལྡན། ཆོས་རྒྱལ་ནོར་བཟང་སོགས་བོད་ཀྱི་ལྷ་མོ་འཁྲབ་སྟོན་དང་འབའ་གཞས་སོགས་རིག་རྩལ་གྱི་བྱེད་སྒོ་མང་པོ་ཞིག་ཡོད་པ་རེད། 
མཛོད་དགེ་སྒུར་སྐྱང་དགོན་པའི་གཏོ།
        སྒུར་སྐྱང་དགོན་པ་ནི་རྔ་བ་ཁུལ་མཛོད་དགེ་རྫོང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་གཡུང་དྲུང་བོན་གྱི་དགོན་སྡེ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་རེད། 
ཕྱིང་ཞྭ།
        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལས་དོན་ནི་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོའི་རྣམས་གྲངས་ཁག་ལྔ་པའི་ཡིག་ཐོག་སྙན་ཞུའི་ལས་དོན་སྐོར་གྱི་བརྡ་ཐོའི་སྙིང་དོན་དང་བླང་བྱ་ལྟར། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཁག་གི་རིག་གནས་ཚན་ཁག་དང་འབྲེལ་ཡོད་ཚན་ཁག་གིས་ཡིག་ཐོག་སྙན་ཞུ་བྱས་པ་དང་།  སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་ཞིབ་བཤེར་བྱས་པ་མ་ཟད་རིགས་གཅིག་མཁས་པའི་ཞིབ་དཔྱད་སྒྲིག་འཛུགས་བྱས་མཐར། སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མིང་གཞུང་གི་འཆར་འགོད་རྣམ་གྲངས་མིང་ཐོ་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་རེད།
སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མིང་གཞུང་ཁག་ལྔ་པའི་ནང་ཚུད་པའི་འཆར་འགོད་མིང་ཐོ།

སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྒྱ་སྐྱེད་མིང་གཞུང་ཁག་དང་པོ་དང་གཉིས་པ། གསུམ་པ། བཞི་པ་བཅས་ནང་ཚུད་པའི་འཆར་འགོད་མིང་ཐོ།
          དེ་དང་དུས་མཚུངས་སུ། ད་དུང་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྒྱ་སྐྱེད་མིང་གཞུང་ཁག་དང་པོ་དང་གཉིས་པ། གསུམ་པ། བཞི་པ་བཅས་ནང་ཚུད་པའི་འཆར་འགོད་མིང་ཐོ་ཡང་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་སྨན་གསར་ལུགས་ཀྱི་ཐང་ག་དང་བོད་ཀྱི་ལྕགས་རིགས་ཐོན་རྫས་ལས་སྣོན་ལག་རྩལ་གཉིས་དང་། རྔ་བ་ཁུལ་རྔ་བ་བོད་སྨན་ཁང་གི་བོད་ལུགས་གསོ་རིག་དང་ཛམ་ཐང་རྫོང་གཙང་བ་དགོན་པའི་ཇོ་ནང་ཤིང་བརྐོས་ལག་རྩལ། ཆུ་ཆེན་རྫོང་གི་སྐོར་བྲོ་བཅས་བོད་རིགས་ཀྱི་རྣམ་གྲངས་ལྔ་ཚུད་ཡོད་པ་རེད།
དཔལ་ཡུལ་རྫོང་གི་ལྕགས་རིགས་ཐོན་རྫས།
        རྣམ་གྲངས་འདི་དག་གི་ནང་འཇོག་རེ་ཞུ་ལ་ཆོག་འཐུས་ཐོབ་རྗེས། སྲིད་གཞུང་གི་མ་དངུལ་དང་གཟིགས་སྐྱོང་སྲིད་ཇུས་རྣམ་གྲངས་ཀྱིས་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་པས།  མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་འདི་དག་འཛིན་སྐྱོང་སྤེལ་གསུམ་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1