རང་གི་ལག་ཟུང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པ།

ཚེ་རིང་ལྷ་མོས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-02


མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོའི་མདོ་ཚ་སྡེ་བའི་ཁྱིམ་ཚང་དབུལ་ཕོངས་ལྷ་སྐྱབས་ཚང་གི་དབུལ་བྲལ་ཕྱུག་འགྱུར་གྱི་གནས་ཚུལ་རགས་ཙམ་བཀོད་པ།     
     ཟླ10བའི་ཚེས22ཉིན། གསར་འགོད་པ་མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོའི་མདོ་ཚ་སྡེ་བའི་ཁྱིམ་ཚང་དབུལ་ཕོངས་ལྷ་སྐྱབས་ཚང་དུ་སླེབས་སྐབས། ལོ་ན83ལ་ལོན་པའི་ལྷ་སྐྱབས་ཁྱིམ་གྱི་སྒོ་ཁར་ཉི་མར་ལྡེ་ནས་བསྡད་འདུག་ལ། ཁོང་གི་བུ་མོ་དོན་ཁོ་དང་མོའི་ཁྱོ་ག་ཕུན་ཚོགས་གཉིས་སྒོ་ཕྱེ་ནས་ཅང་མ་འགོར་བར་ཇ་ཁང་ནང་ན་ལས་ལ་བྲེལ་བཞིན་འདུག
     ཨ་སྐྱིད་ཡུལ་ཚོའི་སྲིད་གཞུང་གི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ལོ་འགའི་སྔོན་དུ། ལྷ་སྐྱབས་ཚང་གི་འཚོ་བའི་ཆ་རྐྱེན་ནི་ཅུང་བཟང་མོད། བུ་མོ་དོན་ཁོར་ནུ་མའི་འབྲས་སྐྲན་གྱི་ནད་ཕོག་ཡོད་པ་ཤེས་རྗེས། བློ་ངོར་མི་དཔོག་པའི་སྨན་རིན་མང་པོས་ཁྱིམ་ཚང་གི་སྒོ་ཕྱུགས་ཚང་མ་མི་བཙོང་ཁ་མེད་དུ་གྱུར། ཁྱིམ་གྱི་དཔལ་འབྱོར་གནོན་ཤུགས་སེལ་བའི་ཐབས་སུ། གཉེན་ཉེ་རེ་འགའི་ལག་ནས་དངུལ་བསྐྱིས་ཏེ་ལུག་ཉོས་པ་རེད། ཡིན་ཡང་ལས་ལམ་ལ་མ་སོང་བར། ལུག་ཁྱུ་ལ་ནད་ཡམས་ཚབས་ཆེན་ཞིག་ཕོག་ནས་མང་ཆེ་བ་ཤི་སོང་ཞིང་། དེའི་ཁར་ལོ་དེར་ལུག་གོང་ལྷུང་བས། ཁོང་ཚང་གིས་སྒོར་ཁྲི་གཉིས་ལྷག་གི་དངུལ་བུན་ཁུར་བ་རེད།
     2014ལོར། ལྷ་སྐྱབས་ཚང་གི་དཀའ་ངལ་དངོས་ལ་གཞིགས་ནས་ཁོང་ཚང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་ཕོངས་སུ་ངོས་འཛིན་བྱས། རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་དང་ཐོན་ལས་རོགས་སྐྱོར། སྐྱེ་ཁམས་འགན་སྲུང་བའི་སྤྱི་ཕན་ལས་གནས་སོགས་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ཏེ། ན་ནིང་ལྷ་སྐྱབས་ཚང་གིས་དབུལ་ཞྭ་ཕུད་པའི་འདུན་མ་མངོན་འགྱུར་བྱུང་།
    དོན་ཁོས་བཤད་པར། རང་ཉིད་ཀྱི་རྐྱེན་གྱིས་ཁྱིམ་ཚང་གི་དཔལ་འབྱོར་སྡུག་པོར་གྱུར་བ་རེད། དེ་བས་དབུལ་ཞྭ་ཕུད་རྗེས་རང་ཉིད་ཀྱི་ནུས་པ་དང་འབད་པ་ལ་བརྟེན་ཏེ་ཕྱུག་འགྱུར་བྱ་དགོས་པ་རེད། ད་ལོའི་བོད་ཁུལ་གྱི་སྡོད་ཁང་གསར་བའི་རྣམ་གྲངས་འཛུགས་སྐྲུན་གྱི་རོགས་དངུལ་སྒོར་ཁྲི་གསུམ་བྱིན་པས་ང་ལ་ཕྱུག་འགྱུར་གྱི་རེ་བ་ཆེན་པོ་ཡོད།
      ཁྱིམ་ཚང་དབུལ་ཕོངས་གཞན་དང་མི་འདྲ་བར། དོན་ཁོས་སྒོར་མོ་འདི་བེད་སྤྱད་དེ་སྡོད་ཁང་ལ་མཛེས་སྤྲས་དང་རྒྱ་བསྐྱེད་སོགས་མ་གཏོང་བར། སྒོར་མོ་འདི་བེད་སྤྱད་དེ་ཐོན་ལས་ཤིག་འཕེལ་ཐབས་ལ་འབད་པ་རེད། ཁྱོ་ག་ཕུན་ཚོགས་དང་གྲོས་བསྡུར་བྱས་རྗེས། དེའི་ཁར་སྒོར་ཁྲི་གསུམ་བཙལ་ཏེ། རང་ཁྱིམ་འགྲམ་གྱི་ས་སྟོང་དེར་ཁང་བ་བརྩེགས་གཉིས་ཅན་ཞིག་གསར་དུ་བསྐྲུན། ཁང་བ་བསྐྲུན་ཚར་རྗེས། ཕུན་ཚོགས་བཟའ་མི་གཉིས་ཀྱིས་གྲོགས་པོ་ཞིག་དང་མཉམ་དུ་བརྩེགས་གཉིས་པར་ཇ་ཁང་ཞིག་གཉེར་བ་རེད། ཟླ་བཅུ་བར་ཇ་ཁང་གི་སྒོ་ཕྱེ་བ་ནས་བཟུང་ཚོང་བྲིན་པོ་བྱུང་ཞིང་། རྒྱུན་པར་མགྲོན་པོས་གང་འདུག
      ཇ་ཁང་གི་ཡོང་འབབ་སྐོར་ནས་འདྲི་སྐབས། དོན་ཁོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་བཞིན། ཉིན་རེར་སྒོར་བརྒྱ་ལྷག་གི་ཡོང་འབབ་ཡོད་ཟེར།
      དོན་ཁོའི་ཕྱུག་འགྱུར་གྱི་ཕུགས་བསམ་ནི་དེ་ཙམ་གྱིས་ཆོག་པ་ཞིག་མ་ཡིན་ཏེ། སྡེ་བའི་ཧྲུའུ་ཅི་བསོད་ནམས་རྡོ་རྗེས་བཤད་པར། དོན་ཁོ་ནི་སྡེ་བ་དེའི་འཚེམ་བཟོའི་ལག་རྩལ་ཆེས་བཟང་བའི་བུད་མེད་ཅིག་ཡིན་ལ། མོས་བཟོས་པའི་ལྭ་བ་ཉོ་མཁན་ཤིན་ཏུ་མང་ཟེར་བཞིན། མོས་བཟོས་པའི་ལྭ་བ་གསར་འགོད་པར་སྟོན་དུ་བཅུག
       དོན་ཁོས་བཤད་པར། ལྭ་བ་གཅིག་ལ་སྒོར་བཞི་བརྒྱ་ཙམ་བྱས་ནས་འཚོང་ཐུབ་ལ། ད་སྐབས་རང་གིས་རས་ཀྱང་ཉོས་ཚར་ཡོད་ལ། གནས་སྐབས་སུ་ཁྱིམ་ནས་ལྭ་བ་བཟོ་རྒྱུ་དང་། སྒོར་མོ་ཅུང་ཙམ་བསགས་ནས་ཇ་ཁང་གི་ཤོད་དུ་མཛེས་བཟོ་ཞིག་བྱས་ནས་འཚེམ་བཟོ་ཁང་ཞིག་གཉེར་རྒྱུ་དང་རབ་ཡིན་ན་དེའི་ཁར་ཚོང་ཁང་ཆུང་ཆུང་ཞིག་གཉེར་རྒྱུ་དེ་ཡིན་ཟེར།
      ད་སྐབས་དོན་ཁོའི་ཕྱུག་འགྱུར་གྱི་བགྲོད་ལམ་ལ་འཆར་འགོད་ལྡན་ཞིང་། བུ་གཉིས་ལ་ཡང་ཡོང་འབབ་འཚོལ་བའི་གོ་སྐབས་ཡོད་འདུག སྡེ་བའི་ལས་བྱེད་པས་རོགས་རམ་བྱས་པར་བརྟེན་བུ་ཆེ་བ་གདུགས་དཀར་ཚེ་རིང་གིས་གཟི་རྩ་སྡེ་དགུ་རུ་ཞོར་ལས་བྱེད་བཞིན་ཡོད་ལ། བུ་ཆུང་བས་ཀྱང་རོགས་སྐྱོར་ལས་ཁུངས་ཀྱི་རོགས་རམ་བྱས་པར་བརྟེན་ནས་ཉེན་རྟོག་ལག་རོགས་པའི་བྱ་བ་ལས་བཞིན་ཡོད། བུ་གཉིས་ཀྱིས་རང་ཁ་རང་གསོ་བྱེད་ཐུབ་སོང་བས། དོན་ཁོའི་ཕྱུག་འགྱུར་གྱི་རྨི་ལམ་མངོན་འགྱུར་བྱེད་པའི་ལམ་ཐག་ཀྱང་ཇེ་ཉེ་ནས་ཇེ་ཉེ་རུ་གྱུར།
      སྔོན་ཆད་ང་ནི་ཁྱིམ་ཚང་གི་ཁུར་བོ་ཞིག་ཡིན་ལ། མི་མང་པོས་ང་ཚོར་རོགས་རམ་བྱས་མྱོང་། གནས་སྐབས་སུ་ངས་ལས་ཀ་ལྗིད་མོ་ལས་མི་ཐུབ་ན་ཡང་། ཁྱིམ་ཚང་འདིའི་ཆེད་དུ་བྱ་བ་ཞིག་བསྒྲུབ་རྒྱུ་ནི་རང་གི་ལས་འགན་དུ་ཞིག་ཡིན་ཟེར། སྡེ་བ་ཡོངས་ཀྱི་ཕྱུག་འགྱུར་འབྱོར་འབྲིང་གི་གོམ་སྟབས་ཀྱི་རྗེས་ཆོད་ཕྱིར། དོན་ཁོས་རྒྱུན་པར་འབད་པ་བྱེད་བཞིན་འདུག
      དོན་ཁོའི་དབུལ་བྲལ་ཕྱུག་འགྱུར་གྱི་གཏམ་རྒྱུད་ལས་མཛོད་དགེ་རྫོང་གིས་ཉེ་བའི་ལོ་ཤས་རིང་དབུལ་བྲལ་གནད་སྒྲོལ་གྱི་བྱ་བའི་ཐད་ལ་འབད་འབུངས་བྱས་པ་ལེགས་པར་མངོན་ཐུབ།
      ད་ལོར། མཛོད་དགེ་རྫོང་གིས་ཤུགས་ཆེན་པོས་སྐྱེ་ཁམས་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད་ལ། མ་དངུལ་སྒོར་ཁྲི1152བཏང་སྟེ་སྐྱེ་ཁམས་ཀྱི་སྤྱི་ཕན་ལས་གནས1737བཙུགས་ཡོད། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་ཕོངས་རེ་ལ་མ་མཐའ་ཡང་མི1ལས་གནས་སུ་ཞུགས་པ་མངོན་འགྱུར་བྱས་ཤིང་། ལོ་རེའི་ཆ་སྙོམས་སུ་ཡོང་འབབ་སྒོར6600 འཕར་སྣོན་བྱུང་ཡོད། ཆེད་སྤྱོད་མ་དངུལ་ཁྲི150བཏང་ནས་གཙོ་བོ་དབུལ་ཕོངས་པ155སྤྱི་ཕན་ལས་གནས་སུ་བཀོད་སྒྲིག་བྱས་ཤིང་། དབུལ་བོས་རང་གི་ཁྱིམ་གྱི་སྒོ་ཁ་ནས་ལས་གནས་སུ་ཞུགས་ཐུབ་པ་མངོན་འགྱུར་བྱུང་བའི་དུས་མཚུངས་སུ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ་ཡང་མངོན་འགྱུར་བྱུང་།
      མང་ཚོགས་དབུལ་བོའི་ལས་ཞུགས་རོགས་སྐྱོར་དང་ཆབས་ཅིག་ཏུ། མཛོད་དགེ་རྫོང་གིས་མ་དངུལ་སྒོར་ཁྲི1860བཏང་ནས་ཁྱིམ་ཚང620རུ་སྡོད་ཁང་གསར་བའི་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་ཁྲི721.62བཏང་ནས་དངུལ་སྐྱོར་ཡུལ་སྤོར་གྱི་སྡོད་ཁང30གསར་སྐྲུན་བྱས་ཤིང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་མང་ཚོགས་དབུལ་བོ114ལ་ཕན་པ་ཐོབ། འཕྲོད་བསྟེན་དང་སློབ་གསོ་སོགས་ཀྱི་སྲིད་ཇུས་འགན་སྲུང་ལ་ཤུགས་བསྣན་ཏེ། ཡིག་ཚགས་དང་ཁཱ་བཟོས་པའི་ནད་པ་དབུལ་བོ1484ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི77.84འགྲེམ་གཏོང་བྱས་ཤིང་། སློབ་མ་དབུལ་བོ1080ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི143.049འགྲེམ་གཏོང་བྱས།
     དམངས་ལ་ཕན་པའི་སྲིད་ཇུས་རེ་རེ་ལག་བསྟར་དོན་འཁྱོལ་བྱས་པ་དང་བསྟུན་ནས། མཛོད་དགེ་རྫོང་གི་དབུལ་སྒྲོལ་ལམ་བུ་ཡང་སྔར་བས་འོད་སྟོང་ལྡན་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1