གསེར་ཐར་རྫོང་ནས་གཡི་གསར་དུ་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-05


        ཟླ10བའི་ཚེས31ཉིན། གསེར་ཐར་རྫོང་རགས་བཀྲམ་ཡུལ་ཚོའི་གར་རྒྱ་སྡེ་བའི་སྡེར་འདུག་ལས་སྒྲུབ་རུ་ཁག་གྲོང་ཚོར་སྐྱོད་སྐབས་རྩ་ཆེན་སྲུང་སྐྱོབ་བྱ་ཡུལ་གྱི་སྲོག་ཆགས་ཤིག་མཐོང་ཞིང་། མཐར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་ཡུལ་གྱི་སྲོག་ཆགས་གཡི་ཡིན་པ་ཐག་གིས་བཅད། འདི་ནི་གསའ་དང་ཁྲུང་ཁྲུང་སྐེ་ནག་གསར་རྙེད་བྱུང་རྗེས། གསེར་ཐར་ནས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་གསར་རྙེད་བྱུང་ཐེངས་གསུམ་པ་ཡིན་པ་རེད།

        གཡི་ཡི་གཟུགས་དབྱིབས་ནི་སེང་གེ་དང་སྟགགཟིག་སོགས་ཉེན་ཁ་ཆེ་བའི་སྲོག་ཆགས་དག་ལས་ཅུང་ཆུང་བ་རེད། དེའི་སྔོན། གསེར་ཐར་ནས་གཡི་མཐོང་བར་མ་ཟད་པར་དང་བརྙན་ཡང་བླངས་ཟིན། ད་ཐེངས་ཀྱི་འདི་ནི་འབྲེལ་ཡོད་གཟུགས་བརྙན་བླངས་པ་ཐེངས་དང་པོ་ཡིན།
        པར་རིས་ཐོག་ཞི་ལ་དང་འདྲ་བའི་སྲོག་ཆགས་ཤིག་ཡོད་པ་དེ་ནི་གཡི་ཡིན། གནས་ཚུལ་རྒྱུས་ལོན་ཚུལ་བྱས་པ་ལྟར་ན། སྐབས་དེར་གཡི་དེ་རགས་བཀྲམ་ཡུལ་ཚོའི་ལམ་བར་གྱི་ནགས་ཚལ་སྟུག་པོ་ཞིག་ཡོད་པ་དེའི་ནང་དུ་འགྲོ་བཞིན་ཡོད་པ་དང་། དེ་ཚོས་ཟས་འཚོལ་ཞོར་སྤྲོ་གསེང་བྱེད་བཞིན་ཡོད་པ་འདྲ། ལས་བྱེད་མི་སྣས་མཐོང་བའི་ཚེ་པར་དང་བརྙན་བླངས་ཀྱང་མི་འབྲོ་ཞིང་ཧ་ལམ་སྐར་མ་བཅུ་ཙམ་བསྡད་པ་རེད།
        གསེར་ཐར་རྫོང་ནགས་སྲུང་ཅུས་ཀྱི་ལས་བཟོ་བ་ཁྲིན་ཞའོ་ཡའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།ལོ་འདི་དག་ལ་གསེར་ཐར་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་སུ་བཏང་བས་ནང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་པའི་སྣང་ཚུལ་འདུག  གསེར་ཐར་ནས་ཐེངས་མང་པོར་རི་སྐྱེས་སྲོག་ཆགས་གསར་རྙེད་བྱུང་ཞིང་། སྐྱེས་ཁམས་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་ཡག་པོ་ཐོབ་ཡོད་ལ་མི་དམངས་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་སོང་ཡོད།
        གཡི་ནི་ཞི་ལིའི་རིགས་སུ་གཏོགས་ཤིང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་ཡུལ་གྱི་སྲོག་ཆགས་ཡིན་པ་དང་། གཟུགས་དབྱིབས་ནི་ཞི་ལ་ལས་ཆེ་ཞིང་མཇུག་མ་ཐུང་བ། སྤྱིར་བཏང་གཟུགས་ཕུང་གི་རིང་ཐུང་ལ་མགོ་བོ་ཡི་བཞི་ཆ་གཅིག་གི་ཚད་ཡོད་པ་དང་། སུག་བཞི་སྦོམ་ཞིང་མཉེན་ཆ་ལྡན་པ། རྣ་རྩེ་རུ་སྤུ་ནག་པོ་གྱེན་དུ་གཟེངས་ནས་ཡོད། ཁོག་སྟོད་ཀྱི་སྤུ་མདོག་སྐྱ་སེར་ཡིན་ལ། སྔོ་སྐྱ་དང་སྐྱ་སེར་འདྲེས་ནས་ཡོད། སྦོ་ཞབས་ཀྱི་སྤུ་མདོག་དཀར་སྐྱའམ་སེར་དཀར་དང་བྱེ་མདོག་ཡིན་ལ། རྔ་མཇུག་གི་སྤུ་མདོག་གི་ནག་པོ་ཡིན།
        གཡི་ནི་དགུན་དུས་ལ་དགའ་བའི་སྲོག་ཆགས་ཤིག་ཡིན་ལ། ངལ་གསོའི་ཁོར་ཡུག་ནི་སྣ་མང་ཞིང་ཕུན་སུམ་ཚོགས་པོ་ཡོད། ཤིང་རྫོབ་མཐུག་ས་ནས་རྩྭ་རྫོང་མཐུག་ས། དེ་བཞིན་དུ་སིལ་རྫོང་མཐུག་ས་སོགས་སུ་ཡོད་པ་དང་།རྩྭ་ས་བྱེ་འགྱུར་གྱི་ས་དང་ཕྱེད་བྱེ་འགྱུར་གྱི་ས་ཆ་སོགས་སུ་འཚོ་སྡོད་བྱས་ཏེ་ཡོད། ཁེར་སྡོད་བྱེད་པར་དགའ་ཞིང་།མཆོང་རྒྱུག་དང་ཆུ་རྩེད་ལ་འཇོན་ཅིང་། གྲང་ལྷག་ལ་མི་སྐྲག་བ།སྲེ་མོང་དང་ཨ་བྲ་ཟས་སུ་བྱས་ནས་ཡོད་པ་དང་།དེ་བཞིན་དུ་ཕག་རྒོད་དང་ཤྭ་བ་ཆུང་ཆུང་སོགས་སོད་ཚེ་ཟས་སུ་བྱེད་བཞིན་ཡོད། བྲག་སྐྱིབས་དང་བྲག་ཁུང་སོགས་འཚོ་སྡོད་བྱས་ནས་ཡོད།ཕྲུ་གུ་སྐྱེ་སྐབས2-4བར་སྐྱེ་བ་དང་། གནས་ཡུལ་གཙོ་བོ་ནི་ཡོ་རོབ་གླིང་དང་ཡ་གླིང་གི་བྱང་རྒྱུད་དུ་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1