ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐེ་རོམ་ཕུ་ལ་ཁ་པར་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-05



          ཟླ་11ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡི་གདན་ཞུས་ལྟར་ཁ་པར་བཏང་བ་རེད།  ཐེ་རོམ་ཕུ་ཡིས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་འབྲེལ་བ་བཟང་པོ་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་བརྒྱུད་ནས་ཀྲུང་གོའི་མི་དམངས་ལ་ངའི་སྨོན་ལམ་བཟང་པོ་བརྒྱུད་སྤྲོད་གནང་བའི་རེ་བ་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་དུས་རྒྱུན་དུ་ཐད་ཀར་འབྲེལ་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་། ང་ཚོས་དུས་རྒྱུན་དུ་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས། ངས་ཨ་ཀེན་ཐིང་གི་ཚོགས་པ་བཅུ་གཉིས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སླར་ཡང་ཐུག་འཕྲད་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་པ་དང་། ང་ཚོས་གནད་དོན་གལ་ཆེན་ཁ་ཤས་ཐད་ནས་བགྲོ་གླེང་གཏིང་ཟབ་མོ་བྱ་ཆོག་པས།  ཕྱོགས་གཉིས་ཀྱིས་ཐུན་མོང་ངང་འབད་པ་བྱས་ཏེ་ང་ཚོའི་ཐུག་འཕྲད་ལ་གྲ་སྒྲིག་འཐུས་ཚང་བྱ་རྒྱུའི་རེ་བ་ཡོད། ཨ་རིའི་ཕྱོགས་ཀྱིས་ཨ་རི་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མུ་མཐུད་ནས་ཀྲུང་གོར་ཕྱིར་གཏོང་གི་སྒོ་མོ་རྒྱ་བསྐྱེད་པའི་རེ་བ་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོགས་ཁག་གིས་ཕན་ཚུན་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་པའི་དགོས་པ་ཆེར་ཡོད།  ངས་ཨ་རིའི་ཁེ་ལས་དག་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་དང་པོ་ལ་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཅེས་བསྟན་ཡོད། 
         ཞི་ཅིན་ཕིང་གིས། ཙུང་ཐུང་ཐེ་རོམ་ཕུ་དང་སླར་ཡང་ཁ་པར་གཏོང་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བའི་ཐད་ཀྲུང་གོའི་ཕྱོགས་ཀྱིས་གཞི་རྩའི་ལངས་ཕྱོགས་ཐེངས་མང་པོར་གསལ་བཤད་བྱས་ཡོད། ཕྱོགས་གཉིས་ཀྱིས་ང་དང་སྐུ་ཞབས་ཙུང་ཐུང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་ལ་གཞིགས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད། ངས་ཀྱང་སྐུ་ཞབས་ཙུང་ཐུང་བར་གྱི་འབྲེལ་བ་བཟང་པོ་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཨ་ཀེན་ཐིང་གི་ཚོགས་ཁག་བཅུ་གཉིས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་སྐབས་སྐུ་ཞབས་ཙུང་ཐུང་དང་སླར་ཡང་ཐུག་འཕྲད་བྱུང་རྒྱུ་དང་། ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་དང་དེ་བཞིན་དུ་གནད་དོན་གལ་ཆེན་གཞན་དག་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་མོ་བྱ་རྒྱུའི་རེ་བ་ཡོད། འུ་གཉིས་ཀར་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བ་དང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པར་རེ་འདུན་ལེགས་པོ་ཡོད་པས། ང་ཚོས་རེ་འདུན་འདི་མངོན་འགྱུར་ཡོང་བར་འབད་པ་བྱ་དགོས་ཞེས་བསྟན་ཡོད།
         ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་མཉམ་རྒྱལ་ཡིན་པ་དང་།  འདས་ཟིན་པའི་དུས་སྐབས་ཤིག་རིང་། དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་སུ་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ལ་འགལ་ཟླ་ཁ་ཤས་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ཐོན་ལས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། འདི་ནི་ཀྲུང་གོས་མཐོང་འདོད་མེད་པའི་དོན་དག་ཞིག་ཡིན། ཀྲུང་གོས་མི་འགྱངས་པར་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་འཚོག་རྒྱུ་ཡིན་ཞིང་། འདིས་ཀྲུང་གོས་ནང་འདྲེན་ཇེ་མང་དང་། སྒོ་མོ་འབྱེད་རྒྱ་ཇེ་ཡངས་སུ་གཏོང་བའི་འདོད་བློ་མཚོན་ཡོད་པས། ཨ་རིའི་ཁེ་ལས་མང་པོ་ནང་དུ་ཞུགས་པར་ཧ་ཅང་དགའ་པོ་ཡོད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ལ་སྙོམས་སྒྲིག་མཉམ་ལས་བརྒྱུད་ནས་དཔལ་འབྱོར་ཉོ་ཚོང་གི་དཀའ་གནད་ཐག་བཅད་ནས་ལེགས་གྲུབ་བྱུང་བའི་སྔ་དཔེ་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོགས་ཁག་གིས་འབྲེལ་འདྲིས་ལ་ཤུགས་བརྒྱབ་ཅིང་། ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གནད་དོན་དེ་ཕྱོགས་གཉིས་ཀས་དང་ལེན་བྱེད་ཐུབ་པའི་ཇུས་གཞི་ཞིག་འདོན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
         རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ད་དུང་ཁོ་རེ་ཡ་བྱང་མའི་གནས་བབ་ལ་དགོངས་འཆར་བརྗེ་རེས་བྱས་ཡོད་དེ། ཞི་ཅིན་ཕིང་གིས། ད་ལོའི་ཚུན་དུ། ཁོ་རེ་ཡ་བྱང་མའི་ཕྱེད་གླིང་གི་གནས་བབ་ལ་འགྱུར་ལྡོག་བཟང་པོ་བྱུང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སྐུ་ཞབས་ཙུང་ཐུང་དང་ཨུ་ཡོན་ཀྲང་ཅིན་ཀྲེན་ཨན་གྱིས་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་བྱས་ཤིང་། ཁོ་རེ་ཡ་བྱང་མའི་ཕྱེད་གླིང་དུ་ཉིང་རྡུལ་མེད་པར་བཟོ་བ་དང་ཆབ་སྲིད་ཀྱི་ཐག་གཅོད་འཕེལ་རིམ་ལ་སྐུལ་འདེད་བཏང་བར་བསྟོད་པ་བྱེད་ཀྱི་ཡོད། ཨ་རི་དང་ཁོ་རེ་ཡ་བྱང་མས་ཕན་ཚུན་གྱི་སེམས་ཁུར་ལ་གཟིགས་སྐྱོང་བྱས་ཏེ། ཁོ་རེ་ཡ་བྱང་མའི་ཕྱེད་གླིང་དུ་ཉིང་རྡུལ་མེད་པར་བཟོ་བ་དང་ཁོ་རེ་ཡ་བྱང་མའི་ཕྱེད་གླིང་གི་ཞི་བདེའི་ལམ་སྲོལ་གྱི་འཕེལ་རིམ་འཛུགས་སྐྲུན་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བའི་རེ་བ་ཡོད་པ་དང་། ཀྲུང་གོས་མུ་མཐུད་ནས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུ་ཡིན་ཞེས་ནན་གྱིས་གསུངས་ཡོད།
         ཐེ་རོམ་ཕུ་ཡིས། ད་ལོའི་ཚུན་དུ། ཨ་རི་དང་ཁོ་རེ་ཡ་བྱང་མའི་བར་གྱི་གྲོས་མོལ་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་དང་། ཨ་རིས་ཁོ་རེ་ཡ་བྱང་མའི་ཕྱེད་གླིང་གི་གནད་དོན་ཐོག་ཀྲུང་གོས་ནུས་པ་གལ་ཆེན་ཐོན་པར་མཐོང་ཆེན་ཚད་མཐོན་པོ་བྱེད་ཀྱི་ཡོད་ལ། མུ་མཐུད་ནས་ཀྲུང་གོ་དང་འབྲེལ་འདྲིས་སྙོམས་སྒྲིག་བྱ་རྒྱུའི་རེ་བ་ཡོད་པར་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1