《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པའི་དེབ་གསར་པར་དུ་སྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 11-07


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཤར་བ་ཐོགས་མེད་ལགས་ཀྱི་བརྩམས་ཆོས《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པའི་དེབ་གསར་འདི་ཉིད་ནི་སི་ཁྲོན་ཏང་སྐྲུན་དུས་དེབ་ཚོགས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་རེད། དེབ་འདི་ནི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ལོ་རྒྱུས་སྟེང་ཞང་ཞུང་ཤེས་རིག་ཞིབ་འཇུག་ཅེས་མིང་བཏགས་པའི་ཆེད་རྩོམ་ཐོག་མ་ཡིན་སྟབས། གནའ་རབས་བོད་ཀྱི་ཞང་ཞུང་ཤེས་རིག་གི་ཞིབ་འཇུག་ཐད་ལ་ནུས་པ་ཆེན་པོ་འདོན་སྲིད་ངེས་རེད།
        དེབ་གསར་འདིའི་ནང་དུ་ཞང་ཞུང་གི་ས་ཁོངས་ངོས་འཛིན་དང་། ཞང་ཞུང་རྒྱལ་རབས་ཀྱི་ལོ་རྒྱུས་བརྒྱུད་རིམ། ཞང་ཞུང་དང་ཐུ་བྷོད་བར་གྱི་རིག་གནས་མཉམ་འདྲེས། གངས་ཅན་བོན་དང་དེའི་ཆོ་ག གནའ་མོ་བོན་གྱི་དགོན་སྡེ། ཞང་ཞུང་དང་རྒྱལ་རོང་དང་སན་ཞིན་ཏོས་གནའ་ཤུལ། ཞང་ཞུང་དང་རྒྱལ་རོང་དང་ཅིན་ཧྲ་གནའ་ཤུལ། བོད་དང་རྒྱ་གར་གྱི་རིག་གནས་མཐོང་ལམ་ནང་གི་གངས་ཏི་སེའི་དད་མོས་དང་དེའི་ཁྱད་ཆོས།   གངས་ཅན་བོན་ཆོས་དང་འཇང་གི་སྟོན་པའི་རིག་གནས་སོགས་ལེའུ་བཅུ་རུ་འདུས་འདུག
        ཞང་ཞུང་ཤེས་རིག་ཞིབ་འཇུག་ཅེས་པ་དེབ་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡོད་དམ་ཞེ་ན། དཔེར་ན། ཞང་ཞུང་ཤེས་རིག་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་འགྲིབ་འགྲོས་དང་བསྟུན་དཔྱད་པ་གཞི་བྱས། ད་ལྟའི་བར་གྱི་རྒྱལ་ཁབ་ཕྱི་ནང་གི་ཞང་ཞུང་ཤེས་རིག་ཞིབ་འཇུག་གི་གྲུབ་འབྲས་གསར་བ་དག་ཀྱང་ཕྱོགས་སྡོམ་བྱས་པ་དང་ཆབས་ཅིག ཞང་ཞུང་རྒྱལ་རབས་ཀྱི་དར་རྒུད་འཕོ་འགྱུར་ཤུལ་གྱི་རི་མོ་གསལ་ལེར་བསྟན་ཡོད་སྟབས། 《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པ་འདི་ནི་ཕྱིས་སུ་བོད་ཤེས་རིག་ཞིབ་འཇུག་ཐད་ལ་མེད་དུ་མི་རུང་བའི་དཔེ་ཆ་གལ་ཆེན་ཞིག་ཏུ་འགྱུར་སྲིད་དོ།།

རྩོམ་པ་པོ་ཤར་བ་ཐོགས་མེད།
        རྩོམ་པ་པོ་ཤར་བ་ཐོགས་མེད་ནི་ཀྲུང་གོའི་གངས་ཅན་བོན་ཆོས་ཞིབ་འཇུག་ལྟེ་གནས་ཀྱི་གསར་འཛུགས་མཁན་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་རྣམ་གྲངས་གལ་ཆེ་ཤོས《བོན་གྱི་རིག་གནས་སྤྱི་དཔྱད》ཀྱི་དབུ་བཞུགས་ཆེད་མཁས་རེད། སྔ་རྗེས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་སི་ཁྲོན་སློབ་གྲྭ་ཆེན་མོ། པེ་ཅིང་སློབ་ཆེན་བཅས་སུ་སློབ་གྲྭ་འགྲིམས་པ་མ་ཟད། ཨ་མེ་རི་ཁ་དང་ཧྥ་རན་སི། འཇར་མན། ཕྱི་སོག བལ་ཡུལ། འབྲུག་པ་ལ་སོགས་དང་། རང་རྒྱལ་གྱི་ཞང་ཀང་དང་ཐའེ་ཝན་ས་ཁུལ་དུ་རིག་གཞུང་སྤེལ་རེས་བྱེད་མྱོང་།  ཞིབ་འཇུག་ཁ་ཕྱོགས་ནི་བོད་ཀྱི་ཆོས་ལུགས་དང་བོད་ཀྱི་ཡིག་ཚངས་སྐོར་རེད། ཉིད་ཀྱི་བརྩམས་ཆོས་ཀྱི་ཁྱད་ཆོས་མཚོན་བྱེད་ལ་དཔེར་ན《བོད་རིག་གནས་གསར་དཔྱད》《རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས》《གངས་ཅན་བོན་ཆོས་ཞིབ་འཇུག》སོགས་ཡོད། དཔྱད་རྩོམ་གྱི་ཁྱད་ཆོས་མཚོན་བྱེད་ལ་དཔེར་ན 《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཞེས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་བྱེད་དཔེར་བརྗོད་ཁོ་ན་ཉིད་དེ་གཡུང་དྲུང་བོན་ཅེས་པ་འདི་རེད》 《བོད་དང་རྒྱ་གར་གྱི་རིག་གནས་མཐོང་ལམ་ནང་གི་གངས་ཏི་སེའི་དད་མོས་དང་དེའི་ཁྱད་ཆོས》སོགས་ཡོད། ཁོང་གི་བརྩམས་ཆོས་ཀྱིས་བོད་རིག་པའི་ཞིབ་འཇུག་ལ་ཤུགས་རྐྱེན་ཆེན་མོ་ཐེབས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1