༄༅།། བོད་ཀྱི་ཡི་གེའི་བརྡ་མཚོན་རྟགས་ཤད་སྐོར་བཤད་པ།

དུད་བླ་བུ་ཆུང་། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 11-09


དུད་བླ་བུ་ཆུང་།

          འདིར་བརྗོད་པར་བྱ་བའི་བརྡ་མཚོན་རྟགས་ཤད་ཅེས་པ་ནི་རྒྱ་ཡིག་ཏུ“标点符号”ཞེས་པ་འདི་ཡིན་ཞིང་། རང་ཅག་བོད་ཀྱི་སྐད་དུ་འདི་ལྟ་བུའི་ཐ་སྙད་ཁྱབ་རྒྱ་ཆེ་བ་ཞིག་དུས་ད་ལྟའི་བར་དུ་བྱུང་མེད་པར་སྣང་། འོན་ཀྱང་བརྡ་སྤྲོད་ཀྱི་གཞུང་འགར་བོད་ཡིག་ལ“སྲོག་དང་རྐྱེན་གྱི་ཡི་གེ”ཞེས་སོགས་དབྱེ་བ་ཕྱེ་སྟེ་དེ་དག་གི་ཁོངས་སུ་བརྡ་མཚོན་རྟགས་ཤད་ཁག་གཅིག་བསྡུས་ཤིང་བཤད་པ་མདོར་བསྡུས་རེ་མཛད་འདུག་ཀྱང་། བོད་ཡིག་གི་བརྡ་མཚོན་རྟགས་ཤད་ཐམས་ཅད་དེ་གཉིས་ཀྱི་ཁོངས་སུ་མ་འདུས་པས་འདིར་དེ་དག་ཐུན་མོང་གི་མིང་དུ“བརྡ་མཚོན་རྟགས་ཤད”ཅེས་བཏགས་པ་ཡིན། 《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད》ལས“标点符号”ལ“བརྡ་རྟགས་ཚེག་ཤད”ཅེས་བསྒྱུར་གནང་འདུག་མོད“བརྡ་མཚོན་རྟགས་ཤད”ཅེས་སྨྲས་ན་ཁྱབ་རྒྱ་ཆེ་བས་དོན་ལ་འཇུག་པ་ཅུང་བདེ་བར་སེམས་སོ།   
གཅིག བརྡ་མཚོན་རྟགས་ཤད་དང་དེའི་བྱུང་འཕེལ་ལོ་རྒྱུས་ཀྱི་དཔྱད་པ་མདོར་བསྡུས།
          དེ་ཡང་མི་ཡི་རིགས་འདི་ཉིད་ཐོག་མར་དུད་འགྲོའི་ཁྱུ་ཚོགས་ལས་རིམ་བཞིན་གྱེས་ནས་མིར་གྲུབ་པའི་དུས་རིམ་ཤིན་ཏུ་རིང་པོ་ཞིག་གི་ནང་འཚོ་གནས་ཀྱི་ཆེད་དུ་རང་བྱུང་ཁམས་ཆེན་པོར་འཐབ་རྩོད་བྱེད་པའི་ངལ་རྩོལ་གྱི་བརྒྱུད་རིམ་ལས་རིམ་བཞིན་སྐད་ཅེས་པ་འདི་བྱུང་ཞིང་། མིའི་རིགས་ལ་སྐད་བྱུང་ནས་ཧ་ལམ་ལོ་ངོ་ཁྲི་ཁྲག་མང་པོ་ཞིག་འདས་རྗེས་གཞི་ནས་ཤེས་རིག་གི་མཚོན་རྟགས་ཡི་གེ་ཞེས་པ་འདི་བྱུང་། ཡི་གེ་དེ་ཡང་སྐད་དང་འདྲ་བར་དུས་ཡུན་ཤིན་ཏུ་རིང་པོ་ཞིག་གི་ནང་ངལ་རྩོལ་གྱི་བརྒྱུད་རིམ་ལས་ཡིག་རིགས་འདྲ་མིན་གསར་གཏོད་དང་འཕེལ་རྒྱས་སུ་བཏང་བས་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཏེ་ད་གཟོད་ད་ལྟའི་དུས་སྐབས་ཀྱི་གཟུགས་དབྱིབས་མི་འདྲ་བའི་ཕུལ་བྱུང་གི་ཡི་གེ་སྣ་ཚོགས་པ་འདི་དག་གྲུབ་པ་ཡིན།   ཡི་གེ་བྱུང་རྗེས་མིའི་རིགས་ཀྱི་བསམ་བློའི་འཆར་སྒོ་དང་འགྱུར་བ་སྣ་ཚོགས་སྔ་མ་སྔ་མས་རི་མོའི་ལམ་དུ་ཕབ་ཅིང་། རི་མོ་དེ་དག་ཕྱི་མ་ཕྱི་མ་རྣམས་ཀྱིས་ངག་ནས་འདོན་པའམ་ཡིད་ཀྱིས་ཉམས་སུ་མྱོང་བ་ལས་ཡིག་སྐད་ཅེས་པ་བྱུང་། བརྡ་མཚོན་རྟགས་ཤད་ནི་ཡིག་སྐད་ལ་མེད་དུ་མི་རུང་བའི་རམ་འདེགས་ཀྱི་ནུས་པ་ཆེན་པོ་འདོན་ཐུབ་པའི་ཁྱད་པར་ཅན་གྱི་བརྡ་རྟགས་སྐོར་ཞིག་ལ་བྱ་ཞིང་། འདི་ལྟ་བུའི་བརྡ་རྟགས་ནི་ངག་ནས་བཀླག་རུང་གི་ཡི་གེ་མ་ཡིན་ཀྱང་། དེ་དག་གིས་ཚིག་དང་ཚིག་གི་དབར་དང་། བརྗོད་པ་དང་བརྗོད་པའི་བར་གྱི་གཅོད་མཚམས་མ་ནོར་བར་ཕྱེ་བ་དང་། བརྗོད་པ་ཧྲིལ་པོའི་མིང་ཚིག་གི་གྲུབ་ཆ་གསལ་བར་སྟོན་པ། ཚིག་གི་ཉམས་འགྱུར་འདྲ་མིན་ཞིབ་པར་ཕྱེ་བ། ཕན་ཚུན་འཁྲུལ་བ་འབྱུང་སླ་བའི་རིགས་རྣམ་པར་སེལ་བས་བརྗོད་དོན་བདེ་བླག་ཏུ་རྟོགས་ཐུབ་པ་སོགས་ཡི་གེ་ལ་མེད་པའི་ཁྱད་ཆོས་མང་པོ་ཞིག་གིས་ཡི་གེ་ལ་ཡོད་པའི་སྐྱོན་མང་པོ་ཞིག་སེལ་རོགས་བྱས་པ་ཡིན།  
          ཡི་གེའི་བྱུང་འཕེལ་གྱི་ལོ་རྒྱུས་རིང་མོ་དེ་ལ་ཕྱི་འདང་ཞིག་བརྒྱབ་ཚེ་བརྡ་མཚོན་རྟགས་ཤད་ནི་ཡི་གེ་བྱུང་རྗེས་ཀྱི་དུས་ཡུན་ཆེས་ཤིན་ཏུ་རིང་པོ་ཞིག་གི་རྗེས་སུ་བྱུང་བར་མངོན་ཏེ། ད་ལྟ་འཛམ་བུའི་གླིང་འདིར་ཡིག་རིགས་འདྲ་མིན་ཤིན་ཏུ་མང་པོ་ཡོད་ཀྱང(སྤྱིར་སུམ་བརྒྱ་ལ་ཉེ་བ་ཡོད་པར་གྲགས)དེ་དག་སྤྱིར་བསྡུ་ན་དོན་མཚོན་གྱེ་ཡི་གེ་དང་སྒྲ་སྦྱོར་གྱི་ཡི་གེ་གཉིས་སུ་བསྡུ་ཐུབ་པ་ཡིན། རིགས་དེ་གཉིས་ལས་དང་པོ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་ཆེས་སྔ་བའི་ཡིག་རིགས་ཤིག་ཡིན་ལ(དཔེར་ན། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དྲུག་ཙམ་དུ་བྱུང་བའི་གནའ་བོའི་རྒྱ་ནག་གྱི་རུས་བརྐོས་ཡི་གེ་དང་། སྤྱི་ལོའི་སྔོན་གྱི་ལོ་ངོ3100 གོང་དུ་བྱུང་བའི་གནའ་བོའི་ཨེ་ཇེབ་ཀྱི་ཡི་གེ་ལྟ་བུའོ)ཡིག་རིགས་དེ་དག་གི་ནང་དུའང་བརྡ་མཚོན་རྟགས་ཤད་སྤྱིར་མེད་པའམ་ཡོད་ཀྱང་བེད་སྤྱད་པ་ཤིན་ཏུ་ཕྱི་བ་ཡིན། དཔེར་ན་རྒྱ་ཡིག་ལ་ཆ་མཚོན་ན། སྔར་བརྡ་མཚོན་རྟགས་ཤད་མེད་པས་ཚིག་མཚམས་གཅོད་ཐབས(句读法: ལག་གཅིག་ཏུ་དཔེ་ཆ་བཟུང་བ་དང་ལག་གཞན་དུ་སྨྱུ་གུ་བཟུང་ནས་ཚིག་དབར་རྟགས་བརྒྱབ་སྟེ་དཔེ་ཆ་ཀློག་པའི་ཐབས)བེད་སྤྱོད་པ་དང་། ་རྒྱལ་རབས་ལྔའི(五代)རྗེས་སུ་དཔར་འདེབས་ཀྱི་ལག་རྩལ་དར་ཡང་སྔར་བཞིན་བརྡ་མཚོན་རྟགས་ཤད་མེད། འོ་ན་དེང་དུས་རྒྱ་ཡིག་གི་ཆ་ཚང་བའི་བརྡ་རྟགས་འདི་དག་ཇི་འདྲ་ཡིན་ཅེ་ན། འདི་དག་ནི་ལྔ་བཞིའི་ལས་འགུལ་གྱི་རྗེས་སུ་རྒྱའི་མཁས་པ་ཧུའུ་ཧྲེ(胡适)ལ་སོགས་པའི་འབད་རྩོལ་ལ་བརྟེན་ནས་ནང་འདྲེན་བྱས་པ་ཞིག་ཡིན་ཅིང་། 1920ལོ་ཙམ་ནས་གཞི་ནས་གཅིག་གྱུར་གཏན་འབེབས་ཀྱིས་རྒྱ་ཡིག་ཁྲོད་རྒྱ་ཁྱབ་བེད་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན། སྒྲ་སྦྱོར་ཡི་གེ་ནི་དོན་མཚོན་ཡི་གེ་ལས་ཀྱང་འབྱུང་ཕྱི་བ་ཡིན་པས་ཡིག་རིགས་འདིའི་གྲས་ཀྱི་བརྡ་མཚོན་རྟགས་ཤད་ནི་འདིར་བརྗོད་པར་བྱ་བའི་བོད་ཡིག་གི་བརྡ་མཚོན་རྟགས་ཤད་ལ་དཔེ་འགྲེ་ནས་རྟོགས་པར་བྱ་སྟེ། ཨུ་རུ་སུའི་ཡིག་མཁནB. Aདབྱི་སི་ཐཱ་ལིན་གྱིས“ཡི་གེའི་འབྲི་རྒྱུན་སྔར་ལྷག་གིས་བརྒྱུད་རིམ་ཅན་དུ་འགྱུར་བ་དང་བསྟུན། བྱེད་ནུས་དང་རྣམ་པ་མི་འདྲ་བའི་བརྡ་མཚོན་རྟགས་ཤད་བེད་སྤྱོད་བྱེད་པའི་དགོས་པ་ཆེན་པོ་བྱུང་བ་སྟེ་དཔེར་ན། “ཅཱ་ལོ་ལིན་རྒྱལ་རབས(加洛林王朝)ཀྱི་སྐབས་སུ(དུས་རབས་བརྒྱད་པ་ནས་བཅུ་གཅིག་ཙམ་བར)རྫོགས་རྟགས(句号)སྤྱོད་པ་ཕུད། དེ་མིན་བརྡ་མཚོན་རྟགས་ཤད་གཞན་ཡང་ཐོན་འདུག”①ཅེས་པའི་གསུང་དུམ་བུ་འདིའི་ཤུགས་བསྟན་གྱི་དོན་ལ་བརྟག་ན་ཡི་གེའི་འཕེལ་རིམ་གྱི་ལོ་རྒྱུས་ཁྲོད་བརྡ་མཚོན་རྟགས་ཤད་དུས་ཇི་ཙམ་ནས་དར་ཞིང་འཕེལ་བ་ལམ་ཙམ་ངེས་ཤེས་ཐུབ།    
          བོད་ཡིག་གི་བརྡ་མཚོན་རྟགས་ཤད་ནི་བོད་ཀྱི་ཡིག་སྐད་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་འདོན་མཁན་གྱི་ཁྱད་པར་ཅན་གྱི་བརྡ་རྟགས་རིགས་ཤིག་ཡིན། དེ་ཡང་བོད་ཀྱི་ཡི་གེའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་བསམ་ན། ཐོན་མིས་བོད་ཡིག་འདི་ཐོག་མར་བཟོ་སྐབས་མཉམ་དུ་ཚེག་ཁྱིམ་གོང་འོག་མ་འདྲེས་པར་དབྱེ་བའི་ཚེག་འདི་ཉིད་གསར་གཏོད་མཛད་པ་ལ་བསྙོན་དུ་མེད། ཡིག་མགོར་འབྲི་བའི་དབུ་ཁྱུད་དང་ཚེག་ཤད་སོགས་ཤད་ཀྱི་རྣམ་བཞག་གཉིས་ཡི་གེ་དང་མཉམ་དུ་བྱུང་ཞེས་སྨྲ་མ་སྤོབས་ཀྱང་། གང་ལྟར་ཐོན་མིའི་དུས་དང་ཡང་ན་དེའི་རྗེས་ཐོག་ཙམ་ནས་གསར་དུ་བྱུང་བ་ནི་རིག་པས་ཁུངས་སྐྱེལ་ཐུབ་པ་ཕུད། དེ་མིན་གྱི་བརྡ་མཚོན་རྟགས་ཤད་རྣམས་ནི་བོད་ཡིག་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ནང་རིམ་བཞིན་གསར་གཏོད་དང་དར་འཕེལ་བྱུང་བར་སེམས། དེ་ཡང་ཡིག་མགོའི་དབུ་ཁྱུད་དང་ཚེག་ཤད་བཅས་ནི་ཐོག་མ་ཉིད་ནས་ད་ལྟའི་གཟུགས་དབྱིབས་མིག་ལ་མཛེས་པོ་འདི་འདྲ་མིན་ལ། ཤད་ཀྱི་སྤྱོད་སྟངས་ཀྱང་ད་ལྟའི་བརྡ་སྤྲོད་གཞུང་ནས་བསྟན་པ་བཞིན་ཚད་ལྡན་ཞིག་མིན་པ་སྔར་གྱི་ཡིག་རྙིང་དག་ལ་བལྟས་ན་གསལ་བ་ཡིན་པ་འདིར་ལོ་རྒྱུས་ཀྱི་ཚུལ་དུ་མདོར་བསྡུས་ཤིག་སྨྲ་ན།    དེ་ཡང་དབུས་གཙང་གི་རྡོ་རིང་དང་དྲིལ་བུའི་ཁ་བྱང་། ཏུན་ཧོང་གི་བོད་ཡིག་ཤོག་དྲིལ།   ཤིན་ཅང་གི་བོད་པའི་ཁྲམ་མམ་བྱང་བུ་བཅས་ཡིག་རྙིང་ཡོད་དོ་ཅོག་ལ་ཞིབ་ལྟ་བྱེད་སྐབས་ཡིག་མགོའི་དབུ་ཁྱུད་ནི་ཡིག་རྙིང་དེ་དག་ཚང་མར་ཡོངས་ཁྱབ་ཏུ་འབྲི་བའི་སྲོལ་འདུག འོན་ཀྱང་འདིའི་འབྲི་ཚུལ་ཡིག་རྙིང་ཚང་མར་རྣམ་པ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བ་ཡང
འདི་འདྲ་འདུག་པ་ལ་བསམ་ན་བོད་ཡིག་ཐོག་མར་བཟོས་རྗེས་ཀྱི་དུས་ཡུན་མི་རིང་བ་ཞིག་ན་དབུ་ཁྱུད་ཀྱི་འབྲི་སྲོལ་ཐོན་འདུག་ཀྱང་། སྐབས་དེ་ཤེད་ཙམ་དུ་ཚད་ལྡན་གཅིག་གྱུར་གྱི་འབྲི་ཚུལ་ཞིག་མེད་པར་ཡིག་མཁན་སོ་སོའི་འདོད་མོས་ལྟར་ཡིན་པ་གསལ་པོར་རྟོགས་ཐུབ། འབྲི་ཚུལ་མི་འདྲ་བ་དེ་དག་ལས་ཐད་ཀར་འབྲི་བའི་སོགས་ནི་རྡོ་བརྐོས་དང་དྲིལ་བུ། ཤིང་ཁྲམ་བཅས་ཀྱི་ཡིག་རྙིང་རྣམས་ལ་ཡོང་བ་ཤས་ཆེ་ལ།   སྟེང་འོག་སློག་ནས་འབྲི་བ་སོགས་ནི་ཏུན་ཧོང་གི་ཤོག་དྲིལ་ཕལ་མོ་ཆེའི་འབྲི་རྒྱུན་ལ་སྣང་བ་སོགས་མི་འདྲ་བའི་ཁྱད་པར་ཡང་རང་ལག་ཏུ་ཡོད་པའི་དཔྱད་གཞི་ཐར་ཐོར་འདི་དག་ལས་མཐོང་།   ཕྱིས་སུ་ཡི་གེའི་འབྲི་རྒྱུན་མང་དུ་དར་ཞིང་འཕེལ་རྒྱས་ཆེར་ཕྱིན་པ་དང་། ཁྱད་པར་དུ་ཤིང་དཔར་གྱི་སྲོལ་དར་བ་ནས་བཟུང་རིམ་བཞིན་དབུ་ཁྱུད་ཀྱི་འབྲི་ཚུལ་ཡང་བརྡ་མཚོན་རྟགས་ཤད་གཞན་དང་འདྲ་བར་འཐུས་ཚང་དང་གཅིག་གྱུར་ཅན་དུ་གྱུར་བར་མངོན། ཡི་གེ་གང་ཞིག་འབྲི་བའི་མགོར་དབུ་ཁྱུད་འདི་ཉིད་ཐོག་མར་འབྲི་བའི་སྲོལ་འདི་ནི་རྒྱ་གར་གྱི་ཡི་གེ་ལ་དཔེ་མཛད་པ་ཡིན་ཏེ“རྒྱ་གར་གྱི་གནའ་དཔེ་དག་གི་མགོར་ཨོྃ་རིང་འདི་རྟག་ཏུ་འོང་ལ་བྲམ་ཟེ་རྣམས་ཀྱིས་འདི་ཉིད་འགངས་ཆེན་དུ་བརྩི་བ་ཡིན”ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུངས་ལ② རྒྱ་དཔེའི་ཨོམ་གཟུགས་ཀྱང་འུཾ་འདི་འདྲ་བ་ཡིན་ཞེས་པ་ལ་དཔྱད་ན་དེར་དཔེ་བྱས་ནས་བོད་ཡིག་ཏུའང་སྲོལ་དེ་བཏོད་ཅིང་དར་བ་ཤིན་ཏུ་གསལ་བ་ཡིན། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། ། མཆོག་དང་ནོར་གཏེར་དཔལ་དང་དབྱངས། །སྐལ་བཟང་རྣམ་པར་དང་ལྡན་པ། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུབརྗོད། །ཞེས་གསུངས་བ་ལྟར་ཡིག་མགོར་ཨོཾ་གཟུགས་འབྲི་བ་ནི་བསོད་ནམས་འཕེལ་བ་དང་བར་ཆད་སེལ་བ་སོགས་བཀྲ་ཤིས་པའི་དོན་དུ་གོ་བས་དེ་ལྟར་བྱས་པར་སྣང་ངོ་།   
          ཚེག་གི་འབྲི་ཚུལ་ཡིག་རྙིང་དག་ན་རིགས་གཉིས་སུ་སྣང་སྟེ་གཅིག་ནི་དེང་ལྟར་ཡི་གེའི་བར་དུ་ཚེག་རྐྱང་མ་འབྲི་བ་འདི་ཡིན། འོན་ཀྱང་མཐའ་གཅིག་ཏུ་དེང་གི་ཚེག་འབྲི་བ་བཞིན་ཡི་གེ་སོ་སོའི་གཡས་ཕྱོགས་ཀྱི་སྟེང་ངོས་སུ་འབྲི་བ་མིན་པར་དཀྱིལ་ངོས་སུ་འབྲི་བའི་སྲོལ་ཡང་འདུག་པ་དེ་ནི་ཚེག་ཉིས་བརྩེགས་གཅིག་ཏུ་བཅོས་པའི་རྟགས་སུ་སྣང་། རིགས་གཅིག་ཤོས་ནི་དཔེར་ན། “མདས:ནི:ཕོག:སྟེ:ངའི:མདའ:མ:ཡིན:ཞེས:སྙོན་མ་ཚངས་ནའ:③ལྟ་བུ་ཚེག་སྟེང་འོག་ཉིས་བརྩེགས་ཡི་གེ་རེ་རེའི་བར་དུ་འབྲི་བ་དེ་ཡིན། རིགས་འདི་གཉིས་ཀྱང་བརྡ་སྤྲོད་ཀྱི་བྱེད་ནུས་ཐད་ཁྱད་པར་ཅི་ཡང་མེད། དེ་ཡང་རྡོ་རིང་དང་དྲིལ་བུ། ཤིང་ཁྲམ་བཅས་ཀྱི་ཡིག་རྙིང་དག་ན་ཚེག་ཉིས་བརྩེགས་སྤྱད་པ་ཉུང་ལ། ཏུན་ཧོང་གི་ཡིག་རྙིང་དག་ན་ཤས་ཆེ་བར་མངོན་པ་སོགས་ལ་བློ་ཞིབ་མོས་དཔྱད་ན།  ཐོན་མིས་ཐོག་མར་ཡི་གེ་འདི་བཟོ་སྐབས་ཚེག་ཉིས་བརྩེགས་ཅན་དུ་བཅོས་པ་ལས་རིམ་བཞིན་སྟབས་བདེར་སོང་ནས་ཉིས་བརྩེགས་ཀྱི་ཚབ་ཏུ་ཚེག་རྐྱང་མ་དཀྱིལ་ངོས་སུ་འབྲི་བ་ཡིན་ལ་དེ་ལས་རིམ་བཞིན་སྟེང་ངོས་སུ་འཕོས་ནས་ད་ལྟའི་འདི་ལྟར་ཆགས་སམ་སྙམ་པ་ནི་གཏད་སོ་མེད་པའི་བྱིས་པའི་མུ་ཅོར་ཙམ་མོ། ཡི་གེའི་བར་དུ་ཚེག་གིས་གཅོད་པ་འདི་ནི་བོད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ་བོད་ཡིག་གི་ངོ་བོ་ལས་བྱུང་བ་ཞིག་ཀྱང་ཡིན། བོད་ཡིག་ལ་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་གྲུབ་ཅིང་སྔོན་རྗེས་མིང་གཞི་ཕན་ཚུན་འཁྲུལ་བར་གྱུར་པས་དོན་རྟོགས་རྒྱུ་ལྟ་ཅི་ཀློག་ཀྱང་མི་ཤེས་པས་ཡིག་སྲོལ་ཐོག་མར་གཏོད་སྐབས་ནས་ཚེག་དགོས་དབང་གིས་ལྷན་དུ་བཅོས་པ་ཞིག་ཡིན།   
          ཤད་ནི་ཚེག་དང་འདྲ་བར་ཡིག་རྙིང་ཐམས་ཅད་ན་མེད་ན་མི་རུང་པའི་ཚུལ་དུ་སྣང་ལ་དེ་དག་གི་སྤྱོད་ཐབས་ཀྱང་མཐའ་གཅིག་ཏུ་ཕྱིས་ཀྱི་བརྡ་སྤྲོད་གཞུང་འགྲེལ་དག་ནས་བསྟན་པ་ལྟ་བུའི་གཅིག་གྱུར་དང་ཚད་ལྡན་ཅན་ཞིག་མིན་ཡང་ཤད་སོ་སོའི་བརྡ་སྤྲོད་བྱེད་ནུས་ཅུང་ཚད་ལྡན་དུ་སྣང་བ་སོགས་ལ་དཔག་ན་ཡི་གེ་བྱུང་རྗེས་ཀྱི་དུས་ཡུན་མི་རིང་བ་ཞིག་ན་གསར་གཏོད་བྱས་ཤིང་འཕེལ་རྒྱས་སུ་ཕྱིན་པར་སྙམ། དེ་ཡང་ཆིག་ཤད་དང་ཉིས་ཤད་ནི་ཡིག་རྙིང་ཚང་མར་རྒྱ་ཆེན་དུ་སྤྱད་འདུག་ལ། བཞི་ཤད་ནི་ཁག་གཅིག་ན་མ་གཏོགས་ཚང་མར་མེད་འདུག  དེ་ལས་ཉིས་ཤད་འགའ་རེ་དང་བཞི་ཤད་བྲིས་པ་ཕལ་མོ་ཆེར་ཤད་ཀྱི་དབར་ལ་སྟོང་ཚེག“།ཿ།”འདི་འདྲ་དང“།།ཿ །།”“།། ཿ ཿ །།”འདི་འདྲ་བྲིས་པ་འདུག་ལ། གསུམ་ཤད་ཀྱང་མང་དུ་སྣང་བ་བཅས་གཅིག་གྱུར་ཞིག་ནི་མི་སྣང་། 1978 ལོར་ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་ནས་བསྐྲུན་པའི་《ཏུན་ཧོང་གི་གནའ་བོའི་བོད་ཡིག་ལག་བྲིས་གཅིག་བཏུས་》ཀྱི་དེབ་དང་པོའིP.T44རྟགས་ཅན་གྱི་ཡིག་རྙིང་ན་གསང་སྔགས་ཀྱི་ཕུར་བའི་བྱུང་ཚུལ་བརྗོད་པའི་ཡིག་མཇུག་ཙམ་ན“.....ཨ་ཏི་ཡོ་གར་བསྟན་ཏོ། རྫོགས་སྟོ།
།།”ཞེས་སྤུངས་ཤད་དགོས་སར་སྤྲུལ་ཤད་བྲིས་པ་སྣང་བས།   སྐབས་དེ་ཤེད་ཙམ་ན་སྦྲུལ་ཤད་ཀྱི་འབྲི་ཚུལ་ཡོད་པར་མཐོང་།  འོན་ཀྱང་ཡིག་རྙིང་གཞན་ན་སྤྱིར་མི་སྣང་། དེ་བཞིན་སྤུངས་ཤད་ཀྱི་འབྲི་ཚུལ་ཡང་ཡོད་མེད་བརྟག་པར་བའོ།  
          གོང་དུ་དེ་ལྟར་སྨྲས་ཤིང་ངོས་བཟུང་བ་ལ། བོན་གྱི་བརྡ་སྤྲོད་ཉི་ཤུ་བདུན་པ་ལས“ཀྵ་ནི་མགོ་ཡི་ལམ་འདྲེན་ཡིན། །ཨ ཿ ནི་ཚེག་དྲག་བར་ཡང་འབྱེད། ཥྚནི་ཤད་དེ་མདོ་ཡང་གཅོད། །”ཞེས་དང་དེའི་ཐད་ཀྱི་འགྲེལ་པ་ལས“དེ་ཡང་ཞང་ཞུང་སྐད་དུ་ཀྵ ། བོད་སྐད་དུ་མགོ་ཞེས་བྱ་སྟེ་ཡི་གེའི་མགོ་ཡི་ལམ་སྣ་འདྲེན་པའི་ཐོག་མ་ཡིན་ནོ། ཞང་ཞུང་སྐད་དུ་ཨ ཿ བོད་སྐད་དུ་ཚེག་དྲག་ཅེས་བྱ་སྟེ་ཡར་མར་གྱི་བར་འབྱེད་པར་བྱེད་དོ།  ཞང་ཞུང་སྐད་དུ་ཥྚ་བོད་སྐད་དུ་ཤད་ཅེས་བྱ་སྟེ་ཚིག་གི་མདོ་ཡང་གཅོད་པའི་ནུས་པ་ཅན་ཏེ། ཉི་སྙིང་ལས་‘མགོ་འདྲེན་ཡི་གེ་དིང་ཀྱོག་ཡིན། ལམ་འདྲེན་ཡི་གེ་ཐིག་ཏུ་བསྟན། ཚེག་ནི་ཡར་མར་བར་འབྱེད་ཡིན། ཤད་ལ་དབང་ཐང་ལྔ་ཡིན་ཏེ། དཀར་ཤད(།།) ནག་ཤད(།) ཚེག་ཤད(།)དང་།དྲག་ཤད(༔)སྦྲུལ་ཤདལྔ་ཡིན་ནོ་’”ཞེས་སོགས་མང་དུ་འདུག་པ་ལ་བསམ་ན། ཡིག་མགོའི་དང་ཀྱོག་དང་། ཚེག་ཉིས་བརྩེགས། ཤད་ཀྱི་རྣམ་བཞག་བཅས་པའང་སྲོང་བཙན་ཡར་སྔོན་གྱི་ཞང་ཡིག་ལ་ཡོད་ཅིང་། ཚེག་ཉིས་བརྩེགས་ཡང་ཞང་ཞུང་སྨར་ཡིག་གི་ཁྱད་ཆོས་ཆེན་པོ་ཞིག་ཡིན་པ་བཅས་ལ་དཔག་ན་དེའི་ཤན་བོད་ཡིག་ལ་ཞུགས་པའང་སྲིད་མོད་སྐབས་འདིའི་བརྗོད་བྱ་དང་འབྲེལ་བ་ཆེར་མེད་པས་བཏང་སྙོམས་སུ་བཞག་གོ།   
          དེ་ལྟར་བོད་ཡིག་གསར་དུ་བཏོད་པ་དང་མཉམ་དུ་ཚེག་གི་འབྲི་ཚུལ་བྱུང་ལ་དེའི་རྗེས་ནང་པའི་ཆོས་གཞུང་གཙོ་བོར་བྱས་པའི་རིག་པའི་གནས་མང་པོ་བསྒྱུར་སྤེལ་དང་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཤད་དང་དབུ་ཁྱུད་སོགས་བརྡ་རྟགས་ཁག་གཅིག་གསར་དུ་ཐོན་ཞིང་རིམ་བཞིན་ཚད་ལྡན་ཅན་དུ་གྱུར་ལ། དེ་བཞིན་བམ་པོའི་རྟགས་རིས་ཁག་གཅིག་ཀྱང་བརྡ་མཚོན་རྟགས་ཤད་ཀྱི་ཚུལ་དུ་ཕྱོགས་བསྡུས་བྱས་ཡོད་པ་དཔེར་ན། རྒྱ་རིམ་པ་བདུན་ཏེ།  དོན་མི་འཁྲུག་པ་ཚེག་གི་རྒྱ། ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུག་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུག་པ་བམ་པོའི་རྒྱ། བམ་པོ་མི་འཁྲུག་པ་བམ་གྲངས་ཀྱི་རྒྱ། མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། གླེགས་བམ་མི་འཁྲུག་པ་གདོང་ཡིག་གི་རྒྱ་སོགས་ཡིན་ལ་དེ་དག་ལས་ཚེག་དང(་)ཤད(།)ལེའུ(།།)བམ་པོའི་རྒྱ(།། །།)བཅས་བཞི་རྣམས་ཕུད། གཞན་གསུམ་པོ་དེང་ལྟར་ན་བརྡ་མཚོན་རྟགས་ཤད་ཀྱི་ཁོངས་སུ་མི་གཏོགས་པ་ཡིན།   
          ཤེས་རིག་གི་ཀློང་བརྡོལ་བའི་དེང་གི་འཛམ་བུའི་གླིང་འདིར་བརྗོད་བྱའི་དོན་དཀའ་སླ་གང་ཡང་རུང་བ་ཞིག་ཡིག་རིགས་ཤིག་གི་ལམ་ནས་ཇི་མ་ཇི་བཞིན་མཚོན་པར་བྱེད་པ་ལ། ཡིག་རིགས་དེའི་ཁྱད་ཆོས་དང་མཐུན་པའི་མ་ལག་ཆ་ཚང་ལ། གཅིག་མཐུན་ཚད་ལྡན་གྱི་བརྡ་མཚོན་རྟགས་ཤད་སྐོར་གཅིག་ངེས་པར་དུ་ཡིག་རིགས་དེ་ལ་ལྡན་དགོས་པ་ཡིན། འདི་ལྟ་བུའི་ཆ་ཚང་བའི་བརྡ་མཚོན་རྟགས་ཤད་ཀྱང་མེད་ན། ཡིག་རིགས་འདིས་བརྗོད་དོན་རྣམས་བདེ་བླག་ངང་ཇི་བཞིན་མཚོན་པར་མི་ནུས་པས་དེ་ནི་མི་ཞིག་ལ་མཚོན་ན་མིག་དང་འདྲ་བ་ཡིན་ཏེ།  ཀུའུ་མོ་རུའུ་ཡིས“བརྡ་མཚོན་རྟགས་ཤད་ནི་ཡི་གེ་མིན་པས་དེ་དག་ནི་ཡོད་ཀྱང་འགྲིག་ལ་མེད་ཀྱང་ཆོག་པ་ལྟ་བུར་བརྩི་བ་མི་རིགས་ཏེ། དེ་དག་ནི་མིའི་དབང་པོ་ལྔ་དང་འདྲ་བའི་ཕྱིར”ཞེས་དང་། “སྐད་ཡིག་ལ་བརྡ་རྟགས་མེད་ན། དེང་གི་དུས་འདིར་དེ་ནི་མི་ལ་མིག་གཉིས་མེད་པ་དང་མཚུངས”④ཞེས་ནན་ཏུ་གསུངས་འདུག་པས་རང་ཅག་བོད་ཀྱི་ཡི་གེ་ལའང་སྔོན་གྱི་དུས་སུ་བརྡ་མཚོན་རྟགས་ཤད་ཁག་ཅིག་བྱུང་ཡང་འབྲི་བའི་ཡིག་གཟུགས་མི་འདྲ་བ་སྣ་ཚོགས་དར་བས་བརྡ་མཚོན་རྟགས་ཤད་ཀྱང་རྣམ་པ་འདྲ་མིན་བྱུང་བ་དང་། ལྷག་པར་དུ་བར་སྐབས་འདིར་ཡིག་རིགས་གཞན་གྱི་ཤུགས་རྐྱེན་ཆེར་ཐེབས་པས། བོད་ཡིག་ཁྲོད་དུ་བརྡ་མཚོན་རྟགས་ཤད་ཀྱང་ཟང་ཟིང་དུ་བཀོལ་བའི་སྣང་ཚུལ་མཐོང་རྒྱུ་འདུག་པས་འདི་དག་ལ་སྙིགས་དོར་བཅུད་ལེན་གྱིས་རིམ་བཞིན་ཚད་ལྡན་དང་གཅིག་གྱུར་ཅན་དུ་འགྱུར་ཐུབ་ན་ཕན་པ་ཆེ་བར་བསམ་སྟེ་འདིར་ཐོག་མའི་དཔྱད་གླེང་གི་ཚུལ་དུ་ཅུང་ཟད་ཞུས་པ་ལགས་སོ།   
གཉིས། བརྡ་མཚོན་རྟགས་ཤད་ཀྱི་དབྱེ་བའི་རྣམ་གྲངས་དང་དེ་དག་གི་བེད་སྤྱོད་ཐབས་མདོར་བཤད།  
          སྐབས་འདིར་བསྟན་བྱའི་བརྡ་མཚོན་རྟགས་ཤད་ཀྱི་དབྱེ་བའི་རྣམ་གྲངས་ནི་སྔར་དང་ད་ལྟའི་དུས་ཀྱི་་སྟན་བཅོས་དང་རྩོམ་དེབ་དག་ན་མཇལ་དུ་ཡོད་པའི་རྒྱུན་སྤྱོད་ཀྱི་བརྡ་མཚོན་རྟགས་ཤད་ཁག་ཅིག་ཡིན་ཞིང་། དེ་དག་ནི་གཤམ་དུ་རེ་རེ་ནས་སྨྲ་བར་བྱ་ལ་སྤྱིར་བོད་ཡིག་འདིའི་འབྲི་རྒྱུན་ལ་རྣམ་པ་འདྲ་མིན་མང་པོ་མཆིས་ནའང་། དེ་དག་བསྡུ་ན་དབུ་ཅན་དང་དབུ་མེད་གཉིས་སུ་གཏོགས་པར་སྙམ། དབུ་མེད་ལའང་སྤྱིར་ཚུགས་དང་འབྲུ་ཚ། འཁྱུག་བཅས་རྣམ་པ་གསུམ་ཇུ་ཡོད་ལ་ཚུགས་ལེའང་ཚུགས་རིང་དང་ཚུགས་ཐུང་གཉིས་སུ་དབྱེ་ཆོག  དབུ་མེད་ཀྱི་སྐབས་ཡིག་མགོའི་དབུ་ཁྱུད་དང་ཚེག་ཤད་བཅས་པ་གསུམ་དབུ་ཅན་གྱི་སྐབས་དང་གཟུགས་མི་འདྲ་བས་དེ་དག་སོ་སོའི་སྐབས་ངོ་སྤྲོད་མདོར་བསྡུས་རེ་བྱེད་རྒྱུའི་དགོས་པ་ཡོད་ལ་གཞན་གྱི་བརྡ་མཚོན་རྟགས་ཤད་རྣམས་ནི་དབུ་ཅན་གྱི་སྐབས་གང་ཡིན་པ་དེ་དབུ་མེད་ཀྱི་སྐབས་སུའང་དེ་ལྟར་ཡིན་པ་ཐོག་མར་ངེས་པར་བྱའོ།
          2.1ཚེག[་]ཚེག་ནི་ཚེག་ཁྱིམ་དང་ཚེག་ཁྱིམ་དབར་འདྲེས་ནོར་སེལ་ཕྱིར་སྦྱར་བ་ཞིག་ཡིན། གསེར་ཏོག་སུམ་རྟགས་དང་ཕྱིས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཁག་ཅིག་ནང་ཚེག་དང་དབྱངས་བཞི་ལ“སྲོག་གི་ཡི་གེ”ཞེས་མིང་བཏགས་ནས་བོད་ཡིག་གི་སྲོག་ལྟ་བུར་གསུངས་པ་ནི་བོད་ཡིག་ལ་དེ་མེད་ན་བརྗོད་དོན་སྟོན་དུ་མེད་པའི་རྒྱུ་མཚན་གྱིས་ཡིན། བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཡིན་མོད། འོན་ཀྱང་དཔྱིན་ཇིའི་ཡི་གེ་དང་། རྒྱ་གར་གྱི་ཧིན་དྷི་ལྟ་བུ་ཚེག་ཁྱིམ་རེ་རིའི་བར་དུ་སྟོང་ཆ་རེ་འཇོག་པ་མིན་པར། བརྗོད་པ་ཧྲིལ་པོའི་ཁྲོད་ཚེག་ཁྱིམ་དང་ཚེག་ཁྱིམ་དམ་དུ་འབྲེལ་ཞིང་བར་བར་དུ་ཚེག་གིས་གཅོད་དགོས་པ་ཡིན་ནོ། འོན་ཀྱང་དེང་དུས་གློག་ཀླད་འཕྲུལ་འཁོར་སོགས་སུ་བོད་ཡིག་འདི་ཉིད་བླུགས་དགོས་པས་ཁ་ཅིག་གིས། འདི་ལ་ཚེག་མང་བ་རྒྱུ་མཚན་དུ་བྱས་ནས་དབྱིན་ཡིག་སོགས་དང་འདྲ་བར་ཚེག་མི་དགོས་པར་དེའི་ཚབ་ཏུ་སྟོང་ཆ་འཇོག་ན་འཐུས་པའི་གྲོས་འཆར་འདོན་ཀྱང་དེ་ནི་ཤིན་ཏུ་མི་རིགས་ཏེ། གཅིག་ན་ཚེག་ཁྱིམ་རེའི་བར་ལ་སྟོང་ཆ་རེ་འཇོག་ན། ཚིག་གི་བར་ལ་དེ་བས་ཆེ་བའི་སྟོང་ཆ་དང་།  དོན་ཚན་རེའི་བར་ལ་དེ་བས་ཆེ་བའི་སྟོང་ཆ་རེ་འཇོག་དགོས་པས་སྟོང་ཆས་གྲངས་མི་ཆོད་ལ།  ཤོག་བུ་གྲོན་ཆེ་བའི་རྒྱུ་ལས་མ་འདས། གཉིས་སུ་ན། བོད་སྔ་མའི་ཤེས་རིག་མཐའ་དག་ཚེག་དང་ཚེག་གི་བར་ན་གནས་ཡོད་པས་ཚེག་དོར་ན་ཤེས་རིག་གི་ནོར་བུ་དེ་རྣམས་ཇི་ལྟར་བྱ།  གསུམ་ན་བོད་ཡིག་ལག་བྲིས་སྐབས་ཚེག་དགོས་སམ་མི་དགོས། དེ་ཡང་མི་དགོས་ན། ཁོ་བོ་ཅག་ཕྱིས་སུ་བོད་ཡིག་ཀྱང་འབྲི་ཀློག་མི་ཤེས་པའི་བླུན་པོ་ཞིག་ཏུ་གྱུར་ངེས་པས། ཐུགས་རྗེས་གཟིགས་པར་ཞུ། ཨ་ཀྱང་ཀུ་རེ་སྟེ། དེ་ལྟར་བྱས་ན་ཟང་ཟིང་ལས་དགེ་མཚན་གཞན་མེད་ན་གློག་ཀླད་སོགས་སུ་ཚེག་མང་བས་ཪྙོག་དྲ་ཅུང་ཡོད་ནའང་མཐའ་གཅིག་ཏུ་མི་འདོར་ན་ལེགས་སོ། དེ་ལྟར་ཚེག་ནི་ཚེག་ཁྱིམ་རེ་རེའི་བར་དུ་ཐོན་དགོས་པ་ཆོས་ཉིད་ལྟ་བུ་ཡིན་ཀྱང་། དབུ་ཆེན་གྱི་འབྲི་ཆར་ཚིག་མཐར་ང་ཡིག་བྱུང་ན་ཤད་ཀྱི་གོང་དུ་ངེས་པར་ཚེག་འབྲི་དགོས་ལ་འདི་ལྟ་བུའི་ཚེག་དེ་ལ“ཕྱི་ཚེག”ཞེས་བརྗོད་པ་ཡིན་ནོ།   
          དབུ་མེད་ཀྱི་སྐབས་དབུ་ཅན་ལྟ་བུའི་ཟུར་ཅན་གྱི་ཚེག་དེ་མིན་པར་ཚུགས་དང་། འབྲུ་ཚ། འཁྱུག་སོགས་སོ་སོའི་འབྲི་གཟུགས་དང་འདྲ་བར་ཅུང་གུག་ཅིང་རིང་བའི་ཚེག་རྒྱུན་གཏན་འབྲི་བ་དག་ཡིན་པས་འདིར་སྨྲ་མི་དགོས་ལ། ཚེག་རིང་པོ་དེ་ཡང་ཡིག་རྙིང་གི་ཚེག་ཉིས་བརྩེགས་མཉམ་དུ་བསྲེས་པ་ལས་བྱུང་བ་ནི་མཁས་དབང་དགེ་ཆོས་ལགས་ཀྱི་གསུང་ལས་ཤེས་ནུས། ⑤ གཞན་ཡང་། དབུ་མེད་ཀྱི་འབྲི་རྒྱུན་ཚང་མར་ཚིག་མཐར་ཡི་གེ་གང་ཞིག་བྱུང་ཡང་ཤད་ཀྱི་གོང་དུ་ངེས་པར་དུ་ཚེག་འབྲི་དགོས་པ་དབུ་ཅན་དང་མི་འདྲ་བའི་ཁྱད་པར་ཡང་རྣམ་པར་ཕྱེ་དགོས་སོ།   
          2.2 དབུ་ཁྱུད[]འདིའི་མིང་གི་རྣམ་གྲངས་ལ་དབུ་དང་།  ཏིང་ཀྱོག དང་ཀྱོག བེརྒ། དབུ་མགོ། ཡིག་མགོ་སོགས་ཡོད། བརྡ་རྟགས་འདི་ནི་གང་འབྲི་བའི་རྩོམ་ལ་སོགས་པའི་ཡི་གེའི་མགོར་འབྲི་བས་འགོ་འཛུགས་པ་དང་། བཀྲ་ཤིས་པ་སོགས་མཚོན་ལ། བརྗིད་ཉམས་ཆེ་ལ་བོད་ཡིག་གི་ཐུན་མོང་མིན་པའི་མཛེས་རྒྱན་ལྟ་བུ་ཞིག་ཀྱང་ཡིན་པས། གཞན་ལ་མི་འདུག་ཅེས་རང་དགར་མི་དོར་བར་ངེས་པར་པར་བསྐྲུན་མཁན་དང་བོད་ཡིག་འབྲི་མཁན་ཀུན་གྱིས་རྒྱུད་འཛིན་གནང་དགོས་པ་གལ་ཆེ་བའོ།   
          དབུ་མེད་ཀྱི་སྐབས་སུ་དཔེ་ཚུགས་ལ་ཡིག་མགོའདི་འདྲ་འབྲི་བ་དང་། འབྲུ་ཚ་ལའདི་འདྲ་འབྲི་བ།  འཁྱུག་ཡིག་ལ་འདི་འདྲ་འབྲི་བའི་སྲོལ་ཡོད་ལ་དེ་ལྟར་གཅིག་གྱུར་བྱུང་ན་ཤིན་ཏུ་ལེགས་མོད།  གཞན་དུ་འབྲུ་ཚ་ལ་འདི་ལྟ་བུ་འབྲི་བ་དང་།  འཁྱུག་ཡིག་ལ་འདི་ལྟ་བུ་འདྲི་བ་སོགས་གང་དྲན་དྲན་བྱས་པ་ཡང་རྒྱུན་དུ་མཐོང་རྒྱུ་འདུག་ལ། འདི་དག་འདི་ནི་ནོར་བའོ། དེ་ནི་མ་དག་གོ་ཞེས་སྐྱོན་འཕེན་རྒྱུ་མེད་ཀྱང་། ཡིག་རིགས་སོ་སོའི་གཟུགས་དང་མཐུན་པར་གོང་གི་དེ་བཞིན་དབུས་གཙང་མདོ་ཁམས་ཀུན་གཅིག་གྱུར་ཐུབ་ན་རབ་ཡིན་སྙམ།   
          2.3 གཏེར་ཚིག[༔]འདི་ནི་སྔོན་གྱི་གཏེར་ནས་བཏོན་པའི་བསྟན་བཅོས་སམ་ཡིག་རིགས་དག་ལ་འབྱུང་ཞིང་དེས་གཏེར་ཡིག་ཡིན་པར་མཚོན་པ་ལས། དེང་གི་བོད་ཡིག་ལ་འབྲི་སྲོལ་མེད་ལ་བྱེད་ནུས་སྤྱིར་ན་ཆིག་ཤད་ཉིས་ཤད་དང་མཚུངས་ཏེ་དེ་ཡང་ཚིག་ལྷུག་མར་བྱུང་བ་ཆིག་ཤད་ཕལ་ཆེར་དང་། ཚིགས་བཅད་ཀྱི་རྐང་མཐར་བྱུང་བ་ཉིས་ཤད་ཀྱི་དོད་ཡིན།   འོན་ཀྱང་ལེགས་སྦྱར་གྱི་སྒྲ་མདོ་ལས་བཤད་པའི“རྣམ་བཅད”དང་མི་འདྲ་བས་འཁྲུལ་པ་སྤོངས་ལ་འདི་ནི་གོང་དུ་བརྗོད་པ་ལྟར་ཡིག་རྙིང་ལ་ཚེག་སྟེང་འོག་གཉིས་རེ་བྱུང་བ་དེའི་སྲོལ་དུ་སྣང་བར་སྙམ་མོ།   
          2.4 ཤད། འདི་ནི་བོད་ཡིག་གི་ཚིག་མཚམས་དབྱེ་འབྱེད་ཀྱི་བརྡ་རྟགས་མངོན་གསལ་ཅན་ཞིག་ཡིན་ལ། མིང་གཞན་ལ་ཕུར་ཤད་དང་རིང་ཚེག་ཅེས་ཀྱང་སྣང་། གསེར་ཏོག་སུམ་རྟོགས་སོགས་སུ་དབུ་ཁྱུད་དང་ཤད་གཉིས་ལ“རྐྱེན་གྱི་ཡི་གེ”ཞེས་བཏགས་པ་ནི། དེ་དག་གིས་རྐྱེན་བྱས་ཏེ་དེ་ནས་གཞུང་ཡིག་སོགས་འབྲི་བས་བོད་ཡིག་འགྲུབ་བྱེད་ཀྱི་རྐྱེན་དུ་བཞག་པ་ཡིན། ཤད་ལ་དབྱེ་ན་ལྔ་ཡོད་དེ།   
          2.4(1) ཆིག་ཤད[།]མིང་གཞན་ལ་རྐྱང་ཤད་ཀྱང་ཟེར། འདི་ནི་གཙོ་བོར་ཚིག་ལྷུག་སྐབས་ཀྱི་གཅོད་མཚམས་སོ་སོ་དང་། འབོད་ཚིག་གི་སྐབས་སུ་འབྲི་བའི་སྲོལ་ཡོད་པ་ཡིན།  འོན་ཀྱང་ཚིག་གི་རྐང་མཐར་ཕྱི་རྐང་ཅན་གྱི་ཡི་གེ་ཀ་ག་ཤ་གསུམ་བྱུང་ན་དེ་དག་གི་རྐང་རིང་ཤད་དུ་བརྩིས་ཏེ་སླར་ཆིག་ཤད་མི་འབྲི་ལ། བརྡ་སྤྲོད་པའི་གཞུང་ཁག་གཅིག་ན་ག་ཡིག་གཅིག་པུར་གསུངས་ཀྱང་གཅིག་གྱུར་ཐོག་ཀ་ག་ཤ་གསུམ་དུ་བཤད་ན་ལེགས་པར་སེམས་སོ།  དེ་བཞིན་ཀ་ག་ཤ་རྐྱང་པ་ཙམ་མིན་པར་དེ་དག་ལ་དབྱངས་བཞི་དང་མགོ་ཅན་སོགས་སྦྱར་བ་དཔེར་ན། ཀི་ཀུ་ཀེ་ཀོ། རྐ་ལྒ་སྐ། རྐུ་སྐེ་སོགས་ལྟ་བུ་ཚིག་མཐར་བྱུང་ན་ཤད་འབྲི་དགོས་མིན་ཐད་གཅིག་གྱུར་ཚད་ལྡན་ཞིག་བྱུང་ན་སྤམས་ཤད་བརྒྱ་ལས་ལྷག་པ་ཡིན་ནོ།      
          2.4 (2) ཉིས་ཤད[། །]ཤད་འདི་ནི་གཙོ་བོར་ཚིགས་བཅད་ཀྱི་ཚེག་བར་རིང་ཐུང་ལ་མ་བལྟོས་པར་རྐང་པ་རེ་རེའི་མཐའ་དང་། དོན་ཚན་རེ་རྫོགས་པའི་མཚམས་སུ་འབྲི་བའི་ལག་ལེན་ཡོད། འོན་ཀྱང་དེང་དུས་སྟབས་བདེར་སོང་ནས་ཚིགས་བཅད་ཀྱི་རྐང་མཐར་ཆིག་ཤད་ཁོ་ན་འབྲི་བའང་དཔེ་དེབ་མང་པོ་ན་མཐོང་དུ་འདུག་པས་གང་དྲན་དུ་སྤྱོད་ན་ཤིན་ཏུ་མི་རིགས་པར་མཐོང་ལ། གལ་ཏེ་ཚིག་རྐང་གི་མཐར་ཀ་ག་ཤ་བཅས་ཕྱི་རྐང་ཅན་གྱི་ཡི་གེ་བྱུང་ན་རྐང་རིང་གིས་ཤད་གཅིག་གི་ཚབ་བྱས་པས་སླར་ཆིག་ཤད་ལས་འབྲི་མི་དགོས་པའི་ཞིབ་ཆ་གོང་བཞིན་ཤེས་པར་བྱའོ།
          2.4(3)བཞི་ཤད[།། །། ]འདི་ནི་ལེའུ་རེ་རྫོགས་མཚམས་དང་བརྩམས་ཆོས་ཀྱི་བརྗོད་དོན་ཧྲིལ་པོ་རྫོགས་པའི་མཚམས་སུ་འབྲི་བའི་སྲོལ་ཡོད། འདི་ལྟ་བུ་ནི་དབུ་ཅན་གྱི་ལུགས་ཡིན་ལ་དབུ་མེད་ཀྱི་སྐབས་ཚིག་རྐང་གི་མཐར་ཕྱི་རྐང་ཅན་སོགས་ཡིག་འབྲུ་ཅི་འདྲ་ཞིག་བྱུང་ཡང་ངེས་པར་ཤད་ཀྱིས་གཅོད་དགོས་ལ། ཤད་དེ་ཡང་ཆིག་ཤད་ཁོ་ན་ལས་དབུ་ཅན་བཞིན་ཉིས་ཤད་དང་བཞི་ཤད་མི་དགོས། དེ་ཡང་དཔེ་ཚུགས་སྐབས་ལྟ་བུ་དང་། འབྲུ་ཚའི་སྐབས་ལྟ་བུ། འཁྱུག་ཡིག་སྐབས”ལྟ་བུ་འབྲི་བ་ཡིན།
          2.4(4) རིན་ཆེན་སྤུངས་ཤད་[]འདི་ལ་སྤུངས་ཤད་དང་ཀྱོག་ཤད་ཅེས་ཀྱང་ཟེར། དེ་ནི་བརྗོད་དོན་རེ་རྫོགས་མཚམས་ཀྱི་མཐའ་མའི་ཡིག་འབྲུ་གཅིག་གམ་གཉིས་ཡིག་ཕྲེང་གཡོན་ཕྱོགས་ཀྱི་མགོར་སླེབས་ན། ཡིག་འབྲུ་དེ་ཚུགས་ཐུབ་པའི་ཆེད་དུ་ཤད་ཀྱི་ཚབ་ཏུ་སྤུངས་ཤད་འདི་འབྲི་སྲོལ་འདུག དེ་ལ་ཡང་གལ་ཏེ་ཐིག་མགོར་རྫོགས་ཚིག་གི་ཕྲད་ན་རོ་ཅན་གོ་ལ་སོགས་པ་དང་། ཚིགས་བཅད་ཀྱི་རྐང་མཐའ་འཁེལ་ཚེ་སྤུངས་ཤད་གཉིས་རེ་དང་གཞན་ལ་རེ་རེ་འབྲི་བའི་ཞིབ་ཆ་འདུག་ལ་བརྡ་སྤྲོད་ཀྱི་གཞུང་གཞན་དུ“ཐིག་མགོར་ཡིག་རྡོག་གཅིག་བྱུང་ན”ཞེས་གཉིས་བསལ་བ་ཡང་སྣང་བ་སོགས་གང་ལྟར་སྔ་དེང་གི་བསྟན་བཅོས་དག་ན་དེ་ལྟར་བཀོལ་མ་བཀོལ་མི་འདྲ་བ་སྣ་ཚོགས་སུ་སྣང་། དབུ་མེད་ཀྱི་སྐབས་འདིའི་འབྲི་ཚུལ་སྤྱིར་ན་མེད་ལ་མེད་པར་བྱས་ཀྱང་ཆོག་སྙམ།  
          2.4(5) སྦྲུལ་ཤད[]འདི་ནི་སྦྲུལ་གཟུགས་འཁྱིལ་འདྲ་བའི་ཤད་དེ། གལ་འཛུགས་དང་། ས་རྒའམ་ལེའུའི་བར་མཚམས་སུ་མཚམས་འབྱེད་ཆེད་དུ་འབྲི་སྲོལ་འདུག  སྔར་གྱི་ལུགས་ལ་སྦྲུལ་ཤད་འདི་ཉིད་ཤད་ཀྱི་ཁོངས་སུ་བཞག་མོད། འདིའི་བྱེད་ནུས་ཤད་དང་མ་འབྲེལ་བས་བརྟག་པར་བྱའོ། འདི་ལ《བོད་རྒྱ་ཚིག་མཛོད་ཆེན་མོ》ལས“དབུ་ཅན་གྱི་ཡི་གེ་འགའ་ཞིག་གི་ཐོག་མར་འབྲི་རྒྱུའི་མགོ་ཤད”ཅེས་གསུངས་པ་ནི་གནད་ལ་མ་འཁེལ་བའི་སྟོང་འགྲེལ་ཡིན་ནོ། གཞན་ཡང་དེང་དུས་འབྲུ་ཚའི་ཡིག་མགོ་ལ་  འདི་ལྟ་བུ་འབྲི་བ་ཡང་དབུ་ཅན་གྱི་སྦྲུལ་ཤད་ལས་གཡར་བ་ཡིན་པ་སོགས་ནི་གང་བསམ་སྐབས་ཐོག་ཏུ་བྲིས་པའོ། དབུ་མེད་ཀྱི་སྐབས་འདི་ཉིད་སྤུངས་ཤད་དང་འདྲ་བར་མེད་ན་འགྲིག་སྙམ།   
          2.5 ཆེ་མགོ[༧་༧]རྟགས་འདི་བོད་པའི་ཨང་ཀི་བདུན་པ་དང་འདྲ་བས“བདུན་རྟགས”ཀྱང་ཟེར། འདི་ནི་རང་གིས་གུས་པར་འོས་པའི་སྐྱེས་བུ་དམ་པ་དག་གི་མཚན་ནས་སྨོས་སྐབས་དེའི་མཚན་གྱི་མདུན་སྟེང་དུ་བྲིས་ནས་གུས་པ་མཚོན་བྱེད་དམ་ཁྱད་འཕགས་སུ་སྟོན་བྱེད་ཀྱི་བརྡ་རྟགས་ཤིག་སྟེ། དཔེར་ན་ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་མཆོག་ལྟ་བུའོ། དབུ་མེད་སྐབས་འདིའི་འབྲི་ཚུལ་དབུ་ཅན་དང་མཚུངས་སོ།   
          2.6 འོག་སྐོརའདི་ནི་མིང་དང་ཚིག་སོགས་ཡི་གེ་སོ་སོའི་འོག་ཏུ་སྦྱར་བ་ལས་གཙོ་གནད་འབུར་ཐོན་དང་བློ་སྒོ་འབྱེད་པའི་བྱེད་ནུས་ཅན་གྱི་བརྡ་རྟགས་ཤིག་སྟེ་དཔེར་ན། དཔལ་ལྡན་ཐོན་མི་དབྱིངས་ནས་དགྱེས་པའི་བྱིན། ། བཞད་མོའི་ཟོལ་གྱིས་སྒྲ་ཆེན་བསྒྲགས་པའི་དབྱངས། །ཞེས་པ་ལྟ་བུ་བརྡ་སྤྲོད་པ་དང་སྙན་ངག་གི་ཚིགས་བཅད་ཁྲོད་བྱུང་བ་ཅུང་མང་བར་སྣང་ལ་དབུ་མེད་སྐབས་སུའང་འདི་དང་རིགས་སྒྲེར་མཐོང་།   
          2.7 གོད་མཚུངས་རྟགས[ x x x]འདི་ནི་གཤམ་དུ་འབྱུང་བའི་ཚིག་དོན་ཁག་ཅིག་གོང་དུ་བརྗོད་ཟིན་དེ་དག་དང་མཚུངས་པ་སླར་ཚིག་དོན་དེ་དག་རེ་རེ་བཞིན་དུ་འབྲི་མི་དགོས་པར་བརྡ་རྟགསའདིས་མཚོན་པར་བྱེད་པ་སྟེ། དཔེར་ན《བར་ཆད་ལམ་སེལ》གྱི་ཞལ་འདོན་ནང“ཕྱི་ཡི་བར་ཆད་ཕྱི་རུ་སེལ”སོགས་ཡང་བསྐོར་བསྐྱར་བསྐོར་དུ་ཐོན་པས་དེ་དག་རེ་རེ་ནས་འབྲི་མི་དགོས་པར“ཕྱི་ཡི་ x  x  x  x”སོགས་སྦྱར་བ་ལྟ་བུའོ། འདི་དང་དེང་དུས་བོད་ཡིག་ཐོག་བཀོལ་བའི་བརྡ་རྟགས“.........”འདི་གཉིས་ནོར་སོ་ཆེ་ཡང་ངོ་བོའི་ཐད་ཁྱད་པར་ཡོད་པས་དེ་དག་གི་བྱེད་ནུས་གཅིག་ཏུ་འཛིན་མི་རུང་། བརྡ་རྟགས་འདི་ཉིད་སྤྱིར་ན་རྒྱ་ཡིག་ཁྲོད་ཀྱི“~”དང“////”དང་མཚུངས་པ་ཡིན་ལ། དེ་བཞིན་རྟགས“≡”འདི་ལྟ་བུ་བྲིས་པ་ཡང་སྣང་།   
          2.8 ཡིག་ཁྱིམའདི་ནི་ཚིག་མཛོད་སོགས་བརྡ་སྤྲོད་པའི་བསྟན་བཅོས་དང་སྐར་རྩིས་སོགས་རྩིས་དཔེའི་ནང་མང་དུ་འབྱུང་སྟེ། དཔེར་ན། ལྟ་བུ་གཙོ་བོར་དོན་གྱི་རྣམ་གྲངས་མ་ནོར་བར་སྟོན་པའམ་གོ་རིམ་གསལ་བར་བརྗོད་པ།   མཛེས་པར་བྱེད་པ་སོགས་ཀྱི་ནུས་པ་ལྡན་ནོ།  
          2.9 འགྲེལ་ཚེག འདི་ནི་གཞུང་དངོས་དང་འགྲེལ་པ་གཉིས་འབྲེལ་བར་བྱེད་པའམ་འགྲེལ་པ་གང་ཡིན་མཚོན་བྱེད་ཀྱི་རྟགས་ཤིག་སྟེ། སྔར་གྱི་བསྟན་བཅོས་དག་ན་གཞུང་དངོས་རྣམས་ཡི་གེ་ཅུང་ཆེ་བས་སྟེང་དུ་འབྲི་ལ་འགྲེལ་པ་རྣམས་ཡིག་གཟུགས་ཅུང་ཆུང་བས་གཤམ་དུ་འབྲི་ཤིང་གཞུང་དངོས་དང་འགྲེལ་པའི་དབར་ཚེག་ཐིག་གིས་འབྲེལ་བར་བྱས་པ་དག་ལའོ། འོན་ཀྱང་དེང་དུས་ཀྱི་བརྩམས་བྱ་དག་ན་གཞུང་དངོས་ཀྱི་འགྲེལ་པའམ་གསལ་བཤད་དགོས་རིགས་གང་ཡིན་དེ་དང་དཀྱུས་གཅིག་ཏུ་གུག་རྟགས་ནང་བཅུག་ནས་གསལ་བར་བྱེད་པས་ཕྱིས་འབྱུང་ཡང་འདིའི་ཚབ་ཏུ་གུག་རྟགས་བེད་སྤྱད་ན་ཆོག་པར་སེམས་སོ།      
          དེ་ལྟར་གོང་དུ་བརྗོད་པ་རྣམས་ནི་བོད་ཡིག་གི་ལོ་རྒྱུས་ཐོག་སྔ་རྗེས་སུ་ཐོན་པའི་རྒྱུན་སྤྱོད་ཀྱི་བརྡ་མཚོན་རྟགས་ཤད་ཁག་ཅིག་ཡིན་ལ། ད་དུང་འདི་ལ་ཆད་ལྷག་གི་ནོངས་པ་ཡོད་ན་བླང་དོར་གནང་དགོས་པ་གལ་ཆེ། གཞན་ཡང་སྔར་གྱི་ཡི་གེ་དག་ན་བརྡ་མཚོན་རྟགས་ཤད་ཀྱི་ཁོངས་སུ་མི་གཏོགས་པའི་བརྡ་རྟགས་ཀྱང་མང་པོ་མཇལ་དུ་ཡོད་པ་དཔེར་ན། མ་ཡིག་སྐུང་བ་འདི་འདྲ་དང་། རྣམ་བཅད་མཚོན་པ།  འདི་འདྲ་དང་། ཡིག་ཕྲེང་དང་བརྗོད་ཚིག་སྔ་ཕྱིའི་བར་གྱི་མཛེས་རྒྱན་ནམ་སྟོང་ཆ་སེལ་བར་བྱེད་པའི་རྟགས་འདི་འདྲ་སོགས་དང་། ཁྱད་པར་ཏུན་ཧོང་གི་ཡིག་རྙིང་སོགས་ན་ད་དུང་བརྡ་རྟགས“︾︾”འདི་འདྲ་དང“༠”དང་འདི་འདྲ“”འདི་འདྲ་ལྟ་བུ་ཡང་སྐབས་འགར་མཐོང་རྒྱུ་འདུག་པས། དེ་དག་ནི་ཡི་གེའི་མཛས་ཆ་སྟོན་བྱེད་དམ། ཡིག་ཕྲེང་དབར་གྱི་སྟོང་ཆ་སེལ་བྱེད་ཙམ་དུ་ཡིག་མཁན་སོ་སོས་སྐབས་བསྟུན་བྱས་པར་སེམས་ཀྱང་ད་དུང་དཔྱད་པར་རིགས་སོ།  
གསུམ། བོད་ཡིག་ལ་ཉེ་བར་མཁོ་བའི་གསར་དར་གྱི་བརྡ་མཚོན་རྟགས་ཤད་ཁག་ཅིག་གི་དཔྱད་པ།   
          འདིར་གླེང་བར་བྱ་བའི་གསར་དར་གྱི་བརྡ་མཚོན་རྟགས་ཤད་ཁག་གཅིག་ཡོད་པ་ནི་དུས་རབས་འདིའི་ལོ་རབས་ལྔ་བཅུའི་སྐབས་ཙམ་ནས་རྒྱ་ཡིག་གི་ཤུགས་རྐྱེན་ཆེར་ཐེབས་པའི་འོག་བོད་ཡིག་ཁྲོད་སྔ་ཕྱིར་གསར་དུ་ཐོན་པའི་བརྡ་མཚོན་རྟགས་ཤད་ཁག་གཅིག་ལ་ཟེར་ཞིང་།དེ་ཡང“རིག་གསར”སྐབས་ཀྱི་བོད་ཡིག་ལ་ལྡན་པའི་བརྡ་རྟགས་ཡོད་རྒུ་ཚིག་ཕྲད་ཁག་གཅིག་དང་མཉམ་དུ་དོར་ནས་ཐམས་ཅད་རྒྱ་ཡིག་ལྟ་བུར་བཅོས་པ་དེ་འདྲ་མིན་པར། བོད་ཡིག་གི་ཁྱད་ཆོས་དང་མཐུན་ཞིང་བོད་ཡིག་ལ་སྔར་མེད་གསར་དུ་མཁོ་བའི་བརྡ་རྟགས་ཁག་གཅིག་རིམ་བཞིན་ཁ་སྐོང་ཐོག་གཅིག་གྱུར་བྱེད་ཐུབ་ན་རང་རེའི་ཡི་གེ་འདི་ཉིད་ཚད་ལྡན་ཅན་དུ་འགྱུར་བར་ཕན་པ་ཆེ་བས་གཤམ་དུ་དེ་དོན་རེ་རེ་བཞིན་གླེང་བར་བྱ་བ་ལ།   
          3.1 འདྲེན་རྟགས[“   ”‘    ']འདིས་ནི་གཞན་གྱི་གཏམ་ལུང་འདྲེན་པའི་ཆ་ཤས་དག་མཚོན་པ་དང་གཅིག དམིགས་བསལ་གྱི་འབོད་མིང་ངམ་གཙོ་གནད་གསལ་སྟོན་དགོས་པའི་ཆ་ཤས་དག་མཚོན་པ་དང་གཉིས། དེ་བཞིན་ཟུར་ཟའམ་ལྡོག་ཕྱོགས་ཀྱི་དོན་སྟོན་པ་དང་གསུམ་བཅས་ཀྱི་ནུས་པ་ལྡན་པས་བོད་ཡིག་ཐོག་བཀོལ་ན་ལེགས་པར་མཐོང་སྟེ་མ་མཐར་ཡང་གོང་གི་བྱེད་ནུས་གཉིས་པ་དང་གསུམ་པ་གཉིས་བོད་ཡིག་ཐོག་ཐོན་པར་དགོས་དབང་ཡོད་པའི་ཕྱིར་དང་། བྱེད་ནུས་དང་པོ་སྟོན་པའི་སྐབས་དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“གང་ལ་ཡང་སྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མི་ཉན་པར་རིག་པ་འཚོལ་བའི་ལམ་དུ་ཞུགས་པར་བྱའོ”ཞེས་དང་། དགེ་ཆོས་ཀྱི་གསུངས་ལས“རྩད་གཅོད་པ་ལས་དགག་པ་བྱེད་པ་ལ་དགའ་བ་འདི་འུ་ཅག་གི་གཤིས་ལུགས་ཡིན”ཞེས་འབྱུང་ངོ་། ལྟ་བུ་མ་གཞི་གྱིས་སོགས་བྱེད་སྒྲའི་ཕྲད་དང་། ལྭས་སོགས་ཁུངས་སྟོན་བྱེད་ཀྱི་ཕྲད་གཉིས་པོས་ཐོག་དྲངས་ཤིང་། ཞེས་སོགས་ཚིག་ཕྲད་ཀྱིས་མཇུག་བསྡུས་ཏེ་གང་དེ་ལུང་འདྲེན་གྱི་ཆ་ཤས་ཡིན་པར་སྟོན་ཐུབ་མོད། འོན་ཀྱང་འདྲེན་རྟགས་འདི་ཉིད་བེད་སྤྱད་ན་གཡང་ཙེའི་སྟེང་ལ་མར་གྱི་ཡལ་སྒྲོན་ལྟར་དགེ་མཚན་ཆེས་ཆེ་བ་ལས་སྐྱོན་གྱི་ཆ་ཏིལ་འབྲུ་ཙམ་ཡང་ཁོ་བོས་ནི་མ་མཐོང་། དེ་བཞིན《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》སོགས་ཀྱི་སྒྲུང་གཏམ་དག་ན་མི་སྣ་སོ་སོའི་གཏམ་གླེང་ཐམས་ཅད་འདྲེན་རྟགས་ཀྱི་ནང་དྲངས་འདུག་པས། དེ་དག་ལ་ཞིབ་པར་ལྟོས་ལ་འདྲེན་རྟགས་ཡོད་མེད་ལ་ཁྱད་པར་ཅི་འདྲ་འདུག་དཔྱད་བསྡུར་ཞིག་ཀྱང་གྱིས་དང་། བོད་ཀྱི་ཡིག་སྐད་ལ་དེ་ངེས་པར་མཁོ་བ་ཡིན་པས། དེ་ཕྱིར་འདྲེན་རྟགས་འདི་ཉིད་བོད་ཡིག་ཐོག་སྤྱོད་མུས་བཞིན་ད་དུང་བོད་ཡིག་གི་ཁྱད་ཆོས་དང་མཐུན་པར་འཐུས་ཚང་དང་གཅིག་གྱུར་གྱི་ཕྱོགས་སུ་གོམ་པ་སྤོ་ཐུབ་པ་དགོས་སོ། དེ་ཡང་འདི་ཉིད་བེད་སྤྱོད་སྐབས་གལ་ཏེ་འདྲེན་རྟགས་ཀྱི་ནང་ཡང་བསྐྱར་འདྲེན་རྟགས་སྤྱོད་དགོས་ན་སྤྱིར་ཉིས་གཤིབ་ཅན་ཕྱི་དང་རྐྱང་མ་ནི་ནང་ངོས་སུ་འཇོག་པའི་ཞིབ་ཆ་ཡང་ཐོན་དགོས།   
          3.2 གུག་རྟགས[()]འཛིནི་གོང་དུ་བརྗོད་པ་བཞིན་བརྩམས་ཆོས་ཁྲོད་ཀྱི་འགྲེལ་པའི་ཆ་ཤས་དག་མཚོན་ཕྱིར་སྦྱར་བ་ཡིན་ཞིང་། བོད་ཡིག་ཐོག་བེད་སྤྱོད་ཀྱང་གནང་མུས་ལ།  གཞན་ཡང་རྩིས་རིག་སོགས་རིག་གཞུང་མང་པོ་ཞིག་བོད་ཡིག་ཐོག་བསྒྱུར་སྤེལ་བྱེད་པའི་ཁྲོད་གུག་རྟགས་ལའང་ཆུང་བ“( )”དང་འབྲིང་བ“〔〕 []”ཆེ་བ“{}”སོགས་ཡོད་པས་དེ་དག་ཀྱང་བཀོལ་ན་ཤིན་ཏུ་ལེགས།   
          3.3 དེབ་རྟགས[《  》、<  >]འདི་ནི་བསྟན་བཅོས་དང་། ཡིག་ཆ། ཚགས་པར།རྩོམ་ཡིག་སོགས་ཀྱི་མིང་བྱང་མཚོན་བྱེད་ཀྱི་བརྡ་རྟགས་ཤིག་སྟེ། དཔེར་ན་《བོད་ལྗོངས་ཞིབ་འཇུག་》ལྟ་བུའོ། འདི་ཡང་མ་གཞི་བོད་ཡིག་ཐོག་བསྟན་བཅོས་སོགས་ཀྱི་མིང་བྱང་དག་དེའི་ཚིག་དོན་གྱི་ཤུགས་སམ་ཚིག་ཕྲད་ཁག་གཅིག་གིས་སྐབས་འགར་སྟོན་པར་བྱེད་ཀྱང་། རྣམ་པ་ཀུན་ཏུ་དེ་ལྟར་མིན་པས་བོད་ཡིག་ཐོག་བཀོལ་ན་བཟང་ངོ་། འདི་ཉིད་བེད་སྤྱོད་སྐབས་གལ་ཏེ་དེབ་རྟགས་ཀྱི་ནང་དུའང་དེབ་རྟགས་འབྲི་དགོས་ཚེ་ཉིས་གཤིབ་ཅན་ཕྱི་དང་། རྐྱང་གུག་ཅན་ནང་ངོས་སུ་འབྲི་བ་ཡིན་ནོ།   
          3.4 མཐུད་རྟགས[-]འདི་ནི་དུས་དང་གནས་གྲངས་སོགས་ཀྱི་གོང་འོག་མཐུད་ཕྱིར་སྦྱར་བ་དཔེར་ན། སྤྱི་ལོ1966-1997བར་ལྟ་བུ་དང་། དེ་བཞིན་ཕན་ཚུན་འབྲེལ་བ་ཅན་གྱི་མིའམ་བྱ་དངོས་བར་གྱི་འབྲེལ་བ་སྟོན་པ་དཔེར་ན། འཛམ་གླིང་དབུ་རྩེའི་ཡང་དབུ་རྩེ་-མངའ་རིས། ཞེས་པ་ལྟ་བུའོ། མ་གཞི་བོད་ཡིག་སྐབས་གནས་དང་དུས་གྲངས་སོགས་སྟོན་བྱེད་ཀྱི“ནས”དང“བར”ཞེས་པ་ལྟ་བུའི་ཕྲད་དང་མིང་སོགས་ཡོད་ལ། འབྲེལ་བའམ་ལྷག་མ་ཙམ་སྟོན་བྱེད“ཏེ”སོགས་ཡོད་པས་གནས་སྐབས་ཀུན་ཏུ་མཐུད་རྟགས་འདི་ཉིད་བེད་སྤྱོད་དགོས་པའི་ངེས་པ་མིན་འདུག་སྙམ་རུང་གང་ལྟར་བོད་ཡིག་ལ་འདི་ཉིད་མཁོ་དུས་ནི་ངེས་པར་འདུག་པས་འདི་ཡང་བླང་བྱ་ཉིད་དུ་མཐོང་། འདིའི་རིང་ཐུང་ཐད་བོད་ཡིག་སྐབས་ཚེག་ཁྱིམ་གཅིག་གམ་གཉིས་ཀྱི་གོ་ས་ཙམ་བཟུང་ན་ཆོག་ཀྱང་ཆེས་རིང་ན་མི་མཛེས་སོ།   
          3.5 བར་འབྱེད་ཚེག[.]འདི་ནི་ལོ་ཟླ་ཚེས་རྣམས་ཀྱི་བར་དུ་སྦྱར་བས་དེ་དག་གི་མཚམས་འབྱེད་པར་བྱེད་པ་དཔེར་ན། 1985.07.21 ལ་བོད་ལྗོངས་སློབ་ཆེན་དབུ་བཪྙེས་ལྟ་བུ་དང་། ཕྱི་རྒྱལ་དང་མི་རིགས་གཞན་གྱི་མིའི་མིང་བོད་བསྒྱུར་སྐབས་དགོས་པ་ཡོད་པ་དཔེར་ན།   B. Aདབྱི་སི་ཐཱ་ལིན། ལྟ་བུའམ་ནོར་མེན.པའི་ཇུ་ཨེན་ཞེས་པ་ལྟ་བུའོ། འོན་ཀྱང་བོད་པ་རང་གི་མིའི་མིང་རིང་པོ་དག་འབྲི་སྐབས་བར་དུ་ཚེག་རྟགས་འདི་མི་སྤྱོད་དེ།  ལུང་ཟུར་དོན་གྲུབ་ཚེ་དབང་ཞེས་པ་ལས་ལུང་ཟུར.དོན་གྲུབ་ཚེ་དབང་ཞེས་མི་འབྲི་བ་བཞིན་ནོ།   
          3.6 བསྡུས་རྟགས[....]འདི་ནི་བརྗོད་དོན་གྱི་རྣམ་གྲངས་མང་དུ་ཡོད་པ་ལས་གཉིས་ཙམ་དངོས་སུ་སྨོས་ཤིང་དེ་འཕྲོས་རྣམས་རེ་རེ་ནས་སྨོས་མི་དགོས་པར་རྟགས་འདིས་བསྡུས་ཤིང་མཚོན་པར་བྱེད་པ་སྟེ། རྒྱ་ཡིག་སོགས་ན་སྤྱོད་གོ་ཆེ་ཡང་བོད་ཡིག་གི་སྤྱིར་བཏང་བརྩམས་ཆོས་ནང“སོགས”ཞེས་པའི་བསྡུས་ཚིག་ནུས་ཆེན་འདིས་གོ་ཆོད་པས་སླར་དམིགས་བསལ་བསྡུས་རྟགས་འདི་བཀོལ་བའི་དགོས་པ་མེད། འོན་ཀྱང་དེང་འདིར་རང་མོས་སྙན་རྩོམ་དང་། སྙན་ངག་གི་ཉམས་འགྱུར་ལྡན་པའི་ལྷུག་རྩོམ། དེ་བཞིན་སྒྲུང་གཏམ་སོགས་རྩོམ་ལུས་དང་རྩོམ་ཉམས་རྣམ་པ་འདྲ་མིན་ཤིན་ཏུ་མང་པོ་དར་ཞིང་འཕེལ་བའི་ཁྲོད་བསྟན་དོན་གྱི་དགོས་མཁོར་གཞིགས་ནས་བསྡུས་རྟགས་འདི་ཉིད་བེད་སྤྱོད་དགོས་པའང་རྩོམ་དེབ་དག་ན་ཤིན་ཏུ་མང་བར་འདུག་སྟེ་དཔེར་ན། ཨོ་རྒྱན་རྡོ་རྗེའི《སྙུན་གཞི་གོད་ཆག་མ་གཏོང》(《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གོ་དྲུག་ལོའི་དེབ་དྲུག་པར་གསལ་)ཞེས་པ་ལས།
                    “ང་ཚོ་འདི་རུ་འཛོམས་འཛོམས།                
                    གཏན་དུ་འཛོམས་རྒྱུ་བྱུང་ན།               
                    གཏན་དུ་འཛོམས་པའི་མི་ལ།               
                    སྙུན་གཞི་གོད་ཆག་མ་གཏོང།”                
                    ཆེས་གནའ་རབས་ཀྱི་ཆང་གླུ་དེས།
                    ལོ་ཟླ་ཡི་ཆར་རླུང་བཤགས་ཤིང་།                
                    ལོ་རྒྱུས་ཀྱི་རྐང་ལམ་བརྒལ་ཏེ།    
                    མིག་ཆུ་དང་དགོད་སྒྲའི་ཁྲོད་ན།               
                    ཧ་ལམ་རྣམ་ཤེས་ཤིག་དང་འདྲ་བར།              
                    མི་རིགས་འདི་ཡི་རྗེས་བསྙེགས་ནས།                
                    དེ་རིང་གི་ལམ་ཐག་འདི་རུ་འོངས།   
          ངོ་མ“གཏན་དུ་འཛོམས་རྒྱུ་བྱུང་ན”སྙམ་པའི་མི་ཚོའི་སྨོན་སྦྱོར་དེ་དངོས་སུ་གྲུབ་པ་འདྲ་སྟེ་དེ་རིང་གི་དུས་ན་ལམ་ཁའི་ཟུར། གླིང་གའི་དཀྱིལ། ཁང་པའི་ནང་་.....གང་ལྟར།    གྲོང་ཁྱེར། ཞིང་ཁུལ། འབྲོག་པ་ཐ་ན་ལམ་ཞོར་དུའང་མི་རྣམས“གཏན་དུ་འཛོམས”བྱུང་།    འོན་ཏེ།  ཉིན་ལྟར་ཁྱར་ཁྱོར་གྱིས་གོམ་བགྲོད་མི་ཚུགས་པར་བལྟས་ན་ཁོང་ཚོ“གཏན་དུ་འཛོམས་རྒྱུ་བྱུང་ན”ཡང་“སྙུན་གཞིས་གོད་ཆག་བཏང”ཟིན།   
                    ཕལ་ཆེར་ཁོ་ཚོའི“སྙུན་གཞི”དེ་ཚེ་འདིར་དྭངས་མི་ཐུབ་མོད།  
                     ཁོང་ཚོའི་རྗེས་རབས་པ་རྣམས་ལ།   
                    “སྙུན་གཞི”དེ་མ་འགོས་པ།   
          བདག་གིས་བདུད་རྩི་ལྷ་མོར་གསོལ་བ་འདེབས། ཞེས་པའི་སྙམ་རྩོམ་འདིའི་ནང་བསྡུས་རྟགས་འདིས་ནུས་པ་ཆེན་པོ་བཏོན་ཡོད་ལ། གལ་ཏེ་དེའི་ཚབ་ཏུ“སོགས”ཞེས་པ་ཨུ་ཚུགས་ཀྱིས་སྦྱར་ན་སྙན་རྩོམ་ལ་ཡོད་པའི་སྐད་ཀྱི་ཉམས་འགྱུར་ཐམས་ཅད་བརླག་འགྲོ་བ་མིན་ནམ། འདིར་རྩོམ་ཡིག་དེ་ཆ་ཚང་དྲངས་བ་ནི་གོང་བརྗོད་འདྲེན་རྟགས་ཀྱང་བོད་ཡིག་ལ་མཁོ་མིན་འདིར་གསལ་བར་བྱུང་བས་གོ་ཉིས་ཆོད་ཀྱིས་ཡིན་ནོ། དེ་བཞིན་དེང་དུས་བོད་ཀྱི་ཡིག་སྐད་ལ་བསྡུས་རྟགས་འདི་ཉིད་སྤྱོད་པའི་དཔེ་མང་དུ་བཞག་ཏུ་ཡོད་ལ། ཕྱིས་སུའང་དེ་བས་སྨོས་མེད་ན་འདི་ཉིད་མཐའ་གཅིག་ཏུ་བོད་ཡིག་ལ་མི་མཁོ་བར་སྨྲ་མ་ནུས་སོ།   
          3.7འདྲི་རྟགས[?]འདི་ནི་ཚིག་མཐར་བཀོལ་བ་ལས་དྲི་བ་བཏོན་པར་མཚོན་པ་སྟེ་རྒྱ་ཡིག་སོགས་ན་སྤྱོད་གོ་ཤིན་ཏུ་ཆེ་ཡང་བོད་ཀྱི་ཡི་གེར་ཚིག་མཐར་སྦྱར་ནས་དྲི་བ་འདོན་ཚུལ་བྱེད་ན་གད་མོའི་གནས་ཡིན་པས་ཚིག་མཐར་ངེས་པར་སྤངས་བར་བྱའོ། འོན་ཀྱང་འདིར་ས་བཅད་གཅིག་གི་གོ་བཟུང་ནས་ངོ་སྤྲོད་པ་ནི་དཔེར་ན་༡+ ༢=? ལྟ་བུ་བོད་ཡིག་གི་རྩིས་རིག་དང་འབྲེལ་བའི་གཞུང་ལུགས་མང་པོར་ངེས་པར་མཁོ་སྲིད་ལ། དེ་བཞིན་གོང་དུ་བརྗོད་པ་བཞིན་སྙན་རྩོམ་སོགས་སུའང་སྐབས་འགར་དགོས་དབང་གིས་སྤྱོད་མཁོ་འདུག་པར་སེམས་སོ།   
          3.8འགྲེལ་རྟགས[-]འདི་ནི་གཞུང་དངོས་ཀྱི་ཡི་གེ་རྣམས་དང་དཀྱུས་གཅིག་ཏུ་སྦྱར་བ་ལས་གཤམ་དུ་འབྱུང་བ་དག་འགྲེལ་བའམ་ཡང་ན་གསལ་བཤད་བྱས་པའི་ཆ་ཤས་ཡིན་པར་མཚོན་པ་གུག་རྟགས་དང་མཚུངས་ལ། བོད་ཡིག་གི་འགྲེལ་ཚེག་དང་ཡང་ནུས་པ་མཚུངས་པར་སྣང་། འོན་ཏང་འགྲེལ་ཚེག་ནི་གོང་བརྗོད་ལྟར་གཞུང་དངོས་དང་ཡིག་ཕྲེང་མི་འདྲ་བ་དང་ཡིག་གཟུགས་ཀྱི་ཆེ་ཆུང་མི་འདྲ་བར་འབྲི་བས་འདི་ལས་ཪྙོག་ཟིང་ཅུང་ཆེ་བ་ཡོད་ན་ཕྱིས་སུ་འགྲེལ་ཚེག་གི་ཚབ་ཏུ་འདི་དང་གུག་རྟགས་གཉིས་གང་འོས་སུ་བཀོལ་ན་ལེགས་པར་སྙམ་པས་བརྟག་པར་རིགས་སོ། རྒྱ་ཡིག་སོགས་སུ་འགྲེལ་རྟགས་འདིས་ད་དུང་ནུས་པ་གཞན་ཡང་མང་པོ་འདོན་པས་སྤྱོད་རྒྱ་ཆེ་ཡང་བོད་ཡིག་སྐབས་གོང་གི་འགྲེལ་པའི་ནུས་པ་དེ་གཅིག་པུ་མཚོན་ཕྱིར་སྐབས་རེ་སྦྱར་ན་ཆོག་པར་སེམས།   
          གོང་དུ་མཚམས་སྦྱོར་ཞུས་པའི་བརྡ་མཚོན་རྟགས་ཤད་འདི་དག་ནི་བོད་ཡིག་ལ་ངེས་པར་མཁོ་ཞིང་བོད་ཡིག་གི་འབྲི་གཟུགས་ཁྱད་ཆོས་དང་ཡང་སྤྱིར་ན་མི་མཐུན་པ་མིན་འདུག་པས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་འདི་དག་རིམ་བཞིན་འཐུས་ཚང་དང་ཚད་ལྡན་ཅན་དུ་བཀོལ་ཐུབ་ན་བོད་ཀྱི་ཡིག་སྐད་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུར་འདོན་མི་ཟ་ལ།  གཞན་དུ་ན། རྒྱ་ཡིག་ཁྲོད་ཀྱི་རྫོགས་རྟགས“ 。”འདི་ལ་སོགས་པ་དང་། བརྩེ་དུང་མཚོན་རྟགས“!”སོགས་བོད་ཡིག་ལ་ར་མགོ་ལུག་སྦྱར་བྱེད་ན་ནི་བོད་ཡིག་གི་སྔར་ཡོད་བརྡ་རྟགས་བརྩིས་མེད་དང་། བོད་ཡིག་གི་ཐུན་མིན་ཁྱད་ཆོས་ཁྱད་དུ་གསོད་པ་ཡིན་པས་ངེས་པར་སྤང་བླང་མ་ནོར་བར་བྱའོ།   
བཞི། བོད་ཡིག་གི་རྒྱུན་སྤྱོད་བརྡ་མཚོན་རྟགས་ཤད་ཁག་ཅིག་གི་བེད་སྤྱོད་རེའུ་མིག་ཕྱོགས་བཏུས།   
          འདིར་བོད་ཡིག་ལ་སྔར་ཡོད་པའི་བརྡ་མཚོན་རྟགས་ཤད་ཁག་ཅིག་ལ་སྙིགས་དོར་སྤངས་བླངས་དང་། གསར་དར་གྱི་བརྡ་མཚོན་རྟགས་ཤད་ཁག་ཅིག་ལ་བླང་དོར་བཅུད་ལེན་བྱས་ཁུལ་གྱིས་ཕྱིན་ཆད་བོད་ཀྱི་ཡི་གེ་ལ་ཉེ་བར་མཁོ་བའི་བརྡ་མཚོན་རྟགས་ཤད་དག་བེད་སྤྱོད་དང་ཁྱབ་སྤེལ་བདེ་ཕྱིར་ཕྱོགས་བཏུས་རེའུ་མིག་ཏུ་འགོད་པའོ།





          འདི་ལྟར་བོད་ཀྱི་ཡི་གེའི་བརྡ་མཚོན་རྟགས་ཤད་སྐོར་ལ་ཐོག་མའི་དཔྱད་གླེང་གི་ཚུལ་དུ་རྩོམ་ཐུང་འདི་ཉིད་བྲིས་ཤིང་རྫོགས་པར་བྱས་ཁུལ་ཡིན་མོད། འདི་ལ་ཆད་ལྷག་ནོར་འཁྲུལ་གྱི་རིགས་མང་དུ་ཡོད་ངེས་པས། ཤེས་ནོར་གཉིས་ཀས་ཕྱུག་པའི་དེང་གི་མཁྱེན་ལྡན་རྣམས་ཀྱིས་མཛུབ་མོས་རི་སྟོན་གྱི་སྐྱོན་བརྗོད་ཅི་ནས་ཡོད་པ་མཁྱེན། །   
མཆན།   
①ཨུ་རུ་སུ་བB. A.དབྱི་སི་ཐཱ་ལིན་གྱིས་མཛད་ཅིང1989.6 པར། པེ་ཅིང་སློབ་ཆེན་གྱི་དཔེ་སྐྲུན་ཁང་ནས་བསྐྲུན་པའི《ཡི་གེའི་བྱུང་འཕེལ》ཞེས་པའི་རྒྱ་ཡིག་དཔར་མP537 ན་གསལ།  
② ⑤ 1990.4 པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོP258- P259 བར་ན་གསལ།   ③1983 ལོའི8པར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》ཞེས་པའིP26 ན་གསལ།   
③《ཀོང་ཤི་མི་རིགས་སློབ་ཆེན་གྱི་རིག་དེབ》1993ལོའི་དེབ3 པའི་ནངP56 ན་གསལ་ལོ།   
(དཔྱད་རྩོམ་འདི་ཉིད《བོད་ལྗོངས་ཞིབ་འཇུག》1998ལོའི་དུས་དེབ་གསུམ་པར་བཀོད།)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1