གཙོ་ངོས།>> གླིང་སྒྲུང་།>>དཔྱད་རྩོམ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༠༨ཉིན།

༄༅།། གླིང་སྒྲུང་གཅེས་བཏུས་ཀྱི་སྒྲུང་ཁག་ལྔའི་ནང་དོན་དང་ལེགས་སྒྲིག་གི་མིང་བརྡ་གཙོ་བོའི་སྐོར་གྱི་འགྲེལ་བཤད།

གཅོད་པ་དོན་གྲུབ།

           ད་ལྟ་གླིང་སྒྲུང་གཅེས་བཏུས་དེབ་བཞི་བཅུ་ལེགས་སྒྲིག་བྱེད་རྒྱུ་ནི།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཁང་དང་རྒྱལ་ཡོངས་གེ་སར་སྒྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གལ་འགངས་ཆེ་བ་ཞིག་ཡིན་པར་མ་ཟད།   དེང་རབས་བོད་གངས་ཅན་གྱི་ཕུལ་བྱུང་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་དར་སྤེལ་བགྱིད་པའི་ལས་དོན་བླ་ན་མ་མཆིས་པ་ཞིག་ཀྱང་ཡིན་ནོ།  །རི་རབ་ལྟར་ལྗིད་ཆེ་ཞིང་རྒྱ་མཚོ་ལྟར་གཏིང་ཟབ་པའི་ལས་དོན་འདི་བདེ་བླག་ངང་འགྲུབ་པའི་སླད་དུ། ངེད་ཅག་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གིས་མཁས་དབང་འཇམ་དཔལ་རྒྱ་མཚོ་ལགས་ཀྱི་ལས་བཅོལ་ལྟར་དུ།  ཉེ་བའི་ལོ་འགའི་རིང་བློ་སེམས་རྩེ་གཅིག་དང་འབད་འབུངས་ལྷོད་མེད་ཀྱིས་ཐོག་མར་སྒྲུང་དཔེ་སྣ་ཚོགས་ཀྱི་དཔྱད་གཞིའི་ཡིག་ཆ་འཚོལ་སྡུད་བགྱིས་ཏེ་ལེགས་ཆ་ཐམས་ཅད་བསྡུ་ཅི་ཐུབ་བྱས་ཤིང་ཞན་ཆ་ཡོད་དོ་ཅོག་བཅོས་སྒྲིག་ལེགས་པོ་བྱེད་པའི་མཚུངས་སུ།  གླིང་སྒྲུང་《ཐོག་གླིང་གཡུལ་འགྱེད་》དང་《བྱེ་རིའི་བྱུར་རྫོང་།》《ཨ་གྲགས་གཟི་རྫོང་།》《ཁ་ཆེ་གཡུ་རྫོང་།》《ཙ་རི་སྨན་རྫོང་》བཅས་སྒྲུང་ཁག་ལྔའི་མིང་བརྡ་གོ་དཀའ་བའི་སྐོར་ལ་འགྲེལ་བཤད་བརྒྱབ་ཡོད་པ་ལགས།  སྤྱིར་སྒྲུང་གི་མིང་བརྡའི་ནང་བརྡ་རྙིང་དང་ཡུལ་སྐད།  ཡང་ན་མི་རིགས་གཞན་གྱི་མིང་བརྡ་གཡར་མ་སོགས་གོ་དཀའ་བ་མང་པོ་མཆིས་ཀྱང་། ངེད་ཅག་གིས་ཐབས་བརྒྱ་ཇུས་སྟོང་གིས་གནའ་དཔེ་དང་སྒྲུང་རྙིང་མིང་མཛོད་བཅས་གང་མང་བཀླགས་པ་དང་།  སྒྲུང་པ་རྒན་པ་དང་མདོ་དབུས་ཁམས་གསུམ་གྱི་གྲོང་པ་རྒན་པ་བཅས་ཀྱི་ངག་སྒྲོས་ལས་རྩད་གཅོད་གང་ལེགས་བགྱིས་པ་བརྒྱུད་ནས།   མིང་བརྡ་དཀའ་མོ་སྐོར་ཞིག་གི་གོ་དོན་ལ་ཅུང་ཟད་ཞིབ་མོས་འགྲེལ་བ་བརྒྱབ་ཡོད་མོད། འོན་ཏེ་ད་དུང་མི་འགྲིག་པ་དང་མི་རིགས་པ་ཡོད་སྲིད་པས།   ཁྱེད་རྣམ་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པའི་མཁས་པ་རྣམས་ཀྱིས་དགོངས་འཆར་གནང་བར་མཛོད།  གཤམ་དུ་སྒྲུང་ཁག་ལྔའི་ནང་དོན་དང་ལེགས་སྒྲིག་གི་མིང་བརྡ་གཙོ་བོའི་འགྲེལ་བཤད་སྐོར་བརྗོད་པར་བྱ་སྟེ།       
དང་པོ། 《ཐོག་གླིང་གཡུལ་འགྱེད།》
           གླིང་སྒྲུང་གཅེས་བཏུས་《ཐོག་གླིང་གཡུལ་འགྱེད་》ཅེས་པའི་ནང་བསྟན་པའི་བརྗོད་བྱ་གཙོ་བོ་ནི།     གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གླིང་ལ་མ་འཁྲུངས་པ་དང་།  རྒྱ་ཚ་ཞལ་དཀར་སྐུ་ན་ཕྲ་བའི་དུས་དེར་ཐོག་རུ་འབུམ་ཐུབ་ཀྱིས་གླིང་ལ་དམག་དྲངས་ནས་གླིང་གི་དམག་དཔོན་ཆེ་གྲས་ལྔ་བཀུམས་ཤིང་རྟ་ལྔ་བརྒྱ་ཇག་ལ་དེད་པ་སོགས་ཀྱིས་གླིང་ལ་ཕམ་ཉེས་ཡ་ང་བ་བྱུང་། དེའི་རྗེས་སུ་ཐོག་རུ་ནམ་མཁའ་འབུམ་ཐུབ་ཀྱི་བུ་ཐོག་རུ་ནམ་མཁའ་རྒྱལ་མཚན་བྱ་བ་རྒྱལ་སྲིད་ལ་འཁོད་ཅིང་། རྒྱལ་པོ་དེ་ནི་མི་རྒྱུ་ཧམ་པས་ཟ་བ། དགེ་བའི་ཆོས་ལ་སྡང་ཞིང་འཚེ་བ། མི་དགེ་སྡིག་པའི་ལས་ལ་རྔམ་ཞིང་རོལ་བར་འདུག་པ་ཞིག་གོ  །དེར་ཡང་ཉིན་ཞིག་ཐོག་རུ་ནམ་མཁའ་རྒྱལ་མཚན་དེ་སེམས་གདོན་གྱིས་བཟུང་བ་ལྟར་རླུང་རྐྱལ་ཞིག་ལ་བཅིབས་ནས་སྟོད་རྒྱ་གར་དང་སྨད་རྒྱ་ནག   འཛམ་གླིང་ཡུལ་གྲུ་ཀུན་ལ་སྐོར་བ་བྱེད་པ་ན།   ས་ཆ་དེ་དག་ལག་མཐིལ་གྱི་རི་མོ་ཇི་བཞིན་གསལ་བོར་མཐོང་ཞིང་།   ལྷག་པར་དུ་ཤར་ཁྲ་མོ་གླིང་གི་ས་ཆ་དེ་ཉིད་ཀུན་ལས་ཁྱད་དུ་འཕགས་ཤིང་མཛེས་སྡུག་ལྡན་པ་སྟེ། སྤང་ཁ་མར་ཁུའི་གཞོང་བ། རི་རྩེ་འོ་ཞོའི་ཁ་སྤྲིས། ཡུལ་གྲུ་མཚོ་སྐྱེས་གཞོན་ནུས་མཐའ་སྐོར་བ་དེ་མཐོང་མ་ཐག་ཟ་འདོད་ཀྱི་འགྲམ་ཆུ་ལྡང་།  འཕྲོག་འདོད་ཀྱི་དཔུང་བ་རྒྱས་ཏེ།  ཐོག་དམག་གླིང་ལ་འདྲེན་དགོས་པའི་བཀའ་ཕབ་བོ། །  
           དེར་ཡང་དཀར་པོ་ཆོས་ལ་དགའ་བའི་བློན་རྒན་ཀུན་གྲགས་དོན་ཡོད་སོགས་ཀྱིས་བཤོལ་ཇི་ལྟར་བཏབ་ཀྱང་།  སྔོན་ལས་ཀྱི་དབང་གིས་དེད་པས་ཐོག་རུ་ནམ་མཁའ་རྒྱལ་མཚན་དེ་གླིང་དཀར་བརླགས་ཏེ་སྙན་གྲགས་སྤེལ་བར་རྔམ་པར་བརྟེན། དེ་མ་ཐག་ཐོག་གླིང་གཉིས་ཀྱི་བར་མི་ཤི་རྟ་འགྱེལ་གྱི་གཡུལ་འཁྲུག་ཆེན་པོ་བྱུང་བ་ན།   སེང་ཆེན་ནོར་བུ་དགྲ་འདུལ་ཁོང་གིས་དགྲ་ལ་ཤ་འཁོན་གླན་པ་དང་གཟི་རྫོང་བོད་ལ་འདྲེན་པའི་སླད་དུ་དངོས་དང་རྫུ་འཕྲུལ་ཅི་རིགས་ཀྱི་སྒོ་ནས་ཐོག་རུའི་བླ་གནས་སྒོ་སྲུང་རེ་རེ་བཞིན་བཏུལ་ཞིང་། ཐོག་རུ་རྒྱལ་པོ་དེ་སྟ་གྲི་ཧར་གཤགས་ཀྱིས་ལྔ་བའི་ལམ་དུ་བརྫངས། སེང་སྟག་ཨ་དོམ་དང་སེར་རྒོད་འབུམ་ཐུབ་གཉིས་སྔར་ཕ་བུ་ཡིན་པ་ངོ་ཤེས་ཏེ་ལྷན་འཛོམས་བྱུང་།  རྗེས་སུ་ཐོག་རུའི་སེར་སྐྱ་མང་ཚོགས་ཀྱིས་མགོ་འབུལ་བྱས་ཤིང་།  སེར་རྒོད་འབུམ་ཐུབ་ཐོག་རུའི་དཔོན་པོར་བསྐོས་ནས་ཐོག་རུའི་ཡུལ་ཁམས་བདེ་ལ་བཀོད་པའི་ལོ་རྒྱུས་ཡིན་ནོ། །   
           《ཐོག་གླིང་གཡུལ་འགྱེད་》ཅེས་པའི་སྒྲུང་དཔེ་འདི་ནི་མཚོ་སྔོན་གྱི་སྒྲུང་བ་སྐད་གྲགས་ཅན་ཚེ་རིང་དབང་འདུས་ཀྱིས་བཤད་པ་ཡིན་ལ། སྒྲུང་པ་ཚེ་རིང་དབང་འདུས་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་གདང་ལ་ཞང་གི་མི་ཡིན་ཞིང་། ཁོས་ཡི་གེ་གཅིག་ཀྱང་མི་ཤེས། ཁོ་རང་ཆུང་དུས་ནས་ཕ་མ་གཉིས་དང་བུ་སྤུན་སོགས་འདས་རྐྱེན་ས་ཕྱོགས་མང་པོར་འགྲིམས་ནས་སློང་མོ་པའི་འཚོ་བ་རོལ། 1987ལོར་ཁོ་རང་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་ཚོགས་པའི་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྲུང་བཤད་ཚོགས་འདུ་ཐེངས་དང་པོའི་སྟེང་དུ་ཞུགས་ཤིང་།  སྒྲུང་བཤད་འགྲན་སྡུར་གྱི་བ་དགའ་ཨང་དང་པོ་ཐོབ།  སྒྲུང་པའི་མཚན་སྙན་ཡང་སྐབས་དེ་ནས་བཟུང་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཅིང་།  ལོ་དེར་ཁོང་ཉིད་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དུ་གདན་འདྲེན་ཞུས་ནས་སྒྲུང་བཤད་དུ་བཅུག   ཕྱིས་སུ་རྒྱལ་ས་པེ་ཅིན་དང་སི་ཁྲོན་བཅས་སུ་བསྡུས་པའི་རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་སྟེང་ཞུགས་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཆུ་བོ་བརྡོལ་བ་བཞིན་བཤད་པས།   རྒྱལ་ནང་གི་ཆེད་མཁས་པ་དག་གིས་མགྲིན་གཅིག་ཏུ་རྒྱལ་ཁབ་ཀྱི་གཅེས་ནོར་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།   ཁོང་ཉིད་ཀྱིས་གླིང་སྒྲུང་མི་འདྲ་བ་ཆིག་བརྒྱ་ཉི་ཤུ་ལྷག་བཤད་ཤེས་པ་དང་།    ད་ལྟ་ཁོང་གིས་སྒྲར་ཕབ་ཟིན་པའི་གེ་སར་སྒྲུང་དཔེར་《ཨ་སྟག་ཤ་རྫོང་》དང་། 《ཐོག་གླིང་གཡུལ་འགྱེད།》《དགྲ་ལྷའི་ཁྲབ་རྫོང་།》《ཕྱི་གླིང་གཡུལ་འགྱེད།》《ལྷོ་བདུད་ཆམ་འབེབས།》《མེ་མོ་ཤེལ་རྫོང་།》《སེང་སྟག་དུང་དཀར་སྟག་རྫོང་།》《གནམ་ཐེའུ་གཏེར་རྫོང་།》《སྒ་སྡེ་ཤེས་རབ་ཁྲོ་རྫོང་།》《བཀྲ་ཤིས་སྨོན་ལམ་ལྔ་》སོགས་ཡོད་ཅིང་།  སྒྲ་ཐག་བསྡོམས་པས་བརྒྱད་བརྒྱ་ལྷག་ཡོད་པ་ཚང་མ་སྒྲུང་གཞན་དང་བསྐྱར་ཟློས་སུ་མེད་པ་ཞིག་གོ། སྒྲུང་དཔེ་དེ་དག་ལས་《ཐོག་གླིང་གཡུལ་འགྱེད་》དང་། 《ཨ་སྟག་ཤ་རྫོང་》སོགས་སྒྲུང་དཔེ་དྲུག་ཟིན་བྲིས་སུ་བཀོད་དེ་དག་སྒྲིག་བྱས་ཟིན། གླིང་སྒྲུང་《ཐོག་གླིང་གཡུལ་འགྱེད་》ནི་མི་རབས་བཞི་ལ་སྒྲུང་དཔེ་ལེགས་སྒྲིག་གནང་མྱོང་བའི་ཁྱིམ་རྒྱུད་ཀྱི་རྒན་པོ་བུ་ཐུབ་དགའ་ཕ་བུ་གཉིས་ཀྱིས་དཀའ་ཚེགས་འོ་བརྒྱལ་ལ་མ་འཛེམས་པར་དག་སྒྲིག་བྱས་ཤིང་།  དག་སྒྲིག་གྲུབ་རྗེས་ང་ཚོས་ཟི་ལིང་ས་ཁུལ་གྱི་གེ་སར་སྒྲུང་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་སྐོར་ཞིག་གདན་འདྲེན་ཞུས་ཏེ་ཞུ་དག་གནང་དུ་བཅུག་པ་དང་།   མཁས་པ་རྣམ་པས་ནན་ཏན་གྱིས་གཟིགས་རྗེས་ཚང་མས་གཅིག་གྱུར་ངང་སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་བཤད་པའི་སྒྲུང་ནི་བརྗོད་བྱ་རྒྱ་ཆེ་ཞིང་གོ་རིམ་ལྡན་ལ།  བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་པའི་ནུས་པ་ཐོན་ཐུབ་པ་དང་།  རྗོད་བྱེད་ཀྱི་ཚིག་གི་ཆ་ནས་ཀྱང་སྒྲུང་རྙིང་གི་ཁྱད་ཆོས་དང་ལྡན་ལ།  ལྷག་པར་དུ་ཚིགས་བཅད་ཀྱི་སྐོར་ལ་གསོན་ཉམས་ལྡན་ཞིང་ཁར་བདེ་ལ་རྣར་སྙན་པ་ཞིག་རེད་ཅེས་གདེང་འཇོག་ཚད་མཐོན་པོ་གནང་།  སྒྲུང་དཔེ་དེ1991ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བགྱིས་པས་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཐོབ།  ད་རེབ་ཡང་གླིང་སྒྲུང་གཅེས་བཏུས་ཀྱི་པར་སྐྲུན་འཆར་གཞིའི་ནང་དུ་བཀོད་དེ་པར་སྐྲུན་གྱི་སྐལ་བ་ལྡན་པ་ལགས་སོ།  །  སྒྲུང་དཔེ་《ཐོག་གླིང་གཡུལ་འགྱེད་》ལ་མཚོན་ན།  སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་བཤད་ཤེས་པའི་གླིང་སྒྲུང་བརྒྱ་ལྷག་ལས་ཐེངས་དང་པོར་པར་སྐྲུན་བགྱིས་པའི་སྒྲུང་དཔེ་ཡིན་པར་བརྟེན།    ངེད་ཅག་ཐམས་ཅད་ཀྱིས་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུ་བ་དང་མཉམ་དུ། སྒྲུང་དཔེ་འདི་དག་སྒྲིག་བྱེད་མཁན་དང་། འདིར་རྒྱབ་རོགས་ཐུགས་ཁུར་གནང་མཁན་གྱི་རྩོམ་སྒྲིག་འགན་འཁུར་པ་དང་བློ་མཐུན་རྣམས་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།  
           ང་ཚོས་གླིང་སྒྲུང་གཅེས་བཏུས་ལེགས་སྒྲིག་གི་རྩ་དོན་དང་བླང་བྱ་ལྟར། གླིང་སྒྲུང་《ཐོག་གླིང་གཡུལ་འགྱེད་》ཀྱི་ལེའུ་རེའི་ཚིག་རྐང་རིང་ཐུང་དོ་མི་མཉམ་པ་རྣམས་ཀྱང་བདུན་ཚིག་ཅན་དུ་བཅོས་པ་དང་། མི་མིང་ས་མིང་མཚོན་མིང་སོགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་བྱས་ཏེ།  ཡིག་ནོར་དང་སྦྱོར་བ་མི་བདེ་བ་དག་ལ་འཕྲི་སྣོན་བྱས་ཡོད་ཅིང་།  ཁྱད་པར་ཅན་གྱི་མི་སྣ་དང་ས་མིང་མཚོན་མིང་ཉི་ཤུ་ལྷག་ལ་མཆན་འགྲེལ་ཅུང་རྒྱས་པ་རེའང་བྱས་ཡོད། གླིང་སྒྲུང་སྔོན་མའི་ནང་འདས་སོང་བའི་དཔའ་བོ་རེ་གཉིས་ཡོད་པའི་ཚབ་ཏུ་དཔའ་རྟུལ་གཞན་ཞིག་འཇོག་པའམ་ལེན་པ་བཅས་བྱས་ནས་སྒྲུང་གི་བརྗོད་བྱ་དང་མི་འགལ་བར་བཅོས་ཡོད། དཔེར་ན། འོམ་བུའི་ཨ་ནུ་དཔའ་སེང་དེ་《སྟག་གཟིག་ནོར་རྫོང་》གི་སྐབས་སུ་འདས་རྐྱེན་སྐབས་དེར་གླིང་གི་འདུ་ར་བསྡུས་ནས་འོམ་བུའི་དཔོན་པོར་འཇང་སྲས་གཡུ་ཁྲི་གུང་སྔོན་འཇོག་དགོས་པ་བྱུང་བ་དང་།ཐང་རྩེ་གཡུ་འབྲུག་དེ་《མོན་གླིང་གཡུལ་འགྱེད་》ལས་འདས་རྐྱེན་ཡང་བསྐྱར་གསོན་ན་མི་འགྲིག་པར་བརྟེན་སྣོན་འཕྲི་ཅུང་ཟད་བས་ཡོད་པ་ལྟ་བུའོ། ་《ཐོག་གླིང་གཡུལ་འགྱེད་》ཀྱི་སྒྲུང་དེབ་འདི་སྤུས་ལེགས་ཤིག་ཡོང་ཕྱིར་ང་ཚོས་གླིང་སྒྲུང་གཅེས་བཏུས་དེབ་བཞི་ལ་ཟུར་ལྟ་དང་གླིང་སྒྲུང་ལ་ནང་བྱན་ཆུད་པའི་ཆེད་མཁས་པ་དག་ལ་སློབ་སྦྱོང་ནན་མོ་བགྱིས་ཏེ་རང་ནུས་གང་ཡོད་ཀྱིས་བསྒྲིགས་པ་ཞིག་ལགས་སོ། །  
གཉིས་པ། 《ཐོག་གླིང་གཡུལ་འགྱེད་》ཀྱི་མིང་བརྡ་གཙོ་བོའི་འགྲེལ་བཤད།
           1.ཐོག་རུ་རྒྱལ་པོ་ནི།  ཐོག་རུ་ཡུལ་གྱི་རྒྱལ་པོ་ཡིན་ཞིང་མིང་གཞན་ལ་ནམ་མཁའ་རྒྱལ་མཚན་ཟེར།   ཁོ་ནི་ཐོག་རུ་འབུམ་ཐུབ་ཀྱི་བུ་ཡིན་ཏེ་ཐོག་རུ་ཞེས་པ་ས་མིང་མི་ལ་འབྱོར་བ་ཡིན།  ཕོ་བྲང་གི་མིང་ལ་དུང་དཀར་གནམ་རྫོང་ཕྱུག་མོ་ཟེར།  བཙུན་མོ་སོག་བཟའ་དར་འཇམ་ལྷ་མོ་ལ་ཐོག་སྲས་སྟག་མོ་སྟོང་སྡིག་སྐྱེས། ཐོག་རུ་རྒྱལ་པོའི་ཆིབས་པའི་མིང་ལ་བདུད་རྟ་སྟག་མོ་ཁེར་ཉལ་དང་རལ་གྲིའི་མིང་ལ་བདུད་གྲི་མུན་པ་རེག་གཅོད་ཟེར།  བཤད་པ་ལྟར་ན་ཁོ་རང་ཨ་ཆེན་ཧོར་གྱི་རྒྱལ་པོ་གུར་ནག་གི་སྐྱེ་བ་ཡིན་ཟེར་ཞིང་།  འཆི་ཁར་ལྟ་བ་ལོག་པས་ཐོག་རུའི་ཡུལ་དུ་བདུད་ཀྱི་རྒྱལ་པོ་ནམ་མཁའ་རྒྱལ་མཚན་ཞེས་པའི་ལུས་བླངས།  《ཐོག་གླིང་གཡུལ་འགྱེད་》ཀྱི་སྐབས་སུ་སེང་ཆེན་རྒྱལ་པོས་སྟ་གྲི་ཧར་གཤགས་ཀྱིས་ལྔ་བའི་ལམ་དུ་བརྫངས་སོ། །  
           2.རླུང་རྐྱལ་ནི།  སྒྲུང་པ་གྲགས་ཅན་ཚེ་རིང་དབང་འདུས་ལགས་ཀྱིས་བཤད་པ་ལྟར་ན་ཐོག་རུ་རྒྱལ་པོ་དེས་མི་ལོ་དགུ་ལ་ལྷ་ཆེན་དབང་ཕྱུག་ལ་དམར་མཆོད་དང་བསང་མཆོད་བྱས་པས་ལྷ་ཆེན་ཐུགས་དགྱེས་ནས་རླུང་ལྷ་བདུད་ཀྱི་རྐྱལ་བ་ཞེས་པའི་དངོས་གྲུབ་གནང་།  རླུང་ལྷ་བདུད་ཀྱི་རྐྱལ་བ་དེ་གནམ་ཐེའུ་ར་གྭ་ཚོ་གསུམ་གྱིས་ཡར་གནམ་ལ་འཕུར་དུ་འཇུག་པ་དང་ས་ཐེའུ་དུ་བ་མགོ་དགུ་ཡིས་མར་ས་ལ་འབབ་ཏུ་འཇུག་པར་བཤད་དོ། །  
           3.དུང་དཀར་གནམ་རྫོང་ཕྱུག་མོ་ནི། ཐོག་རུ་ནམ་མཁའ་རྒྱལ་མཚན་གྱི་ཕོ་བྲང་ཡིན་ཞིང་། ཕོ་བྲང་དེ་ནི་ནུབ་རྫོང་དང་བྱང་རྫོང་། བར་རྫོང་གསུམ་གྱིས་གྲུབ་ལ། ནུབ་རྫོང་ལ་སྟོད་རྫོང་སྨུག་པོ། བྱང་རྫོང་ལ་རྡོ་རྗེ་རྩེ་དགུ། བར་རྫོང་ལ་དུང་རྫོང་འབུམ་ཐུབ་བཅས་སོ། །  
           4.ཐོག་བློན་གྲགས་ཆེན་བཞི་ནི། སྟོབས་ཆེན་ཁྲག་མིག དུག་ནག་རྩལ་ཆེན། སེར་རྒོད་འབུམ་ཐུབ། ལྕགས་ཁྲི་བཙན་པོ་བཅས་སོ། །  
           5.མི་ཆུང་ནི།  སྔར་ཨ་ཆེན་ཧོར་གྱི་བློན་པོ་ཡིན།  གླིང་རྗེ་གེ་སར་རྒྱལ་པོས་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་པ་དང་ཧོར་དམག་ཆམ་ལ་ཕབ་རྗེས་ཁོ་རང་སེང་ཆེན་རྒྱལ་པོའི་གསོལ་དཔོན་དུ་བསྐོས།  མཚན་ཧྲིལ་བོར་བོད་ཕྲུག་མི་ཆུང་ཁ་བདེའམ་གླིང་ཕྲུག་མི་ཆུང་ཁ་བདེ་ཟེར།  གཏམ་བཤད་དང་གླུ་ལེན་སོགས་ལ་ཤིན་ཏུ་མཁས་པར་གྲགས།  
           6.བླ་མཚོ་ཁྲི་ཤོར་རྒྱལ་མོ་ནི།   མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་ཅིང་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན།   མིང་གཞན་ལ་མཚོ་སྔོན་པོ་ཟེར།  མཚོ་ངོས་ལས་སྨིས་སུམ་སྟོང་ཆིག་བརྒྱའི་སར་ཡོད་ལ་མཐའ་སྐོར་དུ་བློན་པོ་གསེར་ཆེན་དང་ཨ་མ་ཟོར་དགུ། བྲག་དཀར་ཐེམ་ཆེན། མི་རེ་རྫ་རྒན་བཅས་ས་འཛིན་གྲགས་ཅན་མང་པོས་བསྐོར་ཡོད།  ཡུལ་ཁམས་མཛེས་ཤིང་ལྟ་ན་སྡུག་ལ་རི་ལུང་ཀུན་ཏུ་རྟ་ནོར་ལུག་གསུམ་གྱིས་ཁེངས་ཤིང་ས་གཞི་ཆེན་པོའི་རྒྱན་དུ་གྱུར་འདུག   འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ལྗོངས་རྒྱུ་ལྟ་སྐོར་བྱེད་སའི་གནས་མཆོག་ཁྱད་པར་ཅན་ཡིན་ལ། གླིང་ལྔ་མཚོ་བཞིར་སྙན་པའི་གྲགས་པ་ལྡིར་བའི་བྱ་གླིང་ཡང་གནས་འདི་རུ་ཡོད་པས།  ལོ་རེར་མགྲོན་པོ་ཁྲི་སྟོང་མང་པོ་ལྟ་སྐོར་ལ་ཕེབས་ཀྱིན་ཡོད་དོ། །  
           7.ལྡ་ག་ནི། ཟན་རིལ་ལམ་ཟན་གོང་ལ་ཟེར་རོ། །  
           8.བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ་ནི།  བདུད་ཡབ་རྗེ་ནག་པོའི་སྲས་མོ།  བདུད་ཀླུ་བཙན་རྒྱལ་པོའི་སྲིང་མོ། གླིང་གེ་སར་རྒྱལ་པོའི་ཇ་མ། བྱང་སྒོ་འགོག་པའི་གྲུབ་ཆེན་ཡིན་ལ།  རྟ་ཕོའི་མིང་ལ་རག་དཀར་དྲེའུ་གཟུགས་དང་རལ་གྲིའི་མིང་ལ་འབྲོང་རྭ་དགུ་ཆོད་ཟེར།  གླིང་གེ་སར་རྒྱལ་པོས་བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་མ་སྤྲད་གོང་གེ་སར་མཆོག་ལ་རོགས་འདེགས་ཁ་ཞེ་གཉིས་མེད་དུ་བགྱིས་པ་དང་། བདུད་རྒན་ཆམ་ལ་ཕབ་རྗེས་གེ་སར་རྒྱལ་པོས་ཨ་སྟག་ཀླུ་མོ་ནག་པོ་བདུད་ཀྱི་རྒྱལ་མོར་བསྐོས་སོ། །  
           9.གྲོབས་ནི།  དངོས་པོ་གང་རུང་ཞིག་བགོ་བྱ་བརྒྱབ་སྟེ་སྐལ་བ་ཐོབ་པ་ལ་གོ་དགོས་སོ། །   
           10.འཇང་སྲས་གཡུ་ཁྲི་གུང་སྔོན་ནི། འཇང་ས་དམ་རྒྱལ་པོའི་སྲས་ཆེ་བ་ཡིན་ལ། ཁོང་གི་ཨ་མ་མ་ཧཱ་ཙི་ནའི་ཡུལ་གྱི་ཀོང་ཇོ་ཞིག་ཡིན་པར་གླེང་།《སྟག་གཟིག་ནོར་རྫོང་》ལྟར་ན་འོམ་བུའི་ཨ་ནུ་དཔའ་སེང་དེ་སྟག་གཟིག་རྒྱལ་པོའི་སྲས་ཁྲབ་རྒོད་ཟླ་བས་བཀྲོངས་པས།   གླིང་གི་འདུ་ར་བསྡུས་ནས་འཇང་སྲས་གཡུ་ཁྲི་གུང་སྔོན་འོམ་བུའི་དཔོན་པོར་བསྐོས་ཤིང་གཡུལ་འགྱེད་གང་མང་ཞིག་གི་ཁྲོད་བྱས་རྗེས་མི་དམན་པ་བཞག་ཡོད་དོ། །   
           11.ན་མོ་ནི། ན་ཆུང་མ་དང་བུད་མེད་སྤྱིའི་མིང་ངོ་། །  
           12.ཆོས་སྐྱོང་ནི།  བསྟན་པ་ཚུལ་བཞིན་སྐྱོང་བར་མཛད་པའི་དམ་ཚིག་ལ་གནས་པའི་སྲུང་མར་ཟེར་བ་ཡིན་ནོ། །  
           13.ཀུན་གྲགས་དོན་ཡོད་ནི།  ཐོག་རུའི་རྒྱལ་རབས་གཉིས་ཀྱི་བློན་པོ་ཞིག་ཡིན་ཞིང་། ཐོག་གླིང་གཡུལ་འཁྲུག་སྐབས་སུ་ཁོ་ནི་བློ་སེམས་གླིང་ལ་དཀར་བས་ཐོག་རུ་རྒྱལ་པོ་ཕམ་པར་བཟོ་བའི་ཐད་ལ་རོགས་འདེགས་གང་ལེགས་བགྱིས།  ཕྱིས་སུ་ཁོ་རང་གེ་སར་རྒྱལ་པོའི་ཆོས་བློན་དུ་གྱུར་ཏོ། །   
           14.བྱ་རྟ་རླུང་གཤོག་ནི།   དགྲ་ལྷ་རྩེ་རྒྱལ་གྱི་ཆིབས་པ་ཡིན།  མིང་གཞན་ལ་ཁྱུང་གཤོག་སྔོན་མོ་ཟེར་ཞིང་སྔར་མོན་གླིང་འཁྲུག་སྐབས་དགྲ་ལྷ་རྩེ་རྒྱལ་གྱི་ཆིབས་པ་རྒྱ་བྱ་སོག་དཀར་དེ་གཡུལ་འཁྲུག་ནང་དུ་བསད་པས།  གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་སྟག་གཟིག་ཡུལ་དུ་ཕྱིན་ཏེ་སྟག་གཟིག་རྒྱལ་པོའི་ཆིབས་པ་ཁྱུང་གཤོག་སྔོན་མོ། རྣ་རྩེ་ན་ཁྱུང་གི་ཐུལ་ཕྲན་ཡོད་པ། བྱ་མཁའ་ལྡིང་གི་སྒོ་ང་ལས་བྱུང་བ་རྨིག་བཞིར་རླུང་གི་སྤུ་གྲི་ལྡན་པ་ཅན་དེ་བརྐུས་ནས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་ཕུལ།    རྗེས་སུ་སྟག་གླིང་གཉིས་ཀྱི་བོར་མི་ཤི་རྟ་འགྱེལ་གྱི་གཡུལ་འཁྲུག་ཆེན་པོ་བྱུང་ངོ་། །   
           15.དགྲ་ལྷ་ནི། ཕ་རོལ་གྱི་དགྲ་ལས་རྣམ་པར་རྒྱལ་བར་འཇུག་པའི་དགྲ་འཐབ་ཀྱི་ལྷ་དེ་ལ་ཟེར་རོ། །  
           16 .སྟ་ཆེན་བྲག་རི་ཧར་གཤགས་ནི།   འཛམ་གླིང་གེ་སར་རྒྱལ་པོའི་དྲག་ཆས་ཤིག་ཡིན་ཞིང་།  རྨ་ཤེལ་བྲག་གི་གཏེར་ལས་བཏོན་པ་དང་དགྲ་ལྷའི་གོ་མཚོན་སྣ་དགུའི་གྲས་སུ་གཏོགས།   དེར་མཚོན་ཆ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཡོད་པ་ནི《ལྕགས་མོའི་འབྲི་རྫོང་》ལས།  མཐིང་མདོག་རྡོ་ཞུན་བཅུད་ལས་བཏོན། །སྔོན་པོ་ནམ་མཁའི་རང་མདངས་ཅན། །ལྕགས་འདི་གོར་མ་རྡོ་ལས་བྱུང་། །ངར་ལྕགས་ཕ་བུ་དཔའ་རྒོད་འཛོམས། །མཉེན་ལྕགས་མ་སྲུ་སྤྱང་གྲུང་ལྡན། །ལྕགས་སྣ་དགུ་ཡི་ཡང་ཞུན་བསགས། །སྟ་མགོ་ཟླ་བ་ཚེ་འདྲར་བརྡུངས། །སྟ་རྟིང་འཇའ་ཚོན་བཀྲ་བར་བརྡུངས། །དངུལ་ཆུས་གཡུང་དྲུང་རི་མོ་བྲིས། །སྟ་ཡུ་སེང་ལྡེང་སྡོང་བོ་བྱས། །ཞེས་བྲིས་ཡོད་པ་ལྟར་དང་ཐོག་རུ་ནམ་མཁའ་རྒྱལ་མཚན་ཆམ་ལ་ཕབ་བྱེད་ཀྱི་ལག་ཆའང་སྟ་ཆེན་བྲག་རི་ཧར་གཤགས་འདི་ཡིན་ནོ། །  
           17.སྦ་ལྕག་བསམ་པའི་དོན་གྲུབ་ནི།   དགྲ་ལྷའི་གོ་མཚོན་སྣ་དགུའི་གྲས་ཡིན་ཞིང་། 《རྟ་རྒྱུག་》ལས། ལྕག་རྒྱུན་དགུང་ལ་ཕྱར་བའི་ཚེ། །གྱི་ལིང་འདོ་བའི་བང་ཁ་ཕྱེ། །ངོ་མཚར་སྤུ་གྲིའི་གསང་ལམ་འབྱེད། །སྡང་དགྲར་བྲོས་ལམ་སྟོང་བར་བྱེད། །ལྕག་རྒྱུན་ཐེངས་གསུམ་བྲབས་པའི་ཚེ། །འདོ་བའི་བང་ཁ་རླུང་ལ་འགྲན། །རྒྱུག་ཐག་རྟིང་མ་རང་འཁོར་དང་། །རྟ་རྒྱན་གཡང་གི་བདག་དོན་འགྲུབ། །ལྕག་རྒྱུན་ཤར་ལ་གཡུགས་པའི་ཚེ། །རྡོ་རྗེ་སེམས་དཔའི་ལྷ་ཚོགས་འབུམ།  །བྱིན་རླབས་སྤྲིན་ཕུང་འཁྲིགས་པ་བཞིན།  །ཞི་བའི་འཕྲིན་ལས་བགོ་སྐལ་ཐོབ། །ལྕག་རྒྱུན་ལྷོ་རུ་གཡུགས་པའི་ཚེ། །རིན་ཆེན་འབྱུང་ལྡན་འཁོར་དང་བཅས། །དངོས་གྲུབ་ཆར་རྒྱུན་ཡ་ལ་ལ། །རྒྱས་པའི་འཕྲིན་ལས་བགོ་སྐལ་ཐོབ། །ལྕག་རྒྱུན་ནུབ་ཏུ་གཡུགས་པའི་ཚེ།  །སྣང་བ་མཐའ་ཡས་སྟོན་འཁོར་བཅས།  །ཐུགས་རྗེའི་གློག་འོད་ཉམས་པ་མེད།  །དབང་གི་འཕྲིན་ལས་བགོ་སྐལ་ཐོབ།  །ལྕག་རྒྱུན་བྱང་དུ་གཡུགས་པའི་ཚེ།  །དོན་གྲུབ་ཁྲོ་ཚོགས་འཁོར་དང་བཅས།  །འགྲོ་དོན་མྱུར་མགྱོགས་བྱེད་ལ་མཁས། །དྲག་པོའི་འཕྲིན་ལས་བགོ་སྐལ་ཐོབ། །ཅེས་བྲིས་ཡོད་པ་ལྟར་ཡིན་ལ་དེར་རྟ་ལྕག་བསམ་པའི་དོན་གྲུབ་དང་སྦ་ལྕག་བསམ་པའི་དོན་གྲུབ་ཅེས་མིང་གང་བཀོད་ཀྱང་ཆོག་གོ །   
           18.སེར་རྒོད་འབུམ་ཐུབ་ནི།    ཐོག་རུ་ཡུལ་གྱི་བློན་པོ་གྲགས་ཆེན་བཞིའི་ནང་གི་གཅིག་ཡིན་ཞིང་། རལ་གྲིའི་མིང་ལ་རལ་གྲི་བསམ་ཆོད་འབར་བ་ཟེར།   སྤྱིར་ཁོ་ནི་སེང་སྟག་ཨ་དོམ་གྱི་བུ་བཅོ་ལྔའི་དཔའ་གསར་ཟླ་བའི་རྣམ་ཤེས་ཡིན་པར་བཤད་ལ། དཔའ་བོ་ངར་འཐབ་ཀྱིས་ཤི་བས་མཐོ་རིས་སུ་བགྲོད་མ་ཐུབ་པར་ཐོག་རུའི་ཡུལ་དུ་སེར་རྒོད་འབུམ་ཐུབ་ཅེས་འགྲན་ཟླ་བྲལ་བའི་བློན་པོ་ཞིག་ཏུ་སྐྱེས།   རྗེས་སུ་སེང་སྟག་ཨ་དོམ་དང་ཁོ་གཉིས་ཕ་བུ་ལྷན་འཛོམས་བྱུང་།  ཐོག་རུའི་ཡུལ་ཁམས་བདེ་ལ་བཀོད་རྗེས་ཁོ་རང་ཐོག་རུའི་དཔོན་པོར་བསྐོས་སོ། ། 
           19. ཨམ་ཕྲག་ནི།  ལྭ་བའི་སྟེང་གི་ཁུག་མའི་མིང་ལ་ཟེར་ཞིང་།  སྒྲུང་དཔེའི་ནང་དུ་བོད་ལྭའི་རུམ་ལ་གོ་དགོས་སོ། །  
           20.ན་ག་ནི། ཀླུའམ་ཀླུའི་རྒྱལ་པོའི་མིང་ངོ་། །        
གསུམ་པ། 《བྱེ་རིའི་བྱུར་རྫོང་》
           དེ་ཡང་གླིང་སྒྲུང་གཅེས་བཏུས་《བྱེ་རིའི་བྱུར་རྫོང་》ཞེས་པའི་ནང་བསྟན་པའི་བརྗོད་བྱའི་དོན་གྱི་སྙིང་བོ་ནི།  ཆུ་ཕོ་འབྲུག་གི་གནམ་ལོ་སྟག་ཟླའི་ཡར་ངོ་ཚེས་པ་བཅུའི་ཕྱི་དྲོར།   བྱང་བྱེ་རིའི་སྟག་བཙན་རྒྱལ་པོ་དེར་ཧམ་སེམས་ཀྱི་འདོད་པ་འཕེལ། འཕྲོག་འདོད་ཀྱི་དཔུང་བ་རྒྱས། ཟ་འདོད་ཀྱི་འགྲམ་ཆུ་ལྡང་ཞིང་།   འཇིགས་པའི་ཆས་བཅོ་བརྒྱད་སྤྲས་ནས་གླིང་གི་ཚོང་བ་འཕྲོག་དགོས་པའི་བཀའ་ཕབ་པ་ན། བྱེ་རིའི་བློན་པོ་སེང་ཕྲུག་ཐོག་ལྷ་བཙན་པོ། བྲག་རྫོང་ཁྱུང་ནག་བཙན་པོ།   ཨ་བསེ་གཡུ་རྒྱལ་བཙན་པོ་གསུམ་གྱིས་དམག་སྣ་དྲངས་ཤིང་མ་འགྱངས་པར་གླིང་གི་ཚོང་བ་མང་པོ་ཤི་རྨས་སུ་བཏང་།  ཚོང་རྫས་ཡོད་ཚད་ཧབ་ཐོབ་བྱས་པར།  ཤུལ་ལུས་ཀྱི་ཚོང་བ་རྣམས་ཤི་མ་གསོན་དུ་ཕྱིར་ཁྲ་མོ་གླིང་ལ་འབྱོར་ཏེ།   ཕམ་ཉེས་བྱུང་ལུགས་ཀྱི་གནས་ཚུལ་མཐའ་དག་ཡར་རྒྱལ་པོར་ཞུས།  གླིང་རྗེ་གེ་སར་རྒྱལ་པོས་དེ་མ་ཐག་གླིང་སྟོད་སྨད་བར་གསུམ་ལ་ཆ་དང་བང་ཆེན་མངགས་ནས།  བང་ཆེན་ཁ་བ་འབབ་འབབ།  འཕྲིན་སྐྱེལ་སེར་རྒོད་ལྷུང་ལྷུང་བྱས་པ་དང་མཉམ་དུ།  དང་པོ་སྟོད་གླིང་གསེར་བ་མཆེད་བརྒྱད་ཀྱི་རྟ་དམག་ཧྲག་བསྡུས་ཆིག་འབུམ་ཉིས་ཁྲི་དེ་མི་བཀྲག་གོ་བཀྲག་ཁྱུགས་སེ། རྟ་ངང་བ་ཤ་སྟག   གསེར་ཁྲབ་བྱང་མིག་དགུ་བ། བྱང་ཕོད་རྔ་འཕྲུའི་རྒྱན་ཅན་རུ་དར་སེར་པོ་གྲ་མཚུངས།   འཁོར་གསུམ་དགྲ་དར་འཚུབས་སེ།   མི་ཧྲག་གྲ་མཚུངས་ཤ་སྟག་ཏུ་བྱུང་ངོ་།   །དེའི་གཤམ་དུ་བར་གླིང་འོམ་བུ་ཚོ་དྲུག་གི་རྟ་དམག་ཧྲག་བསྡུས་ཁྲི་དམག་དགུ་ཡི་གྲངས་དང་ལྡན་པ། རྟ་བྲ་བོ་ཤ་སྟག་དངུལ་ཁྲབ་བྱང་མིག་བརྒྱད་པ།  བྱང་ཕོད་རྔ་དཀར་གྱི་རྒྱན་ཅན་རུ་དར་དམར་པོ་གྲ་མཚུངས།  འཇང་སྲས་གཡུ་ཁྲི་གུང་སྔོན་གཙོ་བོར་གྱུར་པའི་དཔའ་རྟུལ་དགུ་དེ་མི་ཧྲག་གོ་བརྗིད་སྤུངས་སེ།   རྟ་ཁམ་ནག་དུང་གི་སྒ་སྲབ་ཅན་རེ་རེའི་གོང་དུ་བུད་ཅིང་།  ཤེལ་གྱི་ཁུ་འཕངས་གཏོར་བ་བཞིན་དུ་རུ་སྣ་དྲངས་ཏེ་གྲ་མཚུངས་སུ་བྱུང་ངོ་། །དེའི་གཤམ་དུ་སྨད་གླིང་རྨུ་སྤྱང་སྡེ་བཞི་དེ། རྟ་དམག་ཧྲག་བསྡུས་ཁྲི་དམག་བདུན་གྱི་གྲངས་དང་ལྡན་ཞིང་།   རྨུ་སྤྱང་རིན་ཆེན་དར་ལུ་གཙོས་དཔའ་རྟུལ་བདུན་དེ་འཁོར་གསུམ་ཚེ་མདུད་སྤུངས་སེ། སྐྱ་ལོ། སྔོ་ལོ། གྲོ་ལོ་གསུམ་གྱིས་ཧྲག་བསྡུས་རྟ་དམག་ལྔ་ཁྲི་གོ་ཁྲབ་གློག་འོད་འཁྱུགས་སེ་བཤར་ནས་བྱུང་།  དེའི་གཤམ་དུ་རིམ་བཞིན་དཀར་རུ་ནག་རུ་བདུད་རུ་དང་འདན་རོང་ཟིལ་གསུམ་བཅས་ལྟ་བ་མིག་གིས་མི་བཟོད་པ། བསམ་པ་བརྗོད་ཀྱིས་མི་ལང་བ།  ཆར་སྨུག་ལངས་པ་བཞིན་དུ་རུ་སྣ་དྲངས་ཏེ་བྱུང་བས་གླིང་ཚོ་བ་དྲུག་གི་རྟ་དམག་ཡོངས་སུ་འདུས་སོ། །   
           དེ་ནས་གླིང་དམག་རྣམས་ཁྲ་ཆེམ་ཆེམ་ནམ་མཁའི་ཉི་ཟླ་ལས་འོད་མདངས་ཆེ་བ།   ས་ཁའི་རྩི་ཏོག་ལས་གྲངས་མང་བ་ཞིག་བྱས་ནས་བྱང་བྱེ་རིའི་ཡུལ་དུ་ཆས་ཤིང་།  ལམ་བར་ནས་ཇག་པ་མི་བདུན་དང་བརྒྱ་དཔོན་མི་ལྔ་སོགས་ཚར་བཅད་ནས་རིམ་བཞིན་ཆུ་བོ་ཏ་ལར་བརྒལ།    དུས་དེར་བྱང་དམག་བྲོས་པ་རྣམས་གནམ་རི་རྫོང་དྲུག་ལ་འབྱོར་ནས།   བྱང་བྱེ་རིའི་སྟག་བཙན་རྒྱལ་པོར་ཞུས་ཤིང་།    སྟག་བཙན་རྒྱལ་པོས་ཆ་དང་བང་ཆེན་མངགས་ནས་དྲག་གྲས་རྣམས་ལམ་སེང་འཛོམས་དགོས་པའི་བཀའ་བབས།    སྲིད་པའི་སྦྲ་ཆེན་གུང་དགུའི་ནང་དུ་གདན་མི་གཅིག་གདན་རབས་བཅོ་བརྒྱད་བཏིངས།   ཟས་མི་གཅིག་ཟས་སྣ་བཅོ་བརྒྱད་བཤམས།  ཐོབ་ཐང་མི་གཅིག་པའི་གང་ཆེ་གང་དྲག་གི་བློན་པོ་རྣམས་གྲལ་ལ་འཁོད་སྐབས།  བྱང་བྱེ་རིའི་སྟག་བཙན་རྒྱལ་པོ་དེས་དམག་བཀོད་འཐེན་པ་དང་མཉམ་དུ་བྱེ་གླིང་གཉིས་ཀྱི་བར་མི་ཤི་རྟ་འགྱེལ་གྱི་གཡུལ་འཁྲུག་ཡ་ང་བ་འབྱུང་རྒྱུ་ཡིན་པས།   གནམ་རི་རྫོང་དྲུག་འཛིན་དགོས་པའི་བཀའ་བབས་ཀྱང་གླིང་ལ་སྔ་མོ་ནས་ལྷའི་ལུང་བསྟན་བྱུང་བས། གནམ་རི་རྫོང་དྲུག་གི་ས་ཚང་མ་གླིང་གིས་བཟུང་།   བྱེ་རིའི་ལས་དམག་མང་པོ་ཆམ་ལ་ཕབ་པ་དེ་སྟེ་ཧར་སོག་ཁ་རྒྱལ་པོས་མཐོང་བས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་མགོ་འབུལ་བྱས།    བྱེ་རིའི་ས་བབ་དང་ལམ་ཡིག་སོགས་ཞིབ་པར་གླིང་ལ་འཆད།   དེའི་སྐབས་སུ་སྟག་བཙན་རྒྱལ་པོའི་ཕུ་བོ་གཡག་རྒྱལ་ཐོད་དཀར་གླིང་ལ་བརྒྱུགས་ནས་གཡུལ་ཉེས་ཆེ་ཙམ་བཟོས་ཡང་མཇུག་མཐར་འཇང་སྲས་གཡུ་ཁྲིས་ཞགས་པ་འཕངས་ནས་གསོན་བཟུང་བྱས།  སྡིག་གཅོད་ཤན་པ་རྒྱལ་པོས་ཀྱང་ཆོས་དབྱིངས་བླ་མ་གསོན་བཟུང་བྱས།  མཇུག་མཐར་སྟག་བཙན་རྒྱལ་པོ་ཕམ་ནས་གྲུ་གུའི་ཡུལ་དུ་བྲོས་པ་གླིང་གི་དཔའ་རྟུལ་རྣམས་ཀྱིས་རྗེས་འདེད་བས།   བྱང་ལུང་ན་ཁྲ་གོང་མ་ཞེས་པ་ནས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་ལྷ་མདའ་ཞིག་འཕངས་པ་ཁོའི་སྙིང་ཁར་ཕོག་ནས་མེ་ཏོག་པདྨ་ཁ་ཕྱེ་བ་ལྟར་ལྔ་བའི་ལམ་དུ་བརྫངས།  གླིང་རྗེ་གེ་སར་རྒྱལ་པོས་བྱེ་རིའི་མངའ་འབངས་དཀར་པོ་ཆོས་ལ་བསྒྱུར་ཅིང་།  བྱུར་རྫོང་ཕབ་སྟེ་བྱུར་འགྱེད་བཏང་བའི་ལོ་རྒྱུས་ཡིན་ནོ། །   
           གླིང་སྒྲུང་གཅེས་བཏུས་《བྱེ་རིའི་བྱུར་རྫོང་》ཞེས་པ་འདི་གཙོ་བོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་《བྱེ་རིའི་བྱུར་རྫོང་》རྨང་གཞིར་བཟུང་ནས་ལེགས་པར་བསྒྲིགས་ཁར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བའི་《ཨ་གྲགས་གཟི་རྫོང་》གི་ལེའུ་དང་པོ་དེ་བླངས་ཏེ་སྒྲུང་དཔེ་འདི་ཉིད་ཀྱི་མགོར་བཞག་ཡོད་ལ།  སྒྲུང་དཔེ་རུ་ཡོད་པའི་ཚིག་སྐྱོན་དང་མིང་སྐྱོན་དག་བཅོས་དང་། མི་མིང་ས་མིང་མཚོན་མིང་སོགས་གཅིག་གྱུར་བྱས་ཡོད།  ལྷག་པར་དུ་ཆོས་ལུགས་ཐ་སྙད་མོད་པོ་ཞིག་ལ་མཆན་འགྲེལ་ཅུང་རྒྱས་པ་རེ་བྱས་ཏེ།   གླིང་སྒྲུང་གཅེས་བཏུས་ཚན་ཆུང་གི་རྩ་དོན་དང་བླང་བྱ་ལྟར་རང་ནུས་ཡོད་ཚད་ཀྱིས་ལེགས་སྒྲིག་བྱས་ཡོད་དོ། །     
བཞི་པ། 《བྱེ་རིའི་བྱུར་རྫོང་》གི་མིང་བརྡ་གཙོ་བོའི་འགྲེལ་བཤད།
           1 .བྱེ་རིའི་སྟག་བཙན་རྒྱལ་པོ་ནི། བྱང་བྱེ་རིའི་ཡུལ་གྱི་རྒྱལ་པོ་ཡིན་ལ་ཕོ་བྲང་གི་མིང་ལ་ལྕགས་མཁར་སྔོན་མོ་དགུ་ཐོག་ཟེར།   ཁོའི་ཕུ་བོ་ནི་གཡག་རྒྱལ་ཐོད་དཀར་དང་ནུ་བོ་འཕྲུ་དམར་རྒྱལ་པོ།   སྲས་པོ་ཐར་ཆེན་གཟི་འོད།  སྲས་མོ་གུང་ནེ་སྨན་གཅིག   བཙུན་མོ་བལ་བཟའ་མཚོ་མོ་བཅས་བློན་པོ་སྟོང་དང་སུམ་བརྒྱ། མངའ་འབངས་སུ་དུད་ཚང་ཉིས་ཁྲི་ཆིག་སྟོང་ལྷག་ཡོད་སྐད་དོ།།  བྱེ་གླིང་གཡུལ་འཁྲུག་སྐབས་སུ་རྒྱལ་པོ་ཕམ་ནས་གྲུ་གུའི་ཡུལ་དུ་འབྲོ་བའི་ལམ་བར་དུ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་མདའ་མོ་འཕངས་ནས་ལྔ་བའི་ལམ་དུ་བརྫངས་སོ། །   
           2.བྱང་གི་ཇག་པ་མི་བདུན་ནི།    གངས་ལུ་དཔའ་རྒྱལ་དང་།  ལྷ་བཟང་ཀླུ་དགའ། བྱང་ཡེ་ཐུབ་རྒོད་པོ། ཁ་དཀར་ལྷ་བུ་བསམ་གྲུབ། བྱང་ཐེ་སེ་བུ་ཡི་ཐོག་སྡིག ཨ་བསེ་གཡུ་རྒྱལ་གུ་རུ། གཙང་ར་ཁྲི་བཙན་པོ་བཅས་ཡིན་ཞིང་།  དེར་བྱང་བྱེ་རིའི་ཇག་པ་མི་བདུན་ཟེར་རོ། །   
           3.བརྒྱ་དཔོན་མི་ལྔ་ནི།  བརྒྱ་དཔོན་གྲགས་པ་ཆོས་གྲུབ།  བརྒྱ་དཔོན་བཙན་བདུད་དཔུང་དམར། བརྒྱ་དཔོན་འབུམ་པ་ཚེ་དབང་། བརྒྱ་དཔོན་སྐར་མའི་ཁྲི་བརྟན། བརྒྱ་དཔོན་ཐེའུ་ཉི་ཁྲི་བཅས་སོ། །  
           4. སྟོན་པ་གཤེན་རབ་ནི།  བོན་ཆོས་སྲོལ་འབྱེད་མཁན་གྱི་སྟོན་པ་སྟེ།  ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ་ཟླ་དང་པོ་དཔྱིད་ཟླ་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་བོ་ཚེས་པ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ།     བོད་མངའ་རིས་ཞང་ཞུང་འོལ་མོ་ལུང་རིང་དུ་སྐུ་བལྟམས། ཁོང་ནི་ཤཱཀྱ་ཐུབ་པ་དང་དུས་མཉམ་ཡིན་ནོ། །  
           5.ཤཱཀྱ་ཐུབ་པ་ནི།  སྤྱི་ལོ་སྔོན་གྱི565ནས་སྤྱི་ལོ་སྔོན་གྱི486བར། ཆུང་དུས་མཚན་དོན་ཀུན་གྲུབ་པར་གྲགས།   ཁོང་ནི་དྲི་མེད་ཤཱཀྱའི་རྒྱལ་རྒྱུད་ལས་ཡབ་ཟས་གཙང་མའི་རིགས་སུ་སྐུ་འཁྲུངས་པ་ཡིན་ལ།   ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས།  ལྕགས་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནའི་ཚལ་དུ་སྐུ་བལྟམས། གཞོན་ནུའི་དུས་ནས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་རང་དབང་དུ་བྱས།  བུ་མོ་ས་འཚོ་མ་སོགས་ཁབ་ཏུ་བཞེས་ཏེ་བཙུན་མོའི་ཚོགས་ཀྱིས་བསྐོར་ཏེ་རྒྱལ་སྲིད་བསྐྱངས།  དགུང་ལོ་ཉེར་དགུའི་ཐོག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཆོད་རྟེན་རྣམ་དག་གི་དྲུང་དུ་དཔལ་རང་བྱུང་གིས་བསྙེན་པར་རྫོགས། ཆུ་བོ་ནི་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སོ་ལྔ་བ་ཤིང་ཕོ་རྟའི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ།  གུང་ལ་མཉམ་པར་བཞག  ཐོ་རངས་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། །   
           དེ་ནས་ཞག་བདུན་ཕྲག་བདུན་གྱི་མཐར་ཆུ་སྟོད་ཟླ་བའི་ཚེས་བཞིར་ཡུལ་ལྦ་ར་ཎ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར།  རིམ་བཞིན་རྒྱལ་པོའི་ཁབ་དང་།  བྱ་རྒོད་ཕུང་བོ་ལ་སོགས་པར་བཀའ་བར་བ་མཚན་ཉིད་མེད་པ་དང་།    བཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། མཐར་དགུང་ལོ་གྱ་གཅིག་པ་ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གནས་རྩྭ་མཆོག་དྲུང་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །  
           6.ལས་མཁན་ནི། གཤིན་རྗེའི་ཕོ་ཉའི་མིང་ངོ་། །  
           7.བར་དོ་ནི།  སྔ་མའི་ལུས་རྟེན་བོར་ནས་ཕྱི་མའི་ལུས་རྟེན་མ་རྙེད་པའི་བར་དེའོ། །  
           8.བག་ཆགས་ནི།  ནང་སེམས་ཀྱི་ཕྱི་ཡུལ་བཟང་ངན་བར་མ་སྣ་ཚོགས་ལ་གོམས་སོང་བའི་ནུས་པ་བག་ལ་ཉལ་རྣམ་ཤེས་ཀྱི་སྟེང་ན་འགོས་ཡོད་པའི་ཆའོ། །   
           9. དམྱལ་ཁམས་བཅོ་བརྒྱད་ནི།   ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བ་བཅས་སོ། །དེ་ཡང་ཚ་དམྱལ་བརྒྱད་ནི། ཡང་སོས་དང་ཐིག་ནག  བསྡུས་འཇོམས།  ངུ་འབོད།  ངུ་འབོད་ཆེན་པོ།  ཚ་བ།  རབ་ཏུ་ཚ་བ། མནར་མེད་བཅས་སོ། །  གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་རྡོལ།  སོ་ཐམ་ཐམ་པ།  ཀྱི་ཧུད་ཟེར།  ཨ་ཆུ་ཟེར།  ཨུཧྥལ་ལྟར་གས་པ།  པདྨ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ་བཅས་སོ། །        
           10.ལྟོ་དཀར་བུ་ནི།  ཉ་མོའི་མིང་ཡིན་ཞིང་ལྟོ་བ་དཀར་པོ་ཡིན་པའི་ཆ་ནས་ལྟོ་དཀར་ཞེས་བཏགས་སོ། །   
           11.འོག་མིན་སྟུག་པོའི་ཞིང་ནི།   གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་སྟེང་མ་ལོངས་སྐུའི་ཞིང་ཁམས་ཤིག  བསམ་གཏན་བཞི་བའི་གནས་རིས་བརྒྱད་པའམ་གོང་མ་སྟེ།  གནས་འདིར་སྐྱེས་པའི་ལྷ་ནི་གཟུགས་ཁམས་ཀྱི་མཐར་ཐུག་ཅིང་། དེའི་ཡན་ཆད་གཟུགས་ཅན་གཞན་མེད་པས་ཀུན་གྱི་གོང་དུ་གྱུར་པའི་ཕྱིར་ན་འོག་མིན་ཞེས་བྱའོ། །  
           12.སྟག་ལྷ་མེ་འབར་ནི། བོན་པོའི་ལྷ་ཞིག་གི་མིང་ངོ་། །  
           13.སྲིད་པ་ནི།   ཡོད་པའི་དོན་ཏེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་བཅུ་བ། འཁོར་བའི་དོན་ཏེ་འཆི་སྲིད། བར་སྲིད། སྐྱེ་སྲིད། སྲིད་པའི་འཁོར་ལོའོ། །  
           14.ཏིང་འཛིན་ནི།    ཡང་དག་པར་འཛིན་པ་སྟེ་བརྟག་པའི་དངོས་པོའམ་དམིགས་པ་ལ་སེམས་རྩེ་གཅིག་སྦྲེང་ཆགས་སུ་འཛིན་པའི་སེམས་བྱུང་ངོ་།།  
           15.བེག་རྩེ་ནི། བཙན་ཞིག་སྟེ་རྟ་མགྲིན་གྱི་བཀའ་སྲུང་ངོ་། །  
           16.གནམ་རུ་ནི། གཞུའི་མིང་གཞན་ཡིན་ནོ། །  
           17.དུང་སྐྱོང་སྟག་ལྷ་ནི།  མོན་ཤིང་ཁྲི་རྒྱལ་པོའི་དམག་དཔོན་དང་ཨ་དྲག་དྲུག་ཅུའི་ཡ་གྱལ་ཏེ།   རྟ་ཕོའི་མིང་ལ་རྟ་འདོ་བ་དུང་བྱ་སྣ་ཁྲ་ཟེར་ཞིང་བཤད་པ་ལྟར་ན་སྔོན་སྟེང་ཕྱོགས་ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱི་ཕོ་བྲང་ནས་ལྷ་བུ་སྣང་གསལ་དྲི་མེད་ཟེར་བ་ཚངས་པའི་སྲས་བཅོ་ལྔའི་གྲལ་ལ་ཡོད་པ་ཞིག་ཡིན་པས།   འཇིག་རྟེན་མི་ཡུལ་དུ་གླིང་སྐྱེས་བུའི་སྐུ་འཁོར་དཔའ་རྟུལ་སུམ་ཅུ་སོ་བདུན་གྱི་གྲལ་ལ་ཡོད་དགོས་རུང་། སྨོན་ལམ་ལོག་པའི་རྐྱེན་གྱིས་མོན་ཡུལ་དུང་མཁར་དཀར་མོ་རྒྱང་གྲགས་སུ་ཕ་ཟླ་བ་མཆོག་རབ་དང་ཡུམ་ཉི་མ་མཛེས་ལྡན་གཉིས་ཀྱི་སྲས་སུ་འཁྲུངས།   《མོན་གླིང་གཡུལ་འགྱེད་》དུ་ཤན་པ་རྨེ་རུ་དང་དཔའ་ལ་མི་སྤྱང་གཉིས་ཀྱིས་ཁོ་གསོན་བཟུང་བྱས་ཤིང་།  ཕྱིས་སུ་ཁོས་གླིང་ལ་མགོ་བཏགས་ནས་《སྟག་གཟིག་ནོར་རྫོང་》ཕབ་སྐབས་བྱས་རྗེས་རླབས་པོ་ཆེ་བཞག་སྐད་དོ།  །  
           18.ལྕོག་ལྷ་མཚལ་རྩེ་ནི།   ཨ་ཆེན་ཧོར་དང་ཤན་པས་མཆོད་པའི་ལྷ་ཞིག་གི་མིང་ངོ་། །   
           19.སེ་ཆེན་ནི།   སྤྱི་ལོ1215ནས1294བར་འགྲོ་མགོན་འཕགས་པ་དང་དུས་ཐོག་གཅིག་པའི་ཡོན་རྒྱལ་རབས་ཀྱི་གོང་མའི་མིང་།  མཚན་ཧྲིལ་བོར་སེ་ཆེན་རྒྱལ་པོ་ཟེར་རོ། །  
           20.ནེ་ལེ་ནི། ཨ་བྲ་གསོད་མཁན་གྱི་བྱ་ཞིག་གི་མིང་ཡིན་ནོ། །  
           21.སཱཙྪ་ནི། ལེགས་སྦྱར་སྐད་དེ། ཚ་ཚ་སྟེ་དམ་པའི་སྐུ་དང་མཆོད་རྟེན་གྱི་གཟུགས་བརྙན་
ལ་ཟེར་རོ། །        
ལྔ་པ། 《ཨ་གྲགས་གཟི་རྫོང་།》
           གླིང་སྒྲུང་གཅེས་བཏུས་ཀྱི་ནང་ཚན་《ཨ་གྲགས་གཟི་རྫོང་》ཞེས་པ་འདིར་ཁྲ་མོ་གླིང་གི་དམག་བྱང་བྱེ་རིའི་ཡུལ་དུ་སྐྱོད་པའི་ལམ་བར་དུ།    སྒང་བ་ཨ་གྲགས་དང་འཕྲད་ནས་གཡུལ་འགྱེད་བྱས་པའི་ལོ་རྒྱུས་བཀོད་ཡོད།   དེ་ཡང་འདི་ལྟ་སྟེ་ཚེས་བཅུ་དགུའི་ཉིན་གཟའ་སྐར་ཕུན་སུམ་ཚོགས་པའི་དུས་སུ། ཤར་གྱི་རྟ་བདུན་དབང་བོའི་འོད་མདངས་མཁའ་ལ་ཕོག་པ་དང་མཉམ་དུ། གླིང་གི་དཔུང་དམག་གི་གཡས་རུ་གཡོན་རུ་སྔར་སྟག་གཟིག་གི་སྐབས་ལྟར་བཤར་ནས་འབུམ་དམག་གི་རུ་སྣ་བྱང་ལ་དྲངས།  གླིང་ཡུལ་ཕུ་མདའ་བར་གསུམ་གྱི་བླ་མ་དང་མི་དཔོན། ཕ་ཁུ་སྟག་ཤར། མ་སྲུ་སྨན་ཆུང་བཅས་པས་སྐྱེལ་མ་ལྷ་ཡི་ཡུལ་དང་མཉམ་པ་བྱས། དེའི་ནུབ་སྒ་འབྲི་སེང་གེ་ལ་ཡི་ཚུར་ནང་། སེང་ཕུ་བྱང་གི་ནུབ་ཕྱོགས། སྟག་རོང་ཚང་གི་རྩྭ་ར་ཐང་ཆེན་འཁྱིལ་བ་ལ་བཞུགས་སྒར་ཕབ་སྟེ།   གླིང་གི་བླ་མ་སུམ་ཅུས་མཇལ་ཁ་ཞུས། དཔའ་རྟུལ་རྣམས་ལ་བར་ཆད་མི་འབྱུང་བའི་ཚེ་ཡི་དངོས་གྲུབ་གནང་།  
           དེ་ནས་ཨ་ཆེན་ཧོར་གྱི་འབུམ་དམག་དེ་ཡང་བྱང་ཆུ་ལུང་ན་ཁྲ་གོང་མ་ལ་བབས་ཏེ་རི་དྭགས་ཤ་བ་དང་། གནའ་བ། དགོ་བ། གཙོད། གཉན། ཆེ་བ་རྐྱང་འབྲོང་བཅས་བསད་ནས་ལོངས་སྤྱོད་ཅིང་ཞགས་གཉིས་སོང་བ་ན།  དམ་འཇང་གི་དམག་དཔུང་ཡང་སླེབས་ནས་བྱང་ཆུ་ལུང་ན་ཁྲའི་གཡས་ཟུར་དུ་གུར་སྔོན་པོ་ནམ་མཁའི་མདོག་ཅན་ཕུབ་ཅིང་། རྒྱབ་རུ་དང་མདུན་རུ། གཡས་རུ་དང་གཡོན་རུ་བཅས་ཚང་མ་སྒྲིག་བཀོད་ལྟར་འཁོད་པ་དང་།   འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེ་འཇིགས་པའི་ཆས་བཅོ་བརྒྱད་ཀྱིས་སྤྲས་ནས་ཕྱི་ནང་བར“གསུམ་བློན་པོ་ཉེར་གཅིག་གིས་བསྐོར་ནས་འདུག་གོ  །ཕྱི་ཉིན་གྱི་རྟ་ཡི་དུས་སུ་ལྷོ་ཕྱོགས་མོན་གྱི་དམག་དཔུང་དེ་ཆུ་སྣ་བརྡོལ་བ་བཞིན་མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་བློན་པོ་སུམ་བརྒྱས་བསྐོར་ནས་སླེབས།  ཨ་ཆ་འབའ་དང་སྟག་གཟིག་གི་དམག་དཔུང་དེ་ཡང་ཆར་སྤྲིན་འཁྲིགས་པ་བཞིན་དུ་ནང་བློན་ཞལ་དཀར་ལྡན་པ་དེ་བློན་པོ་ཉིས་བརྒྱས་བསྐོར་ནས་ཐོན།    དེ་ནས་རིམ་བཞིན་ནག་པོ་བདུད་དང་ཁ་ཆེ་བཅས་རྫོང་ཆེན་དག་གི་དཔུང་དམག་ཁ་བ་བུ་ཡུག་འཚུབ་པ་བཞིན་སྒར་གྲལ་བསྒྲིགས་ནས་དགུང་ཨ་སྔོན་དུ་བས་གཡོགས་ལེ།    ས་གཞི་དམག་གིས་བཀང་ལེ། ཕོ་དཔའ་བོས་མཐོང་ན་ཡིད་སེམས་དགའ་ལེ། སྡར་མས་རིག་ན་སྒྱིད་པ་འདར་ལེ།   ས་དོག་མོས་མ་ཐེག་འཁུན་སྒྲ་ཤོར་ལེ་བཅས་ལྟ་བ་མིག་གིས་མི་བཟོད།   ཉན་པ་རྣ་ཡིས་མི་ཚུགས་པ་ཞིག་བྱས་ནས་ཨ་གྲགས་ཀྱི་ཡུལ་ལ་ཆས་སོ། །  
           སྒང་བ་ཨ་གྲགས་ཀྱི་ཡུལ་ཞེས་བྱ་བ་གཡའ་བྲག་དཀར་མོའི་མར་གཤམ།  ལ་ཟི་ར་དཀར་མོའི་ཚུར་ནང་།   ཐང་ནག་པོ་གསུམ་གྱི་འདུས་མདོ་ཟེར་བར་ཆགས་ལ། དུས་དེར་མཁར་རྫོང་རྡོ་མཁར་སྨུག་པོའི་ཤར་ཕྱོགས་ཀྱི་ཐིག་ཁྲ་བར་སྣང་ཟིལ་གནོན་ནས་འདྲེ་བྱ་འུག་པས་གཤོག་འགྱུར་བརྒྱབ།  ཞག་གཅིག་སོང་བའི་ཕྱི་ཉིན་ནུབ་ཀྱི་ཕག་གདོང་གཡས་པར་རྒོད་བབས། བྱེ་ལུང་ཆུ་མིག་གོང་མ་ལ་ཐན་གྱི་སྦྲུལ་ནག་ལྟོ་སྦྱར་མཐོང་བ་སོགས་ལྟས་ངན་པ་སྣ་ཚོགས་བྱུང་།  སྲིབ་ལུང་རྨ་བྱ་ལྡིང་རྫོང་ནས་ཨ་མྱེ་ཞལ་དཀར་དེ་རྨི་ལམ་མ་ལེགས་པས་བློ་མ་བདེ་བར། སྲིན་མོ་སྤྲེལ་མགོ་མ་བོས་ཤིང་མོ་ལུང་བཏབ། མོ་ཡིག་ཏུ་མཁར་ཡང་མི་དབང་། རྒྱལ་ས་མངའ་འབངས་བཅས་པ་ཤོར། བསྟན་པའི་ཆུས་མི་ཟིན། ཡུལ་འཕོ་འགྱུར་དང་དར་རྒུད་འབྱུང་ཟེར་བ་བབས་པས།  རྒྱལ་བློན་ཚང་མ་བློ་མ་བདེ་འཚུབ་འཚུབ། ཡིད་མི་བདེ་སྙིང་རླུང་འཁྲུག་འཁྲུག   ཨ་གྲགས་དཔོན་པོ་ཉི་མ་གྲགས་པ་དེར་མགོ་སྤྱི་བོའི་གཙུག་ནས་གཟེར་གཅིག་ལངས།   རྐང་མཐིལ་དྲུག་རྒྱུད་ལ་ཏ་ལེར་སོང་།    བྱང་ཁོག་ཀུན་དགའ་ར་བ་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་མཐར་དམག་རྒྱག་གི་བཀོད་པ་འཐེན་ནས་ལ་ཆུ་འཕྲང་གསུམ་བཀག་སྟེ་རླུང་བསེར་མ་ཡིན་ཀྱང་མི་ཐར་བ་ཞིག་བྱས་ནས་བསྡད་དོ། །   
           དེ་ནས་གླིང་གི་དཔུང་དམག་དེ་སྒང་བ་ཨ་གྲགས་ཡུལ་དུ་སླེབས་ཤིང་། གླིང་དང་ཨ་གྲགས་གཉིས་ཀྱི་བར་མི་ཤི་རྟ་འགྱེལ་དང་ཁྱོད་ཤི་ང་གསོན་གྱི་“་གཡུལ་འགྱེད་དྲག་པོ་བྱས།   རིམ་བཞིན་ཨ་གྲགས་ཀྱི་བློན་པོ་གང་དྲག་དང་།  བཙན་སྐྱ་ཡ་མེད།  སྒོ་ངའི་མི་རྟ་ཐམས་ཅད་ཕམ་པར་བཟོས་ནས་མེ་ཏོག་ར་བ་སོགས་ས་བཙན་གླིང་གིས་བཟུང་། སྟག་མོ་ཁེར་རྫོང་གཏོར། ཉི་གྲགས་རྒྱལ་པོ་ཕམ་ནས་ཐེངས་མང་འབྲོ་བསམས་ཀྱང་འབྲོ་མ་ཐུབ་པར་མཐར་གླིང་ལ་མགོ་འབུལ་ལུས་འབུལ་བྱས།    ཨ་གྲགས་ཀྱི་ཕུ་མདའ་བར་གསུམ་ཡུལ་སྡེ་ཚང་མ་དཀར་པོ་ཆོས་ལ་བསྒྱུར།  ནག་ཕྱོགས་བསྟན་པ་རྨང་ནས་སྤངས།  ས་ལ་ཚ་ཚ།  རྡོ་ལ་མ་ཎི་ཡིག་དྲུག   རྟེན་བཞེངས་བཤགས་སྦྱངས་སྐོར་བ་སོགས་དང་། དགེ་བ་བཅུའི་ཁྲིམས་རྣམ་པར་དག་པ་བཙུགས།  དྲུག་པ་ཆུ་སྟོད་ཟླ་བའི་ཚེས་བཅུ་གསུམ།  ཉི་མ་འབྲུག་གི་དུས་སུ་རེས་གཟའ་འོད་ཟེར་དགུ་བ།  རེས་འགྲོས་གསལ་བའི་བུ་མོ། ཉི་མ་ལྕགས་ཀྱི་རྟ། སྤར་ཁ་དམར། སྨེ་བ་ལྗང་། དུས་ཚོད་མི་རིགས་པའི་ཕ་དེ་ཡི་དུས་དེར།  སྒང་དང་ཁྲ་མོ་གླིང་གཉིས་ཀྱི་གཡུལ་འགྱེད་ཀྱི་རྟིང་ཐག་ཆོད་ཅིང་འཛམ་བུ་གླིང་ལ་གཟི་འགྱེད་བཏང་བ་འདི་ནི་ཁྲ་བོའི་གཟི་རྫོང་ཕབ་པའི་ལོ་རྒྱུས་སོ། །  
           གླིང་སྒྲུང་གཅེས་བཏུས་《ཨ་གྲགས་གཟི་རྫོང་》ལེགས་སྒྲིག་བྱེད་པའི་སྐབས་སུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྒྲུང་དཔེ་དེ་གཞིར་བཟུང་ནས་སྔོན་ཆད་ཀྱི་སྒྲུང་དཔེ་ལག་བྲིས་མ་དང་ཤིང་དཔར་མ་བཅས་འབྲེལ་ཡོད་ཀྱི་སྒྲུང་དཔེ་མང་པོར་ཟུར་ལྟ་བགྱིས་ཏེ། ལེགས་ཆ་ཡོད་ཚད་གང་ནུས་ཀྱིས་བསྡུ་ཅི་ཐུབ་བྱས་ཡོད་པར་མ་ཟད།   གླིང་སྒྲུང་གཅེས་བཏུས་ཀྱི་ལེགས་སྒྲིག་རྩ་དོན་དང་བླང་བྱ་ལྟར་དུ་བསྒྲིགས་ཡོད་པ་ལགས་སོ། །     
དྲུག་པ། 《ཨ་གྲགས་གཟི་རྫོང་》གི་མིང་བརྡ་གཙོ་བོའི་འགྲེལ་བཤད།
           1. སྒང་བ་ཨ་གྲགས་ནི། གེ་སར་རྒྱལ་པོའི་དུས་སྐབས་ཀྱི་རྒྱལ་ཕྲན་ཞིག་ཡིན་ལ། ཡུལ་དེ་རུ་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་མང་པོ་མཆིས་པར་མ་ཟད།  རིན་ཆེན་གཟིའི་གཏེར་ཡང་ཡོད་པའི་གནས་མཆོག་ཏུ་གྱུར་པ་ཞིག་ཡིན།  ཨ་གྲགས་ཞེས་པའི་རྒྱལ་ཕྲན་དེ་གཡའ་བྲག་དཀར་མོའི་མར་གཤམ།  ལ་ཟི་ར་དཀར་མོའི་ཚུར་ནང་།  ཐང་ནག་པོ་གསུམ་གྱི་འདུས་མདོ་ན་ཆགས་ཡོད་པར་བཤད་ལ།  ད་ལྟ་ངེད་ཅག་གིས་དཔྱད་གཞིའི་ཡིག་ཆ་སྐོར་ཞིག་ལས་རྟོགས་པ་ལྟར་ན། བྱེ་རིའི་རྒྱལ་ཕྲན་དང་ལ་དྭགས་རྒྱལ་ཕྲན། ཨ་གྲགས་རྒྱལ་ཕྲན་བཅས་པ་ཕན་ཚུན་ཉེ་སར་ཆགས་འདུག་གོ།  
           2 .ཨ་གྲགས་རྒྱལ་པོ་ནི།  མིང་ཧྲིལ་བོར་ཨ་གྲགས་ཉི་མ་གྲགས་པ་ཟེར། ཨ་གྲགས་དང་གླིང་གཉིས་གཡུལ་འགྱེད་མང་པོ་བྱས་མཐར་ཨ་གྲགས་རྒྱལ་པོ་ཕམ་ནས་གླིང་ལ་མགོ་བཏགས།  རྗེས་སུ་ལ་དྭགས་དང་འཁྲུག་སྐབས་ཨ་གྲགས་ཉི་མས་ཤི་བ་སྲོག་ལ་མི་འཛེམ་པར་ལ་དྭགས་དང་གཏུག་རེས་བྱས།  མཐར་ལ་དྭགས་ཀྱི་ཁྲི་དགྲ་ལག་དམར་བསད་པ་དང་མཉམ་དུ་ཁོ་ལ་ཡང་རྨས་སྐྱོན་ཐེབས་ནས་ཚེ་ལས་འདས་སོ། །  
           3.ཁྲིམས་ཡིག་ཞལ་ལྕེ་ནི།   གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་བོས་བོད་ལ་དབང་སྒྱུར་བྱེད་སྐབས་ཞལ་ལྕེ་བཅོ་ལྔ་ལས་དཔའ་བོ་སྟག་གི་ཞལ་ལྕེ་དང་།  སྡར་མ་ལྦའི་ཞལ་ལྕེ་གཉིས་དོར་ནས་ཞལ་ལྕེ་བཅུ་གསུམ་དུ་གཏན་ལ་ཕབ་པའི་ཁྲིམས་ལུགས་དོན་ཚན་བཅུ་གསུམ་ལ་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་ཟེར་བ་ལྟར་རོ། །  
           4.ཨ་ནུ་ནི། ནུ་བོའི་འབོད་མིང་ངམ་བྱིས་པའི་དོན་ལ་འཇུག་གོ།  
           5. གྱི་ལིང་ནི།   སྤྲུལ་སྒྱུར་ཐུབ་པའི་རྟ་མཆོག་བཟང་པོ་ལ་གྱི་ལིང་ཟེར་ཞིང་། གྱི་ལིང་ངམ་གྱི་ལིང་རྟ་ཞེས་གང་བདེར་སྦྱར་ཆོག་གོ།  
           6.བསམ་གཏན་ནི། དམིགས་པ་རྩེ་གཅིག་ཏུ་གཏད་པའི་འགྱུར་མེད་ཀྱི་སེམས་དང་བློ་སོགས་ཀྱི་མིང་ངོ་། །  
           7.ཁྲོ་བོ་རྟ་མགྲིན་ནི། དྲག་པོར་ཁྲོས་པའི་ཡི་དམ་གྱི་ལྷ་ཞིག་གི་མིང་ངོ་།།  
           8.ཚེམས་ནི། སེར་སྐྱ་མང་ཚོགས་ལས་ཁྱད་དུ་འཕགས་པའི་སྐྱེས་བུ་ཆེན་པོ་དག་གི་སོ་ལ་ཚེམས་ཞེས་ཞེ་སའི་ཚིག་སྦྱོར་ཞིང་།   དཔེར་ན་སངས་རྒྱས་ཀྱི་ཚེམས་ལྟ་བུ། བཙེམ་གྱི་སྐུལ་ཚིག་ལའང་འཇུག་གོ།  
           9. ཉི་འབུམ་དར་ཡག་ནི།  གླིང་ཆེ་རྒྱུད་ཚང་གི་གདུང་རྒྱུད་དམ་གླིང་དཔའ་རྟུལ་སུམ་ཅུའི་ཡ་གྱལ་ཡིན་ལ།  རྟ་ཕོའི་མིང་ལ་ངང་བ་གསེར་སྒོང་ཟེར།  ཧོར། འཇང་། མོན། སོག་པོ། མི་ནུབ། ཁ་ཆེ་སོགས་རྫོང་གྲངས་མེད་པ་འདུལ་དུས་གནམ་སས་འདེགས་དཀའ་བའི་བྱས་རྗེས་རླབས་པོ་ཆེ་བཞག ལྷག་པར་དུ་《ཧོར་གླིང་གཡུལ་འགྱེད་》ནང་དུ་གུར་སེར་རྒྱལ་པོ་གཙོས་པའི་ཧོར་དམག་གྲངས་མེད་བསད་ནས་དཔའ་བོའི་མཚན་སྙན་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པ་ཞིག་གོ།  
           10 .རྫོང་ནི།   གནའ་རབས་སུ་རྒྱལ་ཁབ་དང་རྒྱལ་ཕྲན་དག་གི་བར་ལ་དུས་རྒྱུན་འཐབ་འཛིང་བྱུང་བས་ཚོ་ཁག་སོ་སོས་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་མཁར་གྱང་མཐོན་པོར་བརྩིགས་ནས་ཕྱིའི་དགྲ་བོ་འགོག་བྱེད་ཀྱི་འཐབ་ར་དང་བཅས་པ་ལྡན་པ་ལ་མཁར་རྫོང་ཞེས་འབོད། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་དཔའ་རྟུལ་དང་དཔའ་ཆེན་གང་ཡིན་རུང་སོ་སོར་མིང་མི་འདྲ་བའི་རྫོང་རེ་ཡོད། དཔེར་ན། ཁྲ་སྟོད་གནམ་རྫོང་ཕྱུག་མོ། ཁྲོ་ཐུང་ཕོ་རོག་སྙིང་རྫོང་།  ཧོར་གྱི་ཡ་ཟི་མཁར་དམར་རྫོང་སོགས་མང་པོ་ཡོད་པ་ལྟར་རོ། །  
           11. ཞལ་དཀར་ནི།   ཨ་གྲགས་རྒྱལ་པོའི་བློན་པོ་གྲགས་ཆེན་ཞིག་ཡིན།ཞལ་དཀར་ལྡན་པ་ནི་སྟག་གཟིག་ཡུལ་གྱི་གྱད་མི་སྟོབས་ཆེན་ཞིག་གི་མིང་།  སྟག་གཟིག་ཡུལ་ཁམས་བདེ་ལ་བཀོད་རྗེས་ཁོ་རང་སྟག་གཟིག་གི་དཔོན་པོར་བཞག  ཞལ་དཀར་དང་རྒྱ་ཚ་ཞལ་དཀར།  ཞལ་དཀར་ལྡན་པ་གསུམ་ནི་མི་གཅིག་མིན་ནོ། །
           12.ཟི་ལིང་ནི། ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཏེ་སྲིད་གཞུང་ཆགས་སའི་གནས་ཡིན།  བཤད་པ་ལྟར་ན་གླིང་རྗེ་གེ་སར་རྒྱལ་པོས་ཟི་ལིང་རྟ་རྫོང་ཕབ་སྟེ་མདོ་སྨད་རྟའི་ཆོལ་ཁ་ཞེས་མཚན་སྙན་ཕྱོགས་བཅུར་ཁྱབ་པར་གླེང་ངོ་། །
           13 .སྤྱང་ཚ་རྒྱ་སྟག་དམར་པོ་ནི།   ཨ་གྲགས་རྒྱལ་པོའི་དམག་དཔོན་མིང་གྲགས་ཅན་ཞིག་གི་མིང་ངོ་། །  
           14.རྡོ་མཁར་སྨུག་པོ་ནི། ཨ་གྲགས་ཡུལ་གྱི་དམག་འདུ་ས་རྡོས་བརྩིགས་པའི་མཁར་རྫོང་ཞིག་གི་མིང་ངོ་། །
           15.ཤ་ཟ་ནི།  ཟ་བ་ཤ་དང་བཏུང་བ་ཁྲག་ལ་བྱེད་པའི་སེམས་ཅན་ནམ་སྲིན་པོ་ལ་ཟེར་རོ། །   16.མཎྚལ་ནི།  སངས་རྒྱས་ཆོས་ལུགས་ཀྱི་ཆོ་གར་མཁོ་བའི་མཆོད་རྫས་བྱེ་བྲག་ཅིག་གི་མིང་ངོ་། །   
           17.སྲས་ཁྲི་ཆུང་ནི།   ཨ་གྲགས་རྒྱལ་པོ་ཉི་མ་གྲགས་པའི་སྲས་པོ་ཡིན།  ཚ་ཞང་འདན་མས་མདའ་གཅིག་གི་ཁ་ནས་ལྔ་བའི་ལམ་དུ་བརྫངས་པར་གྲགས་སོ། །
           18 .ཁུ་བྱུག་པད་མ་ཉི་གྲགས་ནི།    སྨུག་པོ་འཇང་གི་དམག་དཔོན་དཔའ་རྩལ་ཅན་ཞིག་ཡིན་ལ།   གཡུལ་འཐབ་གང་མང་ཞིག་གི་ནང་དུ་བསུབ་ཐབས་དབེན་པའི་དཔའ་བོའི་རང་གཤིས་གསལ་བོར་མཚོན་ཡོད་དོ། །
           19 .རྨུ་ཐག་ནི།   བོན་ཆོས་ལས་ལྷ་རྣམས་ཡར་འགོ་མར་འབབ་ཀྱི་ཐེམ་སྐས་ལྟ་བུ་ཞིག་གི་མིང་ངོ་། །  
           20.བཤས་ར་ནི།    མི་གྲངས་མེད་གསོད་སའི་ས་དེར་བཤས་ར་ཞེས་འབོད་དོ། །
           21. ཤང་ཤང་ཏེའུ་ནི། སྨད་བྱ་ལ་སྟོད་མིའི་རྣམ་པའི་གཤོག་པ་ཅན་ཞིག་གི་མིང་ངོ་། །
           22 .རྟ་ཕོ་གྲོ་རྒོད་འཕུར་ཤེས་ནི།  ཨ་གྲགས་རྒྱལ་པོའི་བློན་པོ་ཨ་མྱེས་ཞལ་དཀར་གྱི་ཆིབས་པའི་མིང་ཡིན་ནོ། །       
བདུན་པ། 《ཁ་ཆེ་གཡུ་རྫོང་།》
           གླིང་སྒྲུང་གཅེས་བཏུས་《ཁ་ཆེ་གཡུ་རྫོང་》གི་བརྗོད་བྱའི་དོན་གྱི་སྙིང་བོ་ནི་སྔོན་པད་མ་འབྱུང་གནས་བོད་དུ་བྱོན་ནས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས།  བོད་ཀྱི་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས།  བོད་ཁམས་བདེ་ལ་བཀོད་ཅིང་ཟབ་གསང་བླ་མེད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ།  ལས་མ་དག་ཅིང་ལྟ་བ་ལོག་པའི་བདུད་བློན་ཀླུ་དཔལ་དེ་ཉིད་སྨིན་གྲོལ་གྱི་ས་མ་ཐོབ་པས་ངན་སོང་གི་སྐྱེ་བ་འགའ་ཞིག་བརྒྱུད་མཐར་ཁ་ཆེ་རྒྱལ་པོའི་སྲས་སུ་ལུས་བླངས་ནས་མིང་ལ་ཁྲི་བརྟན་རྒྱལ་པོ་ཟེར། ལོ་དགུ་ལོན་པའི་དུས་དེར་བལ་བོ་རྒྱལ་ཁབ་དབང་དུ་བསྡུས། ལོ་བཅོ་བརྒྱད་ལོན་དུས་འོལ་ཁ་རྒྱལ་པོ་འབངས་སུ་བཀོད།   ཕོ་ལོ་ཉེར་བདུན་སྟེང་སྨྱུག་ཁ་རྒྱལ་པོའི་ཕ་ཆོས་ཕྲོགས་ནས་ཉིན་བཞིན་ངན་ལང་གི་རྡུལ་བརྩེགས་ཇེ་མཐོར་སོང་། དེ་ནས་བསོ་ཟླའི་ཚེས་དྲུག་གི་ཉིན་ཡིད་སེམས་གདོན་གྱིས་བསླུས་པ་ལྟར་ཁ་ཆེ་ལས་དམག་གླིང་ལ་འདྲེན་དགོས་པའི་བཀའ་གནམ་ལྕགས་ཐོག་འདྲ་བབས།  ཁ་ཆེ་བློན་པོ་གྲགས་ཆེན་ཁུ་བོ་ཀླུ་ཡག་རུ་རིང་། རྡོ་རྒོད་མེ་འབར། ཡ་མེད་ཐོག་ཁྲི་བུ་བཙན་གསུམ་གྱིས་རྟ་དམག་སུམ་ཁྲི་ཧྲག་བསྡུས་བྱས་ནས་ཁྲ་མོ་གླིང་ལ་དཔུང་འཇུག་བྱས། གླིང་དང་ཁ་ཆེ་གཉིས་རེ་ཞིག་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས་ཏེ་མི་ཤི་རྟ་འགྱེལ་མང་པོ་བྱུང་།    སྟག་རོང་དཔོན་པོ་ཁྲོ་ཐུང་གིས་ཇུས་ཀྱི་ཕྱི་ནང་བརྗེས་ཤིང་གསང་གཏམ་ཡོད་ཚད་དགྲ་ལ་བཤད།  ཁ་ཆེ་བློན་པོ་ཐོག་ཁྲི་གཙོས་པའི་རྡ་ར་དཔོན་བློན་བཞིས་ཟི་མའི་རྒྱ་ལམ་རིང་མོ་རུ་འོམ་བུའི་ཚོང་བ་ལ་ལམ་སྒུག་བྱས་ནས་ཚོང་རྫས་ཡོད་ཚད་ཕྲོགས། ཚོང་ཕྲུག་རྣམས་ཤི་རྨས་སུ་བཏང་། གླིང་བ་ལ་ཉམས་ཉེས་ཆེན་པོ་བྱུང་ཞིང་རོང་སྲས་ལྷ་རྒོད་འབུམ་ལུ་གཙོས་གླིང་དམག་བརྒྱ་ཕྲག་མང་པོ་རམ་ནག་སེར་བས་བཅོམ་འདྲ་བྱས།   སྔགས་ནག་ཆོས་འབར་ཀ་རས་གཏོར་ཟོར་འཕངས་པས་སྡིག་གཅོད་ཤན་པ་རྒྱལ་པོ་དྲན་མེད་དུ་བརྒྱལ།  ཤ་ལན་དུ་བྱང་བྱེ་རིའི་ཆོས་འགྲུབ་དཔའ་བོས་ཁྲ་མགོ་མིག་དམར་གྱི་གསོན་སྙིང་བཏོན། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གིས་བདུད་རྗེ་ཡི་ཀླད་ཁྲག་གཏོར། སེང་སྟག་དཔོན་གྱིས་དུག་ཆུའི་མགོ་སྐེ་བླངས་པ་བཅས་རིམ་པ་བཞིན་དཔའ་རྟུལ་དཔུང་གིས་དགྲ་ངན་བདུད་རིགས་མང་པོ་རྨེག་མེད་བཟོས་མཐར།  ཁ་ཆེ་རྒྱལ་པོ་དེ་འུ་ཐུག་ནས་གླིང་སྒར་ལ་མཆོངས་ནས་གེ་སར་དང་འཐབ་རེས་བྱས་ཤིང་།  སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རལ་གྲི་བཏབ་པ་ལན་མེད་ཀྱིས་ལྔ་བའི་ལམ་དུ་བརྫངས།   གཡུ་རྫོང་བླངས་ནས་གཡུ་འགྱེད་བཏང་བ་དང་གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་ལ་བྱང་ལྷ་རྟ་མགྲིན་དམར་པོའི་ལུང་བསྟན་བྱུང་ནས་མི་ཆུང་ཁ་བདེ་མྱུལ་མར་སོང་སྟེ་ལྷོ་ཨ་བསེའི་ས་ཆར་རྒྱུས་ལོན་བྱས། ལྷོ་ཨ་བསེ་ཡུལ་གྱི་སྲིན་པོ་དང་གླིང་དཔའ་རྟུལ་རྣམས་ཀྱིས་གཡུལ་འགྱེད་དྲག་པོ་བྱས། རྗེས་སུ་ཨ་བསེ་རྒྱལ་པོ་གླིང་ལ་འཁོར།  སྲས་མོ་གེ་སར་གྱི་ཇ་མར་གྱུར་པ་བཅས་ཁྲབ་རྫོང་དང་གཡུ་རྫོང་བླངས་པའི་ལོ་རྒྱུས་ཡིན་ནོ། །     
           གླིང་སྒྲུང་གཅེས་བཏུས་《ཁ་ཆེ་གཡུ་རྫོང་》ཞེས་པ་འདི་ལེགས་སྒྲིག་བྱེད་སྐབས་གཙོ་བོ་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་《ཁ་ཆེ་གཡུ་རྫོང་》དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བའི་《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས་》ཀྱི་ནང་གསེས་《ལྷོ་ཨ་བསེ་ཁྲབ་རྫོང་》གཉིས་རྨང་གཞིར་བཟུང་བ་དང་གཞན་མཚོ་སྔོན་ཞིང་ཆེན་གྱི་སྒྲུང་པ་སྐད་གྲགས་ཅན་ཚེ་རིང་དབང་འདུས་མཆོག་ལ་བཀའ་འདྲི་ཡང་ཡང་བྱས་ནས་ལེགས་པར་བསྒྲིགས་པ་ལགས་མོད།  འོན་ཀྱང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བའི《ཁ་ཆེ་གཡུ་རྫོང་》ནི་ལེའུ་བཀར་མེད་པ་དང་ཡིག་ནོར་དང་ཕལ་སྐད་མི་གོ་བ་དང་མི་བདེ་བ་མང་བ།  གླིང་སྒྲུང་གཅེས་བཏུས་ཀྱི་རྩ་དོན་དང་ཚད་གཞི་དག་ལ་མི་མཐུན་པའང་མཆིས་པས་ལེགས་སྒྲིག་མཁན་ལ་དཀའ་ཁག་མི་ཉུང་བ་བཟོས་པ་དང་།   སྒྲུང་དཔེ་དེའི་ནང་དུ་དྲང་ལྡོག་ཕྱོགས་ཀྱི་མི་གསོན་པ་དང་འཆི་བ་སོགས་སྒྲུང་ཁག་སྔོན་མ་རྣམས་དང་འགལ་བ་བྱུང་བའང་ཡོད་ཅིང་།   མཚམས་མཚམས་སུ་ནང་དོན་ཡང་གོ་ལྡོག་བྱུང་ཡོད་པ།    སྒྲུང་ཁག་འདི་དང་《ལྷོ་ཨ་བསེ་ཁྲབ་རྫོང་》གཉིས་མཐུད་དེ་བསྒྲིགས་ན་ནང་དོན་གྱི་ཆ་དང་མི་སྣའི་ཆ་གཏམ་རྒྱུད་བྱུང་བའི་དུས་རབས་ཀྱི་ཆ་སོགས་ལ་འགལ་བ་ཅུང་ཟད་རེ་ཡོད་པ་བཅས་ཡིན་ཡང་།    ཆེ་ཕྱོགས་སུ་གནད་དོན་མང་པོ་མེད་པས་ངེད་ཅག་གིས་དཀའ་ཚེགས་ལ་མ་འཛེམས་པར་ཡང་ཡང་བསམ་གཞིག་དང་ཞིབ་བསྡུར་དག་བཅོས་བགྱིས་ཏེ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ལགས་སོ།།      
བརྒྱད་པ།《ཁ་ཆེ་གཡུ་རྫོང་》གི་མིང་བརྡ་གཙོ་བོའི་འགྲེལ་བཤད།
           1.ཁ་ཆེ་ནི། བོད་ཀྱི་མངའ་རིས་དང་བལ་བོར་འབྲེལ་ཆགས་པའི་ཁ་ཆེའི་ཡུལ་ཁམས་ཏེ་ནགས་ཚལ་དང་རི་སྐྱེས་སྣ་ཚོགས་འཛོམས་པ་དང་ཁྱད་པར་དུ་གུར་གུམ་སྐྱེ་གནས་ཀྱི་ས་ཆ་སྐད་གྲགས་ཅན་ཞིག་ཡིན་སྐད།  ས་དེ་རུ་རིན་ཆེན་གསེར་དངུལ་སོགས་ཀྱི་གཏེར་ཁ་མོད་པོ་ཡོད་པར་མ་ཟད་རིན་ཆེན་གཡུ་ནི་དེ་བས་ཀྱང་ག་ས་ཀུན་ཏུ་མཐོང་རྒྱུ་ཡོད་ཟེར་རོ། །  
           2.ཁྲི་བརྟན་རྒྱལ་པོ་ནི།  སྔོན་སློབ་དཔོན་པད་མ་འབྱུང་གནས་བོད་དུ་བྱོན་ནས་བསམ་ཡས་མི་འགྱུར་གཙུག་ལག་ཁང་བཞེངས།   བོད་ཀྱི་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་ནས་བོད་ཁམས་ཡོངས་བདེ་ལ་བཀོད།  ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཚེ།   དཀར་པོ་ཆོས་ལ་ལྟ་བ་ལོག་པའི་བདུད་བློན་ཀླུ་དཔལ་དེ་ཉིད་ལ་སྨིན་གྲོལ་གྱི་ས་མ་ཐོབ་པར་ངན་སོང་གི་གནས་འགའ་བརྒྱུད་མཐར།    ཁ་ཆེ་རྒྱལ་པོའི་སྲས་སུ་ལུས་བླངས་ནས་ཁྲི་བརྟན་རྒྱལ་པོར་གྲགས།  རིམ་བཞིན་འདོད་པ་ཆེར་འཕེལ་ནས་བལ་བོ་དང་སྨྱུག་ཁ་སོགས་རྒྱལ་ཕྲན་འགའ་དབང་དུ་བསྡུས།  ཕྱིས་སུ་གླིང་ལ་དམག་དྲངས་ནས་གཡུལ་འགྱེད་དྲག་པོ་བྱས་མཐར།   གླིང་རྗེ་གེ་སར་རྒྱལ་པོས་ཁ་ཆེ་ཁྲི་བརྟན་དེ་ཉིད་བཏུལ་ཅིང་ཁ་ཆེ་བདེ་ལ་བཀོད། གཡུ་རྫོང་ཕབ་བོ། །   
           3 .ཀླུ་ཡག་རུ་རིང་ནི།  ཁ་ཆེ་དཔོན་བློན་གསུམ་གྱི་ཡ་གྱལ།  ཁ་ཆེ་ཁྲི་བརྟན་རྒྱལ་པོའི་ཁུ་བོ་ཡིན།  ཁོས་ཁ་ཆེ་རྒྱལ་པོའི་བཀའ་ལྟར་རྟ་དམག་སུམ་ཁྲི་ཧྲག་སྒྲིག་བྱས་ནས་ཁྲ་མོ་གླིང་ལ་དམག་སྣ་དྲངས།    དྲག་པོའི་གཡུལ་འགྱེད་ཐེངས་འགར་བྱས།    མཇུག་མཐར་གཡུ་ལྷ་ཐོག་འགྱུར་གྱིས་རལ་གྲིའི་སོ་ལ་བསྐྱོན་ནོ། །    
           4.ལི་ལི་ནི། ཁ་སྐད་དེ་བྱི་ལའི་མིང་གཞན་ཡིན་ནོ། །  
           5.མུ་སྟེགས་ནི། ཕྱི་རོལ་མུ་སྟེགས་པ་སྟེ། སྐྱབས་འགྲོ་ཁས་མི་ལེན་པའི་ནང་བ་མ་ཡིན་པ་དེའོ། །  
           6.ཐོག་ཁྲི་བུ་བཙན་ནི། ཁ་ཆེ་རྒྱལ་པོའི་བློན་ཆེན་ཞིག་ཡིན། རྡ་ར་དྲག་གྲས་རྣམས་ཀྱི་ཡ་གྱལ་ཏེ།   ཁོས་ཟི་མའི་རྒྱ་ལམ་ནས་འོམ་བུའི་ཚོང་བ་རྣམས་འཕྲོག་བཅོམ་བྱས། ཕྱིས་སུ་སྡིག་གཅོད་ཤན་པས་བསད་དོ། །  
           7.རྡ་ར་ནི།  ཁ་ཆེ་ཡི་རྡ་ར་དང་གླིང་གི་དཔའ་རྟུལ།  ཧོར་གྱི་པ་དུར།  སྟག་གཟིག་གི་གྱད་མི་སོགས་དོན་གཅིག་མིང་གི་རྣམ་གྲངས་སོ། །  
           8.མེ་ཆུ་རླུང་གསུམ་ནི། ཡ་མེད་རྡོ་རྒོད་མེ་འབར། བདུད་རྗེ་རླུང་ནག་འཚུབ་ཤེས། གཟའ་བདུད་དུག་ཆུ་ཁོལ་མ་གསུམ་མོ། །  
           9.གསང་སྔགས་ནི།  ཆོས་མདོ་སྔགས་གཉིས་ལས་སྔགས་ཏེ།  སྒྲུབ་པ་པོས་གསང་ནས་བསྒྲུབ་དགོས་པའི་སྔགས་ཡིན་པས་གསང་སྔགས་ཟེར་རོ། །   
           10. ཨ་ནུ་ཕྱིང་སྔོན་ནི།  ཨ་ནུ་སེང་ཕྲན་གྱི་བུ་ཡིན་ཞིང་།  ཆུང་དུས་སུ་རོང་བཙན་ཁ་བ་དཀར་པོའི་ཡུལ་དུ་ནར་སོན།    བདུད་ཀླུ་བཙན་རྒྱལ་པོས་བཙན་གྱིས་ཕྲོགས་ནས་བདུད་ཡུལ་གྱི་ར་རྫིར་བཞག    ཕྱིས་སུ་སྨོན་ལམ་གྱི་དབང་གིས་གེ་སར་དང་མནའ་གྲོགས་བསྒྲིགས་ཤིང་བདུད་རྒན་འདུལ་སྐབས་ཁ་ཞེ་གཉིས་མེད་ཀྱིས་རོགས་རམ་མང་པོ་བྱས་སོ།  །  
           11.བརྒྱ་བྱིན་ནི། མིག་སྟོང་ཅན་དང་ལྷའི་དབང་བོའང་ཟེར། བརྒྱ་བྱིན་ཆེ་བ་ནི་སུམ་ཅུ་རྩ་གསུམ་གྱི་བདག་པོ་དང་བརྒྱ་བྱིན་ཆུང་བ་ནི་ཤར་གྱི་ཕྱོགས་སྐྱོང་ངོ་། །  
           12.ལྟོ་འགྲོ་ནི། སྦྲུལ་གྱི་མིང་གཞན་ནོ། །  
           13.རླུང་ལྷ་བཙན་པོ་ནི། རྡ་ར་བརྒྱ་རྩའི་ཡ་གྱལ་ཏེ། ཁ་ཆེ་ཁྲི་བརྟན་གྱི་མདུན་བློན་གྲགས་ཅན་ཞིག་གི་མིང་ངོ་། །   
           14.གཡུ་རྒོད་ཚངས་པའི་རྨེ་རུ་ནི།   ཁ་ཆེ་རྒྱལ་པོའི་ནང་བློན་གྲགས་ཅན་ཞིག་སྟེ། བཤད་པ་ལྟར་ན་ལྷོ་འཛམ་བུ་གླིང་གི་ས་ཆ་ལ། རྨེ་རུ་ཐོགས་པའི་མི་གསུམ་ཡོད། ཧོར་གུར་དཀར་སྟག་ཞུ་རྒྱལ་པོ་ལ། སྡིག་གཅོད་ཤན་པ་རྨེ་རུ་ཡོད། གྲུ་གུ་ཐོག་རྒོད་རྒྱལ་པོ་ལ། མགྱོགས་པའི་གཟའ་བདུད་རྨེ་རུ་ཡོད།  ཁ་ཆེ་ཁྲི་བརྟན་རྒྱལ་པོ་ལ། གཡུ་རྒོད་ཚངས་པའི་རྨེ་རུ་ཡོད། ཅེས་ཟེར་ལ། ཁ་གླིང་གཡུལ་འགྱེད་སྐབས་སྡིག་གཅོད་ཤན་པས་བསད་དོ། །   
           15. ཁྲ་མགོ་མིག་དམར་ནི།   ཁ་ཆེ་རྒོད་པོ་མེ་ཆུ་རླུང་གསུམ་དང་འདྲ་བའི་དམག་དཔོན་གྲགས་ཅན་ཞིག་དང་ཁྲི་བརྟན་རྒྱལ་པོའི་བློ་འདོན་མཁན་ཡིན། ཁོས་གླིང་གི་རོང་སྲས་ལྷ་རྒོད་གཙོས་པའི་དེ་དྲག་མང་པོ་མཚོན་ལ་དྲངས།  ཁ་གླིང་གཡུལ་འགྱེད་ཀྱི་སྐབས་སུ་བྱེ་རིའི་ཆོས་འགྲུབ་ཀྱིས་བསད་དོ། །   
           16. གཤིན་བདུད་གདོང་དམར་ནི། ཁ་ཆེ་རྒྱལ་པོའི་ནུ་བོ་སྟེ། བཤད་པ་ལྟར་ན་སྔོན་རྒྱ་གར་ལྷོ་ཕྱོགས་སུ་གདོལ་བ་ཨ་ར་ནག་པོར་སྐྱེས།    བླ་མའི་བཀའ་དང་འགལ་དམ་ཚིག་ཉམས།   ཚེ་འཕོས་ནས་དམྱལ་ཁམས་བཅོ་བརྒྱད་འགྲིམས། དེ་ནས་ཁྲི་སྲོང་ལྡེ་བཙན་གྱི་སྐབས། སྣ་ནམ་དཔལ་ཞེས་བོན་བློན་དུ་གྱུར།  ཁྲི་སྲོང་ལྡེ་བཙན་ཨེ་སོད་བལྟས།  དེ་ནས་ཚེ་འཕོས་ཏེ་དམྱལ་བར་སྐྱེས།  དེའི་མཚམས་སུ་ཕག་ལུས་བཅུ་གསུམ་བླངས། དེ་ནས་ཁ་ཆེའི་རྒྱལ་སྲས་སུ་གྱུར་ཅེས་བཀོད་ཡོད་པ་ལྟར་རོ། །  
           17.དུང་ཁྲབ་འོད་འབར་ནི།  བལ་བོའི་དམག་དཔོན་ཆེན་མོ་ཞིག་གི་མིང་ངོ་། །  
           18.ཨ་ཁོད་གཡུང་དྲུང་བསྟན་པ་ནི། ཁ་ཆེའི་བློན་ཆེན་ཞིག་སྟེ། ཁ་གླིང་གཡུལ་འགྱེད་ཀྱི་ནང་དུ་གསེར་བའི་ཉི་འབུམ་གྱིས་མདའ་ལ་བསྐྱོན་ནོ། །  
           19.མཐིང་ཤོད་འཕྲུལ་ལྕེ་ནི། ཁ་ཆེའི་རྡ་ར་བརྒྱ་རྩའི་ཡ་གྱལ་ཏེ། ཁ་ཆེ་རྒྱལ་པོའི་བློན་པོ་གྲགས་ཅན་ཞིག་ཡིན་ཞིང་རྗེས་སུ་ཁོས་གླིང་ལ་མགོ་བཏགས་ཤིང་གྲུ་གུ་གོ་རྫོང་ཕབ་སྐབས་བྱས་རྗེས་བླ་མེད་བཞག་གོ།  
           20.མཐའ་འཁོབ་ནི།  ཆོས་དང་རིག་གནས་མི་དར་བའི་ཡུལ་ཏེ།  མ་རིག་མུན་པའི་གླིང་ལྟ་བུར་ཟེར་རོ། །   
           21.གུ་ལོང་ནི། བོན་པོའི་ལྷ་ཞིག་སྟེ། གླིང་སྒྲུང་ལས་བཤད་པ་ལྟར་ན་ལྷ་གུ་ལོང་ནག་པོ་ཡུན་རིང་བསྒོམས་ནས་གྲུབ་པ་བརྙེས་ཐུབ་ན།   ཚེ་སྲོག་སྲ་མོ་ལྕགས་ལ་འགྱུར་ཞིང་།  སུ་དང་གང་གིས་ཀྱང་གནོད་མི་ཐུབ་པར་འགྱུར་ཞེས་བཤད་པ་དང་།  བོན་ཆོས་ཀྱི་ཆོ་ག་སྟེ་གུ་ལོང་ནག་པོའི་ཕུང་ཟོར་བསྒྲུབས་ནས་ཕ་རོལ་གཏོར་རྒྱག་བྱས་ན་དགྲ་བོ་རྨེག་མེད་གཏོང་ཐུབ་པར་མ་ཟད་རི་བོ་ཡང་མགོ་མཇུག་བསྒྱུར་ཐུབ་པར་གྲགས། ཁ་ཆེ་སྔགས་ནག་ཆོས་འབར་ཀ་ར་ཟེར་བ་ལ་ལྷ་གུ་ལོང་ནག་པོའི་གྲུབ་པ་བརྙེས་ཡོད་སྐད་དོ། །   
           22.ཨ་བསེ་ནི།  ཁྲ་མོ་གླིང་གི་ལྷོ་ཕྱོགས་སུ་གནས་པའི་རྒྱལ་ཕྲན་ཆུང་ངུ་ཞིག་གི་མིང་། གླིང་དམག་ཁ་ཆེའི་ཡུལ་ལ་སྐྱོད་དུས་ལྷོ་ཨ་བསེ་དར་ཐང་ཕྱུག་མོ་རུ་དམག་སྒར་བབས་ནས་ངལ་གསོས་ཞེས་པ་ལྟར། ལྷོ་ཨ་བསེ་སྟོད་སྨད་སྡེ་དྲུག་ལ་བློན་རྒོད་དྲུག་ཅུ་རེ་བདུན། འབངས་མི་འོག་སྡེ་ཁྲི་དང་དྲུག་བརྒྱ། རྒྱལ་པོ་གཡུ་འབྲུག་ཐོག་བཙན། རྫོང་མཁར་སྲུང་མི་སྲིན་པོ་རེ་རེ་ཡོད་ཅེས་གྲགས། ཁ་ཆེ་བཏུལ་རྗེས་གླིང་དང་ཨ་བསེ་བར་དམག་འཁྲུག་བྱུང་།  མཇུག་མཐར་གཡུ་འབྲུག་རྒྱལ་པོས་གླིང་ལ་མགོ་བཏགས་ནས་ཁྲ་མོ་གླིང་གི་མངའ་འོག་ཏུ་ཚུད་དོ།།  
           23.ཡམ་བུ་ནི།  སྤྱིར་ཡམ་ཞེས་པ་ནི་ལོག་བཤད་ལ་གོ་ཞིང་བཤད་ཡམ།  ཡམ་མེ་བ་ལྟ་བུའི་དོན་ལ་འཇུག་མོད། སྐབས་འདིའི་ཡམ་བུ་ཞེས་པ་ནི་རྒྱ་གར་དང་བོད་གཉིས་ཀྱི་དབུས་ན་ཆགས་པའི་བལ་བོའི་ཡུལ་གྱི་གནའ་བོའི་མཁར་རྙིང་ཞིག་གི་མིང་ཡིན་ལ་དེང་སང་《加德满都》ཟེར་བ་དེ་ཡིན།   ཁ་ཆེ་ཁྲི་བརྟན་རྒྱལ་པོའི་དབང་ཤུགས་ཇེ་ཆེར་གྱུར་པས་མངའ་ཁོངས་རྒྱ་ཆེར་བསྐྱེད་ནས་གནའ་བོའི་མཁར་རྙིང་འདི་བདག་ཏུ་བཟུང་ཞིང་མཐའ་འཁོར་གྱི་རྒྱལ་ཕྲན་དག་ལ་མི་མཐུན་པའི་བཙན་འཛུལ་མང་པོ་བྱས་མྱོང་ངོ་། །  
           24.སྤོ་རང་ནི། ཨ་བསེ་དང་འདྲ་བའི་རྒྱལ་ཕྲན་ཆུང་ངུ་ཞིག་ཡིན་ལ། ཨ་བསེ་དང་སྤོ་རང་གཉིས་སྒང་རྒྱུད་གཅིག་གི་གཡས་གཡོན་དུ་ཡོད་ཅིང་། ཕྱི་དགྲ་ཡོད་ན་ཆུ་གཞུང་གཅིག་ཟེར་བ་ལྟར་ཨ་བསེ་ལ་དགྲ་བྱུང་ན་སྤོ་རང་ལ་བྱུང་བ་དང་ཁྱད་མ་མཆིས་པས།  གླིང་དང་ཨ་བསེ་གཉིས་འཁྲུག་པའི་སྐབས་སུ།  སྤོ་རང་ཡང་དམག་འཁྲུག་ལ་ཞུགས།   རྒྱལ་པོའི་མིང་ལ་གཡུང་དྲུང་དཔའ་རྒྱལ་ཟེར་བ་དང་། ཕོ་བྲང་ལ་ཆུ་རི་འབུམ་རྫོང་། བཙུན་མོ་ཁྲི་བྱམས་མཚོ་དང་སྲས་མོ་རྨ་བྱ་སྐྱིད། མདུན་བློན་གྲགས་ཆེན་བརྒྱད། དམག་དཔུང་ཆིག་ཁྲི་སུམ་སྟོང་བཅས་ཡོད་སྐད།   མཐར་ཁོས་ཀྱང་གེ་སར་རྒྱལ་པོར་མགོ་འབུལ་ལུས་འབུལ་བྱས་སོ། །  
           25. རྟ་ཆད་བྲོ་སྡུག་ནི། རྟ་ཕོ་ཐང་ཆད་པ་དང་དམག་མིའི་བྲོ་ཚར་བའི་དོན་ཡིན། གནའ་བོའི་དམག་འཁྲུག་ཞིག་ལ་མཚོན་ན་འོག་གི་རྟ་དང་ཁ་ཟས་བྲོ་གཉིས་གཙོ་བོ་ཡིན།  གལ་སྲིད་དེ་གཉིས་གང་རུང་མེད་པར་གྱུར་ཚེ་ཕམ་པར་འགྱུར་ཉེན་ཆེ་བས།  གནའ་མི་རྣམས་ཀྱིས་དམག་རྟ་གསོ་བ་དང་དམག་བྲོ་གྲ་སྒྲིག་བྱེད་པར་གཙིགས་འཛིན་ཆེན་པོ་གནང་བཞིན་འདུག་གོ།  
           26.མདོ་མགྲོན་ནི།  ཚོང་བའི་དོན་ལ་འཇུག་ཅིང་།  ཁ་ཆེ་དང་གླིང་གཉིས་འཁྲུག་སྐབས་ཁ་ཆེའི་དམག་གིས་གླིང་གི་ཚོང་བའམ་མདོ་མགྲོན་གྱི་ཚོང་ཟོང་འཕྲོག་བཅོམ་བྱས་ཞེས་པ་ལྟ་བུའོ། །  
           27. མི་ཐོ་ཇུས་ཤི་ནི། རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་མི་ལ་དེ་ལྟར་འབོད་པར་འདོད། རྒྱུ་མཚན་ནི་《ཧོར་གླིང་གཡུལ་འགྱེད》དང་སྒྲུང་དཔེ་གཞན་དག་ལས་མི་ཐོ་ཇུས་ཤི་ཟེར་བའི་ཚིག་དེ་འདྲ་མ་མཐོང་ཡང་དཔའ་བོ་ཇུས་ཤི་ཟེར་བ་མང་པོ་མཐོང་རྒྱུ་ཡོད་པས་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་འདོད་དོ། །  
           28.ཨོ་གོར་ནི། མཚོན་གྱིས་གནོད་དཀའ་བའི་ཁྲབ་ཞིག་གི་མིང་ངོ་།།   
           29.ཧད་ནི།  (1)ཧ་ལས་པའམ་ཧོན་འཐོར་བའི་དོན་དང་ཡང་ན་སྐྲག་པའམ་བླ་འཁྱམས་པའི་དོན་ལ་འཇུག  (2)སྐབས་འདིར་གློ་བུར་གྱི་དོན་ཡིན་ནོ། །   
           30. ཁྲབ་འཕུར་ཡུག་ནི།  ལྷོ་འཛམ་གླིང་གི་ཁྲབ་ཡོད་ཚད་ཀྱི་སྙིང་ནོར་ཏེ།  དངོས་མེད་ལྷ་འདྲེའི་ལས་ཟོག་དང་འོག་ཀླུ་རྒྱལ་གྱི་གཙུག་གི་ནོར་བུ་ཡིན་སྐད།   གླིང་སེང་ཆེན་རྒྱལ་པོས་ཁྲབ་ཀྱི་གཏེར་ཁ་བགོ་ཆེད་ལྷོ་ཨ་བསེ་ཡུལ་དུ་དམག་ཆེན་དྲངས་ནས་གཡུལ་འཁྲུག་དྲག་པོ་བྱས་མཐར་ཁྲབ་འཕུར་ཡུག་གཙོ་བྱས་པའི་རིན་པོ་ཆེ་མང་པོ་འཛམ་བུ་གླིང་གི་རྒྱལ་ཁག་སོ་སོར་བགོས་པའོ། །         
དགུ་པ། 《ཙ་རི་སྨན་རྫོང་།》
           གླིང་སྒྲུང་གཅེས་བཏུས་《ཙ་རི་སྨན་རྫོང་》གི་ནང་དོན་གཙོ་བོ་ནི་དེ་ཡང་སྔོན་གྱི་དུས་སྐབས་ཤིག་ལ་འབྲུག་ལྷང་ལྷང་ནོར་བུའི་གདན་ས། སྐད་ལྷང་ལྷང་ཁུ་བྱུག་གྲགས་ས།   ཡུལ་ཕུན་ཚོགས་རྨ་ཀླུང་ཕྱུག་མོ་དེ་ན་སྡེ་ཕུན་ཚོགས་གླིང་དཀར་ཚོ་དྲུག གླིང་ཆེ་རྒྱུད་སྟག་སེང་ཁ་སྤྲོད། སྟག་མི་གཟན་གྲ་ཡག་ཤིགས་སེ།  འབྲིང་རྒྱུད་དགྲ་མདའ་སིལ་མ། མདའ་ཉག་ཕྲན་དུང་སོ་རུག་གེ   ཆུང་རྒྱུད་ཁྱུང་ཕྲུག་གཤོག་རྒྱས།  ཁྱུང་འཕུར་འདོད་སྒྲོ་ཐུལ་ལྷབ་བེ།  གཡས་རུ་སྒ་ཡི་སྡེ་བ།  དར་དཀར་པོའི་རྒྱལ་མཚན་ཕྱར་འདྲ། གཡོན་རུ་འབྲུ་ཡི་སྡེ་བ། འབྲུ་སྔོན་མོའི་མཎྚལ་བཀོད་འདྲ། སྟག་རོང་ཤོག་ཆེན་བཅོ་བརྒྱད། ཁྲག་མཚོ་ཁ་ལུད་བརྒྱབ་འདྲ། ནང་ཚོ་དྲུག་འབྲུ་དྲུག་སིལ་མ། འབྲུ་སྣ་ལྔའི་ཐང་མ་བརྡལ་འདྲ། ཕྱུགས་དཀར་ནག་གི་ཁྱུ་ཚོགས་གནམ་ལ་རྒྱུ་སྐར་ཤར་འདྲ།  ཤར་ཁྲ་མོ་གླིང་གི་སྟོད་པ་དེ་ན།   སྨུག་པོ་ལྡོང་གི་རུས་རྒྱུད་ལྡོང་མ་བཞིའི་དབོན་པོ་ཁྲོ་ཐུང་ཁོང་མཁར་བཙན་པོ་ཕོ་རོག་སྙིང་རྫོང་གི་ཡང་ཐོག་གཡུང་དྲུང་འཁྱིལ་བའི་ནང་དུ་ཕྱི་མའི་ཤི་ཆོས་སྒྲུབ་པའི་མཚམས་དམ་པོའི་བཅད་རྒྱ་མཛད་ནས་བཞུགས་སོ། །  
           དེའི་སྐབས་སུ་སྨན་གྱི་ལྷ་མོ་བདུད་རྩི་མའི་སྐུ་ལས་སྤྲུལ་པའི་བུ་མོ་མོན་པའི་ཆ་བྱད་ཅན་མཛེས་ཤིང་ཡིད་དུ་འོང་བ་ཤ་རྩ་དཀར་ལ་གཞོན་ཤ་རྒྱས་པ།  གཟུགས་དྲང་ལ་སྐེད་པ་ཕྲ་བ།  ཕྱག་ཞབས་པད་རྩ་ལྟར་དཀར་ཞིང་དྭངས་པ།   གཞན་ཡིད་དབང་མེད་དུ་འཕྲོག་པ་ཞིག་ཁྲོ་ཐུང་གི་གམ་དུ་སླེབས་ཤིང་།  ཁོ་ལ་དགའ་བ་དང་བཅས་དགའ་མགུར་སྤྱད། ནམ་སྨད་དུ་བུ་མོ་དེ་གར་སོང་ཆ་མེད་དུ་གྱུར་ཅིང་། ཁྲོ་ཐུང་གི་ལུས་ཀྱི་འདུ་བ་རྣམས་འཁྲུགས་པས། སྟོད་ལ་ཚ་བ་མེ་ལྟར་འབར། སྨད་ལ་གྲང་བ་ཆུ་ལྟར་འཁོལ། བར་དུ་ཚ་གྲང་རླུང་ལྟར་འཐབ་པ་སོགས་ནད་དྲག་པོས་གཟིར་ཏེ་འདི་ནི་ལྷ་ཡི་སྤྲུལ་པའམ་བདུད་ཀྱི་ཆོ་འཕྲུལ་གང་ཡིན་སྙམ་ནས་འགྱོད་པ་ཚད་མེད་སྐྱེ་བཞིན་བསྡད།  
           སྐབས་དེར་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་མར་ཞབས།  ས་པདྨ་འདབ་བརྒྱད་ཀྱི་གོང་རོལ།  རི་མཆོག་རྨ་རྒྱལ་སྤོམ་རའི་ཉེ་ཆར།  ཆུ་མཆོག་རྨ་ཀླུང་གཡས་འཁྱིལ་གྱི་དྲ་མིག  རྨ་དྲོ་ལུ་གུའི་མཁལ་ཁུགས།  རྨ་ལི་མ་ནོར་བུ་དགའ་འཁྱིལ། སྟེང་དག་པ་ལྷ་ཡི་ཕོ་བྲང་། སྐུ་མཁར་སེང་འབྲུག་སྟག་རྩེ་དེ་རུ་སངས་རྒྱས་སྟོང་གི་ཐུགས་སྲས། རིགས་གསུམ་མགོན་པོའི་རྣམ་སྤྲུལ། དབུ་ནག་བོད་ཀྱི་སྐྱབས་མགོན། སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་ཐུགས་འོད་གསལ་གྱི་ཀློང་དུ་མཉམ་བཞག་མཛད་དེ། འགྲོ་བ་ཀུན་ལ་ཉེ་རིང་མེད་པར་ཉིན་ལ་འགྲོ་བ་མི་ཡི་དོན་དང་།   མཚན་ལ་ལྷ་ཀླུ་གཉན་གསུམ་གྱི་འགྲོ་དོན་རྒྱ་ཆེར་མཛད་ཅིང་བཞུགས་པའི་སྐབས་སུ་སྨན་ཨ་ནེ་གནམ་སྨན་དཀར་མོ་དེས་ལྷོ་ཙ་རིའི་སྨན་རྫོང་ཕབ་དགོས་ཚུལ་གྱི་ལུང་བསྟན་བྱུང་ངོ་།  །དེ་ནས་གླིང་གི་དཔུང་དམག་དེ་ནམ་མཁའི་སྐར་ཚོགས་ལྟར་དཔུང་སྐྱོད་བྱས་ཏེ་ཙ་རིའི་དཀྱིལ་འཁོར་ཐང་དུ་སྒར་བབས་ཤིང་ཕན་ཚུན་གཉིས་ཀྱིས་འཁྲུག་རེས་མང་དུ་བྱས།  སྲས་ཆུང་ཟླ་འོད་འབུམ་ལུ་ཟེར་བ་དེ་སྟག་རོང་དམག་གིས་གསོན་བཟུང་བྱས་པས་ལྷོ་ཙ་རི་མོན་གྱི་གསང་གཏམ་ཡོད་ཚད་གླིང་ལ་བཤད།   གླིང་སྟག་རོང་དཔོན་པོའི་སྒྱོགས་ཟོར་གྱིས་མེ་ཆུ་བྲག་གི་འགག་སྒོ་ཡོངས་སུ་གཏོར་ནས་ཙ་རིའི་དམག་ལ་ཕམ་ཉེས་ཚབས་ཆེན་བཟོས། གཡུ་འབྲུག་དཔུང་རིང་དེ་གླིང་སྒར་ལ་ཤོར་ནས་ཁྲ་མོ་གླིང་གི་དམག་རྣམས་རམ་ནག་སེར་བས་བརྡུངས་འདྲ་བྱས་ཤིང་ལྷག་པར་དུ་ལྷའུ་ཉི་མ་གྲགས་པ་དང་སྟག་སྲས་དགྲ་ལྷ་གཉིས་ཀྱི་དབུ་རིལ་ལེར་བླངས་ཏེ་སུས་ཀྱང་གདོང་མ་བརྟན་པར་གླིང་པ་རྣམས་ལ་ཕམ་ཉེས་ཡ་ང་བ་བྱུང་། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གིས་སྒྱོགས་ཀྱི་འཕྲུལ་འཁོར་བསྐོར་ནས་ལྷོ་པ་རྣམས་འཕར་བས་ར་ཁྱུ་དཀྲུགས་འདྲ་བྱས་ཏེ་རྟིང་མ་དགུང་ལ་གྲགས་པ་བླངས།  ལྷོ་པའི་དམག་དཔོན་གཡུ་འབྲུག་དཔུང་རིང་དང་བློ་གྲོས་རབ་གསལ་གཉིས་ཀྱི་བར་ལ་རྩོད་པ་བྱུང་སྟེ་འཁོན་རེས་བྱས་ཤིང་དམག་ཁག་གཉིས་ལ་འཐོར་འགོ་བརྩམས།  ཞལ་དཀར་སྲས་ཀྱིས་དམག་དཔོན་གཉིས་ཀྱི་འཁྲུག་རྩོད་བསྡུམས།  ཡིན་ནའང་ནམ་ཕྱེད་ཙམ་ལ་བློན་པོ་བློ་གྲོས་རབ་གསལ་གསང་སྟབས་ཀྱི་སྒོ་ནས་ཁྲ་མོ་གླིང་གི་ཕྱོགས་སུ་བྲོས་པར། ཞལ་དཀར་སྲས་ར་མདར་བརྒྱུགས་པས་ན་ཚ་ཞང་འདན་མས་ཁོ་མདའ་གཅིག་གི་རྩེ་ལ་བསྐྱོན།  གླིང་པ་རྣམས་ཀྱིས་བློ་གྲོས་རབ་གསལ་བསུ་ཆེད་དགའ་ལ་བཞི་གྱེན་ལམ་འཕྲང་འགག་ནས་གླིང་གི་དཔའ་རྟུལ་བདུན་གྱིས་གཡུལ་འཁྲུག་ཡ་ང་བ་བྱས་ཏེ་ཁྲག་གི་མཚོ་མོ་བསྐྱིལ།  
           མཐར་རྒྱལ་མཆོག་མི་ཡི་ཉི་མས་གཡུ་འབྲུག་དཔོན་ལ་ཐར་ལམ་བསྟན། མོན་ཤི་བདུད་རྒྱལ་པོའི་ཀ་ལི་བཀོག ལྷོ་ཙ་རིའི་སྨན་གྱི་གཏེར་སྒོ་ཕྱེ་སྟེ་སྒང་པ་བོད་ལ་སྨན་གྱིས་ཁྱབ་པར་བྱས་ནས་མི་འདོད་པའི་ནད་ལས་གྲོལ་བར་གྱུར། ལྷོ་ཙ་རིའི་མོན་གྱི་རྒྱལ་ཚབ་ལ་སྟག་རོང་གཡུ་ལྷ་གུང་བཙན་བཞག་སྟེ་དཀར་པོ་ཆོས་ཀྱི་བསྟན་པ་བཙུགས་ཤིང་།  ནགས་ཕྱོགས་བདུད་ཀྱི་བསྟན་པ་རྩ་བ་ནས་བསྣུབས་པ་བཅས་ཀྱི་ལོ་རྒྱུས་སོ། །  
           གླིང་སྒྲུང་གཅེས་བཏུས་《ཙ་རི་སྨན་རྫོང་》ལེགས་སྒྲིག་བྱེད་པའི་སྐབས་སུ་ལེའུ་རྣམས་གཅིག་གྱུར་བྱས་ཏེ་ཚང་མ་བདུན་ཚིག་ཅན་དུ་བཅོས་པ་དང་། ཡིག་ནོར་དག་པར་བཅོས།  གླིང་སྒྲུང་གི་སྔ་གཞུག་གི་ཆ་ནས་དཔའ་རྟུལ་རེ་འགའ་སྒྲུང་སྔོན་མའི་ནང་བཀྲོངས་སོང་བ་ཡང་བསྐྱར་གསོན་ཡོད་པ་མི་འགྲིག་པར་བརྟེན་འོས་འཚམ་གྱིས་དཔའ་རྟུལ་གཞན་ཞིག་ཚབ་ཏུ་འཇོག་པའམ་ཡང་ན་ལེན་པ་བཅས་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་པ་ཐམས་ཅད་ལེགས་པར་བསྒྲིགས།  གླིང་སྒྲུང་གཅེས་བཏུས་ལེགས་སྒྲིག་ཚན་ཆུང་གི་རེ་བ་ལྟར་སྔོན་ལ་པར་སྐྲུན་བྱས་ཟིན་པའི་གླིང་སྒྲུང་གཅེས་བཏུས་བཞི་ལ་ཟུར་ལྟ་ཡང་ཡང་བགྱིས་མཐར་གཞི་ནས་《ཙ་རི་སྨན་རྫོང་》གི་ལས་ཀ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ངོ་། །      
བཅུ་པ། 《ཙ་རི་སྨན་རྫོང་》གི་མིང་བརྡ་གཙོ་བོའི་འགྲེལ་བཤད།
           1.སྟག་རོང་ཤོག་ཆེན་བཅོ་བརྒྱད་ནི།   སྟག་ལུང་ཐང་བ་གོང་འོག   གཡུ་ཐོག་ལ་སྟོད་ལ་སྨད། འབྲི་གུང་གནམ་མཚོ་ཕྱུག་མོ། སྒ་བ་མི་ཚོ་དམར་པོ།  ཞིང་བ་ཚ་ཞང་རུ་བདུན།  ལྡོང་གི་ཆུ་ཉིན་ཆུ་སྲིབ།  གཉན་རི་གནམ་གྱི་སྐར་ཚོགས། ལྕགས་མོ་འབྲི་ཁོག་སྟོད་སྨད། མཁར་བ་མཚོ་ཉིན་མཚོ་སྲིབ། ཆེ་བོ་སྦྲ་ནག་སུམ་བརྒྱ། གླིང་རུ་མི་བརྒྱ་རྟ་སྟོང་། སྡེ་དགེ་མཛངས་པ་སྟོད་སྨད། རོང་ཁང་ལེབ་ཅན་ལ་དགུ་བརྒྱ། འདན་ལ་ཐོག་རུ་ལྔ་བརྒྱ། ཐོག་ཨ་མཁར་དུག་རི་ནག་པོ། ལྷ་རུ་ཕྱུག་གི་སྡེ་བ། ནག་པ་ཁ་བཞི་སྒོ་བརྒྱད། ཐང་བ་ནགས་རི་ཕྱུག་མོ་བཅས་སོ། །   
           2.སྨན་གྱི་རྒྱལ་པོ་ནི།   སེམས་ཅན་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པར་མཛད་པའི་རྒྱལ་པོ་སྟེ། སངས་རྒྱས་སྨན་བླའི་མཚན་ནོ། །  
           3.སྨན་གྱི་ལྷ་མོ་བདུད་རྩི་མ་ནི།   སངས་རྒྱས་སྨན་བླའི་གམ་དུ་ཡོད་པའི་ལྷ་མོ་ཞིག་གི་མིང་། མོ་རང་མོན་གྱི་བུ་མོའི་ཆ་བྱད་དུ་བརྫུས་ནས་སྟག་རོང་དཔོན་པོ་ཁྲོ་ཐུང་ལ་ནད་བསྐྱེད་དེ་ལྷོ་ཙ་རིའི་ཡུལ་དུ་དམག་ཕབ་པར་རོགས་རམ་བསམ་གྱིས་མི་ཁྱབ་པ་བྱས་སོ། །  
           4. ལྷོ་འཛམ་བུ་གླིང་ནི། གླིང་བཞིའི་ཡ་གྱལ་ཏེ་ཤར་ལུས་འཕགས་གླིང་།ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལྷོ་འཛམ་བུ་གླིང་བཅས་སོ། །  
           5.སེང་དཀར་མོ་ནི།  གངས་ཁྲོད་དུ་གནས་པར་བཤད་ཅིང་།  མིང་གཞན་ལ་གངས་སེང་དཀར་མོ་ཟེར།  གཅན་གཟན་ཀུན་གྱི་རྒྱལ་པོ་ཡིན་པར་གྲགས་སོ། །  
           6.བྱ་ཁྱུང་ཆེན་ནི། དུག་སྦྲུལ་གྱི་ཁ་གནོན། འདབ་ཆགས་ཀུན་གྱི་རྒྱལ་པོའི་མིང་ངོ་། །  
           7.བད་ཀན་ནི། སྨན་གཞུང་དུ་བཤད་པའི་རླུང་འཁྲིས་བད་ཀན་གསུམ་གྱི་བད་ཀན་གྱི་མིང་། དེ་ལ་བད་ཀན་སྐྱ་བོ། བད་ཀན་སེར་པོ། བད་ཀན་སྨུག་པོ་སོགས་ཡོད་དོ། །  
           8.འབིགས་བྱེད་ནི། སྨན་རིགས་སྣ་མང་ཡོད་པའི་རྒྱ་གར་གྱི་རི་བོ་ཞིག་གི་མིང་ངོ་། །  
           9.པི་པི་ལིང་ནི། དྲོད་སྨན་ཞིག་གི་མིང་སྟེ། རྒྱའི་སྐད་དུ་པིས་པོ་ཟེར་རོ།།  
           10.འབྱུང་བ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའ་ལྔ་ལ་ཟེར་རོ། །  
           11.སྲས་ཆུང་ཟླ་འོད་འབུམ་ལུ་ནི།   སྐྱེ་ས་ཙ་རི་ཡིན་ཡང་ཆུང་དུས་ནས་དཀར་པོ་ཆོས་ལ་དད། ལྷོ་གླིང་འཁྲུག་སྐབས་སྟག་རོང་དམག་གིས་གསོན་བཟུང་བྱས། གླིང་ལ་མགོ་བཏགས། ཙ་རི་མོན་གྱི་གནས་ཚུལ་གླིང་ལ་རྒྱས་པར་བཤད། ཙ་རི་སྨན་རྫོང་ཕབ་རྗེས་གླིང་གི་དཔའ་རྟུལ་གྱི་གྲས་སུ་བཞག་གོ།  
           12.སྤུག་ནི།  རིན་པོ་ཆེའི་རིགས་ཤིག་སྟེ།  ཆབ་རོམ་ལོ་སྟོང་འགོར་ན་སྤུག་ཏུ་འགྱུར་བར་བཤད་དོ། །   
           13.དམར་ནག་ལིང་ཚེ་བཅུ་གཉིས་ནི།  ལྷོ་ཙ་རིའི་སྤྱི་མིང་དུ་འབོད།  ལྷོ་པ་དང་ཀློ་པ། མོན་པ་དང་འབྲུག་པ་བཅས་རྒྱལ་ཕྲན་བཞི་ལས། འབྲུག་པ་ལ་ལ་ཐོག་སྐོར་གསུམ།  ལྷོ་པ་ལ་སྟོད་སྨད་བར་གསུམ།  ཀློ་པ་ལ་དཀར་ནག་ཁྲ་གསུམ། མོན་པ་ལ་ཁ་རོང་འབྲོག་གསུམ་བཅས་བཅུ་གཉིས་སོ། །   
           14. ཐོག་འབྲུག་གློག་གསུམ་ནི།  ཐོག་རྒོད་ཞ་ལུ།  གཡུ་འབྲུག་དཔུང་རིང་། གློག་དམར་ཞགས་འཛིན་བཅས་སོ། །   
           15.གཡུ་འབྲུག་འགྱིང་རྫོང་ནི། ཙ་རི་མོན་གྱི་ཕོ་བྲང་ཡིན་ཞིང་། ཤར་ན་སྟག་དམར་འགྱིང་རྫོང་། ལྷོ་ན་གཡུ་འབྲུག་འཕྲུལ་རྫོང་། ནུབ་ན་བྱ་དམར་ཐོག་རྫོང་། བྱང་ན་རུས་སྦལ་སྦས་རྫོང་ངོ་། །   
           16.གཡུ་འབྲུག་དཔུང་རིང་ནི།   ཙ་རིའི་བློན་པོ་གྲགས་ཅན་ཞིག་གི་མིང་ངོ་། །   
           17. རླུང་རྟ་སྡེ་བཞི་ནི།  རླུང་རྟའི་ངོས་ཀྱི་སྟག་སེང་ཁྱུང་འབྲུག་བཅས་ལ་རླུང་རྟ་སྡེ་བཞི་རུ་འབོད་དོ། །   
           18.སྲིད་པའི་ལྷ་དགུ་ནི། པུ་དེ་གུང་རྒྱལ། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། སྒམ་པོ་ལྷ་རྗེ། ཞོགས་ལྷ་རྒྱུག་པོ། ཇོ་བོ་གཡུལ་རྒྱལ།  ཤེའུ་ཁ་རག་བཅས་སོ། །   
           19.འཇོག་པོ་ནི། ཀླུ་ཆེན་བརྒྱད་ཀྱི་ཡ་གྱལ་ཏེ་ལྷོར་གནས་པའི་ཀླུའི་རྒྱལ་པོའི་མིང་ངོ་། །  
           20. ལྕགས་ནག་ཁུ་ཚུར་ནི། ཙ་རིའི་བློན་པོ་རྩལ་ཆེན་ཞིག བྲག་རྡོ་རྗེ་ཡིན་ཀྱང་ཁུ་ཚུར་གྱིས་ཐལ་ཕུང་ལྟར་བཟོ་ནུས་པས།  དམག་དཔོན་ལྕགས་ནག་ཁུ་ཚུར་དུ་འབོད། གཡུལ་འགྱེད་ནང་དུ་འབྲུ་སྒ་སྡེ་དང་འཐབ་སྟེ། ཁུ་ཚུར་རྒྱག་ཐེངས་གཅིག་གིས་སྒ་སྡེ་དྲན་མེད་དུ་བརྒྱལ།  མཐར་གླིང་པ་རྣམས་མཉམ་རུབ་ཀྱིས་ལྔ་བའི་ལམ་དུ་བརྫངས་སོ། །  
           21. མཚན་དཔེ་ནི།  མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །   
           22.མཛེས་མའི་ཁྱད་ཆོས་བརྒྱད་ནི།   ཞལ་བཟང་བ་ཉ་གང་ཟླ་ལྟར་དཀར་བ། སྤྱན་ཟུང་མེ་ཏོག་གི་ཟེའུ་འབྲུ་བཞིན་འོད་འབར་བ། སྐྲ་དང་སྨིན་མ་བུང་བའི་ཁ་དོག་ལྟར་ནག་པ། མཆུ་སྒྲོས་ཤིང་ཏོག་བིམ་པ་ལྟར་དམར་ཞིང་རློན་པ། མགྲིན་པ་རྨ་བྱའི་སྐེ་ལྟར་བཞུན་པ། ཚེམས་ཕྲེང་བ་མུ་ཏིག་གི་དོ་ཤལ་ལྟར་འགྲིག་ཅིང་དཀར་བ། སྐུ་ལུས་སྦ་དཀར་གྱི་སྨྱུག་མ་བཞིན་ཕྲ་ཞིང་ལྡེམ་པའོ། །
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1