༄༅།། སྣ་ཚོགས་ཤེས་བྱ་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-08



ཚེ་ཐག་ཆེས་རིང་བའི་སྡོང་བོ་གང་ཡིན།
        འཛམ་གླིང་སྟེང་གི་ཚེ་ཐག་ཆེས་རིང་བའི་སྡོང་བོ་ནི་ཧྥེ་གླིང་གི་ས་ཆར་ཡོད།སྡོང་བོ་དེ་ལས་ཐང་ཆུ་དམར་ནག་བཞུར་བའི་ཆ་ནས“ཁྲག་སྡོང”ཟེར་ཞིང་། གསོན་ཡུན་ནི་ཕལ་ཆེ་བ་ལོ2000ནས6000བར་ཡིན་ལ།ཆེས་རིང་བ་ནི་ལོ8000ལ་གསོན་ཐུབ་པར་བཞེད། ཁྲག་སྡོང་གི་བཅད་ཤིང་རུལ་དཀའ་བའི་རྐྱེན་གྱིས་བཟོ་ལས་ལ་དགོས་མཁོ་ཧ་ཅང་ཆེ།

སྐྱེ་ཚད་ཆེས་མགྱོགས་པའི་སྐྱེ་དངོས་ནི་གང་ཡིན།
        སྐྱེ་ཚད་ཆེས་མགྱོགས་པའི་སྐྱེ་དངོས་ནི་རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་ཀྱི་སྨྱུག་མ་ཡིན། དཔྱིད་ཁའི་དུས་སུ་སྨྱུག་མ་དེ་ཉིན་ཞག་གཅིག་ལ་སྨི1སྐྱེ་ཐུབ་ལ།ཆ་སྙོམས་ཀྱིས་སྐར་མ་རེར་ཧའོ་སྨི2རེ་སྐྱེ་བཞིན་ཡོད་པས། སྐྱེ་བཞིན་པའི་ཚུལ་དངོས་སུ་མཐོང་ཐུབ་པར་མ་ཟད། སྐྱེ་བའི་སྐབས་སུ་ཙག་སྒྲ་ཡང་ཐོས་ཐུབ། དེ་བས་མི་ཚང་མས་འཕེལ་རྒྱས་མགྱོགས་པའི་བྱ་དངོས་དག་ལ“ཆར་རྗེས་ཀྱི་སྨྱུག་གསར”ཞེས་དཔེར་འདྲེན་པ་ནི་དོན་དང་ལྡན་པ་ཞིག་རེད།

འབྲས་བུ་ཆེས་ཆེ་བའི་སྐྱེ་དངོས་ནི་གང་ཡིན།
        ནན་ཀྭ་ནི་ཕྲ་ཞིང་མཉེན་པའི་གཞུང་རྟའི་སྟེང་ན་ཐོགས་ཡོད་རུང་། ཆེས་ཆེ་བའི་ནན་ཀྭ་ལ་རྒྱ་མ120ཡི་ལྗིད་ཚད་ཡོད་པས།འཛམ་གླིང་སྟེང་གི་ཆེས་ཆེ་བའི་འབྲས་བུ་ཡིན།

འཛམ་གླིང་སྟེང་གི་ཆེས་སྦོམ་པའི་སྡོང་པོ་ནི་གང་ཡིན།
        སྤྲེའུ་ཡི་བག་སོབ་ཅེས་པའི་སྡོང་པོ་ནི་ཧྥེ་གླིང་ཤར་ནུབ་མཚམས་ཀྱི་ཚ་ཁུལ་ནགས་ཚལ་དུ་སྐྱེས་ཤིང་། སྡོང་པོ་དེའི་མཐོ་ཚད་ལ་སྨི10ནས20ལས་མེད་ཀྱང་། ཞེང་གི་སྦོམ་ཚད་ལ་སྨི10ཡོད་པས། རྒྱང་ནས་བལྟས་ན་ཁང་བ་ཞིག་དང་འདྲ་བར་བརྟེན། འཛམ་གླིང་སྟེང་གི་ཆེས་རྒྱགས་པའི་སྡོང་པོར་གྲགས། དེའི་སིལ་ཏོག་མཛུབ་མོ་དང་མཚུངས་ཤིང་། རིང་ཚད་ཧོང་ཀྭ་དང་འདྲ་ལ་ཞིམ་མངར་ལྡན་པས། སྤྲེའུ་རྣམས་ཟ་རྒྱུར་དགའ་བའི་ཤིང་འབྲས་ཤིག་ཡིན་ཞིང་། མིང་ལའང“སྤྲེའུ་ཡི་བག་སོབ”ཅེས་ཐོགས།

སྐྱེས་བོངས་ཆེས་ཆེ་བའི་སྡོང་པོ་ནི་གང་ཡིན།
        མེ་གླིང་གི་ཧྭ་ཏའི་རི་འདབས་སུ་སྐྱེས་པའི་ཤིང་སྡོང་ཆེན་པོ་དེར“འཇིག་རྟེན་རྒད་པོ”ཞེས་འབོད་ཅིང་། མཐོ་ཚད་ལ་སྨི70ནས100བར་དང་། སྡོང་རྐང་གི་སྦོམ་ཚད་ལ་སྨི10ནས16བར་ཡོད། མགོ་རྔ་གཉིས་སྦོམ་ཕྲ་མེད་ལ། འཛམ་གླིང་གི་ངོས་རྒྱ་ཆེས་ཆེ་བའི་སྡོང་པོའི་རིགས་ཤིག་ཡིན། སྡོང་པོ་དེའི་ཚེ་ཚད་ནི་ལོ5000ཡན་ཡིན་ལ། སྡོང་ཁོག་ནས་རླངས་འཁོར་ཆུང་ཆུང་ཞིག་བགྲོད་ཐུབ།

ཚེ་ཚད་ཆེས་རིང་བའི་ལོ་མ་གང་ཡིན།
        ཧྥེ་གླིང་ནུབ་མའི་ཐན་པ་ཆེ་བའི་བྱེ་ཐང་དུ་སྐྱེས་པའི་ལོ་བརྒྱའི་མེ་ཏོག་ལ་ཚེ་ཚད་གང་བོར་ལོ་མ2ལས་མི་འབུས་ཤིང་། ལོ་མ་གཅིག་གི་རིང་ཚད་ལ་སྨི2དང་། མི་ལོ100ཡས་མས་ལ་གསོན་ཐུབ་པས། འཛམ་གླིང་སྟེང་གི་ཚེ་ཚད་ཆེས་རིང་བའི་ལོ་མ་ཡིན་པར་བཤད།

རྩི་ཤིང་ལ་སྣ་ཁུང་ཡོད་དམ།
        གྲོགས་པོ་ལགས། ཁྱེད་ལ་མི་དང་སྲོག་ཆགས་ལས་གཞན་ད་དུང་རྩི་ཤིང་ལའང་སྣ་ཁུང་ཡོད་ཅེས་བཤད་ན། དགོད་བྲོ་ཞིང་ཡ་མཚན་པ་ཞིག་ཨེ་རེད། དོན་དངོས་སུ་རྩི་ཤིང་ལའང་སྣ་ཡོད་དེ། རྩི་ཤིང་གི་སྣ་ནི་རྩི་ཤིང་དེ་ཉིད་ཀྱི་དབུགས་འབྱིན་རྔུབ་བྱེད་སའི་བུ་ག་གྲངས་མེད་པ་དེ་དག་ལ་ཟེར། བུ་ག་དེ་དག་ནི་ངང་ལག་གི་དབྱིབས་དང་འདྲ་བའི་ཕྲ་ཕུང་གཉིས་ཀྱིས་འབྱེད་འཛུམ་གྱི་ལས་ཀ་བྱེད་བཞིན་ཡོད་པས། གནམ་ངོ་དྭངས་པའི་ཞོགས་པར་བུ་གའི་ཁ་འབྱེད་པ་དང་། ཉིན་གུང་ཅུང་ཟད་བཙུམ་པ། ཕྱི་དྲོ་སླར་ཡང་ཕྱེ་བ་དང་། སྲོད་དུས་ཡོངས་སུ་ཟུམ་པ་ཡིན། གནམ་ངོ་རུབ་དུས་བུ་ག་དེ་དག་གི་ཁ་འབྱེད་ཚད་ཆུང་ཞིང་། ཐན་པ་བྱུང་དུས་དེ་ལས་ཀྱང་ཆུང་བར་འགྱུར་ལ། རྩི་ཤིང་གིས་མཁའ་དབུགས་འབྱིན་རྔུབ་བྱེད་སྐབས། དབུགས་ཀྱི་དྭངས་མ་རྔུབ་པ་དང་། སྙིགས་མ་འབྱིན་པ་ཡིན་པས། བུ་ག་དེ་དག་འགགས་ན། རྩི་ཤིང་གི་སྐྱེ་སྟོབས་ལ་བར་ཆད་འབྱུང་ངེས་ཡིན།

དབྱར་ཚ་བ་ཆེ་དུས་མེ་ཏོག་ལ་ཆུ་ལྡུག་མི་རུང་བའི་རྒྱུ་མཚན་ཅི།
        མེ་ཏོག་ལ་ཆུ་ལྡུག་པའི་དུས་ཚོད་ལ་མཉམ་འཇོག་བྱ་དགོས། གལ་ཏེ་ཚ་བ་ཆེ་བའི་ཉིན་གུང་མེ་ཏོག་ལ་ཆུ་བླུགས་ན། མེ་ཏོག་ལ་གནོད་སྐྱེལ་ངེས། རྒྱུ་མཚན་ནི་དབྱར་ཚ་བ་ཆེ་དུས་དང་། ལྷག་པར་དུ་ཚ་བ་ཆེ་བའི་ཉིན་གུང་མཁའ་དབུགས་ཤིན་ཏུ་དྲོ་བ་དང་། དེ་དང་མཉམ་དུ་ས་གཤིས་ཀྱི་དྲོད་ཚད་ཀྱང་རིམ་བཞིན་ཇེ་མཐོར་འགྲོ་བ་ཡིན་པས། ཚ་བ་ཆེ་བའི་ཉིན་གུང་མེ་ཏོག་ལ་ཆུ་བླུགས་ན། ས་གཤིས་ཀྱི་དྲོད་ཚད་མྱུར་དུ་མར་ཆག་ཐུབ་ཀྱང་། ཕྱི་རོལ་གྱི་མཁའ་དབུགས་སྔར་བཞིན་ཚ་བ་ཆེ་སྟབས། གློ་བུར་བའི་དྲོད་ཚད་ཀྱི་འགྱུར་ལྡོག་གིས་མེ་ཏོག་ལ་གནོད་པ་ཐེབས་པས་རྙིད་པའམ་བསྐམ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ།

ཉི་དགའ་མེ་ཏོག་ཉི་མར་ཁ་འཁོར་བའི་རྒྱུ་མཚན་ཅི།
        ཉི་དགའ་མེ་ཏོག་ནི་ཉི་འོད་ལ་ཧ་ཅང་དགའ་སྟེ། ནམ་རྒྱུན་ཉི་མའི་འཕེལ་འགྲིབ་དང་བསྟུན་ནས་ཁ་ཉི་མར་འཁོར་བཞིན་ཡོད། སྒེའུ་ཁུང་ཁར་བཞག་པའི་རྫ་བུམ་ནང་གི་མེ་ཏོག་གི་ལོ་འདབ་ཀྱང་ནམ་རྒྱུན་ཕྱི་ཕྱོགས་སུ་བསྲིངས་འདུག་པའི་རྣམ་པ་དེ་ན་ཆུང་གྲོགས་པོ་ཚོས་མཐོང་ཡོད་སྙམ། དེ་ནི་རྩི་ཤིང་འོད་ལ་ཕྱོགས་པའི་རང་བཞིན་ཡིན། ཉི་དགའ་མེ་ཏོག་གི་འོད་ཕྱོགས་རང་བཞིན་རྩི་ཤིང་གཞན་ལས་ཧ་ཅང་ཆེ་བ་ཡིན། བ་དམ་དང་ཤིང་བལ་གྱི་ལོ་འདབ་ཀྱང་ཉི་དགའ་མེ་ཏོག་དང་འདྲ་བར་ཉི་མར་ཁ་འཁོར་ནས་སྐྱེ་བཞིན་ཡོད། །《ཤེས་བྱ་དྲིས་བརྒྱ་བ》ཡི་རྩི་ཤིང་གི་ཞིང་ཁམས་ལས་དྲངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1