གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༠༨ཉིན།

༄༅།། དངོས་པོ་འདི་དག་མི་གཞན་ལ་གཡར་ན་ཉེན་ཁ་ཆེ།


རླངས་འཁོར།
        འཚོ་བའི་ཁྲོད་དུ་གྲོགས་པོ་ཚོས་ཕན་ཚུན་ལ་ཅ་ལག་གཡོར་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་ཆགས་ཡོད། ཡིན་ནའང་ཁྱོད་དང་ཁོ་ཚོའི་འབྲེལ་བ་ཅི་འདྲ་བཟང་རུང་དངོས་པོ་རིགས་འདི་ལྔ་པོ་གཡར་དུས་གཟབ་གཟབ་བྱས་ན་མ་གཏོགས། འགྱོད་པ་སྐྱེ་དུས་འཕྱིས་དྲག་པ་རེད།
        ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《འགྲིམ་འགྲུལ་དོན་རྐྱེན་གྱི་གནོད་འཚེ་ལ་སྐྱིན་ཚབ་འཇལ་བའི་གྱོད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་འོས་བཀོལ་བཅའ་ཁྲིམས་ཀྱི་གནད་དོན་འགའི་འགྲེལ་བཤད》ཅེས་པའི་ནང་དུ་རླངས་འཁོར་གྱི་བདག་པོའམ་དོ་དམ་མཁན་ལ་ནོར་འཁྲུལ་ཡོད་པའི་གནས་ཚུལ་འོག་ཁྲིམས་ལུགས་ཀྱི་འགན་འཁུར་དགོས་པ་གཏན་འཁེལ་བྱས་ཡོད།
        དབང་ཆར་བཙན་གནོད་ཀྱི་འགན་འཁྲིའི་བཅའ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་ཡོད་དེ། བོགས་མར་གཏོང་ལེན་དང་གཡར་སྤྱོད་སོགས་གནས་ཚུལ་གྱི་དབང་གིས་རླངས་འཁོར་གྱི་བདག་པོ་དང་བེད་སྤྱོད་བྱེད་མཁན་མི་གཅིག་མ་ཡིན་ཚེ། འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་ཀྱི་ཁག་འགན་དེ་རླངས་འཁོར་ཕྱོགས་ཀྱི་ཡིན་པའི་རིགས་ལ། འགན་བཅོལ་ཀུང་སིས་རླངས་འཁོར་གྱི་བཙན་འདོམས་འགན་བཅོལ་འགན་འཁྲིའི་བཅད་གྲངས་ཀྱི་ཁྱབ་ཁོངས་ནང་སྐྱིན་ཚབ་སྤྲོད་དགོས་པ་དང་། མ་འདང་བའི་ཆ་དེ་རླངས་འཁོར་བེད་སྤྱོད་བྱེད་མཁན་གྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། གནོད་སྐྱོན་བྱུང་བའི་ཐད་ལ་རླངས་འཁོར་གྱི་བདག་པོར་ནོར་འཛོལ་ཡོད་ན་དེས་བབ་མཚུངས་ཀྱི་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

ཐོབ་ཐང་ལག་འཁྱེར།
        ཐོབ་ཐང་ལག་ཁྱེར་གཡར་ན་མི་མངོན་པའི་ཉེན་ཁ་མང་པོ་ཡོད། དཔེར་ན། མི་གཞན་གྱིས་ཁྱེད་ཀྱི་ཐོབ་ཐང་ལག་འཁྱེར་བེད་སྤྱོད་བྱས་ནས་ཡིད་རྟོན་བྱང་བུ་གཉེར་བ་དང་རླངས་འཁོར་གྱི་བདག་པོ་བརྗེ་སྤོར། ཀུང་སི་ཐོ་འགོད་སོགས་བྱས་པ་ཡིན་ན། གལ་ཏེ་ཡིད་རྟོན་བྱང་བུའི་དངུལ་བཏོན་ཚད་ཚད་ལས་བརྒལ་བ་དང་། རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་བཅའ་ཁྲིམས་རྩོད་གཞིའི་གནས་སུ་ལྷུང་བ། ཀུང་སིའི་བུ་ལོན་མ་རྩ་མེད་པ་སོགས་ཀྱི་སྐབས་སུ་ཐོབ་ཐང་ལག་ཁྱེར་གྱི་ཐོག་མའི་བདག་པོ་ལ་དཀའ་ལས་མི་ཉུང་བ་ཞིག་འབྱུང་སྲིད་པ་དང་། ཐ་ན་ཁྲིམས་འབྲེལ་འགན་འཁྲི་འཁུར་བའི་དགོས་པའང་ཡོད་སྲིད།
        སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས་དོན་ཚན་བཅུ་དྲུག་པའི་གཏན་འབེབས་ལ་གཞིགས་ན། ཐོང་ཐང་ལག་ཁྱེར་བོགས་མར་གཏོང་བ་དང་གཡོར་བ། ནང་བཤུག་སོགས་བྱས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཉིས་བརྒྱ་མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་དང་། ཁྲིམས་འགལ་གྱི་ཡོང་འབབ་ཡོད་ན་གཞུང་བཞེས་གཏོང་རྒྱུ།
        དེར་བརྟེན། ཐོབ་ཐང་ལག་ཁྱེར་གཞན་ལ་གཡོར་བ་ནི་ཁྲིམས་འགལ་ཡིན་པ་དང་། མི་གཞན་གྱིས་ཚུལ་མིན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་མཐུན་རྐྱེན་སྤྲད་དེ། འབྲེལ་ཡོད་མི་སྣའི་ཁེ་དབང་ལ་གནོད་སྐྱོན་ཕོག་སྲིད་པས། རང་ཉིད་ཀྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པར་མ་ཟད། བདེ་འཇགས་དོ་དམ་གྱི་ཆད་གཅོད་ཀྱང་ཕོག་ངེས་པས། རང་ཉིད་ལ་ཆད་གཅོད་མི་ཕོག་པའི་ཆེད་དུ་ཡིན་ནའང་འདྲ། ཡང་ན་མི་གཞན་གྱི་ཁེ་དབང་ལ་གནོད་འཚེ་མི་ཡོང་བའི་ཆེད་དུ་ཡིན་ནའང་རུང་། གང་ལྟར་ཐོབ་ཐང་ལག་ཁྱེར་གཞན་ལ་གཡར་མི་རུང་།

ལག་ཁྱེར་ཁ་པར།
        སྔོན་ཆད་ང་ཚོའི་ལག་ཁྱེར་ཁ་པར་ནི་ཁ་པར་གཏོང་བྱེད་དང་འཕྲིན་ཐུང་སྐུར་བྱེད་ཁོ་ན་ཙམ་ཡིན་པ་དང་། ད་ལྟ་ཁ་པར་ནི་ང་ཚོའི་གསང་བའི་མཛོད་ཆེན་པོ་ཞིག་ཏུ་གྱུར་ཡོད། དེ་རུ་གླེང་མོལ་གྱི་ནང་དོན་དང་འདྲ་པར། དྲ་མྱུལ་ཟིན་ཐོ་སོགས་ཧ་ཅང་མང་པོ་ཞིག་ཡོད་པས། གཟབ་གཟབ་མ་བྱས་ན་དེ་དག་ཐམས་ཅད་མི་གཞན་གྱི་མཐོང་ལམ་དུ་མངོན་སྲིད་པ་དང་། རྙོག་དྲ་ཡང་མང་པོ་ཞིག་ཐོན་སྲིད། དེ་མིན་མི་མང་པོའི་ཁ་པར་དེ་དངུལ་བྱང་དང་འབྲེལ་བ་ཡོད་པའི་མཉེན་ཆས་གང་མང་དང་སྦྲེལ་ཡོད་པ་དང་། གལ་སྲིད་མི་གཞན་གྱིས་ཁ་པར་གཡར་བ་ཡིན་ན། ངེས་པར་དུ་གཟབ་གཟབ་བྱེད་དགོས།
        ཁ་པར་རྙིང་པ་ཡིན་ནའང་སྔོན་གྱི་ཟིན་ཐོ་དང་ཉེན་གནས་གསང་བ་ཚང་མ་གཙང་མར་བསུབ་རྗེས་ད་གཟོད་གཡར་དགོས། ཉེན་རྟོག་པས། དེང་གི་སྤོ་སྒུལ་དངུལ་སྤྲོད་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས་ཁ་པར་ནི་མི་མང་པོ་ཞིག་གི་གློག་རྡུལ་དངུལ་ཁུག་ཏུ་གྱུར་ཡོད་པས། གསང་བ་ལ་བདག་དམ་ཡག་པོ་བྱེད་དགོས་པ་ལས། གང་བྱུང་དུ་མི་གཞན་ལ་གཡོར་མི་རུང་ཞེས་དྲན་སྐུལ་བྱས་འདུག

སྨན་བཅོས་འགན་ལེན་བྱང་བུ།
        སྨན་བཅོས་འགན་ལེན་བྱང་བུ་མི་གཞན་ལ་གཡོར་བ་ནི་དོན་དངོས་ཐོག་སྨན་བཅོས་འགན་སྲུང་གཡོ་ལེན་བྱས་པ་དང་མཚུངས།སྤྱི་ཚོགས་འགན་བཅོལ་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་གྱ་བརྒྱད་པར་གཏན་འབེབས་བྱས་དོན། མགོ་སྐོར་གཡོ་འཕྲུལ་དང་། དཔང་རྟགས་རྫུན་བཟོའམ་བྱ་ཐབས་གཞན་དག་བཅས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགན་བཅོལ་ཐོབ་ཐང་གཡོ་ལེན་བྱས་ན། སྤྱི་ཚོགས་འགན་བཅོལ་སྲིད་འཛིན་སྡེ་ཁག་གིས་གཡོ་ལེན་བྱས་པའི་སྤྱི་ཚོགས་འགན་བཅོལ་ཐོབ་དངུལ་ཕྱིར་སློག་པར་འགན་དཀྲི་རྒྱུ་མ་ཟད། གཡོ་ལེན་བྱས་པའི་དངུལ་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཀྱང་གཅོད་པ་རེད།
        གང་ལགས་ཤེ་ན། སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་ནང་གི་དངུལ་ནི་རྒྱ་ཆེའི་འགན་བཅོལ་བའི་དངུལ་ཡིན་པ་དང་། ཁྱོད་ཀྱིས་བྱང་བུ་མི་གཞན་ལ་གཡར་ནས་བཀོལ་སྤྱོད་བྱས་པ་ཡིན་ན། དེ་ནི་སྨན་བཅོས་འགན་སྲུང་གྲོན་དངུལ་གཡོ་ལེན་བྱས་པ་དང་གཉིས་སུ་མེད་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ན་ཉེས་དོན་འགན་འཁྲི་ཁུར་དགོས་ཀྱང་སྲིད།

ཁང་པའི་བདག་དབང་ལག་ཁྱེར།
        གཏན་འཇགས་རྒྱུ་དངོས་ཀྱི་ལག་ཁྱེར་གཡར་བའི་གནས་ཚུལ་རིགས་མང་པོ་ཡོད་དེ། གྲོགས་པོ་ཞིག་གིས་གཏན་འཇགས་རྒྱུ་དངོས་ཀྱི་ལག་ཁྱེར་གཡར་ཏེ་ཀུང་སི་ཐོ་འགོད་དང་ཡང་ན་སྡོད་ཁང་ཁ་གསབ་ཞུ་ལེན་བྱེད་ཆེད་དུ་སྤྱོད་པ་ལྟ་བུ། འོན་ཀྱང་གཤམ་གྱི་ཉེན་ཁར་ངེས་པར་དུ་དོགས་ཟོན་བྱ་དགོས།

གཅིག གཏའ་མར་བཞག་ནས་དངུལ་བུན་ལེན་པ།
        གལ་ཏེ་ཁྱེད་ཀྱི་གཏན་འཇགས་རྒྱུ་དངོས་ཀྱི་བདག་དབང་ལག་ཁྱེར་མི་གཞན་གྱིས་གཏའ་མར་བཞག་ནས་དངུལ་བུན་བླངས་པ་དང་། འབྲེལ་ཡོད་མི་སྣས་དུས་བཅད་ལྟར་དངུལ་བུན་འཇལ་མ་ཐུབ་ན། ཁྱོད་ཀྱིས་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།

གཉིས། མི་ཤེས་པའི་གནས་ཚུལ་འོག་རྫུན་བཟོ་བྱེད་པ།
        དེང་སྐབས་ཀྱི་རྫུན་བཟོའི་ལག་རྩལ་ཧ་ལས་པ་ཞིག་རེད། རང་ཉིད་ཀྱི་བརྡར་གཅོད་ནུས་པར་ཡིད་ཆེས་ཆེན་པོ་མི་བྱེད་པར། གཡར་བའི་དངོས་པོ་ཕྱིར་ལེན་སྐབས་ཞིབ་བཤེར་ནན་མོ་བྱེད་དགོས། ལྷག་པར་དུ་ཁང་པའི་བདག་དབང་ལག་ཁྱེར་ལྟ་བུ་མ་ཡིག་དངོས་ཡིན་མིན་ལ་དོགས་ཟོན་ཆེན་པོ་བྱེད་དགོས་སོ། །

《ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས》ཀྱི་དྲ་བ་ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1