ཆའང་རིགས་ཀྱི་ལོ་སར་བྱེད་སྒོ་འབར་ཁམས་ནས་སྤེལ་བ།

གསར་འགོད་པ་རྡོ་རྗེ་དཔལ་དང་ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-09


        ཆའང་གི་ལོ་སར་ནི་ཆའང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། ལོ་རེའི་ལུགས་རྙིང་གི་ཟླ་བཅུ་བའི་ཚེས་གཅིག་ཉིན་དེ་ལོ་སར་ཉིན་མོ་ཡིན་པས་ཆའང་པ་ཀུན་གྱིས་སྤྲོ་སེམས་འཁོལ་བའི་ངང་ནས་རང་གི་ལོ་སར་ལ་རོལ་རྒྱུ་རེད།   

        ལོ་གསར་བར་ཁྱིམ་མི་ལྷན་དུ་འཛོམས་པ་དང་རང་རེའི་ཨ་མདོའི་ས་ཆར་ལོ་སར་སྐབས་མར་དང་གྲོ་ཕྱེ་ཡིས་གཡང་ར་སྒོ་བཞི་བཟོ་བའི་ཚུལ་དང་འདྲ་བར་ཕྱེ་སོགས་ཀྱིས་ཁྱིམ་བྱ་དང་ནོར་ལུག་སོགས་བཟོས་ཏེ་མཆོད་པར་འབུལ་བ་དང་། ཁྱིམ་མཚེས་དང་ཤ་ཉེ་རིང་མགྲོན་དུ་བོས་ཏེ་ཆང་བཏུང་བ་དང་བྲོ་འཁྲབ་པ། གླུ་ལེན་པ། སྡེ་བ་ཡོངས་ལྷན་དུ་འཛོམས་ཏེ་བྲོ་ཆེན་འཁྲབ་པ་ལ་སོགས་པའི་རྩེད་མོའི་རྣམ་གྲངས་མང་པོ་ཡོད། 

        དེ་ལས་མང་པོ་ཞིག་ཀོང་པོའི་ལོ་སར་སྐབས་ཀྱི་རྩེད་མོ་དང་འདྲ་སྟེ། ཀོང་པོའི་ལོ་སར་སྐབས་འདྲེ་བདའ་བ་དང་ཡུལ་ལྷ་གཞི་བདག་དང་དཀོན་མཆོག་ལ་མཆོད་པ་འབུལ་བ། སྦེ་ག་འགྲན་པ་སོགས་དང་འདྲ་བར་ཆའང་རིགས་ཀྱིས་ཀྱང་ལོ་སར་སྐབས་སྦེ་ག་འགྲན་པའི་ཚུལ་གྱི་བྲོ་འཁྲབ་པ། མེ་ནང་ནས་ཕུར་བུ་ལེན་པའི་བྱ་འགུལ་མང་པོ་ཡོད་ལ། བོད་ཀྱི་ཀོང་པོ་ཡུལ་གྱིས་ཀྱང་ཉིན་དེར་ཀོང་པོའི་ལོ་སར་ལ་རོལ་སྲོལ་ཡོད།
        ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་འབར་ཁམས་ས་ཁུལ་གྱི་2018ལོའི་ཆའང་གི་ལོ་སར་བྱེད་སྒོ་འབར་ཁམས་ནས་སྤེལ་བ་རེད། 
        ད་ལོར་ཁུལ་ཨུས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས་ཏེ་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་ཞེས་པའི་འཐབ་ཇུས་དམིགས་འབེན་བཏོན་ཡོད། རྔ་བ་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་དམིགས་འབེན་གསར་བ་དེ་ལ་བསྟོད་པའི་གླུ་བླངས་ཤིང་། དགའ་བའི་བྲོ་འཁྲབ་བྱུང་། དེ་དང་ཆབས་ཅིག་སྲོལ་རྒྱུན་ལོ་སར་ཏེ་ཆའང་གི་ལོ་སར་ལ་རྟེན་འབྲེལ་ཞུས་པ་རེད། 
        ཐེངས་འདིའི་བྱེད་སྒོ་ཡི་དགོངས་དོན་ནི། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྣེ་ཁྲིད་འོག རྔ་བ་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ལག་རྡང་མཉམ་དུ་སྦྲེལ་བ། བསམ་པ་གཅིག་ཏུ་མཐུན་པའི་སྒོས། ཏང་གི་ཇུས་ཆོད་དང་བཀོད་སྒྲིག་རེ་རེ་དོན་འཁྱོལ་དང་། ཁུལ་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་ལྕག་འདེབས་པ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བསྒྱུར་བ། རིག་གནས་སྔར་བས་ཕུན་ཚོགས་སུ་སྤེལ་བ། མི་རིགས་སྔར་བས་མཐུན་སྒྲིལ་ཇེ་ཟབ་དང་འཆམ་མཐུན་ཡོང་བ། སྤྱི་ཚོགས་སྔར་བས་འཆམ་མཐུན་བརྟན་བརླིང་ཡོང་བར་བྱས་ཏེ། དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་བ་འབྲི་རྒྱུ་དེ་ཡིན། 
        ཆའང་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་རུ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་མི་རིགས་ཤིག་ཡིན། དེང་སྐབས་སི་ཁྲོན་རྔ་བ་ཁུལ་གྱི་མའོ་རྫོང་དང་ཝུན་ཁྲོན་རྫོང། ལིས་རྫོང་། ཟུང་ཆུ་རྫོང་སོགས་སུ་འདུས་སྡོད་བྱས་ཡོད་པས། དེ་རིང་ཡང་རྫོང་ཁག་དེ་དག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་ཆའང་གི་ལོ་སར་ལ་རྟེན་འབྲེལ་ཞུས་བྱུང་།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1