གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

དཔལ་ལྷུན་དགྲ་འདུལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༡༢ཉིན།

༄༅།། བཻ་རོ་ཙ་ན་སྐུ་བྱིས་པའི་དུས་ཀྱི་གནས་ཚུལ་འགའ་ཞིག་གི་སྐོར་གླེང་བ།

དཔལ་ལྷུན་དགྲ་འདུལ།
            དང་པོ། བཻ་རོ་ཙ་ནའི་འཁྲུངས་ཡུལ་གང་དུ་ཡིན་མིན་ངོས་འཛིན་པ།   
            སྤྱིར་བཻ་རོ་ཙ་ནའི་འཁྲུངས་ཡུལ་གང་དུ་ཡིན་མིན་གྱི་སྐོར་ལ་སྔ་ཕྱིའི་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་གཙང་གི་སྙེ་མོ་བྱེ་མཁར་གྱི་འགྲམ་སྟེ། པ་གོར་གྲོང་ཚོ(སྤ་གོར་ཀྱང་འབྲི། གཞན་ཡང་བ་གོར་ཞེས་བྲིས་ཀྱང་དེ་ནི་སྙེ་མོ་རྫོང་གི་གྲོང་ཚོ་གཞན་ཞིག་གི་མིང་ཡིན)ཞེས་པའི་སའི་ཆར་ཏེ་དེང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གནས་ཡུལ་གྱི་ཉེ་འགྲམ་དང་། ཡང་གཙང་གི་ཁོངས་སུ་གཏོགས་པའི་དེང་གཞིས་ཀ་རྩེ་གྲོང་ཁྱིར་ཆུ་ཤར་གྲོང་ཚོ་སྟེ་ཟངས་དཀར་རི་བོའི་འདབས་འོག་ཏུ་གནས་པའི་གྲོང་ཚོ་ཆུང་ངུ་ཞིག་ཏུ་སྐུ་འཁྲུངས་པར་ངོས་འཛིན་པ་སྟེ། བཞེད་པ་དེ་གཉིས་སོ་སོ་ནས་ལོ་རྒྱུས་དང་ཆོས་འབྱུང་དེབ་ཐེར་ཁག་ནང་དངོས་ཤུགས་ཅི་རིགས་ཀྱིས་བསྟན་ཡོད་ལ། དམངས་ཁྲོད་ཀྱི་ཤོད་རྒྱུན་མི་འདྲ་བ་ཡོད་པ་དང་། བཻ་རོ་ཙ་ན་སྐུ་ན་ཆུང་དུས་ཀྱི་ཞབས་རྗེས་སོགས་ཀྱི་ཤུལ་ད་ལྟའང་ཡོད། འོ་ན་སྐྱེ་བོ་གཅིག་ལ་འཁྲུངས་ཡུལ་མི་འདྲ་བ་གཉིས་ནི་མི་སྲིད་པས་བཞེད་པ་མི་འདྲ་བ་གཉིས་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ཡང་།   
            ༡.འཁྲུངས་ཡུལ་གཙང་གི་སྙེ་མོ་ཡིན་པར་བཞེད་ཚུལ།   
            མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ཅིང་རཏྣ་གླིང་པས་གཏེར་ནས་བཏོན་པར་གྲགས་པའི《བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》ཞེས་པའི་གཏེར་མའི་ནང་དུ“......ནུབ་ཀྱི་ཕྱོགས་ནས་འོད་ལྔའི་འཇའ་སྤྲིན་ཞིག པ་གོར་ཧེ་འདོད་ཕོ་བྲང་སྟེང་དུ་ཟུག  རྩེ་མོ་ཡར་གྱིས་སླར་ཡང་ནུབ་ཕྱོགས་སོང་། ཐ་མ་ཤར་གྱི་ཕྱོགས་སུ་ཟུག་པར་གྱུར། དེ་ཚེ་ཡུལ་མི་ཐམས་ཅད་གྲོས་འཆམ་ནས། པ་གོར་ཧེ་འདོད་ཕོ་བྲང་ནང་དུ་སོང་། བྲན་ཟ་དཔལ་གྱི་སྒྲོན་མ་ལ། རྣམ་སྣང་སྤྲུལ་པ་བཻ་རོ་ང་ཉིད་འཁྲུངས”(1)ཞེས་དང་གཡུང་དྲུང་བོན་གྱི་བཀའ་རྟེན་འགྱུར་ཁྲོད་དུ་བཞུགས་པའི《གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ།ཀུན་སྣང་གསལ་བའི་སྒྲོན་མེ》(དབུ་མེད་བྲིས་མ་ཤ37མདུན)ཡི་ནང་དུ“བ་གོར་བཻ་རོ་ཙ་ན་ང་༔ལས་འཕྲོས་གཙང་གི་སྙེ་མོར་སྐྱེས་༔”ཞེས་དང་དེ་བཞིན《པདྨ་བཀའ་ཐང》དང《སྦ་བཞེད》དང་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི《ཀློང་ཆེན་ཆོས་འབྱུང》 (སྤྱི་ལོ༡༣༦༣ལོར་བརྩམས་པ)དང་ཆོས་ཉིད་ཡེ་ཤེས་ཀྱིས་མཛད་པའི《གཉགས་སྟོན་པའི་གདུང་རབས་དང་གདན་རབས》(སྤྱི་ལོ་༡༧༧༥ལོར་བརྩམས་པ)སོགས་སུ་འཁྲུངས་ཡུལ་དངོས་ཀྱི་མིང་མ་སྨོས་ཀྱང་ཤུགས་ནས་དེ་ལྟར་གོ་བར་སྣང་སྟེ“པ་གོར་ཧེ་འདོད་ཀྱི་བུ”ཞེས་གསུངས་ཡོད། དེ་བཞིན་དུ་དེང་དུས་ཀྱི་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་གནང་བའི《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》དང་སྐལ་བཟང་ཕྲིན་ལས་ཀྱིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས》དང་དོན་རྡོར་དང་བསྟན་འཛིན་ཆོས་གྲགསཀྱིས་རྩོམ་སྒྲིག་བྱས་པའི《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ》དང་དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོས་བརྩམས་པའི《བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང》ནང་ཐེ་ཚོམ་ཡེ་ནས་མེད་པར་མགྲིན་གཅིག་དབྱངས་གཅིག་གིས་སྙེ་མོ་བྱེ་དཀར(མཁར་ཀྱང་བྲི)དུ་ཡིན་པར་ཐག་བཅད་གནང་ཡོད།  གཞན་ཡང་ད་ལྟའི་སྙེ་མོ་རྫོང་ཁོངས་ཀྱི་རྫོང་གནས་ཡུལ་ནས་བར་ཐག་སྤྱི་ལེ་གསུམ་བཞི་ཙམ་གྱི་ཤར་ཁ་ན་པ་གོར་གྲོང་ཚོ་ཆགས་ཡོད་ལ། གྲོང་ཚོའི་ནང་དུ་བཻ་རོ་ཙ་ནའི་འཁྲུངས་ཁང་ཡིན་པར་ངོས་འཛིན་པའི་ཁང་པ་ཆགས་ཡུལ། ཡུལ་དེའི་རྒན་རབས་རྣམས་ཀྱིས་མཛུབ་མོས་བསྟན་རྒྱུ་འདུག་ལ་ཁང་མིང་ལ“ཧེ་འདོད་སྐྱོབ་བཟང”འབོད་སྲོལ་ཡོད་ཀྱང་གནའ་སྔ་མོ་ནས་ཞིང་སར་གྱུར་བར་གྲགས། གྲོང་ཚོ་ངེའི་ཤར་རིའི་འདབས་སུ་བཻ་རོ་ཙ་ནའི་སྒྲུབ་ཕུག་དང་དེའི་གཤམ་ན་བཻ་རོ་དགོན་དུ་འབོད་པའི་མོ་བཙུན་གྲངས་བཅུ་གཉིས་ཀྱི་རྙིང་མ་ལུགས་ཀྱི་དགོན་པ་ཆུང་ངུ་ཞིག་འདུག་ལ། དགོན་པའི་ནང་སྔར་ཉམས་གསོ་བྱེད་སྐབས་ཐོན་པར་གྲགས་པའི་རྡོ་བ་རྐང་གཟུགས་ཅན་སྐྱེས་བུ་ཚད་ལྡན་ཞིག་གི་རྐང་པའི་ཆེ་ཆུང་ཙམ་ཡོད་ཀྱང་བཻ་རོ་ཙ་ན་དགུང་ལོ་ལྔར་ཕེབས་སྐབས་ཀྱི་ཞབས་རྗེས་ཡིན་པར་བཤད་དོ།   
            ༢.འཁྲུངས་ཡུལ་གཙང་གི་བསམ་གྲུབ་རྩེའི་ཁོངས་ཟངས་དཀར་རིའི་ཉེ་འགྲམ་དུ་ཡིན་པར་བཞེད་ཚུལ།          
            《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ལས“ཉང་ཆབ་དང་གཙང་ཆབ་འཛོམས་པའི་འགྲམ། ས་ཆེན་པོ་ཅུང་འབུར་བ། ཕ་རྒན་ཆག་རྡོ་རྗེ་རྒྱལ་དང་། མ་སྲིང་བཟའ་སྒྲོན་མ་སྐྱིད་ཞེས་བྱ་བ་གཉིས་ཀྱི་བུ། སྐྱེ་བ་སྔ་མ་རྒྱལ་མོ་ཚ་བ་རོང་གི་དགེ་སློང་པུར་རྣ་ཚེ་འཕོས་པ། པའུ་གན་ཆག་རྟག་ཞེས་བྱ། སྐྱེས་བུ་རིག་པ་གསལ་ཞིང་བློ་དང་ལྡན་པ་ཞིག་བྱུང་ནས་.........”(2)ཞེས་དང་། ཇོ་ནང་ཏཱ་ར་ན་ཐས(སྤྱི་ལོ༡༥༧༥-༡༦༣༤)བརྩམས་གནང་བའི《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་འཇུག་ངོགས》(ལྕགས་པར་ཤ210)ཀྱི་ནང་དུ“རྒྱུད་མན་ངག་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་ལོ་ཙཱ་བ་བཻ་རོ་ཙ་ན་བསམ་གྲུབ་རྩེའི་ས་ཡུལ་དུ་འཁྲུངས་ཤིང་། ཐོས་དོན་སྒྲུབ་པ་སྙིང་པོར་དྲིལ་བ་ཡིན་ནོ”ཞེས་དང་། སྙེ་མོ་བྱེ་མཁར་དུ་འཁྲུངས་པར་འདོད་པ་ནི་འཇིག་རྟེན་ཟེར་སྒྲོས་ཙམ་ཡིན་པར་བཀག་ཡོད་དེ། དེ་ལས་(ཤ202-203)“ཅག་པོ་ཡུ་བ་གདོང་གི་གྲོང་(3)དེར་ལོ་ཆེན་བཻ་རོ་ཙ་ན[ཕལ་ཆེ་བའི་འཇིག་རྟེན་གྲགས་གཏམ་བླུན་ཚིག་ལ་བཻ་རོ་ཙ་ན་སྙེ་མོ་བྱེ་མཁར་དུ་འཁྲུངས་ཀྱང་ཟེར་རོ]འཁྲུངས་པ་འགྲམ(འདྲ)འཁྲུལ་མེད་ལས་བཤད་དོ། རྒྱ་གར་གྲུབ་ཐོབ་རྣམས་ཀྱི་ཟབ་དོན་མན་ངག་ཐུགས་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོའི་ཉམས་ལེན་གནད་དུ་བསྣུན་ནས་སྒྲུབ་པ་ལ་བསྒྲིལ་ནས་བཞུགས་པའི་བསྟི་གནས་ཀྱི་ཕུག་པ་བྱིན་རླབས་ཅན་ཕོ་བྲང་བསམ་རྩེའི་ཤར་ཕྱོགས་ཀྱི་སྐྱིད་བདེ་སྦུག་གི་ཕུག་ན་ཡོད་པའི་བཻ་རོ་ཕུག་པར་གྲགས་པ་དེ་ཡིན་ནོ། ཟངས་དཀར་རིའི་འོག་ཙམ་ན་བཻ་རོའི་རྡོ་ལ་ཞབས་རྗེས་དང་གཞན་ཡང་སྒྲུབ་རྟགས་ཀྱི་ཁྱད་པར་བསྟན་པ་སོགས་ཡོད་དོ།” ཞེས་གསུངས་ལ་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི《གུ་བཀྲའི་ཆོས་འབྱུང》(སྤྱི་ལོ༡༨༠༧ནས་དབུ་བརྩམས་ཏེ༡༨༧༣ལ་མཇུག་བསྡུས)ལས“ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་གྲུབ་རྩེའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐད་དུ་འཁྲུངས་པར་གསལ་ཞིང། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་གསལ་བར་ཡོད་དོ་ཟེར”(4)ཞེས་དང་། ཡང་འགྱུར་མེད་པདྨ་རྣམ་རྒྱལ(སྤྱི་ལོ༡༨༧༡-༡༩༢༦)གྱིས་མཛད་པའི《ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང》(ལྕགས་པར་ཤ135ནང་དུ་།“ཡུལ་ཉང་ཆབ་དང་གཙང་ཆབ་གཉིས་འཛོམས་པའི་འགྲམ་དུ། ཡབ་པ་གོར་རྡོ་རྗེ་རྒྱལ་པོ་དང་།  ཡུམ་བསྲུན་བཟའ་སྒྲོན་གཉིས་ཀྱི་སྲེས།  པ་གོར་གན་འཇགས་ཐང་ཏ་ཞེས་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། སྒྲ་སྒྱུར་སུམ་བརྒྱ་དྲུག་མ་བསླབ་པར་མཁྱེན་པ།  མངོན་ཤེས་ཐོགས་པ་མེད་པར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ནུས་པ་ཞིག་ཡོད་པ” ཞེས་གསུངས་ཚུལ་ཤིན་ཏུ་འདྲ་བ་དང་དེ་བཞིན་བསམ་ཡས་གཙུག་ལག་ཁང་གི་བཻ་རོ་ཙ་ནའི་གླིང་གི་གྱང་ལྡེབས་སུ་བྲིས་པའི་ཁོང་གི་རྣམ་ཐར་རི་མོ་དང་གསལ་བཤད་ཀྱང་གོང་དང་འདྲ་མཚུངས་ཡིན་ལ།  ཡང་“ཡབ་འདས་རྗེས་ཨོ་ཁུ་པ་གོར་ཧེ་འདོད་ཀྱིས་བསྐྱངས། དེ་ནས་མྱང་སྨད་ནས་ཡུལ་འཕོས་ཏེ་སྙེ་མོར་བྱོན། བྱེ་མཁར་ལ་བཞུགས་ཡུལ་མཛད་དེ། འཕྱིས་བྱོན་ནས་ཡུལ་དེའི་ཤར་སྨད་ན་གྲུབ་ཕུག་སྐུ་རྗེས་དང་བཅས་པ་ཡོད”(5)ཞེས་འཁོད་ཡོད། གོང་གསལ་དཔྱད་གཞིའི་ཡིག་རིགས་དེ་རྣམས་ལས་གསལ་བའི་ཉང་ཆབ་དང་གཙང་ཆབ་འཛོམས་པའི་ས་ཞེས་པ་ནི། གཞིས་རྩེ་ས་ཁུལ་དུ་ལྷོ་ནས་བྱང་དུ་རྒྱུགས་པའི་མྱང་ཆུ་དང་ནུབ་ནས་ཤར་ཏུ་རྒྱུགས་པའི་ཡུར་ལུང་གཙང་པོ་གཉིས་འཛོམས་པའི་སའི་ཆ་ནི་དེང་གཞིས་ཀ་རྩེ་གྲོང་ཁྱེར་ནས་སྤྱི་ལེ་དྲུག་ཙམ་སྟེ་ཤར་བྱང་ངོས་སུ་ཕྱིན་པའི་ཚེ་ཆུ་དེ་གཉིས་འདྲེས་སའི་ཤར་ཁ་ན་ཆུ་ཤར་ཞེས་པའི་གྲོང་ཚོ་ཡོད་ཅིང་། གྲོང་ཚོའི་ཤར་སྨད་ན་བཻ་རོ་ཐང་དུ་འབོད་པའི་ཐང་ཡོད་ལ་ཡུལ་དེའི་མི་རྣམསཀྱིས་བཻ་རོ་ཙ་ན་ཡུལ་དེར་འཁྲུངས་པར་ངོས་འཛིན་ཅིང་། གཏེར་རྡོ་ཁྱད་པར་ཅན་ཤིན་ཏུ་ལྕི་བ་ཞིག་གི་སྟེང་དུ་དགུང་ལོ་ལྔ་ལ་ཕེབས་སྐབས་ཀྱི་ཞབས་རྗེས་ས་ལ་བཞག་པ་ལྟར་ལྷག་པར་གསལ་བ་ཞིག་ཀྱང་འདུག(6) དེས་ན་གོང་དུ་སྨྲས་པ་རྣམས་དཀྱུས་གཅིག་ཏུ་བསྒྲིག་ན་འདི་ལྟ་སྟེ།  བཻ་རོ་ཙ་ན་སྐུ་འཁྲུངས་ས་ནི་ཉང་ཆབ་དང་གཙང་ཆབ་འདྲེས་སའི་ཆུའི་ཤར་ཁ།  ཟངས་དཀར་རི་བོའི་འདབས་འོག  དེང་གཞིས་ཀ་རྩེ་གྲོང་ཁྱེར་ཆུ་ཤར་གྲོང་ཚོ་ཡིན་ལ།  དགུང་ལོ་བརྒྱད་མ་སོན་གོང་ནས་ཡབ་འདས་པས་ཨ་ཁུས་བསྐྱངས་ཤིང་། ཕྱིས་སུ་སྙེ་མོའི་པ་གོར་གྲོང་ཚོར་གནས་སྤོས་པ་སྟེ་བསམ་ཡས་བཻ་ཙའི་གླིང་གི་ལྡེབས་རིས་ལ་གསལ་བར་མཁས་དབང་བྱམས་པ་ཕྲིན་ལས་ཀྱིས་གསུངས་ཤིང་ཁོང་གིས“བཻ་རོ་ཙ་ནའི་ཐོག་མའི་འཁྲུངས་ཡུལ་ནི་སྙེ་མོ་མིན་པ་དང་རྗེས་སུ་སྙེ་མོར་བྱོན་པ་ཡིན་ནོ”(7)ཞེས་དཔྱད་བསྡོམས་འགོད་གནང་བའང་ཤིན་ཏུ་འཐད་པར་སེམས་ཏེ《འདྲ་འབག》གི་ནང་དུ་དེ་ལྟར་གསུངས་ཡོད་དེ“ད་ལྟ་གཙང་གི་སྙེ་མོ་བྱེ་མཁར་རྣ། གཙུག་ལག་གཅིག་གི་འགྲམ་མཁར་ན། ཕ་ནི་པ་གོར་ཧེ་འདོད་དང་མ་ནི་བྲན་ཟ་དཀར་སྐྱིད་གཉིས་ཀྱི་བུ། གན་ཇག་ཐང་ཏ་ཞེས་བྱ་ལོ་བརྒྱད་དེ། ཕ་མ་གཉིས་ལ་སློང་དང་སྟེར་བར་ངེས། སྤྲུལ་པའི་ལོ་ཆེན་རྩོད་མེད་གྲགས་པར་འབྱུང་” (8)ཞེས་གསུངས་ཡོད་ལ། ད་ལྟ་ཞེས་པའི་ཚིག་ལས་འཁྲུངས་ཡུལ་སྙེ་མོ་ཡིན་པར་གོ་བའི་ངེས་པ་གཏན་ནས་མེད་དོ། མདོར་ན། ལོ་ཆེན་གང་དེ་གཞིས་ཀ་རྩེའི་ཁོངས་སུ་འཁྲུངས་པ་དང་ཕྱིས་སུ་སྙེ་མོར་གནས་སྤོས་པར་བརྟེན་ནས་སྔ་ཕྱིའི་ལོ་རྒྱུས་དེབ་ཐེར་ཁག་ནང་འཁྲུངས་ཡུལ་མི་འདྲ་བ་ཁག་གཉིས་བྱུང་བ་ཡིན་ནོ།   
            གཉིས་པ། གདུང་རུས་པ་གོར་ཡིན་མིན་དང་མཚན་གྱི་རྣམ་གྲངས་ཇི་ཙམ་ཡོད་མེད་སྐོར།   
            རང་རེ་བོད་མིའི་མིང་གི་འདོགས་ཚུལ་ལ་འདས་ཟིན་པའི་བགྲང་བྱ་སྟོང་ཕྲག་མང་པོའི་ནང་དུ་འགྱུར་བ་ཆེ་ཙམ་བྱུང་ཡོད་དེ། ཆེས་སྔ་མོའི་དུས་ཀྱི་རིགས་རུས་བརྒྱུད་ནས་མིང་འདོགས་སྲོལ་ཡོད་པ་རིམ་གྱི་འགྱུར་བ་ཕྱིན་ཏེ། ལ་ལ་ཡུལ་གྱི་མིང་ནས་ཁྱིམ་རྒྱུད་ཀྱི་མིང་དུ་གྱུར་པ་དང་། ཡང་ལ་ལ་ཁྱིམ་རྒྱུད་ཀྱི་མིང་ཡུལ་མིང་དུ་ཆགས་པ། ལ་ལ་གཟའ་སྐར་ཚེས་སོགས་ཀྱི་སྒོ་ནས་བཏགས་པ། ལྟག་པར་དུ་ནང་བསྟན་ཆོས་ལུགས་དར་རྗེས་ཆོས་ཀྱི་ནང་དོན་དང་འདྲེས་ཤིང་བླ་མས་བཏགས་པ་སོགས་མི་མིང་འདོགས་ཚུལ་ལ་འགྱུར་བ་ཆེ་ཙམ་བྱུང་ཡོད།《རྙིང་མའི་ཆོས་འབྱུང》ལས་བཻ་རོ་ཙ་ནའི་གདུང་རྒྱུད་ནི་པ་གོར་ཡིན་པར་གསུངས་ཡོད་པ་དང་། ཡང་དེང་དུས་ཀྱི་སྐལ་བཟང་ཕྲིན་ལས་ནས་བརྩམས་པའི《བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས》(ལྕགས་པར་ཤ252)ནང“པ་གོར་ཞེས་པ་རུས་མིང་སྟེ་པ་གོར་ཧེ་འདོད་ཀྱི་སྲས་ཡིན་པས་དེ་ལྟར་བྱའོ”ཞེས་གསལ་ཆ་ཆེ་རུ་བཏང་ནས་ཚིག་ཁྲུན་བཅད་ཡོད་ནའང་།  ཉང་རལ་ཉི་མ་འོད་ཟེར་གྱི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དང་མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》དང་སྦ་གསལ་སྣང་གིས་བརྩམས་པར་གྲགས་པའི《སྦ་བཞེད》དང་དེ་བཞིན《པདྨ་བཀའ་ཐང》དང《བཙུན་མོ་བཀའ་ཐང》སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཅུང་སྔ་བ་རྣམས་དང《འདྲ་འབག》སོགས་ལས་པ་གོར་ནི་གདུང་རུས་ཀྱི་མིང་ཡིན་པར་གསུངས་མི་འདུག། དེས་ན་པ་གོར་ནི་དུས་ཕྱིས་ཀྱི་མཁས་པ་ཚོས་ཡུལ་གྱི་མིང་བཻ་རོ་ཙ་ནའི་མཚན་གྱི་གོང་དུ་སྦྱར་བ་ཞིག་ཡིན་ཏེ། དེ་ཡང་ཐོག་མར་བསམ་ཡས་སུ་ཕེབས་སྐབས་སྙེ་མོའི་པ་གོར་ནས་རྡོག་ཐོན་གནང་བ་ཡིན་པས་སོ། འོ་ན་པ་གོར་ནི་གདུང་རུས་ཀྱི་མིང་མིན་ན་གདུང་རུས་ཀྱི་མིང་ངོ་མ་གང་ཡིན་ཟེར་ན། དེ་ཡང《འདྲ་འབག》ལས“ཕ་གན་ཆག་རྡོ་རྗེ་རྒྱལ་དང་མ་སྲིན་བཟའ་སྒྲོན་མ་སྐྱིད་གཉིས་ཀྱི་བུ...... པའུ་གན་ཆག་རྟག་ཞེས་བྱ”(9) དང་ཡང་དེ་ལས“ཨ་ཁུ་ཧེ་འདོད་འདི་སྐད་དོ། བུ་མ་ཟེར་ངའི་ཕུ་བོ་གན་ཆག་རྡོ་རྗེ་རྒྱལ་དང་། ཕ་རྒན་པའུ་བློ་ཆེན་འཕགས་པ་དང་། སྔོན་གྱི་ཕ་མེས་བཟང་པོས་ཀྱང་། བུར་ཁྱིམ་དང་ཚ་ཞང་རྣམས་ཀྱི་རྗེས་གཉའ་བསྙེགས། ད་ལྟ་ཡང་དེའི་རྗེས་སུ་འཛིན། ད་བུ་ཚ་ཁྱེད་ཀྱང་ཕ་མ་མ་ཚོང་བྱས་པས་་་་་་” (10)ཞེས་པ་ལས་བཻ་རོ་ཙ་ནའི་ཡབ་ཀྱི་མཚན་ལ་གན་ཆག་རྡོ་རྗེ་རྒྱལ་དང་། སྤོ་བོའི་མཚན་ལ་པའུ་བློ་གྲོས་འཕགས་པ། ཁོང་རང་ཉིད་སྐུ་ཆུང་དུས་ཀྱི་མཚན་ལ་པའུ་གན་ཆག་རྟག(ཕལ་ཆེར་བར་གན་ཆག་ཐང་རྟ་ཞེས་བྲིས་སྲོལ་ཡོད)བཅས་ལས་རང་མིང་གི་མདུན་དུ་གན་ཆག་གམ་ཡང་ན་པའུ་གང་རུང་གཉིས་གསལ་བས་ཕལ་ཆེར་གན་ཆག་གམ་པའུ་ཞེས་པ་རུས་མིང་མིན་ནམ་སྙམ། གདུང་རུས་ནི་བོད་ཀྱི་རིགས་རུས་ཆེན་པོ་བཞིའི་ནང་ཚན་གྱི་གདོང་ཡིན་ཏེ། 《རྣམ་ཐར་པདྨའི་དགའ་ཚལ》(ལྕགས་པར་ཤ307)ལས“ང་ཡི་མིང་ནི་བཻ་རོ་ཙ་ན་ཡིན་༔རིགས་རྣམ་པར་སྣང་མཛད་སྐུ་ཡི་རིགས༔རཱས་ནི་ཨ་ཕོ་གདོང་ཡིན་བོད་ནས་འོང༔”ཞེས་དང《འདྲ་འབག》པར་མ་མི་འདྲ་བ(དབུ་ཆེན་བྲིས་མ)གཞན་ཞིག་ཏུའང་གོང་ལྟར་བཀོད་ཡོད། དེ་ལྟར་གན་ཆག་རྡོ་རྗེ་རྒྱལ་དང་པ་གོར་ཧེ་འདོད་ཀྱི་འབྲེལ་བ་ནི་ཕུ་ནུའི་འབྲེལ་བ་ཡིན་པས་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ཁག་ནང་པ་གོར་ཧེ་འདོད་ཀྱི་བུ་ཞེས་སྣང་བར་ཡང་ཐེ་ཚོམ་ཡེ་ནས་བྱེད་དགོས་མི་འདུག་སྟེ། རང་རེའི་གནའ་གཏམ་དུ“ཕ་ཕྱེད་ཨ་ཁུ་དང་མ་ཕྱེད་སྲུ་མོ”ཞེས་པ་ལྟར་རྒན་པ་འདས་རྗེས་ཆུང་བས་ཕ་གཞིས་སྐྱོང་བའི་ལུགས་སྲོལ་བཟང་པོ་ད་ལྟ་བར་དུའང་བོད་རིགས་མི་དམངས་ཀྱི་རྒྱུད་འཛིན་བྱེད་དང་བྱེད་མུས་ཡིན།   
            བཻ་རོ་ཙ་ན་ཐོག་མའི་མཚན་ལ་གན་ཆག་ཐང་ཏ་དང(རྒན་ཆག་རྟག་དང་ག་འཇག་རྟག་སོགས་བྲིས་སྟངས་མི་འདྲ་བ་མང་དུ་སྣང་མོད་དོན་ཏུ་གན་ཆག་ཐང་ཏ་རང་ཡིན་པར་སེམས)“བོན་གཞུང་རྣམས་སུ་ཁོང་ལ་ཆུང་ངུའི་དུས་གསས་གཡུང་དྲུང་གསས་སུ་འབོད་ལ། ལོ་རྒྱུས་ལ་ལར་ཁོང་ལ་ཆུང་ངུའི་དུས་སུ་གན་ཇག་ཐང་ཏ་རུ་འབོད་པ་དང་....... གོང་གི་བོན་གཞུང་རྣམས་སུ་གྲགས་པའི་ཁོང་གི་མཚན་ཟུར་གྱི‘གསས'ཞེས་པའི་སྨྲ་དོན་ཡང་བོན་ལུགས་ཁོ་ན་ཞིག་ཏུ་ངེས་ཏེ། བོན་པོའི་གཞུང་རྣམས་སུ་གསས་ཁང་དང་གསས་མཁར། ལྷ་གསས།  རྒོད་གསས། གནམ་གསས་སོགས་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད་ལ། དམ་ཆོས་ཀྱི་གཞུང་རྣམས་སུ་གསས་ཞེས་པ་ཅི་ཡང་མཐོང་རྒྱུ་མེད་པར་མ་ཟད། གཞུང་ལ་ལར་གསས་ཁང་གི་ཚབ་ཏུ། སྲས་ཁང་སོགས་བྲིས་པ་ཡང་མཐོང་རྒྱུ་འདུག དེ་ལྟར་གསས་ཞེས་པའི་ཐ་སྙད་དེ་བོན་གྱི་ཐ་སྙད་ཆེས་ཤིན་ཏུ་རྙིང་བ་ཞིག་ཀྱང་ཡིན་ལ། དོན་ཡང་བཟང་པོའམ་ལྷ་རིགས་ལ་འཇུག་པ་ཞིག་ཡིན་སྟབས། བཻ་རོའི་མཚན་ལའང་གསས་གཡུང་གསས་དང་རིན་ཆེན་གསལ་སོགས་སུ་བཏགས་པ་དེ་ཡང་ཐོག་མར་བོན་པོ་ཡིན་པའི་བདེན་དཔང་ཞིག་ཀྱང་རེད།”⑾།དེས་ན། བཻ་རོ་ཙ་ན་སྐུ་ན་ཆུང་དུས་ཀྱི་མཚན་ནི་གན་ཇག་ཐང་ཏ་དང་གཡུང་དྲུང་གསས་དང་རིན་ཆེན་གསས་བཅས་གསུམ་ཏུ་སྣང་ངོ་། དེ་ནས་ནར་སོན་ཏེ་ཐོག་མར་རབ་ཏུ་བྱུང་སྐབས་མཁན་ཆེན་བྷོ་དྷི་སྭ་ཏོས“བཻ་རོ་ཙ་ན་རཀྵ་ཏ”སྟེ་རྣམ་པར་སྣང་མཛད་སྲུང་བའམ་རྣམ་སྣང་འཚོ་དང་། དེ་རྗེས་ཁོང་རྒྱ་གར་དུ་སློབ་སྦྱོང་གནང་བར་ཕེབས་སྐབས་རྩ་བའི་བླ་མ་ཤྲཱི་སིདྷས་ཁོང་གི་རིག་པའི་མཁྱེན་དཔྱོད་ལ་ཧ་ལས་ནས་དངོས་སུ“བཻ་རོ་ཙ་ན”ཞེས་བཏགས་པ་སྟེ།《ཆོས་འབྱུང་མཁས་པའི་དགའ་སྟོན》(སྟོད་ཆ་ཤ588)ལས“དེའི!ཚེ་བཻ་རོས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་ཆོས་ཐོས་ཏེ་བཻ་རོ་ཙ་ནར་མིང་བཏགས་སོ། སྤྱིར་སད་མི་བདུན་རབ་ཏུ་བྱུང་ཚེ་བཻ་རོ་ཙ་ན་རཀྵ་ཏ་ཞེས་རྣམ་སྣང་སྲུང་བའམ་རྣམ་སྣང་འཚོར་མིང་བརྗེས་པ་ཡིན་ཀྱང་སླར་ཡང་རྣམ་སྣང་མཛད་ཉིད་དུ་བཏགས་པའོ” གཞན་ཡང་ཁོང་གི“མཚན་ལ་མདོ་ལྟར་ཡེ་ཤེས་སྡེ། སྔགས་ལྟར་བཻ་རོ་ཙ་ན་ཞེས་གསོལ། སྐུ་གཅིག་མཚན་ལྗ་གྲགས་པའི་པཎ་ཆེན་དེ”⑿ཞེས་དང་། འགྱུར་བྱང་གི་ནང་དུ། “མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། བོན་བསྒྱུར་ནང་དུ་གན་ཆག་ཐང་ཏ་བྲིས། རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་བྲིས། སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག མ་ལུས་རྫོགས་པར་ཡེ་ཤེས་སྡེ་ངས་བསྒྱུར” ⒀ཅེས་བཀོད་ཡོད་ལ། ཡང《པདྨ་བཀའ་ཐང》(ལྕགས་པར་ཤ412)ལས“དེ་ནས་མཁན་ཆེན་བོ་དྷི་ས་ཏྭ་དང་༔  སྐུ་གཅིག་མཚན་མང་བནྡེ་ཡེ་ཤེས་སྡེས༔  འདུལ་བ་ལུང་དང་ལུང་རྩ་སྡེ་བཞི་དང་༔  སྟོང་ཕྲག་བརྒྱ་པ་བྱམས་ཞུས་རྟག་ཏུ་ངུ༔  མདོ་ཆོས་རྒྱས་འབྲིང་རྣམ་གསུམ་མ་ལུས་བསྒྱུར༔”ཅེས་སོགས་ལས་བཻ་རོ་ཙ་ན་ལ་མཚན་གྱི་རྣམ་གྲངས་ཡེ་ཤེས་སྡེ་དང་། ཨིནྡྲ་བཻ་རོ། གན་ཇག་ཐང་ཏ། ཆོས་འབར། བཻ་རོ་ཙ་ན་བཅས་ལྔ་ཡང་ཡོད་པར་ཤེས་ནུས་སོ།   
            གསུམ་པ། བཻ་རོ་ཙ་ནའི་འཁྲུངས་དུས་ལོ་ཚིགས་ཀྱི་སྐོར།
            དེང་དུས་ཀྱི་གསོ་རིག་མཁས་དབང་བྱམས་པ་ཕྲིན་ལས་མཆོག་གིས་མཛད་པའི《གངས་ཙན་གསོ་རིག་བསྟན་པའི་ཉིན་བྱེད་ཀྱི་རྣམ་ཐར་ཕྱོགས་བསྒྲིགས》(ལྕགས་པར་ཤ84)ལས་བཻ་རོ་ཙ་ནའི་སྐོར་གྱི་མཆན་གཉིས་བཀོད་པའི་དང་པོར“འཁྲུངས་ལོ་མེ་ཡོས་(སྤྱི་ལོ༧༢༧)”ཞེས་་གསུངས་ཀྱང་དཔྱད་གཞིའི་ཡིག་རིགས་གང་ནས་ཁུངས་དྲངས་མིན་ཁ་གསལ་བཀོད་མེད་པ་ཁོ་བོ་ལྟ་བུ་མཐོང་ཐོས་ཀྱི་རྒྱ་ཁབ་མིག་ལྟར་ཕྲ་བ་ལ་ཤིན་ཏུ་བློ་ཕམ་པའི་གནས་སོ། དེ་ཉིད་གཞིར་བཅོལ་ནས《གངས་ལྗོངས་ལོ་རྒྱུས་སྟེང་གི་གྲགས་ཅན་མི་སྣ》དང་རྔ་བ་འཇམ་མེས་བརྩམས་པའི་དཔྱད་རྩོམ《ལོ་ཆེན་བཻ་རོ་ཙ་ནའི་སྐོར་ལ་ཅུང་ཙམ་དཔྱད་པ》ལ་སོགས་པར་སྤྱི་ལོ༧༢༧ལོར་བཤད་ཡོད། སྤྱིར་བཻ་རོ་ཙ་ན་ནི་བོད་རྗེ་ཁྲི་སྲོང་སྐུ་དུས་སུ་ཡིན་པ་དང་། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་གི་མི་ཡིན་པར་སྔ་ཕྱིའི་མཁས་པ་ཀུན་རྩོད་མེད་ཡིན་ལ། ལྷག་པར་དུ《འདྲ་འབག》(ལྕགས་པར་ཤ103-104བར།)དུ“དེ་ནས་ཕ་མ་གཉེན་འདུན་དང་ལོངས་སྤྱོད་སྤངས་ཏེ། ལོ་བཅོ་ལྔ་ལས་མ་སོན་པ་ཞིག་གིས། སྟག་གི་ལོ་དཔྱིད་ཟླ་ར་བའི་ལོ་གསར་གྱི་ཚེས་གསུམ་ལ། ལྷོ་ཕྱོགས་མེའི་ཐོག་ཏུ་གཟའ་ཟླ་བ་ལ་གཏད་ནས། ཨརྱ་པ་ལོའི་གླིང་དུ་སྤགས་སོ” ཞེས་རྒྱ་གར་ལ་ཕེབས་དུས་ཀྱི་དཔྱད་གཞིའི་ལོ་ཚིགས་འགངས་ཆེན་ཞིག་བསྟན་ཡོད་ཀྱང་སྟག་གི་ལོ་དེར་ཁམས་བཀོད་མེད་པས་ཡང་སྙིང་ལོ་གང་ཡིན་གསལ་བར་དཀའ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་ཚིགས་དང་འབྲེལ་བ་བྱ་རྒྱུ་གལ་ཆེ་ཡང་བཙན་པོ་གང་དེའི་འཁྲུངས་དུས་ལ་ཡང་བཞེད་པ་མང་ཙམ་ཡོད་པ་ཡིན། འོན་ཀྱང་བཙན་པོ་གང་དེའི་མཛད་པའི་སྐོར་ནི། བན་བོན་གཉིས་ཀའི་སྔ་ཕྱིར་བྱུང་བའི་བཀའ་གཏེར་གང་རུང་གི་ཡིག་ཆ་དང་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་སོགས་མང་པོ་ཞིག་གི་ནང་དུ། དགུང་ལོ་བཅུ་གསུམ་ཐོག་སྲིད་འགན་བཞེས་ཏེ་ཁྲིར་འཁོད་པ། སྐུ་ཚེའི་སྟོད་ལ་བོན་བློན་དབང་ཆེ་བས་བན་ལུགས་བཀག་པ། མཐའ་བཞིར་ཆབ་སྲིད་རྒྱ་བསྐྱེད་པ་དང་། དེ་ནས་རིམ་གྱི་བཙན་པོ་འཚར་ལོངས་བྱུང་བ་དང་སྦྲགས་བཙན་པོའི་དབང་དང་སྙན་གྲགས་ཇེ་ཆེར་རྒྱས་ཏེ་ཆོས་ཕྱོགས་ལ་དགའ་བའི་བློན་པོ་བེད་སྤྱད་དེ་བོན་གྱི་སྟོབས་ཤུགས་རིམ་གྱིས་ས་མཐར་བསྐྲད་པ་དང་། བསམ་ཡས་ལ་སོགས་པའི་ནང་བསྟན་གཙུག་ལག་གི་སྡེ་བཙུགས་པ། ཕྱི་ཕྱོགས་ནས་མཁས་པ་གདན་དྲངས་པ་དང་། ལོ་ཙཱ་བ་གསོ་སྐྱོང་གིས་རིག་པའི་གནས་མང་པོ་བོད་ཡིག་ཏུ་ཕབ་བསྒྱུར་དང་། བོད་ཀྱི་ལོ་རྒྱུས་སྟེང་གི་རབ་བྱུང་གི་སྡེ་ཐོག་མར་བཙུགས་པ་སོགས་ཀྱི་དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་ཧ་ལམ་འདྲ་མཚུངས་སུ་བཀོད་ཡོད་པ་རེད། དེས་ན་ཁོ་བོའི་བསམ་པར་བཻ་རོ་ཙ་ནའི་འཁྲུངས་དུས་ཀྱི་ལོ་ཚིགས་ཡིད་རྟོན་འཕེར་བ་ཞིག་དགོས་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་དུས་ལོ་ཚིགས་གཏན་འཁེལ་དང་། གོང་གསལ་གྱི་ལོ་རྒྱུས་དོན་ཆེན་རྣམས་ཀྱི་ལོ་ཚིགས་གསལ་པོར་རྟོགས་དགོས་སྙམས་སོ། དེ་ཡང་ཏུན་ཧོང་ཡིག་རྙིང་ཁྲོད་དུ་ཡོད་པའི་བོད་ཀྱི་རྒྱལ་རབས་དོན་ཆེན་གནད་བསྡུས་ལོ་ཚིགས་ནང་དུ། “རྟའྀ་ལོ་ལ།་......བརྩན་པོ:སྲོང་ལྡེ་བརྩན:བྲག་མར:དུའ་བལྟམ། ཡུམ:མང་མོ་རྗེ་ནོངས:ཕར:ལོ་གཆིག”⒁ཅེས་དང་དེ་བཞིན་ལྔ་པ་ཆེན་པོ་དང་ཀོང་སྤྲུལ་སོགས་ཀྱིས་ཆུ་རྟ་ལོར་འཁྲུངས་པར་བཞེད་དེ་ཆུ་རྟ་དེ་ནི་སྤྱི་ལོ་༧༤༢ལོར་ཡིན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་དུས་སྐོར་ལ་དེང་དུས་བོད་རིག་པའི་རིག་གཞུང་ཁྱབ་ཁོངས་ནང་ཕལ་མོ་ཆེས་སྤྱི་ལོ༧༤༢ལོ་དེ་རང་ལ་ངོས་འཛིན་གནང་གི་ཡོད། དེ་ལྟར་ཁྲི་སྲོང་ལྡེ་བཙན་སྤྱི་ལོ༧༤༢ལོར་སྐུ་བལྟམས་ཤིང་། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་ན། ཡབ་ཀྱི་སྐུ་ཚེ་སྟོང་ནས་སྲིད་འགན་དངོས་སུ་བཞེས་པ་རྩོད་མེད་ལྟར་ཡིན་ཡང་། ཏུན་ཧོང་ཡིག་རྙིང་ནང་དུ“སྤྲའུ་ལོ་ལ་བབ་སྟེ། དབྱར་བཙན་པོ:ཕོ་ཟུང་ཀར་ན་བཞུགས། བཙན་པོ་མཙན་ཁྲི་སྲོང་ལྡེ:བརྩན:དུ་བོནད། ཅབ་སྲིད་པྱག་དུ་བཞེས། འབངས་མཏའ་བཞི་ལ། བཀའ་ཤོ་ཅེན་ཕོ་པྱུང་”⒁ཞེས་གསལ་ལ་སྤྲེའུ་ལོ་དེ་ནི་སྤྱི་ལོ༧༥༦ལོ་སྟེ་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅོ་ལྔར་ཕེབས་པའི་ལོ་ཡིན། ཧྲེ་ཧྲོ་ཡིས་བརྩམས་པའི《ཐུ་བྷོད་ཆོས་སྲིད་འབྲེལ་བའི་ལོ་རྒྱུས》ནང་དཔྱད་གཞི་དེ་བེད་སྤྱད་ནས་འདི་ལྟར་བྲིས་ཡོད་དེ།“སྤྱི་ལོ༧༥༦ལོ་ནི་ཁྲི་སྲོང་ལྡེ་བཙན་སྲིད་ཁྲིར་དངོས་སུ་ཕེབས་པའི་ལོ་ཡིན། དེས་ན། སྤྱི་ལོ༧༥༤ལོར་ཁྲི་ལྡེ་གཙུག་བཙན་གཤེགས་པ་ནས་སྤྱི་ལོ༧༥༦ལོར་ཁྲི་སྲོང་ལྡེ་བཙན་དངོས་སུ་སྲིད་ཁྲིར་བྱོན་པའི་བར་དུ་ལོ་གཅིག་གི་དུས་ཡུན་རིང་སྲིད་ཁྲི་སྟོང་པར་ལུས་པ་ཡིན། དེ་ཡང་ཏུན་ཧོང་བོད་ཡིག་ཤོག་དྲིལP. T1288《དོན་ཆེན་གནད་བསྡུས་ལོ་ཚིགས》ནང་གི་སྤྱི་ལོ༧༥༥སྐབས་བཙན་པོ་དང་བཙན་པོའི་འབྲེལ་ཡོད་གནས་ཚུལ་གཅིག་ཀྱང་བཀོད་མེད་པ་ལས་ར་སྤྲོད་ཐུབ། དེ་ནི་ཏུན་ཧོང་གི་བོད་ཡིག་ཤོག་དྲིལP. T.1288《དོན་ཆེན་གནད་བསྡུས་ལོ་ཚིགས》ནང་ཁྱོན་ལོ་གྲངས106བཀོད་པའི་ནང་དེ་ལས་གཞན་རྩ་བ་ནས་མེད་པ་ཞིག་ཡིན། དེས་ན། སྤྱི་ལོ༧༥༥ལོ་ནི་ཞང་བློན་གྱིས་ཐད་ཀར་བཙན་པོའི་སྲིད་དབང་ལ་ཐེ་ཇུས་དང་ཧམ་བཟུང་བྱེད་འགོ་ཚུགས་པ་ཡིན་ལ། དེ་ལྟར་བྱས་ཏེ། བཙན་པོའི་སྲིད་དབང་རང་གི་ལག་ཏུ་བརྟན་པོར་བཟུང་ཡོད་པས། སྤྱི་ལོ༧༥༦ལོར་ལོ་ན་བཅུ་བཞི་ལ་སོན་པའི་ཁྲི་སྲོང་ལྡེ་བཙན་ཁྲི་ལ་འཁོད་ཀྱང་ལག་ཏུ་དབང་ཆ་མེད་པ་རེད”⒃ཅེས་དཔྱད་བརྗོད་བྱས་ཡོད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་སྙམ། དེ་བཞིན་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི《དེབ་ཐེར་སྔོན་པོ》(ལྕགས་པར་སྟོད་ཆ་ཤ66)ནང“དེ(ཁྲི་ལྡེ་གཙུག་བཙན)འདས་ནས་ཁྲི་སྲོང་ལྡེ་བཙན་རྒྱལ་པོ་བྱེད་པའི་ཚེ། མ་ཞང་ཞེས་བྱ་བའི་བློན་པོ་དབང་པོ་ཆེ་ཆོས་ལ་མི་དགའ་བས། རབ་ཏུ་བྱུང་བ་རྣམས་ཡུལ་གཞན་དུ་བསྐྱལ། ལྷ་སའི་ཇོ་བོ་སྐྱི་རོང་དུ་བསྐྱལ།   གཙུག་ལག་ཁང་རྣམས་སུ་བཤས་ར་བྱས། རྒྱལ་པོ་ཆོས་ལ་དད་ཀྱང་དབང་མ་བྱུང”ཞེས་འཁོད་ཡོད་ལ《ཆོས་འབྱུང་མཁས་པའི་དགའ་སྟོན》(ལྕགས་པར་སྟོད་ཆ་ཤ303)ལས“འོན་ཀྱང་ནག་པོའི་སྡིག་བློན་འདུས་པ་ཡིས། དམ་ཆོས་བྱར་མི་གནང་བའི་ཁྲིམས་ཆུང་བྱས། ཇོ་བོ་སར་བཅུག་མཐའ་མར་མང་ཡུལ་བསྐྱལ། དེ་ཚེ་བོད་ལ་མ་ཤེས་དུ་མ་བྱུང”ཞེས་གསལ་བ་སོགས་ལས་ཁྲི་སྲོང་ལྡེ་བཙན་སྲིད་འགན་ཐོག་མར་བཞེས་དུས་ཆབ་སྲིད་ཀྱི་དབང་ཆ་གཙོ་བོ་མ་ཞང་ཁྲོམ་པ་སྐྱེས་སོགས་ཀྱི་ལག་ཏུ་ཡོད་པ་དང་། ཡབ་མེས་ཀྱི་སྐུ་དུས་སུ་བསྐྱར་གསོ་བྱུང་བའི་ནང་བསྟན་ཆོས་ལུགས་ལ་སླར་ཡང་གཏོར་བཤིག་ཚབས་ཆེན་ཕོག་ཡོད་ལ། སླད་ཕྱིན་ཆོས་བྱས་མི་ཆོག་པའི་ཁྲིམས་བུ་ཆུང་བཟོས་པ་ལས་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རེས་བྱེད་པའི་འཐབ་རྩོད་ནི་རྣོ་ངར་ཅན་ཡིན་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡང་ཆོས་ལ་འཇུག་པའི་རང་དབང་ལྟ་ཞོག རྒྱལ་ཁམས་རུ་བཞིར་ཆོས་ཀྱི་སྒྲ་ཙམ་ཡང་ཐོས་པར་དཀའ་བར་གྱུར་ཡོད། དེ་ནས་དགུང་ལོ་ཉི་ཤུ་བཞེས་པའི་སྐབས་ཏེ་སྤྱི་ལོ༧༦༠ལོར་བཙན་པོའི་སྟོབས་ཤུགས་ཀྱི་དབང་ཆ་ག་ལེར་རྒྱས་ཤིང་ཆོས་བྱེད་མི་ཆོག་པའི་ཁྲིམས་བུ་ཆུང་ཡང་མེད་པར་བཟོས་པ་སྟེ། དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》(ལྕགས་པར། སྟོད་ཆ་ ཤ373)ནང་གསལ་བའི་བཙན་པོའི་བཀའ་གཙིགས་ཡི་གེ་ལས། “དེ་ནས་བཙན་པོ་ཞལ་སྔ་ནས་ལོ་ཉི་ཤུ་བཞེས་པ་ན།  ཐོག་མ་ནི་ཕྱག་སྤྲིང་དང་ལྷས་ཤིག་ངན་ཏེ། ཆོ་ག་ཅི་མཛད་པས་བཤད་ཀྱང་། དགུང་ཟླ་དུ་མར་ཕྱག་སྤྲིངས་དང་ལྟས་ངན་ནས། སངས་རྒྱས་ཀྱི་ཆོས་བགྱིད་དུ་མི་གནང་བའི་བཀའ་ཁྲིམས་ཀྱང་ཁྲིམས་སུ་མི་བགྱི་བར་དོར། དཀོནད་ཅོག་གསུམ་གྱི་མཆོད་པ་ཡང་བགྱི་ཞེས་བགྱིས་ན་ད་གཟོད་བཟང་པོར་གྱུརད་ཏོ”གསུངས་པ་ལས་གསལ། དེ་ནས་རིམ་གྱི་བསམ་ཡས་ཕྱག་བཏབ་པ་དང་། དགེ་འདུན་གྱི་སྡེ་བཙུགས་པ། ལོ་ཙཱ་བ་གསོ་སྐྱོང་གིས་བཀའ་དང་བསྟན་བཅོས་བསྒྱུར་འགོ་ཚུགས་ཡོད། དེས་ན་གོང་གསལ《འདྲ་འབག》ལས་དྲངས་པའི་སྟག་གི་ལོ་དེ་ནི་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་གཙིགས་དེ་བཀྲམ་པའི་ལོའི་རྗེས་སུ་ཡིན་པ་གོར་མ་ཆག་པས་བཙན་པོ་དགུང་ལོ་སོ་གསུམ་བཞེས་པའི་ཤིང་སྟག་སྟེ་སྤྱི་ལོ༧༧༤དེ་མིན་ནམ་སྙམ།   དེས་ན《བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ》(ལྕགས་པར་ཤ272)ནང་བསྟན་པའི“གླང་ལོ་དབྱར་ཟླ་ར་བའི་ཚེས་བཅུའི་དུས༔ ཕུར་བུ་དར་བ་རྒྱུ་སྐར་རྒྱལ་གྱི་ཉིན༔ ཉི་ཤར་འབྲུག་གི་དུས་ཚོད་ཤར་བའི་ཚེ༔ གནམ་ལ་འཇའ་སྤྲིན་མེ་ཏོག་ཆར་པ་བབས༔ ས་གཞི་གཡོ་ཞིང་བར་སྣང་འབྲུག་ཀྱང་ལྡིར༔.....རྣམ་སྣང་སྤྲུལ་པ་བཻ་རོ་ང་ཉིད་འཁྲུངས”ཞེས་པའི་གླང་ལོ་དེ་ནི་སྤྱི་ལོ༧༧༤ནས་ཡར་རྩིས་པའི་ལྕགས་གླང་སྟེ་སྤྱི་ལོ༧༦༡ལོ་དེ་མིན་ནམ་སྙམ། མ་གཞི་སྤྱི་ལོ༧༧༤ལོ་དེར་གོང་དུ“ལོ་བཅོ་ལྔ་ལས་མ་ལོན་པ”ཞེས་བཀོད་ཡོད་ཀྱང《འདྲ་འབག》(ལྕགས་པར་ཤ261ནང)དེ་རང་གི་ལེའུ་བཅུ་གསུམ་པ། བོད་ཀྱི་གདུལ་ཞིང་རྫོགས་ནས་ཞིང་ཁམས་ལ་བྱོན་པའི་སྐབས། “གསོན་དང་བོད་ཀྱི་རྒྱལ་བློན་རྗེས་འཇུག་ཚོ། བཻ་རོ་ང་ཡིས་གཏམ་ཅིག་བཤད། ལོ་བརྒྱད་ལོན་ནས་བཅུ་གསུམ་བར། སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་བཅུ་བསླབ། བཅུ་བཞི་ལོན་ནས་རྒྱུ་གར་ཡུལ་བྱོན།  དགའ་རབ་འཇམ་དཔལ་ཤྲཱི་སིང་ཧ་སོགས། འཇའ་ལུས་གྲུབ་པ་ཉི་ཤུ་རྩ་ལྔ་བསྟེན”ཞེས་གསལ་ཡོད་པས་སྟག་གི་ལོ་དེར་དགུང་ལོ་བཅུ་བཞི་ཡིན་ན། ཏག་ཏག་གླང་གི་ལོར་འཁྲུངས་པ་ཡིན་པས། རྣམ་ཐར་རིགས་མི་འདྲ་བ་གཉིས་ནང་དོན་མི་འདྲ་བ་ཁག་གཉིས་གསུངས་ཡོད་ཀྱང་དགོངས་པ་གཅིག་མཐུན་བྱུང་བ་ནི་སྟབས་ཁེལ་བ་ཞིག་ཡིན་པ་ག་ལ་སྲིད། དེས་ན་བཻ་རོ་ཙ་ན་གང་ཉིད་ལྕགས་གླང་སྟེ་སྤྱི་ལོ་༧༦༡ལོར་འཁྲུངས་པ་ཅུང་ཟད་གོ་འགྲིག་པར་མཐོང་ཡང་ད་དུང་གོང་འོག་སྔ་ཕྱིའི་འགལ་བ་སོགས་ཀྱི་སྐྱོན་མང་དུ་འདུག་ན་མུ་མཐུད་དཔྱད་གཞི་གཞན་འཚོལ་བ་ལས་བརྒྱ་ཁ་གཅིག་ཆོད་བྱས་ན་མི་འགྲིག་སྙམ།   
            བཞི་པ། སྐུ་ན་ཕྲ་མོའི་དུས་སུ་བོན་གྱི་རིག་གནས་ཀྱི་ཤུགས་རྐྱེན་བྱུང་ཚུལ།   
            དེ་ལྟར་ལྕགས་གླང་སྟེ་སྤྱི་ལོ༧༦༡ལོར་བཻ་རོ་ཙ་ན་སྐུ་བལྟམས་པ་དང་ལོ་དེ་རང་ལ་ཁྲི་སྲོང་ལྡེ་བཙན་གྱིས་ཆོས་བྱས་མི་ཆོག་པའི་ཁྲིམས་བུ་ཆུང་མེད་པར་བཟོས་གནང་ཡོད་པས་བོན་ལུགས་འཛིན་མཁན་རྣམས་ཀྱི་དབང་ཆར་གཡོ་འགུལ་ཐེབས་ཡོད་ནའང་བོད་སྤྱི་ནས་བོན་གྱི་རིག་གནས་སྤྱི་ཡོངས་ནས་ཕོག་ཐུག་བྱུང་ཐུབ་མེད་ལ། ལྷག་པར་དུ་བོད་མི་རང་གི་བསམ་པའི་འདུ་ཤེས་ཀྱི་ཁྱབ་ཁོངས་སུ། བོན་ལུགས་ལ་དད་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་ནི་རིག་པས་དཔོག་ནུས་པ་ཞིག་ཡིན། ཁྲི་སྲོང་ལྡེ་བཙན་གྱི་སྲིད་དབང་ཐོག་མར་བཞེས་པའི་ལོ་བདུན་བརྒྱད་ཙམ་གྱི་རིང་བོན་གྱི་གནས་བབས་ཀྱང་མཐོ་པོ་ཡོད་དེ། ཤར་རྫ་བཀྲིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》(ལྕགས་པར་ཤ203)ནང་དུ“ཞང་ཞུང་སྙན་བརྒྱུད་ལས། མཁས་བཙུན་གྲུབ་པ་ཐོབ་པ་རྣམས་ཀྱིས་བསྟན་པ་བསྐྱངས། སྒྲུབ་པ་པོ་རྒྱལ་ཐེབས་རྣམས་ཀྱིས་བསྟན་པ་འཛིན། མཐུ་ཆེ་ལ་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱིས་བསྟན་པ་སྲུངས། བོད་དང་ཞང་ཞུང་གཉིས་ཀ་ན་བོན་མ་གཏོགས་ཆོས་མེད། དུས་དེ་ཙམ་ན། ཞང་ཞུང་ན་གྲུབ་པ་ཐོབ་པ་མང་ཡང་། སྤ་ཇི་ཁྲོམ་དཀར་པོ་དང་སྟོང་རྒྱུང་མཐུ་ཆེན། མཁས་པ་མི་བཞི། བླ་ཆེན་དྲན་པ་ནམ་མཁའ་བཞུགས་པའི་དུས”ཞེས་དང་། ཡང་དེ་ལས(ཤ207)“དུས་མར་འགྲིབ་པའི་དབང་གིས་ལོག་པར་སྤྱད་པ་མང་བས་བོན་གྱི་འདུལ་སྡེ་རྣམས་ཀྱང་ཚུལ་ཁྲིམས་ཉམས་ནས་འཆལ་བར་སྤྱོད་པ་མང་དུ་བྱུང་བ་དང་། བོན་གཤེན་གསང་སྔགས་སྒྲུབ་པ་པོ་རྣམས་ཀྱང་མཐུའི་དྲེགས་པས་རྒྱལ་བ་སོགས་དེ་དུས་འདུལ་བ་སྨད་ལུགས་མེད་ཀྱང་སྟོད་ལུགས་ཡོད་པས་མཆན་གྱིས་གཡུང་དྲུང་རོལ་བ་སོགས་པ་གནས་སྡེ་ཆེན་པོ་བཞི་དང་། གནས་ཕྲན་བཅུ་གཉིས་ཞིག གཤེན་རབ་ཀྱི་སྐུ་གདུང་རྣམས་ཀྱང་ནམ་མཁའ་ལ་འོད་དུ་འཕྲོས་ཏེ་ཡལ། ཚུལ་ཁྲིམས་བསྲུང་བ་ཇེ་ཉུང་ལ་སོང་། དེར་རྒྱལ་པོས་ཀྱང་བྷོ་དྷི་ས་ཏྭས་འཕྲིན་རྫོང་ལུགས་སམ། བོན་གྱི་འདུལ་སྡེ་རྣམས་ཀྱིས་ཀྱང་སྡིག་སྤྱོད་བྱེད་ལུགས་སམ། ཉི་ཟླ་འོད་ཀྱིས་འགྲིབ་ལུགས་སམ། མོན་གྱི་རྒྱལ་པོའི་རྨི་ལམ་ལ་སོགས་ལ་བརྟག་ན། གཡུང་དྲུང་གི་བོན་འདི་ཡང་ནུབ་པའི་དུས་ལ་བབས་པ་འདྲ་གསུངས”ཞེས་བོན་ལུགས་མར་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་རྣལ་མར་བསྟན་པ་ལས་ང་ཚོར་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་ཁ་དབང་བསྒྱུར་མཁན་གཙོ་བོ་ནི་བོན་ལུགས་ཡིན་ལ། བོད་མིའི་ཡུལ་གོམས་གཤིས་ལུགས་དང་རིག་གནས་འཚོ་བ་སོགས་ཀྱི་ནང་དུ་ཤུགས་རྐྱེན་ཇི་ཙམ་ཡོད་པའང་རྟོགས་ཐུབ། ལྷག་པར་དུ་སྐབས་དེ་དུས་གཡུང་དྲུང་བོན་ལུགས་མིན་ནའང་བོན་གྱི་མིང་ཁྱེར་ནས་ཚུལ་མིན་ཆོས་ལོག་དང་སེམས་ཅན་བསད་དེ་དམར་མཆོད་འབུལ་བ་སོགས་ལྟ་བ་ངན་པས་བོད་ཡུལ་བཀང་བས་ཐག་ཞོར་འདྲེང་དྲུད་ཀྱི་དཔེ་བཞིན་བོན་སྤྱི་ལ་རྡུང་རྡེག་གཏོང་བའི་ས་བོན་བཏབ་པ་འདྲ་སྟེ།《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》(ལྕགས་པར་ཤ130-131བར)ལས“རྒྱུ་བོན་ལྟ་ལོག་གི་གྲུབ་མཐའ་ངན་པས་ཡུལ་དེ་བསླད་དེ་༔  ཕྱིས་ཆོས་རྒྱལ(ཁྲི་སྲོང་ལྡེ་བཙན)སྐབས་སུ་ཆོས་དར་དཀའ་བའི་རྐྱེན་བྱུང་བའོ༔  རྒྱུ་བོན་གྲུབ་མཐའ་ལོག་པ་འདི་རྣམས་ཀྱི་ཆོས་ལུགས་ནི༔ ཞིང་ཁམས་བྱ་བ་མ་ཡིན་གྱི་གནས་རྣམས་ཡིན་ཟེར༔ ལྷ་ནི་མི་མ་ཡིན༔  རྒྱལ་པོ༔ འགོང་པོ་སོགས་སྡེ་བརྒྱད་རིགས་དང༔  ཡུལ་ལྷ༔  གཞི་བདག་ཕ་གཡང་སོགས་འཇིག་རྟེན་པ་ཡིན་ཟེར༔  ཆོས་ནི་བུ་མོ་ཕར༔  མནའ་མ་ཚུར་ལེན༔  ཤཀ་སྟོན་རྒྱ་ཆེར་བྱེད༔ ཆོས་སུ་རྣ་སྒྲུང་མང་པོ་འཆད་༔  བྲོ་དང་གླུ་ལེན་བྱས་པས་ཕྱྭ་གཡང་རྣམས་གྱེས་པ་ཡིན་ཟེར༔  དེ་བཞིན་དུ་སྟོན་ཤ་ཕོ་རུ་རྐྱང་གི་རྐེ་དམར་སྟོང་ཆོད༔  དཔྱིད་ཡུ་མོའི་བྱིན་བྲེག༔  སྲོག་སླུས་སྤུས་འགྱེད༔  དགུན་བོན་ལྷ་དམར་མཆོད༔  དབྱར་བོན་སྟོང་བསང་མཆོད་དགོས་ཟེར་ནས་མི་དགེ་བཅུ༔  མཚམས་མེད་པ་དང་བཅས་པའི་ལས་བསགས༔  ལྟ་བ་ནི་ཐམས་ཅད་སེམས་དངོས་མེད་ལྷ་འདྲེའི་གཟུགས་ཡིན་པས༔  ལྷ་འདྲེ་གང་སེམས་པ་དེ་ཡིན་ཟེར༔  འབྲས་བུ་ནི་རབ་ཅི་ཡང་མེད་པའི་གནས་སུ་སྐྱེ༔  འབྲིང་མཐའ་ཡས་པའི་གནས་སུ་སྐྱེ༔  ཐ་མའང་ཡོད་མིན་མེད་མིན་གྱི་གོ་འཕང་འགྲུབ་ཟེར༔  གྲུབ་རྟགས་ནི༔ལྷས་དངོས་སུ་གཟུགས་བསྟན་ནས་རབ་སེམས་ཅན་བསད་པའི་ཤ་ཟ་བ་དང༔ འབྲིང་ཁྲག་འཐུང་བ་དང༔  ཐ་མའང་འཇའ་གཟུགས་ཙམ་ནུས་པ་ཡིན་ཟེར་ནས་དེ་ལ་བདེན་པར་འཛིན་ནས་བློ་ཆུང་ཕལ་གྱིས་བོན་ཕྱི་པའི་གྲུབ་མཐའ་ངན་པ་འཛིན་ནས་ཕུངས་སོ༔ དེ་ལྟར་གྱི་རྒྱུ་བོན་ངན་པས་བོད་ཁམས་ཐམས་ཅད་ཁྱབ་ཅིང༔  སྦྱིན་བདག་ནི་ཞང་བློན་ཕལ་གྱིས་བྱས་སོ”༔ཞེས་གསལ་བ་ལྟར་རོ། སྤྱི་ཚོགས་ཀྱི་གནས་བབས་དེ་ལྟ་བུའི་འོག་འཚར་ལོངས་བྱུང་བའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཁོར་ཡུག་གི་ཤུགས་རྐྱེན་དེ་ཉིད་ནི་གཡོལ་དུ་མེད་པ་ཡིན། འོན་ཀྱང་བཻ་རོ་ཙ་ན་བྱིས་པའི་དུས་སུ་གོང་དུ་བཤད་པའི“བོན་ཕྱི་པའི་གྲུབ་མཐའ་ངན་པ”ཡི་བག་ཆགས་བྱུང་ཚུལ་བན་བོན་གཉིས་ཀའི་གྲུབ་མཐའ་གང་དུའང་གསལ་མེད། གཡུང་དྲུང་བོན་གྱི་གྲུབ་མཐའི་ཤུགས་རྐྱེན་ཆེ་ཙམ་ཡིན་ལ་གོ་རིམ་ལྡན་པའི་བསླབ་སྦྱོང་གནང་བ་སྟེ། གཡུང་དྲུང་བོན་ལུགས་ཀྱི་ལོ་རྒྱུས་ནང་བཻ་རོ་ཙ་ན་ཐོག་མར་གཡུང་དྲུང་བོན་གྱི་སྒོར་ཞུགས་པ་དང་དམུ་གཤེན་དྲན་པ་ནམ་མཁའ་དང་བོན་གྱི་མཁས་པ་མི་བཞིའི་སྐུ་མདུན་ནས་སློབ་སྦྱོང་བྱས་ཡོད་པར་གསུངས་ལ“བདག་འདྲ་མུ་ཙ་སྒྲ་མཁས་ཀྱིས། ཚེ་སྟོད་གཡུང་དྲུང་བོན་གྱི་སྒོར་བཞུགས་སྤྱད། མིང་ཡང་བ་གོར་རིན་ཆེན་གསས་སུ་བཏགས། ཚེ་སྨད་དམ་པ་ཆོས་ཀྱི་སྒོར་ཞུགས་སྤྱད། མིང་ཡང་བ་གོར་བཻ་རོ་ཙ་ན་བཏགས་⒄”ཞེས་གསལ་ལ《འདྲ་འབག》(དབུ་མེད་བྲིས་མ་ཤ61མདུན)གི་ནང་དུ་ལོ་ཙཱ་སློབ་སྦྱོང་མ་གནང་གོང་དུ“ནག་པོ་རི་དང་བྲག་པོ་ཆེ་གཉིས་སུ་ཉི་ཟེར་ལ་བཞོན་ནས་ཕར་འགྲོ་ཚུར་འགྲོ་བྱེད”ཅེས་དང་།   དེ་བཞིན《རྣམ་ཐར་པདྨའི་དགའ་ཚལ》གྱི་ལེའུ་གཉིས་པ་དང་གསུམ་པར་བཻ་རོ་ཙ་ན་སྐུ་ན་ཆུང་དུས་མཐུ་དང་རྫུ་འཕྲུལ་སོགས་སྦྱངས་པའི་སྐོར་ཡིན་པ་མ་ཟད། ལྷག་པར་དུ《གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ་ཀུན་སྣང་གསལ་བའི་སྒྲོན་མེ》(དབུ་མེད་བྲིས་མ་ཤ42མདུན་-43མདུན)ལས“(བཻ་རོ་ཙ་ནས)དེ་བཞིན་གྱེར་ཆེན་བཞུགས་པའི་སྤྱན་སྔར་བྱོན༔  པུས་གཙུག་ཕྱག་གཉིས་སྦྱར་ནས་གུས་པས་ཞུས༔  ཀྱཻ་མངའ་བདག་འགྲོ་བའི་དཔལ་གཅིག་པོ༔  རྫུ་འཕྲུལ་དབང་ཐོབ་བོན་རྣམས་ཐུགས་ལ་མཁྱེན༔  བོད་ཡུལ་གསལ་སྒྲོན་གྱེར་སྤུངས་རིན་པོ་ཆེ༔  རྩེ་གཅིག་དྭངས་བ་སེམས་ཀྱི་ཕྱག་འཚལ་ལོ༔  གཙང་གི་སྙེ་མོ་བ་གོར་བཻ་རོ་ང༔  ཆུང་ནས་གཡུང་དྲུང་བོན་དང་ལས་ཀྱི་འབྲེལ༔ ཟུབ་གསྲང་གདམས་པ་ནོར་བུ་ལྟར་དུ་སྣང༔ བཀའ་དྲིན་སློབ་དཔོན་བརྗེད་པ་མ་ལགས་ཀྱང༔ ལས་དབང་ལས་ཅན་རྒྱལ་པོ་ཆེན་པོའི་བཀའ༔ འཆི་མེད་རིག་འཛིན་པདྨ་ཐོད་ཕྲེང་ལུང༔  བདག་ནི་ལྷོ་ཕྱོགས་རྒྱ་གར་ཡུལ་དུ་ཕྱིན༔ དཀའ་བ་སྤྱད་ཅིང་སློབ་དཔོན་མང་པོ་མཇལ༔  ཟབ་ཆོས་ནོར་བུ་འདྲ་བ་མང་པོ་ལོན༔ ད་ལྟ་བོད་ཡུལ་གནས་སུ་ཡོང་བ་ལགས༔ སློབ་དཔོན་ཆེན་མོ་ཞལ་དཀྱིལ་མཇལ་ལ་རིང༔  ད་ནས་ཞལ་མཇལ་ཡིད་ཀྱི་གདུང་བ་སེལ༔ ཅེས་སྐུ་ན་ཆུང་ངུའི་དུས་ནས་གཡུང་དྲུང་བོན་གྱི་རིག་གནས་ལ་སྦྱངས་པ་གནང་བ་མ་ཟད་གཙོ་བོའི་སློབ་དཔོན་ཀྱང་ཙོ་མེན་གྱེར་ཆེན་ཡིན་པ་གསལ་པོར་བསྟན་ཡོད། འོན་ཀྱང་གོང་དུ་བཤད་པའི་བོན་གཤེན་དྲན་པ་ནམ་མཁའ་དང་གྲུབ་ཐོབ་ཙོ་མེན་གྱེར་ཆེན་དང་མཁས་པ་མི་བཞི་སོགས་སྲོང་བཙན་སྒམ་པོའི་སྔོན་རོལ་དུ་བྱོན་པ་ཤ་སྟག་ཡིན་པར(18)ནམ་མཁའི་ནོར་བུའི་མཆོག་ནས་གསུངས་ཡོད་པས་དུས་ཚོད་ཀྱི་རིམ་པ་འགྲིག་ཐབས་བྲལ་བས་ད་དུང་དཔྱད་ཞིབ་བྱ་བའི་གནས་སོ། །   
            མཆན་འགྲེལ།   
            ① 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ལྕགས་པར་ཤ272   
            ② གོང་མཚུངས་ཤ96-97བར་དུ།   
            ③ “ཅག་པོ་ཡུ་བ་གདོང”ནི་དེང་གཞིས་ཀ་རྩེ་གྲོང་ཁྱེར་གནས་ཡུལ་གྱི་གནའ་བོའི་མིང་ཡིན་པར་ཇོ་ནང་ཏཱ་ར་ན་ཐས་བརྩམས་པའི《མྱང་ཡུལ་ཆོས་འབྱུང》དུ་གསལ།   
            ④ གུ་རུ་བཀྲ་ཤིས་ཀྱིས་བརྩམས་པའི《གུ་བཀྲའི་ཆོས་འབྱུང》ལྕགས་པར་ཤ170-171བར་དུ།   
            ⑤བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས》ལྕགས་པར། ཤ64ནང་།  
            ⑥ སྤྱི་ལོ༢༠༠༡ལོའི་ཟླ༡༠ཚེས༨ཉིན་དང་ཟླ༡༡ཚེས༢༣ཉིན་ཁོ་བོ་གནས་དེར་བསྐྱོད་དེ་མཚམས་འདྲི་ཞུས་པའི་ཟིན་ཐོ་ལས།   
            ⑦ མཆན་འགྲེལ⑤དང་མཚུངས་པའི་ཤ64ནང་།   
            ⑧ 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ལྕགས་པར་ཤ93   
            ⑨⑩ གོང་མཚུངས་ཤ97ནང་དང་ཤ100ནང་།  
            ⑾བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། སྤྱི་ལོ༢༠༠༡ལོའི་འདོན་ཐེངས༡ 《ལོ་ཆེན་བཻ་རོ་ཙ་ནའི་སྐོར་ལ་ཅུང་ཙམ་དཔྱད་པ》རྔ་བ་འཇམ་མེས་བརྩམས་ཤ1-2བར།   
            ⑿ 《འདྲ་འབག》 ལྕགས་པར་ཤ96ནང་།   
            (13)རྡོ་རྗེ་དགྲ་འདུལ་ནས་བྲིས་པའི《བཻ་རོའི་འོད་གསལ་ཕུག་གི་ལོ་རྒྱུས་པདྨ་དཀར་པོའི་དོ་ཤལ》ཤ8དང《པདྨ་བཀའ་ཐང》ལྕགས་པར་ཤ491ནང་།   
            ⒁⒂《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལྕགས་པར་ཤ28དང་ཤ30ནང་།   
            ⒃ཧྲེ་ཧྲོ་ཡིས་བརྩམས་པའི《ཐུ་བྷོད་ཆོས་སྲིད་འབྲེལ་བའི་ལོ་རྒྱུས》(རྒྱ་ཡིག་ལྕགས་པར་ཤ245ནང)   
            ⒄མཆན་⑾དང་མཚུངས་ཤ5ནང་།   
            ⒅ནམ་མཁའི་ནོར་བུས་བརྩམས་པའི《ཞང་བོད་ལོ་རྒྱུས་ཏེ་སིའི་འོད》ལྕགས་པར་ཤ344ནང་།   (དཔྱད་རྩོམ་འདི་ཉིད《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》2003ལོའི་དུས་དེབ་གཉིས་པར་བཀོད།)   

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1