ཞི་ཅིན་ཕིང་གིས་ཤང་ཀང་དང་ཨའོ་མན་ལས་རིགས་ཁག་གི་རྒྱལ་ཁབ་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-14


ཞི་ཅིན་ཕིང་གིས་ཤང་ཀང་དང་ཨའོ་མན་ལས་རིགས་ཁག་གི་རྒྱལ་ཁབ་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་སྐབས། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཤང་ཀང་དང་ཨའོ་མན་གོང་འཕེལ་དེ་བས་ཡག་པ་ཡོང་བ་བྱེད་པ་དང་། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་དུས་རབས་ཀྱི་ལེའུ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་ཡོད། ཧན་ཀྲེང་མཇལ་འཛོམས་ནང་ཞུགས་ཡོད།


          སྤྱི་ཚེས་12ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཤང་ཀང་དང་ཨའོ་མན་ལས་རིགས་ཁག་གི་རྒྱལ་ཁབ་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་ཡོད། ཞི་ཅིན་ཕིང་གིས། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་ཁྲོད། ཤང་ཀང་དང་ཨའོ་མན་ལ་སྔར་བཞིན་དམིགས་གསལ་གནས་བབ་དང་དམིགས་གསལ་བཟང་ཆ་ལྡན་པ་དང་། སྔར་བཞིན་ཚབ་བྱེད་ཐབས་མེད་པའི་ནུས་པ་འདོན་ཐུབ་ཀྱི་ཡོད་ཅེས་ནན་བཤད་གནང་བ་དང་།
          ཞི་ཅིན་ཕིང་གིས། ཤང་ཀང་དང་ཨའོ་མན་གྱི་སྤུན་ཟླ་ཚོས་མུ་མཐུད་ནས་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་བསམ་བློ་དང་གཞན་གྱི་མདུན་དུ་སྐྱོད་ཕོད་པའི་སྙིང་སྟོབས་ཐོག་ནས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་བྱ་བཞག་ནང་ཞུགས་པ་དང་། དུས་བསྟུན་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་མཉམ་འདྲེས་བྱེད་པའི་ཁྲོད་ཤང་ཀང་དང་ཨའོ་མན་གོང་འཕེལ་དེ་བས་ཡག་པ་ཡོང་བ་དང་། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་དུས་རབས་ཀྱི་ལེའུ་གསར་པ་གཏོད་དགོས་ཞེས་གསུངས་གནང་ཡོད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཇལ་འཛོམས་ནང་ཞུགས་ཡོད། མཇལ་འཛོམས་ནང་། ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡོད་ཨེ་དང་ཨའོ་མན་དམིགས་གསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན། དེ་བཞིན་འཚམས་འདྲི་ཚོགས་པའི་ཁོངས་མི་ཁག་གཅིག་བཅས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ། སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་ཚད་མཐོའི་ཁས་ལེན་བྱེད་པའི་རྣམ་པ་བསྟན་ཡོད། ཁོང་ཚོས། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་མེད་ཚེ། ཤང་ཀང་དང་ཨའོ་མན་གྱི་ད་ལྟའི་གོང་འཕེལ་རྣམ་པ་ཡོང་མི་སྲིད་ཅེས་བསྟན་ཡོད་པ་དང་། ཁོང་ཚོས་ད་དུང་རང་ཉིད་ནས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་འཛུགས་སྐྲུན་རྣམ་གྲངས་ཁག་ནང་ཞུགས་པའི་གཏམ་རྒྱུད་ལ་དྲན་གསོ་གནང་བ་མ་ཟད། དུས་རབས་གསར་པར་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བྱེད་པའི་ཐད་དགོངས་འཆར་དང་གྲོས་འགོ་བཏོན་གནང་ཡོད། ཚོགས་རྭ་དངོས་ཀྱི་རྣམ་པ་ཧ་ཅང་སྤྲོ་སེམས་འཁོལ་བ་ཞིག་ཡོད་པ་རེད།
          ཚང་མའི་གཏམ་བཤད་ནན་ཏན་ངང་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གལ་ཆེའི་གསུངས་བཤད་གནང་ཡོད། ཁོང་གིས། ད་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཡིན་ཞིང་། སྐབས་འདིར་ང་ཚོས་ཤང་ཀང་དང་ཨའོ་མན་གྱི་ལས་རིགས་ཁག་གི་འཐུས་མི་ཚོགས་པ་ནང་སར་ལྟ་སྐོར་དང་འཚམས་འདྲིར་ཕེབས་རྒྱུའི་གདན་ཞུ་བྱས་པ་མ་ཟད། ད་རིང་གི་མཇལ་འཛོམས་དང་བཞུགས་མོལ་སྤེལ་རེས་བཀོད་སྒྲིག་བྱས་ཡོད་པས། དེས་ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མན་གྱི་སྤུན་ཟླས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ཁྲོད་ནུས་པ་འདོན་སྤེལ་བྱས་པ་དང་ལེགས་སྐྱེས་ཕུལ་བར་གདེང་འཇོག་གང་ལེགས་བྱས་པ་མངོན་གྱི་ཡོད་ཅེས་བསྟན་ཡོད་པ་རེད། ཞི་ཅིན་ཕིང་གིས། ཚང་མས་བསམ་འཆར་ཡག་པོ་གསུངས་སོང་། དེའི་ཁྲོད་ནས་ཚང་མའི་ལྷད་མེད་སེམས་པ་དང་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་མྱོང་ཚོར་ཐུབ་ཀྱི་འདུག་ལ། ཚང་མས་རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེར་ཚད་མཐོའི་ཁས་ལེན་གནང་བ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལ་ཚད་མཐོའི་ཁས་ལེན་གནང་བ། ཤང་ཀང་དང་ཨོ་མན་གྱིས་མེས་རྒྱལ་དང་བདེ་སྡུག་མཉམ་མྱོང་དང་མཉམ་དུ་གོང་འཕེལ་གཏོང་བའི་འབྲེལ་བར་ཚད་མཐོའི་ཁས་ལེན་གནང་བ་བཅས་ཀྱང་མྱོང་ཚོར་ཐུབ་ཀྱི་འདུག མ་ཟད་ཚང་མས་མེས་རྒྱལ་དང་ཤང་ཀང་། ཨོ་མན་བཅས་ཀྱི་འབྱུང་འགྱུར་ལ་སེམས་ཤུགས་ཀྱིས་ཁེངས་པ་ཡང་མྱོང་ཚོར་ཐུབ་ཀྱི་འདུག ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཡང་ཧ་ཅང་ཡག་པོ་འདུག ང་ཚོས་ཞིབ་འཇུག་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། བསྒྱུར་བཅོས་སྒོ་དབྱེའི་ལེགས་གྲུབ་ལྡན་པའི་ལག་ལེན་ཕྱོགས་བསྡོམས་བྱས་ཏེ། རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཁྲོད་ཤང་ཀང་དང་ཨོ་མན་གྱི་གནས་བབ་ནི་དམིགས་བསལ་ཡིན་པ་དང་། ཤང་ཀང་དང་ཨོ་མན་གྱི་སྤུན་ཟླས་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཡིན་ཞིང་། འདོན་སྤེལ་ཐུབ་པའི་ནུས་པ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་ཞེས་ནན་སྟོན་གནང་བ་དང་།
          ཞི་ཅིན་ཕིང་གིས། དེ་རིང་འདིར་ཞུགས་ལྷན་རྒྱས་ཀྱི་ནང་ནས་མང་ཆེ་བ་ནི་བསྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་མཚམས་ནས་ནང་སར་མ་འཇོག་ལས་སྐྲུན་གནང་བར་ཕེབས་མཁན་ཡིན་པ་དང་། མ་དངུལ་ཞལ་འདེབས་རྒྱབ་ནས་སློབ་རོགས་བྱེད་པ་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ཡོད། ངས་སྔར་ནས་བཟུང་རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར། དེའི་ནང་ཐེ་ཞུགས་བྱེད་མཁན་བཅས་ཀྱི་ཤང་ཀང་དང་ཨོ་མན་གྱི་སྤུན་ཟླ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཤང་ཀང་དང་ཨོ་མན་སྤུན་ཟླ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལ་ཕྱོགས་བསྡོམས་གནང་ཡོད་དེ། དེའི་ནང་། མ་འཇོག་ལས་སྐྲུན་གྱི་སྣེ་ཁྲིད་ནུས་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་དཔེ་སྟོན་ནུས་པ། སྒྲིག་གཞི་བསྒྱུར་བཅོས་ཀྱི་འདེགས་སྐྱོར་ནུས་པ། ཕྱོགས་གཉིས་སྒོ་དབྱེའི་འབྲེལ་ཟམ་ནུས་པ། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟའི་ཚོད་ལྟའི་ནུས་པ། གྲོང་ཁྱེར་དོ་དམ་གྱི་དཔྱད་གཞིའི་ནུས་པ་བཅས་ཚུད་ཡོད།
          ཞི་ཅིན་ཕིང་གིས། ལོ་ངོ་40ཡི་བསྒྱུར་བཅོས་སྒོ་དབྱེའི་ནང་། ཤང་ཀང་དང་ཨོ་མན་གྱི་སྤུན་ཟླ་ནི་བདེན་དཔང་བྱེད་མཁན་ཡིན་ལ་ཐེ་ཞུགས་བྱེད་མཁན་ཡང་ཡིན། ཕན་ཁེ་ཐོབ་མཁན་ཡིན་ལ་ལེགས་སྐྱེས་འབུལ་མཁན་ཡང་ཡིན། ཤང་ཀང་དང་ཨོ་མན་གྱི་སྤུན་ཟླ་ནི་ནང་སའི་མི་དམངས་དང་འདྲ་བར་ཚང་མ་རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་ངོ་མཚར་གྱི་གསར་གཏོད་པ་ཡིན། རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་འཕེལ་རིམ་ནི་ཤང་ཀང་དང་ཨོ་མན་གྱིས་ནང་སའི་བར་བཟང་ཆ་གསབ་རེས་བྱེད་པ་དང་། མཉམ་དུ་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཡིན་པ་དང་། ཤང་ཀང་དང་ཨོ་མན་གྱི་སྤུན་ཟླ་དང་མེས་རྒྱལ་གྱི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཡིན་ལ། ཤང་ཀང་དང་ཨོ་མན་གཉིས་ཉིན་རེ་བཞིན་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་མཉམ་འདྲེས་དང་། མེས་རྒྱལ་གྱི་དར་རྒྱས་འབྱོར་ཕྱུག་དང་རླབས་ཆེན་གྱི་གཟི་བརྗིད་མཉམ་སྤྱོད་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཡང་ཡིན་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་ཡོད་པ་དང་། དེའི་ཐོག་ནས་རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ཀྱང་དུས་རབས་གསར་པར་སླེབས་པ་མཚོན་གྱི་ཡོད། ཤང་ཀང་དང་ཨོ་མན་གྱི་ངོས་ནས་བཤད་ན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་བཟང་ཆ་ཆེ་ཤོས་ཡིན་པ་དང་། རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེ་ནི་གར་སྟེགས་ཆེ་ཤོས་ཡིན་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཡོས་ཀང་ཨོ་ཏ་ཝན་ཁུལ་གྱི་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནི་གལ་ཆེའི་གོ་སྐབས་གསར་པ་ཡིན། ང་ཚོས་ཤང་ཀང་དང་ཨོ་མན་གྱིས་དུས་རབས་གསར་པར་རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེའི་ཁྲོད་བཟུང་བའི་གནས་བབ་ལ་ངོས་འཛིན་གང་ལེགས་དང་དམ་འཛིན་ཡང་དག་བྱས་ཏེ། ཤང་ཀང་དང་ཨོ་མན་གྱིས་གོ་སྐབས་དམ་འཛིན་གྱིས་བབ་བསྟུན་འཕྲལ་སྒྲུབ་བྱ་རྒྱུ་དང་། བཟང་ཆ་གསར་པ་གསོ་སྤེལ་བྱ་རྒྱུ། ནུས་པ་གསར་པ་འདོན་སྤེལ་བྱ་རྒྱུ། གོང་འཕེལ་གསར་པ་མངོན་འགྱུར་བྱ་རྒྱུ། ལེགས་སྐྱེས་གསར་པ་འབུལ་རྒྱུ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

          ཞི་ཅིན་ཕིང་གིས་ཚང་མར་ཐུགས་རེ་དོན་ཚན་བཞི་བཏོན་གནང་ཡོད་དེ།
          གཅིག་ནི་དེ་བས་ཧུར་བརྩོན་དང་རང་འགུལ་ངང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་སྒོ་དབྱེར་རམས་འདེགས་བྱ་རྒྱུ། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་རྒྱུད་རིམ་ཁྲོད། ཤང་ཀང་དང་ཨོ་མན་གྱི་གནས་བབ་དང་ནུས་པར་ཤུགས་སྣོན་རྒྱག་པ་ལས་ཞན་དུ་འགྲོ་མི་སྲིད། ཤང་ཀང་དང་ཨོ་མན་གྱིས་མུ་མཐུད་སྣེ་ཁྲིད་བྱ་རྒྱུ་མ་ཟད་མ་རྩ་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་དང་རེས་འཁོར་གསར་པའི་ཆུ་ཚད་མཐོ་བའི་སྒོ་དབྱེའི་ནང་ཞུགས་རྒྱུར་སྐུལ་སློང་བྱ་རྒྱུའི་ཐུགས་རེ་གནང་ཡོད། ལྷག་པར་དུ་ཤང་ཀང་དང་ཨོ་མན་གྱི་རྒྱལ་སྤྱིའི་འབྲེལ་བ་རྒྱ་ཁྱབ་ལྡན་པ་དང་ཆེད་ལས་ཞབས་ཞུ་དར་རྒྱས་ཆེ་བ་སོགས་ཀྱི་བཟང་ཆ་དང་ནང་སའི་ཁྲོམ་ར་རྒྱ་ཆེ་བ་དང་ཐོན་ལས་མ་ལག་འཐུས་སྒོ་ཚང་བ། ཚན་རྩལ་དངོས་ཤུགས་ཅུང་ཆེ་བ་སོགས་ཀྱི་བཟང་ཆ་ཟུང་འབྲེལ་བྱས་ཏེ། ཤང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་མཁའ་འགྲུལ་དང་མཚོ་འགྲུལ་སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས་བཅས་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། ཤང་ཀང་གི་རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཨོ་མན་གྱི་འཛམ་གླིང་ཡུལ་སྐོར་གུང་གསེང་ངལ་གསོའི་ལྟེ་གནས་དང་ཀྲུང་གོ་དང་ཕུ་ཐིའུ་ཀལ་གྱི་ཚོང་དོན་མཉམ་ལས་ཞབས་ཞུའི་སྟེགས་བུ་འཛུགས་རྒྱུར་ཤུགས་སྣོན་རྒྱབ་པ་བཅས་བྱས་ནས། འབད་བརྩོན་ཆེན་པོས་ཤང་ཀང་དང་ཨོ་མན་གཉིས་རྒྱལ་ཁབ་ཀྱི་ཕྱོགས་གཉིས་སྒོ་དབྱེའི་ཟམ་སྣེའི་མཁར་རྫོང་གལ་ཆེན་ཞིག་ལ་བསྐྲུན་དགོས་པ་དང་།
          གཉིས་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེན་པོའི་ནང་སྔར་བས་རང་འགུལ་གྱིས་ཧུར་ཐག་ཞུགས་དགོས། ཤང་ཀང་དང་། ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེན་པོའི་ནང་ཞུགས་པ་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་དགོས་ངེས་ནང་དོན་ཞིག་ཡིན་པ་དང་། སྒྱུར་བཅོས་སྒོ་དབྱེའི་དུས་རབས་བླང་བྱ་རེད་ལ། ཤང་ཀང་དང་། ཨའོ་མོན་གྱིས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ་དང་། འཕེལ་རྒྱས་ཀྱི་བར་ཁམས་གསར་པ་གཏོད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྣོན་པ་བཅས་ཀྱི་དོན་དངོས་དང་མཐུན་པའི་བླང་བྱ་ཞིག་ཡིན། ཀོང་ཏུང་དང་ཤང་ཀང་ཨའོ་མོན་བཅས་ཀྱི་ཏ་ཝན་ཁུལ་གྱི་འཛུགས་སྐྲུན་ལག་བསྟར་བྱས་པ་ནི། ང་ཚོས་སྤྱི་ཡོངས་དང་རྒྱང་རིང་ལ་བསམ་བློ་བཏང་ནས་བཀོད་སྒྲིག་བྱས་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། ཤང་ཀང་དང་ཨའོ་མོན་དུས་ཡུན་རིང་པོའི་ནང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པའི་བཀོད་ཇུས་གལ་ཆེན་ཞིག་ཀྱང་ཡིན། ཏ་ཝན་ཁུལ་གྱི་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་དེའི་འགག་རྩ་ནི་གསར་སྐྲུན་ཡིན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་། ཀོང་ཏུང་དང་ཤང་ཀང་ཨའོ་མོན་གྱི་ཕྱོགས་བསྡུས་བཟང་ཆ་འདོན་སྤེལ་བྱེད་པ་དང་། སྒྲིག་གཞི་དང་ནང་རྐྱེན་གསར་སྐྲུན་བྱེད་པ། རྒྱུ་རྐྱེན་གཙོ་བོ་འགྲོ་རྒྱུག་ཐུབ་པར་སྐུལ་འདེད་གཏོང་བ། ཤང་ཀང་དང་ཨའོ་མོན་གྱིས་ཀྱང་རང་ངོས་ཀྱི་ནུས་པ་སྐྱེ་བསྲིང་ཡག་པོ་བྱས་ཏེ། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱ་དགོས།
          གསུམ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་ལག་ལེན་ནང་སྔར་བས་རང་འགུལ་གྱིས་ཧུར་ཐག་ཞུགས་དགོས། ཤང་ཀང་དང་། ཨའ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ནང་བཅུག་ཡོད། ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླས་༼རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་༽འཚམ་མཐུན་བྱ་དགོས་པའི་བླང་བྱ་ལྟར། དམིགས་བསལ་སྲིད་འཛིན་ཁུལ་དང་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་འབྲེལ་ཡོད་ལམ་ལུགས་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་དང་། དོ་དམ་དང་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དུས་མཚུངས་སུ། ཚང་མས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སེམས་ཁུར་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་དགོས།
          བཞི་ནི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་ནང་སྔར་བས་རང་འགུལ་གྱིས་ཧུར་ཐག་ཞུགས་དགོས། ཤང་ཀང་དང་ཨའོ་མོན་དུ་རིག་གནས་སྣ་མང་མཉམ་དུ་གནས་ཡོད་པས། ཀྲུང་ནུབ་རིག་གནས་སྤེལ་རེས་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན། ཤང་ཀང་དང་ཨའོ་མོན་གྱི་རྒྱལ་སྤྱིའི་རང་བཞིན་གྲོང་ཁྱེར་གྱི་ཁྱད་ཆོས་རྒྱུན་འཁྱོངས་བྱ་དགོས་པ་དང་། ཤང་ཀང་དང་ཨའོ་མོན་གྱིས་ཕྱི་ཕྱོགས་ལ་འབྲེལ་བ་དམ་ཟབ་བྱེད་པའི་ཆ་རྐྱེན་བཟང་པོ་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་བསྒྲགས་བྱེད་པ་དང་། དེང་རབས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་དགོས་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལེགས་གྲུབ་ལྡན་པའི་ལག་ལེན་གྱི་ཤང་ཀང་གཏམ་རྒྱུད་དང་། ཨའོ་མོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཤང་ཀང་དང་ཨའོ་མོན་གྱིས་ཤར་ནུབ་རིག་གནས་སྤེལ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། དམངས་སེམས་གཅིག་ཏུ་སྦྲེལ་བ་སོགས་ཐད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས་ཞེས་བསྟན་གནང་བ་དང་།
          ཞི་ཅིན་ཕིང་གིས། གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། རྒྱ་ཆེའི་ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ནི་ཤང་ཀང་དང་ཨའོ་མོན་གྱི་རེ་བ་དང་འབྱུང་འགྱུར་ཡིན་ལ། རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གསར་པ་ཡང་ཡིན། ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་འཕེལ་རྒྱས་ཡག་པོ་བྱུང་ན། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་ཡག་པོ་ཡོང་ཐུབ་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཡག་པོ་ཡོང་ཐུབ། ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་འཕེལ་རྒྱས་ཡག་པོ་ཡོང་བར་སྟེགས་བུ་དང་སྟབས་བདེ་མང་ཙམ་བསྐྲུན་ནས། གཞོན་ནུ་རྣམས་ལ་སློབ་ཞུགས་དང་། ལས་ཞུགས། བྱ་གཞག་གསར་གཏོད་སོགས་ཀྱི་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རོགས་བྱས་ཏེ། གཞོན་ནུའི་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་སྐྲུན་དགོས་ཞེས་བསྟན་གནང་བ་དང་།
          ཞི་ཅིན་ཕིང་གིས་མཇུག་ཏུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར། ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་ཚོར་ལས་ཀ་བྱ་རྒྱུ་མང་ལ། ཤང་ཀང་དང་ཨའོ་མོན་གྱི་འཕེལ་རྒྱས་ལ་འོད་སྟོང་གསར་པ་འཕྲོ་ངེས་ཡིན། ཀྲུང་ཧྭ་ཡི་བུ་ཕྲུག་ཚང་མས་འཕྱར་བ་གྲུ་འདེགས་དང་། སྙིང་སྟོབས་ཆེར་བསྐྱེད། དཀའ་ངལ་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ་བཅས་བྱས་ཏེ། ང་ཚོའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་དགོས། རྒྱ་ཆེའི་ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ནང་སའི་མི་དམངས་དང་ལྷན་དུ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་དང་། ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླར་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་བསྟན་གནང་ཡོད།
          མཇལ་འཛོམས་འགོ་ཚུགས་སྐབས་ཞི་ཅིན་ཕིང་གིས་འཚམས་འདྲི་ཚོགས་པའི་ཁོངས་མི་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད། ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད་པ་རེད། ཏིང་ཤོལ་ཞང་དང་། ཡང་ཇེ་ཁྲེ། ཡའུ་ཆོན། ཝང་དབྱིད། དུང་ཅན་ཧྭ། ཧོ་ཧའུ་ཧྭ། ལེང་ཀྲེན་དབྱིན། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། ཤང་ཀང་དང་ཨའོ་མོན་ལས་རིགས་ཁག་གི་འཐུས་མི་བཅས་མི་༢༠༠ལྷག་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1