ཕེང་ཆིང་ཧྭས་རྔ་བ་ཁུལ་དུ་བརྟག་ཞིབ་མཛད།

ཚེ་རིང་འབུམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-15



      ཟླ10བའི་ཚེས30ཉིན་ནས་ཟླ11པའི་ཚེས1ཉིན་གྱི་བར་དུ། “8·8”གཟི་རྩ་སྡེ་དགུ་རུ་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀ་སྤེལ་ནས་ལོ་ངོ་གཅིག་འཁོར་བའི་སྐབས། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རྔ་བ་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་དུ་ཕེབས་ཏེ་བརྟག་ཞིབ་མཛད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དོན་འཁྱོལ་བྱ་བ། ཕྱོགས་ཡོངས་ནས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དང་རེ་བ་དོན་འཁྱོལ་བྱ་བ། རྒྱུ་སྤུས་བཟང་བའི་སྒོས་གཟི་རྩ་སྡེ་དགུའི་ས་འགུལ་གནོད་ཁུལ་དུ་སླར་གསོ་བསྐྱར་སྐྲུན་དང་སི་ཁྲོན་ནུབ་བྱང་གི་རྔ་ཁུལ་གྱི་སྐྱེ་ཁམས་དཔེ་སྟོན་གླིང་ཁུལ་བསྐྲུན་པར་སྐུལ་བ། ཁ་བྲལ་ལ་རྒོལ་བ་དང་བརྟན་བརླིང་སྲུང་སྐྱོང་དང་། དབུལ་བྲལ་གནད་སྒྲོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཁོངས་ཡོངས་ལྗོངས་སྐོར། དམངས་འཚོ་འགན་ལེན་དང་ལེགས་བཅོས། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་སོགས་ཀྱི་ལས་ཀ་ལེགས་པོར་བཟུང་ནས། ཏང་ཀྲུང་དབྱང་གི་བོད་སྐྱོར་འཐབ་ཇུས་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་སོགས་རྔ་བ་ཁུལ་དུ་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་འཐོབ་པར་འགན་ལེན་བྱ་དགོས་ཞེས་ནན་གསུང་མཛད།
    “8·8”གཟི་རྩ་སྡེ་དགུའི་ས་འགུལ་བྱུང་ས་གཙོ་གནས་ཏེ་གཙང་རྩ་གྲོང་རྡལ་གྱི་གྱོང་འཁྱག་གྲོང་སྡེ་རུ། ཕེང་ཆིང་ཧྭས་གཞི་རིམ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་མཛད་ནས། ཡུལ་མི་རྣམས་ལ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་བློ་ལ་ངེས་པ་དང་ཡིད་ཆེས་བརྟན་པོར་བཏང་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་འོག སྒུག་རྟེན་མི་བྱེད་པ་དང་དཀའ་སྤྱད་ལས་སྒྲུབ། དྲིན་གཟོ་མདུན་སྐྱོད་བཅས་ཀྱི་ལམ་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་པ་དང་། འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བ་བྱ་རྒྱུའི་རེ་འདུན་གནང་།
    གཟི་རྩ་སྡེ་དགུའི་དོ་དམ་ཅུས་སུ། ཕེང་ཆིང་ཧྭས་ས་གཤིས་གནོད་སྐྱོན་འགོག་སེལ་དང་སྐྱེ་ཁམས་སྲུང་སྐྱོང་། མཛེས་ལྗོངས་སླར་གསོ། སྒྲིག་བཀོད་འཛུགས་སྐྲུན་སོགས་བྱས་ཚུལ་རྒྱུས་ཞིབ་མོར་བླངས་པར་མ་ཟད། ས་གཤིས་གནོད་སྐྱོན་འབྱུང་སླ་ས་དང་སྐྱེ་ཁམས་མཛེས་ལྗོངས་སླར་གསོ་བྱེད་སར་ཕེབས་ནས་གཟིགས་ཞིབ་མཛད།
    བརྟག་ཞིབ་མཛད་སྐབས། ཕེང་ཆིང་ཧྭ་གཟི་རྩ་སྡེ་དགུ་རྫོང་གི་རབ་དབེན་དགོན་དུ་ཕེབས་ནས། དགོན་པར་ཁྲིམས་ལྟར་དོ་དམ་བྱེད་པ་དང་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཆོས་སྦྱོང་དང་འཚོ་བའི་གནས་ཚུལ་རྒྱུས་བླངས་ནས། དགོན་པའི་དོ་དམ་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་འདུལ་ཁྲིམས་སྲུང་བའི་སྲོལ་རྒྱུན་བཟང་བོ་སྤེལ་བ་དང་། བློ་རིག་གསལ་བོའི་སྒོས་ཁ་བྲལ་ལ་རྒོལ་བ་དང་བརྟན་བརླིང་སྲུང་སྐྱོང་བྱས་པ་བརྒྱུད། སི་ཁྲོན་བོད་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་འབུལ་རྒྱུའི་སྐུལ་མ་གནང་། ཕེང་ཆིང་ཧྭ་ད་དུང་གཟི་རྩ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་སློབ་ཆུང་དང་རྫོང་སྨན་ཁང་གཉིས་པ། གཙོ་ཚང་སྒུ་ནས་གཙང་རྩའི་བར་གྱི་གཞུང་ལམ་གྱི་གཙང་རྩའི་ཕུག་ལམ་སྐྲུན་ས། ཟུང་ཆུ་རྫོང་གསེར་མཚོའི་མཛེས་ལྗོངས་དོ་དམ་ཅུས་བཅས་སུ་ཕེབས་ནས། རྣམ་གྲངས་གལ་ཆེན་སྐྲུན་པ་དང་སློབ་གསོ་འཕྲོད་བསྟེན་ལས་དོན་འཕེལ་རྒྱས། མཛེས་ལྗོངས་དོ་དམ་ཞབས་ཞུ་སོགས་ཀྱི་ལས་ཀར་ཞིབ་བཤེར་དང་མཛུབ་སྟོན་མཛད།
    ཟླ10བའི་ཚེས30ཉིན་གྱི་དགོང་མོར། ཕེང་ཆིང་ཧྭས་གཙང་རྩ་གྲོང་རྡལ་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས། རྔ་བ་ཁུལ་གྱི་ལས་ཀའི་གནས་ཚུལ་ཡར་ཞུ་ལ་གསན་ནས་གསུང་བཤད་གནང་།
    ཝང་ཉིང་དང་ཐེན་ཞང་ལི། ཀན་ལིན་རྣམས་ཀྱིས་བརྟག་ཞིབ་མཛད་པར་ཕེབས།
    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲུང་ཆེན། ཁུལ་དཔོན་གཞོན་པ་ཧྲུའུ་ཁྲི་རྣམས་ཀྱིས་བརྟག་ཞིབ་མཛད་པར་ཕེབས་རོགས་ཞུས།
    ཟླ10བའི་ཚེས30ཉིན་དུ་འཚོགས་པའི་བཞུགས་མོལ་ཚོགས་འདུར། ཁུལ་གྱི་འགོ་ཁྲིད་ཚན་ཁག་ཆེན་པོ་བཞི་དང་། གཟི་རྩ་སྡེ་དགུ་དང་ཟུང་ཆུ། མཛོད་དགེ་བཅས་ཀྱི་རྫོང་གསུམ་གྱི་རྫོང་ཨུའི་ཧྲུའུ་ཅི། ཁུལ་རིམ་གྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་གཙོ་བོ་རྣམས་ཞུགས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1