གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

སངས་སྐྱབས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༡༤ཉིན།

༄༅།། བོད་ཀྱི་བསླབ་བྱའི་རྩོམ་ལུས་ཀྱི་བྱུང་འཕེལ་སྐོར་རགས་ཙམ་དཔྱད་པ།


          དུས་རབས་ཉི་ཤུའི་དུས་འགོར་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་གསར་པ་ཞིག་བཏོད་གནང་བ་རེད། ཐབས་ལམ་དེ་ནི་མི་ལོ་སྟོང་ཕྲག་ལྷག་ཙམ་རིང་ས་འོག་ཏུ་ཁ་ཁུ་སིམ་མེར་ལུས་པའི་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བྲིས་པའི་གནའ་ཡིག་དང་ཅོང་དྲིལ་བྱང་བུ་སོགས་དང་། དེ་བཞིན་ལོ་ངོ་སྟོང་ཕྲག་ལྷག་གི་རིང་དྲག་ཆར་རླུང་འཚུབ་དང་སྤྱི་ཚོགས་ཀྱི་ཡོ་ལང་འཕོ་འགྱུར་ཆེ་ཆུང་ཚང་མར་ཞུམ་པ་མེད་པར་ཀེ་རེར་ལངས་ནས་ཡོད་པའི་རྡོ་རིང་དང་བྲག་རྐོས་ཀྱི་ཡི་གེ་རྙིང་པ་དག་ལ་ཞིབ་འཇུག་གནང་རྒྱུ་ནས་འགོ་བརྩམས་གནང་བ་དེ་རེད།
          ཞིབ་འཇུག་གི་ཐབས་ལམ་གསར་པ་འདིས་ལོ་ངོ་ཆིག་སྟོང་གཡས་གཡོན་གྱི་དུས་ཚོད་ནང་ལྷ་སྒྲུང་ལྟ་བུའི་སེང་རས་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས་བཏུམས་ཤིང་གཡོགས་པའི་བོད་ཀྱི་ལོ་རྒྱུས་གཞོན་ནུ་མའི་བཞིན་རས་བཅོས་མ་མ་ཡིན་པ་དེ་ལོ་རྒྱུས་དོན་དངོས་ཀྱི་གར་སྟེགས་ཐོག་སྤོབས་ཉམས་ཆེན་པོས་ཐོན་འགོ་ཚུགས་པ་རེད།
          ང་རང་ཚོས་ཐམས་ཅད་རྒྱ་གར་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་སྦྱར་ཞིང་ཁུངས་གཏུགས་པའི་དད་པའི་རྗེས་སུ་འབྲངས་ཏེ་རྟོག་པ་འཆར་ཡན་གྱི་སྒོ་ནས་ལོ་རྒྱུས་སྨྲ་བའི་དུས་སྐབས་ལ་རྫོགས་ཚིག་བཀོད་དེ། བོད་ཀྱི་ལོ་རྒྱུས་དངོས་དོན་གྱི་གསེར་གྱི་ས་གཞིའི་སྟེང་རྐང་པ་བརྟན་པོར་བཙུགས་ཏེ་རིགས་པ་ཡང་དག་གིས་དེད་དེ་གནའ་ཡིག་དང་རྡོ་རིང་གནའ་རྫས་སོགས་ལ་ཞིབ་འཇུག་གིས་ལོ་རྒྱུས་ཀྱི་དངོས་གཙོ་སྨྲ་བའི་རྫོགས་ལྡན་གྱི་དུས་སྐབས་གསར་པ་ཞིག་བསུ་ཐུབ་པ་བྱུང་བ་རེད། འཛམ་གླིང་སྔོན་ཐོན་མི་རིགས་རྣམས་ཀྱིས་ཁོ་པ་ཚོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་ཀྱང་ཐབས་ལམ་གཉིས་ཀྱི་སྟེང་ནས་བསྐྱོད་ཡོད་དེ། གཅིག་ནི་ལོ་ངོ་ཁྲི་ཚོ་དང་འབུམ་ཕྲག་དུ་མའི་གོང་གི་སྐྱེ་དངོས་སམ་སྲོག་ཆགས་རིགས་ཀྱི་འགྱུར་རྡོ་དང་ས་ཞིང་མཁྲེགས་པའི་བྲག་སྟེང་དང་རྡོ་སྟེང་ལ་བརྐོས་པའི་རི་མོ་ངོ་མཚར་དོན་སྙིང་ལྡན་པ།  དེ་བཞིན་རིན་ཐང་གཞལ་དུ་མེད་པའི་རིག་དངོས་ཤུལ་བཞག་ཁག་སྟེ། གནའ་རབས་ཀྱི་བང་སོ། མཁར་ཤུལ། རྡོ་ཆས། རྫ་ཆས། རུས་ཆས་སོགས་ལ་བརྟེན་ནས་རང་ཉིད་ཀྱི་ཁ་ས་དང་རང་ཉིད་ཀྱི་མེས་པོའི་དུས་ཀྱི་ཤེས་རིག་ལོ་རྒྱུས་ལ་ཤེས་རྟོགས་བྱ་བཞིན་ཡོད། མ་གཞི་ཞིབ་འཇུག་བྱ་ཐབས་དེ་ལ་དེང་འཛམ་གླིང་ཐོག་བརྒྱ་ཆ་བརྒྱའི་ཡིད་རྟོན་འཕེར་བ་ཞིག་མིན་པའི་བལྟ་ཚུལ་འདོན་མཁན་ཡོད། རྒྱུ་མཚན་ནི། ཞིབ་འཇུག་བྱ་ཐབས་འདི་ལ་ཚན་རིག་གི་ལག་ཆ་དང་ཡོ་བྱད་མང་པོ་ཞིག་དགོས་ཤིང་ཚན་རིག་གི་བྱ་ཐབས་སྤྱད་དེ་རིགས་འདེད་བྱ་རྒྱུ་ཞིག་ཡིན་པས་རྨོངས་ཚོད་ཁུངས་མེད་ཀྱི་གཏམ་གྱིས་དོ་ཟླ་ག་ལ་ཡིན། ཡིན་ནའང་། ཚན་རིག་གི་ལག་ཆ་དང་ཡོ་བྱད་དེ་དག་ཚན་རིག་དང་མཐུན་ཞིང་ཚད་མ་ཞིག་ཡིན་པར་ཡང་ཚན་རིག་གི་ལག་ཆ་དང་ཡོ་བྱད་གཞན་ཞིག་གིས་ཐག་གཅོད་ཅིང་བརྟགས་དགོས་པས། དེ་ནི་དགེ་ཆོས་རིན་པོ་ཆེས“ཁྱིའི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཙུགས”ཞེས་པ་དང་མཚུངས་པའི་རྒྱུ་མཚན་གྱིས་རེད། ཡིན་ན་ཡང་། བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཞིག་ཡིད་རྟོན་བྱས་ཆོག་པ་ཞིག་ཡིན་པས་ཆེས་ལྐོག་གྱུར་ཡིན་པའི་ལོ་རྒྱུས་ལ་བརྒྱ་ཆ་དེ་ཙམ་གྱི་ངེས་པ་རྙེད་ཀྱང་གྲུབ་འབྲས་ཆེན་པོ་ཞིག་རེད། ཐབས་ཤེས་འདི་དང་རིགས་པ་འདིས་རང་རེའི་བོད་མི་རིགས་འདི་ལ་ལོ་ཁྲི་ཕྲག་གི་ལོ་རྒྱུས་ཡོད་པའི་ཚན་རིག་གིས་ཁུངས་སྐྱེལ་ནུས་པའི་ཆོད་བསྡོམས་ཤིག་ཀྱང་འཇོག་ཐུབ་ཀྱི་ཡོད་པ་རེད་ལ། བོད་མི་རིགས་འདི་རྒྱ་གར་དང་འོད་གསལ་གྱི་ལྷ་སོགས་ལས་མཆེད་པའི་ལྟ་བ་དག་སྦྲུལ་མདུད་སྦྲུལ་གྱིས་བཤིག་པའི་དཔེ་བཞིན་རང་བཞིན་དུ་གྲོལ་ཐུབ་པས་མང་དུ་གླེང་བའི་དགོས་པས་དམན་ནོ།
          ཐབས་ལམ་གཞན་ཞིག་ནི་མི་རིགས་རང་གི་ཡིག་རྙིང་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན། ཡི་གེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕེལ་རྒྱས་གང་ཙམ་ཕྱིན་ཏེ་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ལྡན་པའི་འོག་རིམ་བཞིན་ཐོན་པའི་ཐོན་འབྲས་ཤིག་སྟེ། སྟེང་གི་བཀོད་པའི་ཁོངས་སུ་གཏོགས་པ་ཞིག་ལགས་པས། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་ཀྱི་འབྲེལ་བ་སོགས་ཅུང་ཡར་རྒྱས་ཆེ་ཙམ་བྱུང་བའི་མངོན་རྟགས་ཤིག་ཀྱང་ཡིན་ལ། ཐུན་མོང་གི་སྤྱི་ཚོགས་ཤིག་ཆགས་པའི་མཚོན་རྟགས་ཤིག་ཀྱང་རེད། མིའི་རིགས་ལ་ཡི་གེ་བྱུང་བ་ལ་བརྟེན་ནས་མེས་པོའི་གསུང་རྒྱུན་རྣམས་ངག་ནས་ངག་ལ་བརྒྱུད་དགོས་པ་དང་ཞབས་རྗེས་རྣམས་རི་མོ་སོགས་བརྗེད་སླ་ལ་གོ་དཀའ་བའི་རྣམ་པར་བརྟེན་དགོས་པའི་དུས་སྐབས་རིམ་བཞིན་ཡོལ་ནས། བྱ་དངོས་མང་པོ་ཞིག་ཇི་མ་ཇི་བཞིན་ཡིག་ཐོག་ལ་ཕབ་བསྒྱུར་གྱིས་མཚོན་ཐུབ་པ་བྱུང་བ་རེད། དེས་ན་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་སྐབས་དེའི་བོད་མི་རིགས་རང་ཉིད་ཀྱིས་བྲིས་པའི་གནའ་ཡིག་བཅོས་བཟོའི་ལྷད་སྐྱོན་མ་ཞུགས་པ་དེ་དག་ལ་ཞིབ་འཇུག་བྱས་ན་རང་མི་རིགས་ཀྱི་འདས་པའི་ལོ་རྒྱུས་རྣམས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཡོང་ཐུབ་ཀྱི་རེད། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་བཞིན་ཐབས་ལམ་དེ་གཉིས་ཟུང་འབྲེལ་གྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱ་ཐུབ་ཚེ། ཚན་རིག་དང་མཐུན་པའི་གྲུབ་འབྲས་ཤིག་ཐོན་སྲིད་ཀྱང་བདག་ལ་ནི་རྒྱུ་དངོས་རིག་སྟོབས་བརྩོན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་མ་ཚང་བའི་དབང་གིས་ཐབས་ལམ་དང་པོ་བཞིན་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་སྐལ་བ་ཕྲ་ཡང་། དགེ་བའི་བཤེས་གཉེན་རིན་པོ་ཆེའི་ས་ནས་གནའ་ཡིག་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཐོབ་ཅིང་། ལྷག་པར་དུ་བོད་ཀྱི་བསླབ་བྱའི་རྩོམ་ཡིག་གི་ཤིང་རྟ་ལྟ་བུའི་ཚུལ་དུ་སོང་བའི《ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ》ཞེས་པ་སློབ་སྦྱོང་བྱས་པ་བརྒྱུད་བོད་ཀྱི་བསླབ་བྱའི་རྩོམ་རིག་གི་ལོ་རྒྱུས་དང་འཕེལ་རིམ་སོགས་ཀྱི་ཐད་རྨོངས་འཆར་མང་པོ་ཞིག་བྱུང་བ་རྣམས་ཞུ་བར་འདོད་པ་ལ་དོན་ཆེན་པོ་རྣམ་པ་བཞི་སྟེ།   
དང་པོ། བསླབ་བྱ་ཞེས་པའི་གོ་དོན་རགས་ཙམ་བཤད་པ།
          བསླབ་བྱ་ཞེས་པ་འདིར་གོ་རྒྱུ་ཆེན་པོ་གཉིས་ཡོད་དེ། ༡  ཤེས་བྱ་ཐམས་ཅད་ལ་གོ་དགོས་པ་སྟེ། དཔེར་ན། བོད་རྒྱ་ཚིག་མཛོད་ཆེན་མོར(P3057)“ཤེས་པར་བྱ་བའམ་ལག་ལེན་བྱ་རྒྱུའི་གནས”ཞེས་པ་ལྟར་ཏེ། ཡོན་ཏན་སོགས་བསླབ་བྱ། སློབ་བྱེད། བསླབས་པ། སློབས་ཤིག ལྟ་བུ་ལ་གོ་བ་དང་།  ༢  བསླབ་བྱ་ཞེས་གཞན་ཕན་སེམས་བཟང་གི་སློབ་གསོའི་དོན་ལ་འཇུག་སྟེ། དཔེར་ན། བོད་རྒྱ་ཚིག་མཛོད་ཆེན་མོའི( P3057)ནང“དྲན་སྐུལ་སློབ་གསོ་དང་ཞལ་ཏའམ་ཁ་ཏ་ལ་གོ”ཞེས་འཁོད་པ་ལྟར་རོ། འདི་ནི་འཇིག་རྟེན་ཁ་དཔེར“བསླབ་བྱ་བརྒྱ་ལས་སྣ་སུན་གཅིག་དགའ”ཞེས་པའི་དོན་ཡིན་ལ། དེ་ལ་དབྱེ་ན་དགག་པའི་བསླབ་བྱ་དང་། སྒྲུབ་པའི་བསླབ་བྱ། ཆ་མཐུན་གྱི་བསླབ་བྱ་གསུམ་ལ་དབྱེ་སྲོལ་ཡོད་ཀྱང་རྣམ་པའམ་ཐབས་ལམ་མི་འདྲ་བ་ཙམ་ལས་དོན་བསླབ་བྱ་ཡིན་པར་མཚུངས་པས། རེ་ཞིག་རེ་རེ་བཞིན་ཞུ་བའི་སྐབས་སུ་མ་བབས་པས་བཏང་སྙོམས་སུ་འཇོག་གོ། འོ་ན“བསླབ་བྱའི་རྩོམ་རིག”ཅེས་པའི་བསླབ་བྱ་འདི་དོན་སྔ་ཕྱི་གཉིས་ལས་གང་ལ་གོ་ཞེ་ན། དེ་ནི་ཕྱི་མའི་དོན་ལ་གོ་དགོས་སོ། “བསླབ་བྱ”ཞེས་ཤེས་པར་བྱ་རྒྱུའི་གནས་ཐམས་ཅད་ལ་གོ་བ་ནས་རིམ་བཞིན་གཞན་ལ་དྲན་སྐུལ་སློབ་གསོ་ཁ་ཏ་བྱེད་པའི་དོན་ལ་འགྱུར་བ་དང་། དེ་རྗེས་རིམ་བཞིན་མི་སེམས་ལ་ཟུག་ཅིང་དོན་དངོས་དང་མཐུན་པ་རང་གཞན་གཉིས་ཀར་འཕྲལ་ཕུགས་གང་ལའང་ཕན་ནུས་ཆེ་ཞིང་འཇིག་རྟེན་ལུགས་ལས་མ་འདས་པའི་ཚིག་དོན་གྱི་སྙིང་བཅུད་རྣམས་གཅིག་ནས་གཅིག་ལ། ངག་ཐོག་ནས་གདམས་ཤིང་བསྟན་པ་དང་དེ་ལ་དུས་སྐབས་དང་སྤྱི་ཚོགས་ཀྱི་ངོ་བོ་མི་འདྲ་བ། དེ་བཞིན་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་མི་འདྲ་བའི་དབང་གིས་བསམ་བློ་ཀུན་སྤྱོད་ཀྱི་ཚད་གཞི་མི་འདྲ་བ་རེ་ཐོན་ཅིང་། དེ་དག་ཕན་ཚུན་གཅིག་ལྷན་གཅིག་ལ་བཏབ་སྟེ་གྲ་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་ཆ་ཇེ་ཚང་། ཚིག་དོན་འབྲེལ་ཇེ་ཆགས་ལ་གྱུར་ནས་རིམ་བཞིན་ངག་ཐོག་གི་བསླབ་བྱའི་རྨང་གཞི་བརྟན་པོ་ཞིག་ཚུགས་ཤིང་མི་མངོན་མི་ཚོར་བའི་ངང་ངག་ཐོག་གི་བསླབ་བྱའི་རྩོམ་ལུས་ཀྱང་གྲུབ་པར་སེམས། རྒྱུ་མཚན་ནི་འཛམ་གླིང་རྩོམ་རིག་སྒྱུ་རྩལ་ཐམས་ཅད་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་བལྟས་ཚེ་སྣང་ཚུལ་དང་ཆོས་ཉིད་དེ་ཧ་ཅང་གི་གསལ་པོ་ཡོད།   ངག་རྩོམ་ནས་རིམ་བཞིན་ཡིག་ཐོག་རྩོམ་ཡིག་ཕྱོགས་ལ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་འདི་ཡང་རྩོམ་རིག་འཕེལ་རྒྱས་ཀྱི་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡིན་པས་ངག་ཐོག་རྩོམ་རིག་ནི་རྒྱུ་དང་རྨང་གཞི་ལྟ་བུ་ཡིན་ལ། ཡིག་ཐོག་རྩོམ་རིག་ནི་འབྲས་བུ་དང་ཡན་ལག་ལྟ་བུ་ཡིན་ཞེས་བཤད་ཆོག་པས་རང་རེའི་བོད་ལའང་ཡིག་ཐོག་གི་བསླབ་བྱའི་རྩོམ་རིག་མ་བྱུང་བའི་ཆེས་སྔ་མའི་དུས་ནས་ངག་ཐོག་གི་བསླབ་བྱའི་རྩོམ་རིག་གྲུབ་ནས་ཡོད་དགོས།      
གཉིས་པ། བསླབ་བྱའི་རྩོམ་རིག་གི་སྐོར་སྤྱིར་བཤད་པ།
          མིའི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ལ་བལྟས་ཚེ་རྩོམ་ལུས་ཁག་མི་འདྲ་བའི་ནང་ནས་དར་སྔ་ཤོས་ནི་སྙན་རྩོམ་ཡིན་ཞིང་། དེ་ནི་ཧ་ལམ་མིའི་རིགས་དང་ལོ་རྒྱུས་མཉམ་པར་བཤད། ཧ་ལམ་ཞེས་པའི་ཚིག་ཟུར་གྱིས་དུས་མཉམ་ཡིན་པ་བཅད་དེ་མིའི་རིགས་བྱུང་བ་དང་སྙན་རྩོམ་བྱུང་བ་ནི་ག་ལ་ཡིན། མ་མཐར་ཡང་མིའི་རིགས་ལ་ཐུན་མོང་དུ་སྤྱོད་པའི་སྐད་ཆ་བྱུང་རྗེས་གཞི་ནས་བསམ་བློའི་བརྩེ་དུང་ཟབ་མོ་མཚོན་པའི་སྙན་རྩོམ་བྱུང་བ་རེད་ཅེས་བཤད་ན་འཐད་པར་སེམས། དཔེར་ན། སྐུ་ཞབས་ལུའུ་ཞུན་གྱིས“དེ་དུས་ཚང་མས་ཤིང་སྡོང་སོགས་ཁུར་སྐབས‘ཧོད་ཡོ་……..ཧད་ཡོ’ཞེས་བྱུང་བའི་སྒྲ་ནི་གསར་སྐྲུན་ཅིག་རེད་”ཅེས་གསུངས་པ་ལྟར་རྩོམ་ལུས་ཁྲོད་ནས་སྙན་རྩོམ་དར་སྔ་ཤོས་ཡིན་ལ་དེའི་ནང་ནས་གླུ་ཚིག་དར་སྔ་བ་དང་གླུ་ཚིག་གི་ནང་ནས་ཀྱང་ངལ་རྩོལ་གྱི་གླུ་ཚིག་དར་སྔ་ཤོས་ཡིན་པས། ཐོན་སྐྱེད་ངལ་རྩོལ་ནི་སྙན་རྩོམ་གྱི་སྐྱེད་མ་ཡིན་ལ། མིའི་རིགས་བྱུང་རྗེས་ཐོག་མར་རང་བྱུང་ཁམས་དང་འབྲེལ་བ་བྱུང་ཞིང། རང་ཉིད་ཁམས་འདིའི་ནང་འཚོ་གནས་བྱེད་དགོས་ན། ངེས་པར་དུ་དེའི་ཆོས་ཉིད་དང་ཁྱད་ནུས་ལ་ཤེས་རྟོགས་དང་རྒྱུས་མངའ་གོམས་འདྲིས་བཅས་ཡོང་བ་བྱེད་དགོས་ལ། དེ་ལ་འཐབ་རྩོད་དང་བསྒྱུར་བཀོད་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད། རང་བྱུང་ཁམས་ལ་ཤེས་རྟོགས་དང་འཐབ་རྩོད་བསྒྱུར་བཀོད་སོགས་བྱེད་ཐུབ་མིན་ནི་མིའི་རིགས་འདི་ཁམས་འདིའི་ནང་འཚོ་གནས་ཐུབ་མིན་གྱི་འགག་རྩར་གྱུར་ཅིང་། རང་བྱུང་ཁམས་ཀྱི་མདུན་དུ་མི་གཅིག་གཉིས་ཀྱི་ནུས་ཤུགས་ནི་ཧ་ཅང་ཉམས་དམད་ཅིག་ཡིན་པས། མི་གཅིག་གཉིས་ཀྱི་ནུས་ཤུགས་ལ་བརྟེན་ནས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་བསམས་ན་དེ་ནི“རི་རྒྱལ་ལྷུན་པོར་སྦྲང་མའི་གཤོག་ལྕག”གི་དཔེ་རང་ཡིན་པས། མི་མང་པོའི་ཐབས་ཤེས་སྟོབས་གསུམ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་ཐོན་སྐྱེད་ངལ་རྩོལ་དང་འཐབ་རྩོད་བསྒྱུར་བཀོད་བཅས་བྱེད་དགོས་ཀྱི་ཡོད། དེ་འདྲའི་ཐུན་མོང་གི་བྱེད་སྒོའི་ནང་རྐང་ལག་དོ་མཉམ་ཞིང་གྲལ་སྒྲིག་པོ་ཡོང་ཕྱིར་ཐོག་མར་སྙན་རྩོམ(ངལ་རྩོལ་གྱི་གླུ་ཚིག)དར་བ་རེད། དེ་ཡང་ངག་ཐོག་གི་སྙན་རྩོམ་ལ་གོ་དགོས། དེའི་ཐད་ལུའུ་ཞུན་གྱིས“ལས་ཀ་དོ་མཉམ་ལ་གྲལ་སྒྲིག་པོ་ཡོང་ཕྱིར་ངག་ཐོག་སྙན་རྩོམ་དར་བ”དང“ལས་ཀ་ཟིན་རྗེས་ངལ་དུབ་སེལ་ཆེད་དུ་ལྷ་སྒྲུང་དར་བ་རེད”ཅེས་གསུངས་པ་ནི་དོན་ལ་གནས་པའི་གཏམ་ཞིག་རེད་སྙམ། དབྱིན་ཇིའི་སྙན་ངག་ཞིབ་འཇུག་པ་ཆེན་མོ་ཆའོ་ཀྲི་ཐང་མུའུ་སུན་གྱིས“གདོད་མའི་དུས་སྐབས་སུ་མི་རྣམས་ཀྱིས་ཐུན་མོང་གི་ངལ་རྩོལ་ཁྲོད་དུ་བྱུང་བའི་འགྲོས་རིམ་དང་ལྡན་པའི་བྱ་བ་དེར་གྲུབ་ཆ་གཉིས་ཡོད་དེ་ལུས་ཀྱི་གྲུབ་ཆ་དང་ངག་གི་གྲུབ་ཆ་རེད། སྔ་མ་འཕེལ་རྒྱས་སུ་སོང་བས་ཟློས་གར་དང་ཕྱི་མ་དེ་འཕེལ་རྒྱས་སུ་སོང་བ་ལས་སྐད་ཆ་བྱུང་བ་རེད”ཅེས་གསུངས་ཤིང་། “སྐད་ཆ་ནི་དང་ཐོག་འགྲོས་རིམ་དང་དོན་ཅི་ཡང་མེད་པའི་ང་རོ་ཙམ་ཡིན་ལ་ཕྱིས་སུ་འཕེལ་རྒྱས་སུ་ཕྱིན་ཏེ་གླུ(སྙན་རྩོམ)ཡི་སྐད་ཆ་དང་སྤྱིར་བཏང་གི་སྐད་ཆ་བྱུང་བ་རེད”གསུངས(ཁོང་གི《གླུ་ཡི་བྱུང་བ་བརྗོད་པ》ཞེས་པའི་ནང་གསལ)མདོར་ན། དང་ཐོག་ངལ་རྩོལ་ལས་སྒྲ་གདངས་བྱུང་བ་དང་སྒྲ་གདངས་ཀྱི་འགྲོས་དེ་ནི་དབྱངས་ཡིན་ལ་སྐད་ཆ་བྱུང་བའི་རྗེས་སུ་དབྱངས་དེ་ལ་ཚིག་སྦྱར་བས་གླུ་དང་སྙན་རྩོམ་བྱུང་ཞིང་། ཡི་གེ་བྱུང་བའི་རྗེས་ཡིག་ཐོག་གི་སྙན་རྩོམ་བྱུང་བ་དང་རིམ་གྱིས་གླུ་བ་དང་སྙན་ངག་མཁན་རྣམས་བྱུང་བ་རེད། ངག་ཐོག་སྙན་རྩོམ་དང་ལྷ་སྒྲུང་ནི་མིའི་རིགས་ཀྱི་རྩོམ་རིག་གི་བྱིས་པའི་དུས་སྐབས་ཤིག་ཡིན་པ་དང་ཕྱིས་སུ་བྱུང་བའི་ཡིག་ཐོག་སྙན་རྩོམ་དང་བརྩམས་སྒྲུང་རིང་ཐུང་ཅི་རིགས་ཀྱི་ཞིང་ས་གཤིན་པོ་ཞིག་ཀྱང་ཡིན་ལ། དེ་གཉིས་ཁྲོད་ཀྱི་གཏན་ཚིགས་དང་འཇིག་རྟེན་ཆོས་ཉིད། མིའི་བསམ་བློའི་འཁྱེར་སོ་དང་མཐུན་པ་མང་པོ་ཞིག་ནི་ཕྱིས་ཀྱི་ལེགས་བཤད་དང་བསླབ་བྱ་གཏམ་དཔེ་སོགས་ཀྱི་ས་བོན་དང་མ་ཕྱི་ལྟ་བུར་གྱུར་ཡོད་པས། ཁྱད་ཆོས་འདི་དག་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ནས་ཀྱང་མངོན་གསལ་དོད་པོས་མཚོན་ཡོང་གི་ཡོད་པས་ཞིབ་ཕྲ་ཞུ་བའི་ངལ་བ་སྤངས་སོ།   
          བསླབ་བྱའི་རྩོམ་ལུས་འདི་ངག་ཐོག་གི་སྙན་རྩོམ་དང་ལྷ་སྒྲུང་ལྟ་བུའི་ཆེས་དར་སྔ་བ་ཞིག་མིན་ཀྱང་མི་རྣམས་ཀྱི་ཐུན་མོང་གི་ཐོན་སྐྱེད་ངལ་རྩོལ་ཁྲོད་རིམ་བཞིན་ཐུན་མོང་གི་འཇིག་རྟེན་ལྟ་བ། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་གྲུབ་པས། ལྟ་བ་དེ་དག་གིས་ཐིག་རིས་དང་ཐིག་ཚད་ས་མཚམས་བྱས་ཏེ་ཡ་རབས་དང་མ་རབས། གང་བླང་བྱ་དང་གང་འདོར་བྱ། གང་ཞིག་བསླབ་བྱ་ཡིན་པ་དང་གང་ཞིག་བསླབ་བྱ་མིན་པར་སྤང་བ་ཡིན་པ་སོགས་ཀྱི་དབྱེ་མཚམས་ཇེ་གསལ་དང་། ཀུན་སྤྱོད་ཀྱི་གཞི་འཛིན་ཚད་གཞི་ཞིག་ཆགས་པ་དང་འཇལ་བྱེད་ཀྱི་ཚད་གཞི་དེ་འཁྱེར་ཏེ་རྒན་པས་གཞོན་པ་དང་ཕ་མས་བུ་ཕྲུག མཁས་པས་བླུན་པོ་སོགས་ཤེས་པས་མི་ཤེས་པར་ཁ་ཏ་བསླབ་བྱ་དང་དྲན་གསོ་སྐུལ་ལྕག་བྱེད་པའི་སྲོལ་དང་འོས་འགན་ཞིག་རིམ་བཞིན་ཆགས་པ་དང་། དེ་འདྲའི་ཁ་ཏ་བསླབ་བྱའི་ཚིག་དོན་དག་གླུ་ཚིག་དང་གཏམ་དཔེ། ལྷ་སྒྲུང་མོ་ཚིག་ལེགས་བཤད་སོགས་ཀྱི་ཁྲོད་དུ་འདྲེས་མར་སྤྱད་དེ། དངོས་ཤུགས་ཅི་རིགས་ནས་མི་རབས་རྗེས་མ་དང་མ་ཤེས་རྨོངས་པ་རྣམས་ལ་ཤ་ཚའི་ལམ་སྟོན་བྱེད་ཅིང་། ཕྱིས་སུ་ཐུན་མོང་གི་འཚོ་སྡོད་ནང་ཕན་ཚུན་རྡོག་རྩ་གཅིག་སྒྲིལ་དང་གཅིག་སེམས་གཅིག་སྒྲིལ་དང་གཅིག་བློ་གཅིག་འགེལ། གཅིག་ཕན་གཅིག་གྲོགས་སོགས་བྱེད་རྒྱུ་ནི་གལ་ཆེ་ཞིང“ནང་བཀྲ་མ་ཤིས་ན་ཕྱི་དོན་མི་གྲུབ”ཅེས་པའི་གནད་འགག་འདི་དང“ཟས་ངན་གཅིག་གིས་ལུས་ཀྱི་སྟོད་སྨད་དཀྲུགས། མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུགས”ཞེས་པའི་མྱོང་ཚུལ་ལ་དམིགས་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ནང་མིའི་བསམ་བློ་ཀུན་སྤྱོད་ཀྱིས་ནུས་པ་ཤུགས་ཆེ་ཤོས་ཐོན་གྱི་ཡོད་པ་འདི་ཤེས་ཏེ། བསླབ་བྱ་བྱ་རྒྱུ་དེ་ནི་སྣང་མེད་མཐོང་ཆུང་བྱེད་མི་རུང་བའི་དོན་ཆེན་ཞིག་དང“ཞིང་ཁ་ཉེས་ན་ལོ་གཅིག་དང་། མི་ཉེས་ན་མི་ཚེ་གཅིག”གི་དཔེ་བཞིན་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་བས། རིམ་བཞིན་བསླབ་བྱ་ཁོ་ནའི་རྩོམ་ལུས་དེ་གྲུབ་འགོ་ཚུགས་ཤིང་། དེའི་ཞོར་ལ་ལྷན་ཐབས་ཁ་སྐོང་གི་ཚུལ་དུ་བྲོ་བོར་མནའ་སྐྱེལ་གྱི་ལུགས་དེ་ཡང་དར་བ་རེད་སྙམ། དེས་ན་རྩོམ་རིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ཤིག་ཡིན་ཞིང་། མིའི་རིགས་ཀྱི་བསམ་པའི་རླབས་རྒྱུན་ཞིག་ཀྱང་ཡིན་པས། མི་རིགས་གང་འདྲ་ཞིག་ཡིན་ནའང་ཆ་ཚང་མིན་དང་དུས་སྔ་ཕྱི་ཙམ་མ་གཏོགས་རང་མི་རིགས་ཀྱི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་དང་བསམ་པའི་རླབས་རྒྱུན་ཞིག་མེད་པ་ག་ལ་སྲིད་ལ། ལྷག་པར་དུ་མི་རིགས་དེ་རང་གི་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་བསླབ་བྱའི་ཚད་ཐིག་ཅིག་མེད་པ་ག་ལ་སྲིད། རྒྱུ་མཚན་དེའི་ཕྱིར་རང་རེའི་བོད་འདི་ལ་ཡང་གནའ་སྔ་མོའི་དུས་ནས་རང་མི་རིགས་ཀྱི་ཀུན་སྤྱོད་བསླབ་བྱའི་ཐིག་ཚད་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་། དེ་ཕྱིས་སུ་རིམ་གྱིས་རྩོམ་ལུས་ཤིག་ཏུ་གྲུབ་ནས་ཡོད་པ་ནི་ཏུན་ཧོང་བྲག་ཕུག་སོགས་ནས་ཐོན་པའི་བོད་ཀྱི་གནའ་ཡིག་རིན་ཐང་ཅན་དག་གིས་གསལ་བཤད་དང་ར་སྤྲོད་ཐུབ་བོ།   
གསུམ་པ། བོད་ཀྱི་བསླབ་བྱའི་རྩོམ་ལུས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱི་སྐོར་བཤད་པ།  
          དེ་ཡང་། བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་གསུམ་པའི་ནང་བློ་མཐུན་བཀྲ་ཤིས་ཕུན་ཚོགས་ཀྱིས་མཛད་པའི་དཔྱད་རྩོམ《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གྲངས་ཆེ་ལོང་ཙམ་དཔྱད་པ》ཞེས་པ་ཞིག་བཀོད་ཅིང་། དེའི་ནང་བླང་དོར་གྱི་གནས་འདོམས་པའི་རིགས་ཞེས་པའི་ཁོངས་སུ་ལེགས་བཤད་དང་བསླབ་བྱའི་རྩོམ་ལུས་གཉིས་བཞག་ཅིང་། བསླབ་བྱའི་རྩོམ་ལུས་ཀྱི་བྱུང་བ་མདོར་བསྡུས་ཞེས་པའི་ནང་“དེ་ཡང་དམ་པའི་ལྷ་ཆོས་སྐོར་གྱི་བླང་དོར་བྱེད་ཚུལ་གཙོ་བོར་བརྗོད་ཅིང་རྗོད་བྱེད་ཚིགས་བཅད་ཀྱི་ལམ་ནས་དྲངས་པའི་རྩོམ་ལུས་ཤིག་ཡིན”ཞེས་བསླབ་བྱའི་རྩོམ་ལུས་ཀྱི་ངོ་བོ་དང་མཚན་ཉིད་ཀྱི་ཚུལ་བཞག་པ་དང་། ཡང་མུ་མཐུད་དེ“རྒྱ་གར་གྱི་རྩོམ་རིག་གི་ཐད་ཀའི་ཤུགས་རྐྱེན་དང་བོད་ཀྱི་སྤྱི་ཚོགས་འཚོ་བའི་དགོས་མཁོའི་དབང་གིས་བོད་ལ་དེ་ལྟ་བུའི་རྩོམ་ལུས་ཤིག་བྱུང་བ་ཡིན”ཞེས་གསུངས་འདུག ཚིག་དུམ་འདི་གཉིས་ཀྱི་བསྟན་དོན་ལས་བོད་ཀྱི་བསླབ་བྱའི་རྩོམ་ལུས་ཡིན་ན་དམ་པའི་ལྷ་ཆོས་སྐོར་གྱི་བླང་དོར་བྱེད་ཚུལ་གཙོ་བོར་བརྗོད་པ་གང་ཞིག རྗོད་བྱེད་ཚིགས་བཅད་ཀྱི་ལམ་ནས་དྲངས་པའི་རྩོམ་ལུས་ཤིག་ཡིན་པས་ཁྱབ་ཅེས་གསུངས་པ་ལྟ་བུར་གོ་ཡོང་གི་འདུག་ལ། དེ་འདྲའི་རྩོམ་ལུས་དེ་ཡང་རྒྱ་གར་རྩོམ་རིག་གི་ཐད་ཀའི་ཤུགས་རྐྱེན་དང་། བོད་ཀྱི་སྤྱི་ཚོགས་འཚོ་བའི་དགོས་མཁོའི་དབང་གིས་བོད་ལ་དར་བའམ་བྱུང་བ་ལྟ་བུ་ཞིག་གསུངས་འདུག  
          དེ་ལྟར་ན་བོད་ཀྱི་བསླབ་བྱའི་རྩོམ་རིག་གི་ཕྱིའི་རྣམ་པ་དང་ནང་གི་དོན་གཉིས་ཀའི་ཁུངས་རྒྱ་གར་དང་ནང་པ་སངས་རྒྱས་ཀྱི་ཆོས་ལ་ཐུག་འགྲོ་ཡི་འདུག་ལ། རྒྱ་གར་དང་ནང་བསྟན་ཆོས་ལུགས་མེད་ན་བོད་མི་རིགས་ལ་རང་གི་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་ཀྱི་སྲོག་ཤིང་ཞིག་དང་། དེ་མཚོན་བྱེད་ཀྱི་ཐབས་སམ་རྩོམ་ལུས་ཤིག་ཀྱང་མེད་ཅེས་ཟེར་དགོས་ཀྱི་འདུག དེ་ནི་སྐུ་ཉིད་ཀྱིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ལྷག་པར་དུ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་དག་ལ་དཔྱད་གཟིགས་གནང་རྒྱུ་ཅུང་ལྷོད་གཡེངས་ལ་ཤོར་ཞིང་མ་མཁྱེན་པའི་མཚོན་རྟགས་ཤིག་ཀྱད་རེད་སྙམ། རྒྱུ་མཚན་ནི། ནང་ཡསངས་རྒྱས་ཀྱི་ཆོས་ལྷགས་དེ་བོད་ལ་དར་ཞིང་འཕེལ་རྒྱས་ཆེན་པོ་བྱུང་བའི(གཙོ་བོ་བོད་སིལ་བུའི་རྗེས)རྗེས་ཀྱི་བསླབ་བྱ་དང་བསླབ་བྱའི་རྩོམ་ལུས་ལ་ཁྱེད་ཀྱིས་གོང་དུ་གསུངས་པའི་ཁྱད་ཆོས་དག་ལྡན་མོད། འོན་ཀྱང་བོད་ཀྱི་བསླབ་བྱའི་རྩོམ་ལུས་ཐམས་ཅད་དེ་ལྟར་ཡིན་ཞེས་གསུངས་ན་ནི་སྤྱི་བྱེ་བྲག་གི་དབྱེ་བ་མེད་པར་ཉ་ཉུང་མཉམ་བསྲེས་ཀྱི་གཏམ་དུ་ཟད་དེ། བོད་ཀྱི་བསླབ་བྱའི་རྩོམ་ལུས་ནི་བོད་མི་བོད་ནས་བྱུང་བ་དང《སྙན་ངག་མེ་ལོང》བོད་དུ་མ་དར་སྔོན་ནས་བོད་ལ་སྙན་ངག་རྩོམ་རིག་གི་གྲུབ་འབྲས་ཕུལ་དུ་བྱུང་བ་དུ་མ་ཡོད་པ་བཞིན་རྒྱ་གར་གྱི་བསླབ་བྱའི་རྩོམ་ལུས་ཀྱི་ཤན་དང་དྲི་མ་བོད་ལ་མ་ཞུགས་མ་འགོས་པའི་སྔོན་ནས། བོད་རང་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསླབ་བྱའི་རྩོམ་ལུས་ཡོད་དེ། དེ་ནི་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་བོད་ཀྱི་གནའ་ཡིགP. T.1283པ《ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ》ཞེས་བྱ་བ་གནའ་བོའི་བོད་ཀྱི་འཇིག་རྟེན་ལུགས་ཀྱི་བསླབ་བྱ། རྣམ་པའམ་རྩོམ་ལུས་ལྷུག་རྩོམ་གྱི་ཚུལ་དང་ཐབས་དྲི་བ་དྲིས་ལེན་གྱི་ཐོག་ནས་བརྩམས་པའི་ནང་ཚན་བདུན་ཅུ་རྩ་དགུ་ཅན་དེ་ཡིན།  དེས་ཁྱེད་ཀྱིས་བོད་ཀྱི་བསླབ་བྱའི་རྩོམ་ལུས་ཀྱི་བྱུང་བ་མདོར་བསྡུས་སྐབས་གསུངས་པའི་གནད་དོན་མང་པོ་ཞིག་ལ་རང་བཞིན་གྱིས་ལན་འདེབས་དགག་བཞག་བྱས་པ་ལྟ་བུར་སྣང་སྟེ།  ཕྱིའི་རྣམ་པའམ་རྩོམ་ལུས་ཚིགས་སུ་བཅད་པ་མ་ཡིན་པ་གང་ཞིག་ལ། ནང་བརྗོད་བྱའི་སྙིང་དོན་དམ་པའི་ལྷ་ཆོས་ཏེ། སངས་རྒྱས་ཆོས་ལུགས་ཀྱི་གཡའ་དང་དྲི་མ་མེད་པ། རྒྱ་གར་རྩོམ་རིག་གི་ཐད་ཀའི་ཤུགས་རྐྱེན་དང་ཤན་ཞུགས་པའི་ཤུལ་ཙམ་ཡང་མེད་པའི་ཕྱིར་རོ།   
          བསླབ་བྱའི་རྩོམ་ཡིག་འདིའི་ནང་རྒྱ་གར་རྩོམ་རིག་གི་ཐད་ཀའི་ཤུགས་རྐྱེན་ཐེབས་ཤུགས་ཤིན་ཏུ་ཆེ་བའི་བོད་སིལ་བུའི་དུས་དང་དེའི་རྗེས་ཀྱི་རྩོམ་ལུས་དང་མི་འདྲ་བའི་ས་དང་ཁྱད་ཆོས་མང་པོ་ཡོད་པ་ནི་གཤམ་གྱི་དོན་ཚན་ནང་གསལ་བས་ང་ཚོས་རྒྱ་གར“འཕགས་པའི་ཡུལ་དང་”“ལེགས་སྦྱར་ལྷ་ཡི་སྐད”ཅེས་ཐམས་ཅད་རྒྱ་གར་དང་སངས་རྒྱས་ཆོས་ལུགས་ལ་ཁུངས་གཏུགས་ཀྱིས་མགོ་འབུལ་ལུས་འབུལ་གྱི་བྱ་ཐབས་སྐྱུག་བྲོ་ལ་རྗེས་ལུས་ཅན་དེ་རིགས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་ཐོག་ནས་མཇུག་མ་སྒྲིལ་ཚེ། རང་དང་རང་གི་མེས་པོ་རྣམས་ལ་ལག་སྐྱེས་ཀྱི་རིག་གནས་ལོ་རྒྱུས་མེད་པའི་ཆེས་བླུན་ཞིང་རྨོངས་པ་ཞིག་ཡིན་པར་ཤུགས་ལ་ཁས་ལེན་དགོས་པར་འགྲོ་ཉེན་ཆེ་བས། དེ་ནི་སྣང་མེད་དུ་འཇོག་ཐབས་མེད་པའི་གནད་དོན་འགངས་ཆེན་ཞིག་ཡིན་ནོ།  
བཞི་པ། 《ཕུ་བོ་ནུ་བོར་གཏམས་ཤིང་བསྟན་པའི་མདོ》ཞེས་པའི་བསླབ་བྱའི་རྩོམ་ཡིག་ལ་དཔྱད་པ།   
          དེ་ཡང་གཙོ་བོ་བསླབ་བྱའི་རྩོམ་ཡིག་དེའི་སྒྱུ་རྩལ་གྱི་ཁྱད་ཡོན་དང་བརྗོད་བྱེད་སྙིང་དོན་ཏེ། དོན་དང་རྣམ་པ་གཉིས་ཀྱི་སྟེང་ནས་གླེང་བར་བྱ་སྟེ།            
༡. སྒྱུ་རྩལ་གྱི་ཁྱད་ཡོན་སྐོར་གླེང་བ།   
          ① བརྩམས་ཆོས་འདི་ནི་ལུས་ཀྱི་རྣམ་པའི་ཐོག་ནས་བཤད་ན་རྩོམ་རྒྱ་ཤིན་ཏུ་ནས་ལྷུག་པའི་ཚིག་ལྷུག་གི་རྣམ་པ་དང་། དེ་ཡང་ཤོད་འདོད་ལ་ཉན་སྤྲོ་བའི་སྒྲུང་གི་ཁྱད་ཆོས་མངོན་པ་ཞིག་ཏེ། དཔེར་ན། བསླབ་བྱ་དེའི་ཐོག་མར“གནའ་ཡལ་གསེར་ཞྭ་གཡུ.....”ཞེས་སོགས་བྱུང་བས་དེས་བསླབ་བྱ་བྱ་ཡུལ་རྣམས་ལ་ཉན་འདོད་ཀྱི་ཀུན་སློང་རང་བཞིན་གྱིས་སྐྱེ་རུ་འཇུག་ཐུབ་པའི་ནུས་པ་ཐོན་ཡོད་ལ། ཕན་ཚུན་གཏམ་གླེང་ངམ་དྲི་བ་དྲིས་ལན་བྱེད་པའི་ཚུལ་གྱིས་བྲིས་པས་དམ་པའི་ཆོས་དང་གོ་དཀའི་གཞུང་བཞིན་ལྐོག་གྱུར་དང་རྗེས་དཔག་གི་རིགས་པ་མང་པོ་ཞིག་ལ་བརྟེན་མི་དགོས་པར་མངོན་གྱུར་དང་དོན་དངོས་གཙོ་བོར་བྱས་ཏེ་བྲིས་པས་བསླབ་བྱའི་དོན་གང་ཡིན་པ་དེ་དག་གོ་བདེ་ཞིང་ཤེས་སླ་བ་མི་སེམས་ལ་ཟུག་ཆེ་བ་སོགས་ཀྱི་ཁྱད་ཆོས་དང་ནུས་པ་ཐོན་ཐུབ་ཡོད།  
          ① དྲི་བ་དྲིས་ལན་གྱི་ཚུལ་འདི་ནི་འཛམ་གླིང་རྩོམ་རིག་གར་སྟེགས་སྟེང་ཐོན་སྔ་ལ་དར་ཡུན་རིང་བ་སྤྱོད་ཤུགས་ཆེ་བའི་རྩོམ་ཐབས་ཤིག་ཡིན། དེ་ལ་གཞུང་ཆེན་བཤད་ཁྲིད་ལྟ་བུའི་ཕྱག་རྒྱ་དང་འགན་ལྕི་མོ་བྱེད་མི་དགོས་ཤིང་དམིགས་སུ་བཀར་ནས་བསླབ་བྱ་དང་ཡང་ན་བཙན་གྱིས་བསླབ་བྱ་བྱས་པའི་སྣང་བ་མེད་པར་རང་སེམས་ལ་གང་འཆར་ལྷུག་གླེང་གིས་མངོན་འདོད་དང་བརྗོད་འདོད་ཀྱི་དོན་རྣམས་ཅི་དགར་གླེང་བའི་རང་དབང་ལྡན་པས། མི་སེམས་འགུག་སླ་བའི་ཁྱད་ཆོས་ཡོད་པ་སྒྱུ་རྩལ་གྱིས་ལས་སྣོན་བྱས་ཡོད་ཀྱང་མངོན་མི་ཆེ་བ་སྟེ། ཚོན་རྩི་མ་བཏང་བ་ལྟ་བུའི་སེམས་དཀར་གཡོ་ལྟད་མེད་པའི་ཚོར་སྣང་སྦྱིན་ནས་ཕ་རོལ་པོ་                                                                                      ཡིད་ཆེས་ཐུབ་པའི་ཁྱད་ཆོས་ཤིག་མངོན་ཐུབ་ཀྱི་ཡོད། །   
          ③ མངོན་བརྗོད་སོགས་གོ་དཀའི་ཚིག་གིས་མ་བཅིངས་པ་སྟེ། ཚིག་གི་ལོ་མས་དོན་གྱི་འབྲས་བུ་མ་བསྒྲིབས་པའི་ཁྱད་ཆོས་ལྡན་པ་སྟེ། བསླབ་བྱའི་རྩོམ་ཡིག་གཅིག་ཡིན་ཕྱིན་བསླབ་བྱ་བྱ་ཡུལ་གྱི་སེམས་ལ་དྲན་སྐུལ་ཐེབས་པ་ཞིག་ངེས་པར་དུ་དགོས་པས། དཔེ་དང་རྒྱན་གྱིས་རབ་ཏུ་སྦུད་ན་དམིགས་ཡུལ་དེ་མི་འགྲུབ་པས་ཕལ་སྐད་གཙོ་བོར་བཞག་ནས་བྲིས་ཚེ། ཚིག་དོན་ངེས་སླ་ལ་བློ་ལ་འཐད་པའི་དགེ་མཚན་ཡོད་པས་བསླབ་བྱའི་རྩོམ་ཡིག་འདིས་གནད་དོན་དེ་ཐག་གཅོད་ཧ་ཅང་གི་ལེགས་པོ་བྱས་ཡོད་པ་རེད།   
          ④ གཏན་ཚིགས་རིགས་པའི་ཁུངས་བཙུན་པ་སྟེ། བསྒྲུབ་བྱ་དང་བསྒྲུབ་བྱའི་ཆོས་སྒྲུབ་བྱེད་པར་ཚུལ་གསུམ་ཚང་བ་སྟེ། མ་ཁྱབ་པ་དང་ཁྱབ་པ་འགལ་བ། རྟགས་མ་གྲུབ་སོགས་ཀྱི་སྐྱོན་རྩ་བའི་ཆ་ནས་མེད་པར་སྔ་ཕྱི་འབྲེལ་ཆགས་ཤིང་ཚགས་དམ་པ་གཅིག་དོན་གཅིག་གིས་གསལ་བ་སོགས། མདོར་ན་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་གནད་དོན་མང་པོ་ཞིག་རྣག་ཐོག་གཙག་འཁེལ་གྱིས་བསྟན་ཐུབ་པའི་ཁྱད་ཆོས་ལྡན་ཡོད་དོ།   
          ⑤ཚིག་བསྡུས་ཆེ་ཞིང་གཏམ་ཪྙོག་གི་དྲི་མ་དང་བྲལ་བ་སྟེ། ཚིག་འབྲུ་རེ་རེ་ནས་སྐབས་དེའི་བོད་མི་རིགས་ཀྱི་ཡང་དག་པའི་འཇིག་རྟེན་ལྟ་བ་སོགས་ཡ་རབས་བཟང་པོའི་ཀུན་སྤྱོད་བསམ་བློའི་འོད་འཚེར་ཐུབ་པ་སྟེ། མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་ཚིག་འབྲུ་གཅིག་ཙམ་གྱི་རིན་ཐང་ཡང་གཞལ་དུ་མེད་པའི་ཁྱད་ཆོས་ལྡན་ཡོད་དོ།
 ༢. བརྗོད་བྱའི་ནང་དོན་གྱི་སྐོར་གླེང་བ་ལ།   
          ① དྲང་པོ་དྲང་བཞག་སྟེ། བྱ་བ་ཅི་དང་གང་བྱེད་ཀྱང་རུང་བློ་དཀར་གཞུང་དྲང་དང་གཡོ་སྒྱུ་ཁྲམ་གསུམ་མེད་པར་བྱེད་རྒྱུ་དེ་སྲོག་ཤིང་དུ་བཞག་ནས་བསླབ་བྱ་བྱས་ཡོད་པས། དེ་ལས་རང་རེའི་མི་རིགས་འདིའི་གདོད་མའི་ཀུན་སྤྱོད་བསམ་བློ་ནི་ཇི་འདྲའི་སྤོབས་པ་བྱེད་འོས་པ་དང་ངོམས་སུ་ཆོག་པ་ཞིག་ཡོད་པ་ཤེས་ཐུབ་ལ། རང་རེའི་མི་རིགས་འདི་གནའ་སྔ་མོའི་དུས་ནས་ཤེས་རྨོངས་གདུག་རྩུབ་ཀྱི་འདམ་ཪྙོག་དབུས་ནས་ཡ་རབས་ཤེས་རིག་དར་བའི་སྤྱི་ཚོགས་ཕྱོགས་སུ་གོམ་པ་སྤོས་ཟིན་པ་དེ་ཤེས་ཐུབ་བོ།   
          ②མི་རབས་རྗེས་མར་སློབ་གསོ་བྱ་རྒྱུ་དེ་དོན་ཆེན་གཙོ་བོ་ཞིག་ལ་འཛིན་པ་སྟེ། བྱིས་པ་རྣམས་རོལ་རྩེད་རྩེ་བའི་སྐབས་སུ་ཡང་ཡིག་རྩིས་སོགས་ཤེས་བྱ་ཡོན་ཏན་སློབ་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བྱིས་པའི་བློ་སྒོ་ཕྱེ་བ་དང་ཞི་དྲག་གི་རྩལ་གཉིས་ཟུང་འབྲེལ་དུ་རྒྱས་ཐབས་བྱེད་པ་སོགས་ལས། སྐབས་དེའི་སྤྱི་ཚོགས་ཀྱི་སློབ་གསོའི་སྒྲིག་གཞི་ནི་ད་ལྟ་འདྲ་བའི་ཆ་ལག་ཆ་ཚང་བ་ཞིག་མེད་ཀྱང་། དུས་རབས་དེའི་སྐབས་ཀྱི་མི་རིགས་དང་སྤྱི་ཚོགས་གཞན་དང་བསྡུར་ན་སྔོན་ལ་སླེབས་མེད་ཀྱང་མཇུག་ཏུ་ལུས་མེད་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་བཤད་ཆོག་པ་འདུག་སྙམ། དེའི་སྐོར་ཞིབ་པར་མཁྱེན་འདོད་ཚེ་དྲིན་ཅན་དགེ་བའི་བཤེས་གཉེན་ཆབ་སྤེལ་མཆོག་གིས་སྤེལ་གནང་བའི《བོད་གནའ་རབས་ཀྱི་སློབ་གསོ་རིག་པའི་བྱུང་རིམ་ལ་ཅུང་ཟད་དཔྱད་པ》ཞེས་པར་གཟིགས་ཚེ། ང་ཚོའི་ཡབ་མེས་རྣམས་ལ་ཡང་དག་པའི་གདེང་འཇོག་དང་ཤེས་རྟོགས་ཤིག་ཡོང་ཐུབ་བོ།  
          ③བུ་ལ་ཡོན་ཏན་སློབ་པར་བློན་པོར་དབུལ་པོ་ཞིག་གི་སར་སྐྱེལ་དགོས་པར་བསྟན་པ་ལས། ང་ཚོས་སྐབས་དེའི་སྤྱི་ཚོགས་ནང་དཔོན་ངན་རུལ་སུངས་ཅན་ཡོད་སྲིད་ཀྱང་ཆེས་ཉུང་ཤས་ཡིན་པ་དང་། དྲང་པོའི་ལས་བྱས་དཀར་པོའི་ཟས་ཟོས་ནས་མི་སེར་གྱེ་དོན་ཁོ་ན་བྱེད་པའི་བློན་པོ་ཤེས་ཡོན་ཅན་ཁ་གཙང་ལག་གཙང་མང་པོ་ཞིག་ཡོད་པ་མཐོང་ཐུབ་ཅིང་། སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་མང་པོ་ཞིག་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་སོང་ནས་ཤེས་ཐུབ་བོ།   
          ④བསླབ་བྱའི་རྩོམ་ཡིག་འདིའི་ཐོག་མཐའ་བར་གསུམ་དུ་དྲང་པོ་དྲང་བཞག་དང་བློ་དཀར་གཞུང་དྲང་བྱེད་དགོས་པའི་སྐོར་ལ་མང་པོ་ཞིག་བཀོད་ཅིང་། སྐབས་དེའི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ཀྱི་རྟགས་ཐམ་ཡང་ཧ་ཅང་གསལ་པོར་མངོན་པ་སྟེ། མ་གཞི་གསོད་དང་གཏུབས་སོགས་ཀྱི་ཚིག་རྗེན་པར་མེད་ཀྱང་ངང་ངམ་ཤུགས་ཤུགས་ཀྱིས་དབང་བསྒྱུར་གྲལ་རིམ་པའི་ཁེ་ཕན་སྲུང་སྐྱོབས་བྱེད་དགོས་པའི་བསམ་བློའི་ལྐོག་བརྡ་སྤྲད་ཡོང་གི་ཡོད་པ་རེད།   
          མདོར་ན། གོང་གསལ་གྱི་སྒྱུ་རྩལ་དང་བརྗོད་དོན་ཐད་ཀྱིས་ཁྱད་ཆོས་ལས། ང་ཚོས་ཤེས་ཐུབ་པ་ཞིག་ལ་བོད་མི་རིགས་འདི་ལ་གནའ་སྔ་མོའི་དུས་ནས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློ་ཀུན་སྤྱོད་སོགས་ཀྱི་བསླབ་བྱའི་ཚད་གཞི་འཛིན་ས་ཡོད་ཅིང་། ཚད་ཀྱང་མཐོ་ཙམ་ལ་སླེབས་ཡོད་པ་དང་། བསླབ་བྱ་དེ་དག་ངག་ནས་ངག་ལ་བརྒྱུད་དེ་མ་ཉམས་པར་སྤེལ་ཡོང་བ་དང་ཡི་གེ་བྱུང་རྗེས་ཀྱང་གཙིགས་ཆེར་བཟུང་ནས་ཡིག་ཐོག་ལ་བཀོད་དེ། བསླབ་བྱ་དང་བསླབ་བྱའི་རྩོམ་ལུས་དེ་མ་ཉམས་པར་སྲ་བརྟན་གྱི་རྨང་གཞི་ཚུགས་པར་བྱས་ཡོད། ཕྱིའི་རྣམ་པའམ་རྩོམ་གྱི་སྒྲིག་གཞི་སྒྱུ་རྩལ་སོགས་ཀྱི་ཐད་ནས་བཤད་ནའང་འདྲ། ནང་བསམ་བློའི་ཐོག་ནས་བཤད་ན་ཡང་འདྲ། གང་ལྟར་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་སྟེང་ནས་གཞན་དྲིང་འཇོག་མི་དགོས་པའི་ཁར།   ཧ་ལས་ཧང་སངས་དགོས་པའི་བསླབ་བྱའི་རྩོམ་ལུས་རང་རྐྱ་ཐུབ་པ་ཞིག་གྲུབ་པས་མི་ཚད་ཚད་གཞི་ཡང་ཧ་ཅང་གི་མཐོན་པོར་སླེབས་ཡོད་པས་ས་པཎ་གྱིས《མཁས་པ་འཇུག་པའི་སྒོ》ཡི་ནང“དོན་འདུས་ཚིག་གསལ་བརྗོད་པ་བདེ། ། ངག་ཉུང་ཚིག་སྙོམ་གཟུང་བ་སླ། ། བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས།”ཞེས་གསུངས་པའི་ཁྱད་ཡོན་འདི་རྣམས་ནི་བསླབ་བྱའི་རྩོམ་ཡིག་དེ་ལ་ཡོངས་སུ་ཚང་བ་ཞིག་ཡིན།   
          ང་ཚོས་བོད་ཀྱི་ཤེས་རིག་ལོ་རྒྱུས་སྤྱི་དང་བྱེ་བྲག་སྐབས་བབས་ཀྱི་བསླབ་བྱའི་རྩོམ་ལུས་ཀྱི་རྐང་དེ་བཙན་པོའི་དུས་སྐབས་ནས་བརྟན་པོར་བཙུགས་ཟིན་པས། ཕྱིས་བྱུང་གི་བསླབ་བྱའི་རྩོམ་ལུས་མི་འདྲ་བའི་ཡན་ལག་དུ་མ་ཐོན་པ་ལ་ཡ་མཚན་དུ་འཛིན་རྒྱུ་ཅི་ཡོད“ལམ་ནི་མིས་བསྐྱོད་དེ་ཆགས་པའི”དཔེ་བཞིན་བོད་མི་རིགས་ཀྱིས་མཐོ་བོད་ས་སྒང་དུ་རང་ཉིད་ཀྱི་བསམ་བློའི་འདུ་ཤེས་ཕྲ་མོ་མཚོན་ཐབས་ཀྱི་བསླབ་བྱའི་རྩོམ་ལུས་མི་འདྲ་བ་མང་པོའི་ལམ་བུ་ཐུན་མོང་མ་ཡིན་པ་ཞིག་གཏོད་ཅིང་ཆགས་པར་བྱས་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་པའི་དོན་དངོས་ཤིག་ཡིན། ཡིན་ནའང་། བོད་མི་རིགས་འདི་ཡང་འཛམ་གླིང་མི་རིགས་གཞན་དང་འདྲ་བར་ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་དང་ནང་གི་ཆབ་སྲིད་ཀྱི་ངོ་བོའི་འགྱུར་ལྡོག་དང་དཔལ་འབྱོར་གྱི་འཕེལ་གྲིབ་སོགས་ཀྱི་འོག  ཡུལ་གོམས་གཤིས་ལུགས། བསམ་བློ་ཀུན་སྤྱོད།  འཇིག་རྟེན་དང་མི་ཚེའི་རིན་ཐང་། མཛེས་དཔྱོད་སོགས་གང་ཅིའི་ལྟ་ཚུལ་ཐད་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད་པའང་དོན་དངོས་ཤིག་རེད།   
          བོད་མི་རིགས་འདི་ལ་གནའ་སྔ་མོའི་དུས་ནས་རང་ལ་ཀུན་སྤྱོད་ཀྱི་སྲོག་ཤིང་ཞིག་ཡོད་ལ་བསླབ་བྱ་བྱེད་པའི་ཚད་གཞི་ཞིག་ཀྱང་ཡོད་དེ། དེ་ནི་དྲང་པོ་དྲང་བཞག་ལ་དགའ་ཞེན་དང་དེའི་ཕྱོགས་སུ་འཆི་སྲོག་ལ་ཐུག་ཀྱང་ཀེར་ལངས་བྱེད་པའི་རང་གཤིས་ལྡན་པ་དང་། བྱ་བ་ཅི་དང་གང་ལའང་ཚོད་རན་ཞིང་ངོ་ཚ་ཁྲེལ་གཞུང་ལྡན་པ། བྱས་པ་ཤེས་ཤིང་དྲིན་གཟོ་བྱེད་ཐུབ་མཁན། བློ་དཀར་གཞུང་དྲང་དང་སྤྱི་སེམས་ཆེ་བ་སོགས་ཀྱི་གཤིས་ཀ་ལྡན་ལ་དེ་ལྟར་ཕྱི་རབས་རྣམས་ལ་ཡང་འདོམས་མཁན་གྱི་ཡ་རབས་ཀྱི་མི་རིགས་ཤིག་ཡིན་པ་ལས། གདོང་དམར་སྲིན་བུ་ཞིག་ནས་སངས་རྒྱས་ཆོས་ལུགས་དར་རྗེས་གཞི་ནས་སེམས་བརྒྱུད་དུལ་ཞིང་དྲང་བ་སོགས་ལ་གྱུར་བ་ནི་གཏན་ནས་མིན་པ་ལོ་མང་ས་འོག་ཏུ་སྒོམ་སྒྲུབ་ཀྱི་ཚུལ་ལ་གནས་པའི་ཏུན་ཧོང་ཡིག་རྙིང་དག་གིས་དཔང་པོ་བྱེད་ཐུབ་པས། སྒྲུབ་བྱེད་མང་པོ་བཙལ་འཚོལ་གྱིས་གསལ་འགྲེལ་བྱེད་པའི་ངལ་བ་སྤོང་ལ། ཞིབ་པར་མཁྱེན་འདོད་ཡོད་པའི་དོན་གཉེར་ཅན་ཚོས་ཇི་ཙམ་དཔྱད་ན་དེ་ཙམ་གྱིས་རིན་ཐང་ཇེ་ཆེར་འགྲོ་བའི་གནའ་ཡིག་གཡུའི་དོ་ཤལ་དག་ལ་གཟིགས་ན་འདོད་དོན་འགྲུབ་ཐུབ་བོ།   
          དེ་བས་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་བོད་ལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་རྗེས། བོད་མི་རིགས་ཀྱི་རང་གཤིས་རླབས་པོ་ཆེ་མང་པོ་ཞིག་ཉམས་ཞན་དུ་ཕྱིན་པ་སྟེ། དྲང་པོ་དྲང་བཞག་དང་དོན་དངོས་དང་རང་ཉིད་ལ་ཡིད་ཆེས་གཙིགས་ཆེར་འཛིན་མཁན་གྱི་མི་རིགས་ཤིག་ནས་རིམ་བཞིན་ལས་རྒྱུ་འབྲས་དང་མཆོག་གསུམ་དཔང་བཙུགས། ཚེ་སྔ་ཕྱི་དང་བྱམས་སྙིང་རྗེ་སོགས་ཁ་ལ་ཁྱེར་ནས་གཡོ་སྒྱུ་ཁྲམ་གསུམ་བྱེད་ཤུགས་ཆེ་རུ་ཕྱིན་པའི་མངོན་རྟགས་ཕྲ་མོ་ཞིག་བོད་སིལ་བུའི་རྗེས་ཀྱི་ལོ་རྒྱུས་ཡིག་ཆ་ཚད་ལྡན་མང་པོ་ཞིག་ཕན་ཚུན་གཤིབ་བསྡུར་བྱས་ཚེ་ཅུང་ཟད་མཐོང་ཐུབ་ཀྱི་འདུག མདོར་ན། བོད་མི་རིགས་འདི་ཉིད་ཀྱི་རང་གཤིས་སོགས་དངོས་ཡོད་རིང་ལུགས་ཀྱི་ཕྱོགས་ནས་རྟོག་པ་འཆར་ཡན་རིང་ལུགས་ཀྱི་ཕྱོགས་སུ་འཕོ་འགྱུར་ཕྱིན་པས། བློ་མཐུན་བཀྲ་ཤིས་ཕུན་ཚོགས་ཀྱི་གསུངས་པའི་བསླབ་བྱའི་རྩོམ་ལུས་ཀྱི་བྱུང་འཕེལ་དང་ཁྱད་ཆོས་སོགས་ཐམས་ཅད་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡོངས་ཁྱབ་ཏུ་དར་རྗེས་ཀྱི་བོད་ཀྱི་བསླབ་བྱའི་རྩོམ་ལུས་ལ་སྦྱར་ན་ཅུང་འཐད་པར་སེམས་ཏེ། བོད་མི་རིགས་འདིའི་བསླབ་བྱའི་རྩོམ་རིག་རྩོམ་ལུས་ཀྱི་བྱུང་འཕེལ་དང་ངོ་བོ། ཁྱད་ཆོས་སོགས་ལ་བཞག་ན་ནི་ཁྱབ་ཆུང་བའི་སྐྱོན་འཇུག་ཅིང་བཙན་པོའི་དུས་ནས་གྲུབ་ཟིན་པའི་བསླབ་བྱའི་རྩོམ་ལུས་དེ་དག་གང་གི་ཁོངས་སུ་འདུ། བསླབ་བྱའི་རྩོམ་ཡིན་ནམ་མིན་སོགས་ཀྱི་དྲི་རྟགས་བཀོད་ཚེ་འོ་བརྒྱལ་ཙམ་མི་འོང་ངམ་སྙམ། རྒྱུ་མཚན་དེས།  ཁྱེད་ཀྱིས་བཞེད་པའི“བསླབ་བྱ་ཅུང་ཟད་སྔ་ཤོས་ལ་འབྲོམ་སྟོན་གྱིས་མཛད་པའི《མི་ཆོས་གནད་ཀྱི་ཕྲེང་བ》དང་བུ་སྟོན་གྱིས《རང་གི་སློབ་བུ་ལ་གདམས་པ་སྙིང་གི་ཐུར་མ》སོགས་ཡོད་ཅིང་། དུས་རབས་བཅུ་བདུན་བཅོ་བརྒྱད་ལ་སླེབས་དུས་བསླབ་བྱ་ཞེས་པའི་རྩོམ་ལུས་དེ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསླབ་བྱའི་བསྟན་བཅོས་ཀྱང་སྔ་ཕྱིར་མང་པོ་ཞིག་བྱུང”ཞེས་པ་སོགས་དང་། བསྟན་པ་སྔ་དར་སྐབས་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས《བཤེས་སྤྲིངས》དང་《སློབ་སྤྲིངས》གཉིས་བོད་ཡིག་ལ་བསྒྱུར་རྗེས། ནང་དོན་དང་སྒྱུ་རྩལ་རྩོམ་ཐབས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་པར་བཞེད་པ་སོགས་ལ་རྒྱུ་མཚན་དང་བདེན་པའི་ཆ་མང་དུ་མཆིས་མོད། འོན་ཀྱང“དེ་བས་བོད་ལ་བསླབ་བྱ་ཞེས་པའི་རྩོམ་ལུས་ཤིག་བྱུང་བ་ནི་རྒྱ་གར་རྩོམ་རིག་གི་ཤུགས་རྐྱེན་དེ་དག་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས”ཞེས་གསུངས་པ་ནི་གྲུབ་ཟིན་སྒྲུབ་ཅིང་ཤི་ཟིན་གསོད་པའི་དཔེ་ཟླ་ཙམ་དུ་སོང་ངོ་།   
          གོང་གི་ཚིག་དུམ་ནང“བསླབ་བྱ་ཅུང་ཟད་སྔ་ཤོས”ཞེས་པའི“ཅུང་ཟད”དང“སྔ་ཤོས”གཉིས་གཅིག་གི་འགལ་ཟླར་ཅིག་ཤོས་ལངས་ཏེ་འགྲེལ་དཀའ་གོ་དཀའ་ཞིག་བྲིས་གནང་འདུག་པས། ཁྱེད་ཀྱི་དགོངས་པར་ཡང“སྔ་ཤོས”ཡིན་ནམ་ཡང་ན“ཅུང་ཟད་སྔ་བའི་གྲལ”ཡིན་ཐེ་ཚོམ་མ་ཆོད་པ་སྟེ། འབྲོམ་སྟོན་པའི་བསླབ་བྱ་དེ་སྔ་ཤོས་ཡིན་པའི་གདེང་མ་ཪྙེད་པ་མཐོང་ཐུབ་པས། རང་ཉིད་ཀྱི་ལྟ་ཚུལ་ལ་ཚིག་དུམ་དེ་འདི་ལྟར་བཅོས་ནས་བྲིས་ན་འཐད་པར་མཐོང་སྟེ“ཅུང་སྔ་བའི་གྲལ་ལ”ཞེས་པ་ལྟ་བུའོ། དེ་ཡང་སངས་རྒྱས་ལ་ཀ་ཁ་དང་ཉི་འོད་ལ་མར་མེའི་གསལ་འདེབས་ཀྱི་ཚུལ་དུ་མི་འགྲོ་བར་ཤོག་ཅེས་དང་གོང་གསལ་གནད་དོན་དེ་དག་ལ་ཚང་མས་ལྡང་རྒྱག་དང་བསམ་གཞིགས་གནང་རྒྱུའི་འདུན་པས་ཡིན་ནོ།   
མཇུག་བསྡུའི་གཏམ།   
          བོད་ཀྱི་གདོད་མའི་རྩོམ་རིག(གཉའ་ཁྲིའི་གོང་གི་རྩོམ་རིག་ཐམས་ཅད)དང་བྲན་གཡོག་ལམ་ལུགས་དུས་ཀྱི་རྩོམ་རིག(གཉའ་ཁྲི་ནས་གླང་དར་བར)ཡིན་ནའང་འདྲ། ངག་ཐོག་རྩོམ་རིག་དང་ཡིག་ཐོག་རྩོམ་རིག་དང་། ཡང་ན་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག  དེ་བཞིན་རྩོམ་ལུས་མི་འདྲ་བའི་རྩོམ་རིག་རྣམ་པ་ཅི་འདྲ་ཞིག་ཡིན་ནའང་འདྲ། སྔ་མ་སྔ་མས་ཕྱི་མ་ཕྱི་མར་རྒྱུ་བྱས་པ་དང་གནའ་རབས་ཀྱི་རྩོམ་རིག་ཧྲིལ་པོས་ཉེ་རབས་དང་དེང་རབས་ཏེ་ཕྱིས་བྱུང་གི་བོད་ཀྱི་རྩོམ་རིག་ཐམས་ཅད་ཀྱི་ལམ་བུ་བཤངས་ཤིང་རྨད་གཞི་བཏིང་བ་དང་། རྩོམ་རིག་གསར་རྩོམ་གྱི་ཞིང་ས་གཤིན་པོ་ཞིག་ཆགས་པར་བྱས་ཡོད་པས། རྒྱ་གར་སོགས་མི་རིགས་གཞན་པའི་རྩོམ་ལུས་མི་འདྲ་བའི་ས་བོན་ཅི་དང་གང་བཏབ་ཀྱང་སྐྱེ་ནུས་པ་དང་ཡན་ལག་འཕེལ་སླ་བ་ཞིག་བྱུང་བ་རེད། ཡིན་ནའང་། བོད་ཀྱི་རྩོམ་རིག་ཐམས་ཅད་ཀྱི་གཞི་ནི་བོད་ཁ་བ་ཅན་པའི་མི་རིགས་ཧྲིལ་པོའི་བསམ་བློའི་འདུ་ཤེས་ཀྱི་ས་གཞི་ཆེན་པོའི་སྟེང་གནའ་སྔ་མོའི་དུས་ནས་ཏེ། ལོ་ངོ་ཁྲི་ཕྲག་སྔོན་ནས་ཧ་ལམ་ཚུགས་ཟིན་པ་ལས།  སྦྱིན་པའི་ཁོ་ལག་ཡངས་པོར་གྲོལ་བའི་མི་རིགས་གཞན་པ་ཞིག་གིས་ཕངས་སེམས་སྤུ་ཙམ་མེད་པར་གནང་བ་ཞིག་གཏན་ནས་མིན་ནོ། །   
དཔྱད་གཞིའི་ཡིག་ཆ།   
          ༡. 《ཕུ་བོ་ནུ་བོར་གཏམས་ཤིང་བསྟན་པའི་མདོ》ཞེས་པའི་རྩ་འགྲེལ། མི་རིགས་དཔེ་སྐྲུན་ཁང་།  
          ༢.《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།   
          ༣.《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས》དེབ(༡).(༢).(༣).(༤).(༥) ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  
          ༤.《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ(༡).(༢).(༣) བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   ༥.《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།   
          ༦.《དཔལ་དོན་གྲུལ་རྒྱལ་གྱི་གསུང་འབུམ》དེབ(༣) དཔྱད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།   
          ༧.《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དཔེ་སྐྲུན་ཁང་།   ༨.《རྩོམ་རིག་སྤྱི་འཇུག་རིག་པའི་རྣམ་བཤད》སྟོབས་རྒྱལ། བོད་ལྗོངས་སློབ་གྲྭ་ཆེན་མོ། (ནང་ཁུལ)   
          ༩. 《བོད་ཀྱི་རྩོམ་རིག་ལོ་རྒྱུས》(གནའ་རབས་སྡེ་ཚན)ལྷག་པ་ཆོས་འཕེལ། བོད་ལྗོངས་སློབ་གྲྭ་ཆེན་མོ། (ནང་ཁུལ)  
          ༡༠.ཆའོ་ཀྲི་ཐང་མུའུ་སུན་གྱི《གླུ་ཡི་བྱུང་བ་བརྗོད་པ་》རྒྱ་ཡིག   ཧྲང་ཧེ་དཔེ་སྐྲུན་ཁང་།  
          ༡༡.《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》སྟོད་ཆ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   
          ༡༢.《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་། 
(དཔྱད་རྩོམ་འདི་ཉིད《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》2001ལོའི་དུས་དེབ་དང་པོར་བཀོད།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1