སྐྱེ་ཁམས་དབུལ་སྐྱོར་གྱིས། དབུལ་བྲལ་ལམ་བུ་བཏོད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-15



     ཟླ11པའི་ཟླ་མགོར། གསར་འགོད་པ་ཟུང་ཆུ་རྫོང་ཁྲོམ་རྗེ་ཡུལ་ཚོའི་ཧྲི་པ་ཙི་སྡེ་བར་སླེབས་མ་ཐག་ཏུ། རང་འཐག་ཁང་ནས་མཆེད་པའི་རྩམ་དྲི་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་བྱུང་། སྡེ་བ་འདི་ནི་ཡུལ་གྱི་བཀོད་པ་ཉམས་དགའ་བའི་རི་བོའི་འདབས་སུ་ཆགས་ཡོད་ཅིང་། རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་ལ་བྱ་བྱིའུ་སྣ་ཚོགས་སྐད་སྙན་སྒྲོག བལྟས་པ་ཙམ་གྱིས་ཡིད་སེམས་དབང་མེད་དུ་འདྲེན་པའི་ཡུལ་ལྗོངས་ཤིག་ཏུ་ཆགས་འདུག མདའ་ལྟར་དྲང་བའི་གཞུང་ལམ་གྱིས་དུད་ཚང་རེ་རེ་བཞིན་སྦྲེལ་ཡོད་ལ། མི་རིགས་ཁྱད་ཆོས་ཀྱིས་ཕྱུག་པའི་ཉི་ནུས་ལམ་གློག་རྣམས་ནི་ལམ་གྱི་གཡས་གཡོན་གཉིས་སུ་སྟར་ལ་བརྒྱུས་པ་ལྟར་ཀྲོང་ངེར་འགྲེངས་འདུག
    ད་ལོ་ནི་ཟུང་ཆུ་རྫོང་ལ་མཚོན་ན། དབུལ་བྲལ་གནད་སྒྲོལ་གྱི་གལ་འགངས་ཆེ་བའི་ལོ་ཞིག་ཡིན་ལ། ཁྲོམ་རྗེ་ཡུལ་ཚོའི་ཧྲི་པ་ཙི་སྡེ་བ་ནི་ད་ལོར་རྫོང་ཡོངས་ཀྱི་དབུལ་ཞྭ་ཕུད་པའི་སྡེ་བ་དབུལ་ཕོངས26གི་གྲས་ཀྱི་གཅིག་ཡིན་ལ། སྡེ་བ་འདི་ནི་ཟུང་ཆུ་རྫོང་གི་ནུབ་ཀྱི་སྤྱི་ལེ20ཡི་མཚམས་ཀྱི་རོང་ཁུལ་དུ་ཆགས་ཡོད་ཅིང་། བྲག་དཀར་འབབ་ཆུའི་མཛེས་ལྗོངས་ཁུལ་དང་འདབས་འབྲེལ་ཡོད། སྡེ་བ་ཡོངས་ལ་དུད་ཁྱིམ111དང་མི་གྲངས482ཡོད། མི་རིགས་སྲོལ་རྒྱུན་གྱི་དྲི་ངད་མ་ཡལ་བའི་བོད་སྡེ་རྣལ་མ་ཞིག་ཡིན།
     ད་ལོར། རིམ་པ་སོ་སོའི་རོགས་སྐྱོར་ལས་ཁུངས་དང་ཁྲོམ་རྗེ་ཡུལ་ཚོའི་ཏང་ཨུ་སྲིད་གཞུང་གིས་ཧྲི་པ་ཙི་སྡེ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། མཛེས་སྡུག་གི་གྲོང་སྡེའི་ཁོར་ཡུག་བསྐྲུན་ཏེ། ཆུ་རགས་བརྩིགས་ཤིང་ཟམ་པ་འཕངས། རླངས་འཁོར་འཇོག་ས་གསར་དུ་ལས་ཤིང་ལམ་ཐོ་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་དབུལ་སྐྱོར་བྱས་ཏེ་སྡེ་བའི་ཡུལ་སྐོར་ལས་རིགས་ལ་སྣེ་ཁྲིད་བྱེད་པར་ཤུགས་བརྒྱབ་པ་དང་། རྨང་གཞིའི་སྒྲིག་ཆས་དང་ཡུལ་སྐོར་མཁོ་ཆས་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ། ཡུལ་སྐོར་སྣེ་ལེན་གྱི་ནུས་པ་མཐོར་འདེགས་བྱས་ནས། ཡུལ་སྐོར་བ་མང་པོར་བོད་གྲོང་གི་ཡུལ་སྲོལ་གོམས་གཤིས་དང་འཚོ་བར་རྒྱུས་ལོན་དང་ཟབ་ཞུགས་བྱེད་པའི་སྟེགས་བུ་བསྐྲུན།
     སྔོན་ཆད་སྡེ་དམངས་རྣམས་སྒོ་ཕྱིར་འགྲོ་སྐབས། ཤིང་ཟམ་ཞིག་བརྒྱུད་ནས་འགྲོ་དགོས་པས། ཉེན་ཁ་ཆེ་ལ་སྡེ་བའི་འཕེལ་རྒྱས་གྱི་གེགས་སུ་ཡང་གྱུར་ཡོད། ད་ལོར། ཟུང་ཆུ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་རོགས་སྐྱོར་བྱས་ཤིང་། ཆེད་སྤྱོད་མ་དངུལ་བཀོལ་ཏེ་སྡེ་བ་འདི་ལ། རིང་ཚད་སྨི15དང་ཞེང་ལ་སྨི3ཅན་གྱི་རྡོ་ཟམ་བསྐྲུན་ཅིང་། མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བཟོས་པར་མ་ཟད། དབུལ་བྲལ་གནད་སྒྲོལ་གྱི་གོམ་སྟབས་ཀྱང་ཇེ་མགྱོགས་སུ་བཏང་།
     ཧྲི་པ་ཙི་སྡེ་བ་ནི་རི་ཆུའི་རིག་གནས་ཕུན་སུམ་ཚོགས་ལ་ཁོར་ཡུག་ལྟ་ན་སྡུག་པ། མི་རིགས་གོམ་སྲོལ་གྱི་རྫོང་མཐུག་པ་ཞིག་ཡིན་པས། སྡེ་བའི་ནང་གི་ཁྱིམ་ཚང་རེ་རེ་ལ་ཡང་བོད་ཀྱི་ཐུན་མིན་བཟོ་བཀོད་ཀྱི་ཁང་བ་ཡོད་པ་དེ་དང་། ཁྱིམ་ཚང་སོ་སོའི་བར་གྱི་མེ་ཏོག་དང་ཞིང་ནང་གི་དྭངས་གཙང་སྔོ་ཚོད་སོགས་ནི་ཡུལ་སྐོར་བའི་ཡིད་ཀྱི་དང་བ་འདྲེན་བྱེད་ཡིན། སྔོན་ཆད་སྡེ་བ་འདི་ལ་མཚོན་ན། ཡུལ་སྐོར་ལས་རིགས་སྤེལ་བ་ནི་བློ་ངོར་ཡང་འཆར་མ་མྱོང་བའི་དོན་དག་ཅིག་རེད། ཡིན་ནའང་།ད་སྐབས་དཔལ་འབྱོར་གྱི་ཆ་རྐྱེན་ངེས་ཅན་ཞིག་ཡོད་པ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རང་ཁྱིམ་དུ་བོད་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་བཞིན་ཡོད།
     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རྒན་པོ་བཟང་ཡག་ནི་ད་ལོ་ལོ66ལོན་འདུག 2014ལོར་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་ཤིན་ཏུ་དབུལ་ཕོངས་ཀྱི་གྲས་སུ་བཞག ཁོ་རང་ལོ་ན་བགྲེས་པས་ལས་ཀ་ལྕི་་མོ་སྒྲུབ་མི་ཐུབ་པས་ཁྲོམ་རྗེ་ཡུལ་ཚོའི་ཏང་ཨུ་སྲིད་གཞུང་གིས་ཁོ་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཞིག་མཁོ་སྤྲོད་བྱས་ཏེ། སྡེ་བའི་གཙང་སྦྲ་བ་བྱེད་དུ་བཅུག ལས་ཀ་འདི་ཁྱིམ་དང་ཐག་ཉེ་པས་འདི་ལྟ་བུའི་ལས་ཀ་བཀོད་སྒྲིག་བྱས་པ་ལ་ཁོ་རང་ཡིད་ཚིམ་ཆེན་པོ་བྱུང་འདུག
     ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་གོམས་གཤིས་ཡག་པོས་དར་སྲོལ་ལེགས་པོ་སྐྱོང་། སྡོད་ཁང་ལེགས་པོར་འཚོ་བ་སྐྱིད་པོ་རོལ་བའི་ཚད་གཞི་ལྟར་སྐྱེ་ཁམས་དབུལ་སྐྱོར་བྱེད་ཚད་ལ་ཤུགས་བརྒྱབ་སྟེ། ཆ་རྐྱེན་དང་འཚམ་པའི་སྡེ་བ་ལ་གྲོང་གསེབ་ཡུལ་སྐོར་ལས་རིགས་ཆེས་ཆེར་སྤེལ། བདེ་འཇགས་འཕེལ་རྒྱས་ཀྱི་ལྟ་བ་ལག་བསྟར་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་མ་བཏང་སྟེ། སྐྱེ་ཁམས་དབུལ་སྐྱོར་བརྟན་བརླིང་གིས་མདུན་ནས་མདུན་དུ་དེད་པ་དེས། སྡེ་བ་སོ་སོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་བ་ལས་གཞན། དེང་རབས་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་བདེ་ཐང་གི་བསམ་པའི་རྣམ་འགྱུར་མངོན་ཐུབ་ལ། ཁོ་ཚོའི་འཚོ་བའི་བདེ་སྐྱིད་ཀྱི་གཞི་གྲངས་ཡང་ཇེ་མཐོར་གཏོང་ཐུབ།
     ཧྲི་པ་ཙི་སྡེ་བས་དཀའ་བ་གདོང་གིས་བསུས་ཤིང་སྟོབས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་རང་གི་ནང་སེམས་ཀྱི་རང་རྟོག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སྡེ་བ་རང་གི་ཁྱད་དུ་འཕགས་པའི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་བཀོལ་སྤྱོད་ལུགས་མཐུན་བྱས་ཏེ། ཕྱུག་འགྱུར་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། འབད་པ་ཆེན་པོས་དབུལ་ཕོངས་ཀྱི་རྣམ་པ་བརྗེས་ཏེ་ད་ལོར་དབུལ་ཞྭ་འཕུད་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1