ནིའུ་ཟེ་ལན། ཕྱུགས་ལས་ཀྱི་རྒྱལ་ཁབ།

བྱངས་སྐྱིད་སྒྲོལ་མས་སྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14


        ནིའུ་ཟེ་ལན་ནི་ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། ནིའུ་ཟེ་ལན་ཞེས་པ་ནི་ཧོ་ལན་གྱི་མཚོ་འགྲུལ་བ་ཋ་སི་མད་ཀྱིས་བཏགས་པ་ཡིན་ཞིང་། ཁོས་ད་ལྟའི་ནིའུ་ཟེ་ལན་གྱི་ས་ཆ་དང་ཧོ་ལན་གྱི་ཟེ་ལན(Zeeland)ཞེས་པ་གཉིས་ཀྱི་ས་བབ་མཚུངས་པར་གཞིགས་ནས་“ཟེ་ལན་གསར་པ”སྟེ་ནིའུ་ཟེ་ལན་ཞེས་པའི་མིང་འདི་བཏགས་པར་སྐད།
        ནིའུ་ཟེ་ལན་ནི་གླིང་ཕྲན་མང་པོས་མུ་ཁྱུད་ཀྱིས་བསྐོར་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། གཙོ་བོ་བྱང་རྒྱུད་གླིང་ཕྲན་དང་ལྷོ་རྒྱུད་གླིང་ཕྲན་གཉིས་སུ་དབྱེ། བྱང་རྒྱུད་གླིང་ཕྲན་དུ་མེ་རི་དང་ཆུ་ཚན་མང་ཞིང་། ལྷོ་རྒྱུད་གླིང་ཕྲན་དུ་འཁྱགས་དར་དང་མཚེའུ་མང་། ནིའུ་ཟེ་ལན་རྒྱལ་ཁོངས་སུ་རི་བོ་ཤིན་ཏུ་མང་བས་བདེ་ཐང་གི་ཞེང་དོག་ཅིང་རི་སྒང་ཀུན་ལ་དུས་བཞིར་སྨུག་སྤྲིན་གྱིས་གཡོགས་ཡོད་པས་ཀུན་གྱིས་སྤྲིན་དཀར་གྱི་ཞིང་ཁམས་ཞེས་ཀྱང་འབོད།
        ཁ་བའི་ཅོད་པན་གྱིས་བརྒྱན་པའི་གངས་རིའི་མུ་ཁྱུད་དང་གཡུ་ཡི་མཎྜལ་སྤུངས་འདྲའི་སྤང་ལྗོངས། རྒྱ་མཚོའི་ཕྲ་རྒྱན་ལྟ་བུའི་མཚོ་ངོགས་ཀྱི་བྱེ་ཐང་། རྔམ་བརྗིད་ཀྱིས་བརྟས་པའི་མེ་རི་དང་རི་རྩེ་ན་སྤྲིན་དཀར་བཞིན་འཕྱུར་བའི་ཆུ་ཚན་གྱི་རླངས་པ། དགུ་ཚིགས་ཐང་ལ་ལྷུང་འདྲའི་དྭངས་གཙང་གི་གཙང་པོ། སྐར་ཚོགས་ཐང་ལ་བཀྲམ་འདྲའི་མཚེའུ། དར་དཀར་གྱི་ཡོལ་བ་འཐེན་འདྲའི་རྦབ་ཆུ་སོགས་རང་བྱུང་གི་བཀོད་པས་མཛེས་སྡུག་གི་རྒྱལ་ཁབ་འདི་ཡོངས་སུ་བརྒྱན་ཞིང་། འཛམ་གླིང་སྐྱེས་འགྲོ་ཀུན་གྱི་སེམས་ངལ་གསོ་བའི་བསྟི་གནས་སུ་ངོས་འཛིན་ནོ། །
        ནིའུ་ཟེ་ལན་གྱི་སྡོད་དམངས་ཕལ་མོ་ཆེ་ནི་ཡོ་རོབ་གླིང་གི་གནས་སྤོ་ཡུལ་མིའི་ཕྱི་རབས་པ་ཡིན་ཞིང་། ས་གནས་དེར་ཆེས་ཐོག་མར་འཚོ་སྡོད་ཀྱི་མེ་ཁ་གསོ་མཁན་གྱི་གཞི་འཛིན་མི་རིགས་ལ་མའོ་ལི་མི་རིགས་ཞེས་བྱ། ལོ་རྒྱུས་སྨྲ་བ་དག་གིས་མའོ་ལི་མི་རིགས་ནི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་སྟུག་ཅིང་ལོ་རྒྱུས་ཀྱི་རྒྱུན་རིང་པོའི་མི་རིགས་ཤིག་ལ་ངོས་འཛིན། ཁོ་ཚོས་མགྲོན་པོ་སྣེ་ལེན་བྱེད་སྐབས་ཕན་ཚུན་གྱི་སྣ་གཏུགས་པའི་སྲོལ་མཆིས་པ་དང་། དུས་ཆེན་གྱི་སྐབས་སུ་སྲོལ་རྒྱུན་ཞབས་བྲོ་སྟེ་ཧྭ་ཁཱ་ཞབས་བྲོ(Haka)འཁྲབ་པའི་སྲོལ་ཡོད་ལ། ཞབས་བྲོ་དེའི་ལུས་ཀྱི་སྟངས་སྟབས་དང་དབྱངས་རྟའི་འགྱུར་ཁུགས། ལྭ་བའི་གྱོན་ལུགས་དང་འཁྲབ་ཆས་འཛིན་སྟངས་སོགས་གང་ཅིའི་ཐད་ནས་སྔོན་མའི་ལོ་རྒྱུས་ཀྱི་བྱུང་བ་རྒྱུན་འཛིན་དང་འཐབ་འཁྲུག་གིས་བསྐྱེད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས། འཚོ་གནས་ཀྱིས་ཤན་ཐེབས་པའི་ཞི་མཐུན་བག་ཕེབས་སོགས་ཀྱི་རིག་གནས་འོ་ཆུ་བཞིན་འདྲེས་ཡོད་པ་མངོན་སུམ་དུ་སྣང་། མའོ་ལི་མི་རིགས་ལ་སྐད་ཆ་ལས་ཡི་གེ་མེད་ཅིང་། དེ་ནི་གླིང་ཕྲན་ལྷོ་མའི་སྐད་རྒྱུད་ཀྱི་པའོ་ལི་ཉི་ཡའི་སྐད་སྡེ་རུ་གཏོགས་པར་བཞེད།
        ནིའུ་ཟེ་ལན་ནི་ཞིང་ལས་དང་ཕྱུགས་ལས་ཅུང་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་སྟེ། ནིའུ་ཟེ་ལན་གྱི་རྒྱལ་དམངས་དཔལ་འབྱོར་ཁྲོད་ཞིང་ལས་དང་ཕྱུགས་ལས་ཀྱིས་གོ་གནས་གལ་ཆེན་ཟིན་ཡོད། ནིའུ་ཟེ་ལན་གྱི་50%ཡི་ཕྱིར་འཚོང་ཡོང་འབབ་ཤའི་རིགས་དང་འོ་བཟོའི་ཐོན་རྫས། ལུག་བལ་བཅས་ལ་བརྟེན་པ་སྟེ། འཛམ་གླིང་གི་རྒྱལ་ཁབ་90ལྷག་གི་ཚོང་རར་ཤ་དང་འོ་བཟོའི་ཐོན་རྫས་འདོན་སྤྲོད་བྱེད་བཞིན་ཡོད། ལྷོ་བྱང་གི་གླིང་ཕྲན་གཉིས་ཀྱི་ས་གཤིན་བཟང་ཞིང་ཁོད་ཡངས་པ། དྲོད་གྲང་རན་ཞིང་ཆར་ཆུ་མོད་པ། རྩྭའི་སྐྱེས་མཐུག་ཅིང་ཐོན་ཁུངས་ཕུན་སུམ་ཚོགས་པས་གནས་དེའི་ཕྱུགས་ལས་ཀྱི་ཆུ་ཚད་འཛམ་གླིང་གི་སྔོན་གྲས་སུ་ཚུད་ཡོད། ནིའུ་ཟེ་ལན་གྱིས་ཚད་ལས་བརྒལ་བའི་རྩྭ་ས་སྔོག་འདོན་དང་ས་ཆུ་ཤོར་བའི་རང་བྱུང་གི་གནོད་འཚེ་ལ་སྔོན་འགོག་བྱ་སླད། ཆེད་ལས་ཀྱི་མི་སྣ་དང་སྡེ་ཁག་བསྐོ་བཞག་བྱས་ནས་རྩྭ་ཕྱུགས་དོ་སྙོམས་དང་སྐྱེ་ཁམས་ཀྱི་ཟན་ཕྲེང་རྒྱུན་མཐུད་ཀྱི་ཞིབ་འཇུག་དང་ལྟ་སྐུལ་ལ་ཤུགས་སྣོན་ཆེན་པོ་བྱེད། ཆེད་ལས་རང་བཞིན་གྱི་ལས་ཀ་དེས་ནིའུ་ཟེ་ལན་གྱི་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་ཕྱུགས་ལས་དེང་རབས་ཅན་དང་མ་ལག་ཅན། ལེགས་བསྡུས་ཅན་གྱི་ལམ་དུ་ཞུགས་པར་ཕན་ནུས་ཆེན་པོ་ཐོན། ཕྱུགས་ལས་ཐད་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལག་བསྟར་བྱས་པས་རྒྱལ་ཡོངས་སུ་ཆེ་ཆུང་མི་འདྲ་བའི་རྩྭ་ས་མང་པོ་བྱུང་། གཞན་ཕྱུགས་ལས་ཐོན་སྐྱེད་ཁྲོད་ཀྱི་བལ་འབྲེག་པ་དང་འོ་མ་བཞོ་བ་སོགས་ཀྱི་ཕྱུགས་ལས་དང་འབྲེལ་བའི་ལས་ཀ་རྣམས་ཀྱང་འཕྲུལ་ཆས་ལ་བརྟེན་པ་ཡིན་པས་ལས་ཆོད་མཐོ་ཞིང་མི་ཤུགས་ཆེན་པོ་འདོན་མི་དགོས། ཤ་གཙོས་པའི་ཕྱུགས་ལས་ཐོན་རྫས་དག་ཀྱང་སྤུས་ལེགས་ཤིང་རྒྱལ་སྤྱིའི་ཚོང་རའི་དགོས་མཁོ་དང་ཚད་གཞིར་མཐུན་པ། མིའི་བདེ་ཐང་ལ་དམིགས་པ་ཡིན་པས་རྒྱལ་ཁབ་སོ་སོའི་དགའ་བསུ་ཆེན་པོ་ཐོབ་བཞིན་མཆིས། འུ་ཅག་གི་འཚོ་ཚིས་ལ་ཕན་པར་དམིགས་ནས་འདིར་ནིའུ་ཟེ་ལན་གྱི་ཕྱུགས་ལས་འཕེལ་རྒྱས་ཅུང་ཟད་ངོ་སྤྲོད་པར་བྱའོ། །
        ལོ་རྒྱུས་ཀྱི་འཕེལ་རིམ་ལྟར་ན། དུས་རབས་བཅུ་དགུ་པའི་ལོ་རབས་བཞི་བཅུའི་དཀྱིལ་ཙམ་དུ་ནིའུ་ཟེ་ལན་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་འགོ་བརྩམས་ཤིང་། དེའང་སྐབས་དེའི་དབྱིན་ཇིའི་འཁལ་འཐག་བཟོ་ལས་ཀྱི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་ལ། འཁལ་འཐག་ལས་རིགས་ཀྱི་རྒྱུ་ཆའི་དགོས་མཁོ་བསྐང་སླད་ཕྱུགས་ལས་ཀྱི་ཡོང་སྒོ་གཙོ་བོ་ལུག་བལ་དང་འབྲེལ། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་རྗེས་སུ་རྫས་འགྱུར་ཚི་སྣའི་བཟོ་ལས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རྒྱལ་སྤྱིའི་ཚོང་རའི་བལ་གྱི་དགོས་མཁོའང་ཇེ་ཉུང་དུ་གྱུར་ཞིང་། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་། འཛད་སྤྱོད་ཀྱི་སྒྲིག་གཞི་དང་བཟའ་བཏུང་གི་གོམས་སྲོལ་སོགས་ལའང་མངོན་གསལ་གྱི་འགྱུར་བ་བྱུང་བས་དུས་ཡུན་རིང་པོར་རྒྱལ་སྤྱིའི་ཚོང་རར་བརྟེན་པའི་ནིའུ་ཟེ་ལན་གྱི་ཕྱུགས་ལས་སྒྲིག་གཞི་ལའང་སྙོམས་སྒྲིག་བྱ་དགོས་པ་བྱུང་། ནིའུ་ཟེ་ལན་གྱིས་ཕྱུགས་ལས་འཕྲུལ་ཆས་ཅན་དང་གློག་ཤུགས་ཅན། ཐོན་སྐྱེད་ལེགས་བསྡུས་ཅན་བཅས་མཐོར་འདེགས་སུ་གཏོང་བར་དམིགས་ནས་ཕྱུགས་ལས་ཚན་རྩལ་གསར་གཏོད་དང་ལག་རྩལ་ཁྱབ་གདལ་དུ་གཏོང་བར་དམིགས་པ་རྩེ་གཅིག་ཏུ་གཞོལ་ཞིང་། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དང་རང་ངོས་ཀྱི་ཁྱད་ཆོས་ཟུང་དུ་སྦྲེལ་ཏེ། སྲིད་གཞུང་གིས་སྐྱེ་དངོས་ལག་རྩལ་འཕེལ་རྒྱས་དང་། ཐོན་ལས་ལག་རྩལ་དང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གསར་དུ་གཏོད་དགོས་པའི་དམིགས་འབེན་གཏེན་འཁེལ་བྱས་པར་མ་ཟད། སྲོལ་རྒྱུན་གྱི་ཕྱུགས་ལས་དཔལ་འབྱོར་ནས་ཤེས་བྱའམ་ལག་རྩལ་དཔལ་འབྱོར་ལ་བསྒྱུར་བཀོད་བྱས། ནིའུ་ཟེ་ལན་གྱི་ཕྱུགས་ར་སོ་སོར་ཕྱུགས་ལས་ལག་རྩལ་ཞིབ་འཇུག་གི་ཞབས་ཕྱི་ལྟེ་གནས་དང་ཆེད་ལས་ཀྱི་འཇོན་མི་བཀོད་སྒྲིག་བྱས་ནས་བབ་བསྟུན་རང་བཞིན་གྱིས་ཕྱུགས་ལས་འཕེལ་རྒྱས་ལ་མཛུབ་སྟོན་དང་རྒྱལ་སྤྱིའི་ཚོང་རར་མཐུད་སྦྲེལ་གྱི་འགན་ཁུར་ཞིང་། སློབ་ཆེན་ཁག་གིས་ཀྱང་དངོས་ཡོད་ཀྱི་དགོས་མཁོར་དམིགས་ནས་ཕྱུགས་ལས་དང་འབྲེལ་བའི་ཆེད་ལས་བཙུགས་ཏེ། ཕྱུགས་ལས་ཐད་ཀྱི་འཇོན་མི་གཙོ་སྐྱོང་གི་འགན་ཁུར་ཡོད་པ་རེད། གཞན་ནིའུ་ཟེ་ལན་གྱིས་ལག་རྩལ་གྱི་དཔྱད་འབྲས་དེ་དག་གི་བེད་ཆོད་དང་ཁྱབ་གདལ་ལའང་དང་དོད་ཆེན་པོ་བྱེད་པ་སྟེ། རྒྱུན་དུ་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྣ་མང་སྤེལ་ནས་ཡུལ་དངོས་སུ་ཕྱུགས་བདག་དག་ལ་ལག་རྩལ་གསར་པ་ཁྱབ་གདལ་དང་མཛུབ་སྟོན་བྱས་ནས་ཕྱུགས་ལས་ཐོན་སྐྱེད་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་ལ་ཕྱར་བ་གྲུ་འདེགས་ཀྱིས་ཕན་ནུས་འདོན་པའི་སྒྲིག་སྲོལ་འཐུས་ཚང་ཆགས་ཡོད་པ་རེད། གཞན་ལག་རྩལ་གསར་པ་དུས་ཐོག་ཏུ་ཕྱུགས་བདག་དག་གིས་ཁོང་དུ་ཆུད་ནས་ལས་གཉེར་གྱི་ཕན་ཁེ་གོང་དུ་འཕར་སླད། ཕྱུགས་ལས་ལས་གཉེར་བའི་རིག་གནས་ཆུ་ཚད་ལའང་རེ་བ་ནན་མོ་འཛིན། ཕྱུགས་ལས་ཀྱི་མ་ལག་ཧྲིལ་བོའི་ཁྲོད་དགོས་མཁོ་དང་སྤྱོད་སྒོ། ཕྱོད་ནུས་བཅས་ཀྱི་རྩ་དོན་གཙོ་བོར་འཛིན་ཞིང་། ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་དང་སྐྱེལ་འདྲེན། བདག་ཉེར། ཁྱབ་གདལ། དྲིལ་བསྒྲགས་སོགས་ཀྱི་ལས་གཉེར་གྱི་མ་ལག་ཆགས་པར་གཞོལ་བ་དང་། ཕྱུགས་ལས་ཐོན་རྫས་ཀྱི་ཆེད་ལས་ཅན་གྱི་གསར་སྤེལ་དང་ཚན་རིག་ཅན་གྱི་འདེབས་གསོ། ཆ་འཕྲིན་ཅན་གྱི་དོ་དམ་དམིགས་སུ་བཟུང་སྟེ། གཟན་རྩྭ་གསར་པ་གསོ་འདེབས་བྱས་ནས་འཕྲུལ་ཆས་ཅན་དང་འཆར་གཞི་ཅན། ཚོང་ར་ཅན། ལེགས་བསྡུས་ཅན། གཞི་ཁྱོན་ཅན་གྱི་ཕྱུགས་རའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་ཕྱིན། ནིའུ་ཟེ་ལན་གྱི་ཕྱུགས་ལས་ནི་དུས་བབ་དང་མཐུན་ཞིང་ཚན་རིག་གི་རོགས་འདེགས་བརྟན་པ། ལས་བགོས་ཞིབ་ཅིང་མིའི་བདེ་ཐང་ལ་གཙིག་འཛིན་བྱེད་པ། རང་བྱུང་གི་ཆོས་ཉིད་དང་མཐུན་པའི་དེང་རབས་ཅན་གྱི་ཕྱུགས་ལས་ཤིག་ཏུ་ཀུན་གྱིས་བསྔགས་སོ། ། 
(དབྱངས་སྐྱིད་སྒྲོལ་མ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1