༄༅།། གླིང་གི་ཁྲོ་ཐུང་དང་ཁོང་གི་ལོ་རྒྱུས་བཤད་པ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-19



              དང་པོ།
              དེ་ཡང་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་ཁོལ་མདོ་ཀླུ་མོའི་དགོང་ཐོག་ཅེས་པའི་ས་ཁུལ་དེ་རུ་མ་བཞི་དཔོན་པོ་ཁྲོ་ཐུང་གི་རྡོ་མཁར་ཕོ་རོག་སྙིང་རྫོང་ཡོད་ལ། ཁྲོ་ཐུང་ཁོང་གིས་བཀོལ་མྱོང་བའི་ཁྲོ་ཟངས་ངོ་མ་ཞིག་ཀྱང་ཡོད་ཟེར།   ད་ལྟ་རྡོ་མཁར་དེའི་མ་གཞི་ཞིག་རལ་དུ་སོང་ཡོད་ནའང་།  མཁར་རྟིང་གི་ཞེང་ལ་ཕལ་ཆེར་ཕོ་འདོམ་ལྔ་དྲུག་ཙམ་མཆིས་ལ།  རྡོའི་ཁ་མདོག་ནི་རྡོ་སོལ་གྱི་མདངས་དང་ཁྱད་པར་སྤུ་ཙམ་ཡང་མེད།   མཁར་རྙིང་དེ་ཆགས་སའི་གཞི་དེར་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་ལྡན་པ་ནི། རྨ་ལུ་མ་གཡས་ནས་འབབ་པ་དང་། ཁོལ་ལུ་མ་གཡོན་ནས་འབབ་པ།  རྟ་ནོར་ལུག་གསུམ་གྱི་ཕྱུགས་གཡང་འཁོར་བ།  རྩྭ་རྩི་ཏོག་སྣ་ཚོགས་ཀྱིས་ས་གཞི་ཁེབས་པ་ཞིག་ལགས།  སྒྲུང་པ་སྐད་གྲགས་ཅན་ཚེ་རིང་དབང་འདུས་ཀྱིས་བཤད་པ་ལྟར་ན།  ས་སྐྱ་གོང་མའི་རྣམ་སྤྲུལ། མ་བཞི་དཔོན་པོ་ཁྲོ་ཐུང་གི་མཁར་མི་འགྱུར་ཕོ་རོག་སྙིང་རྫོང་ཞེས་པ་དེ་ཐོག་མར་འདེབས་པའི་སྐབས་སུ། ཉིན་མོ་མི་ཡིས་བརྩིགས་པ་དང་མཚན་མོ་ལྷ་ཀླུ་གཉན་གསུམ་གྱིས་བརྩིགས་པའི་དབང་གིས་རྡོ་མཁར་བརྗིད་ལྡན་འཛོམས་པོ་ཞིག་ཡིན་པར་མ་ཟད།  མཁར་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་མ་འོངས་ཕྱི་འབྱུང་གི་རྟགས་མཚན་རེ་རེའི་གཟུགས་བརྙན་གསལ་བོར་བཞེངས་ཡོད་ཟེར།  

              རྡོ་མཁར་དེའི་ཁྱད་ཆོས་གཙོ་བོ་གང་དག་ཡིན་ཞེ་ན།   དེ་ཡང་མཁར་གྱི་དབུས་སུ་ལྷ་རྟ་མགྲིན་དམར་པོའི་མཆོད་ཁང་བཞེངས་ཡོད་པ་དང་།   མཆོད་ཁང་གི་སྟེང་དུ་གཡུ་འབྲུག་སྔོན་མོ་ཞིག་གི་ཁ་རུ་རྒྱ་མཚོའི་ཆུ་སྲིན་ལྷ་མི་ཐམས་ཅད་ཀྱིས་འབྲུག་གི་གཟུགས་བརྙན་དེ་བཞེངས་དོན་ནི།   སྐྱེས་མཆོག་ནོར་བུ་དགྲ་འདུལ།   གླིང་རྗེ་གེ་སར་རྒྱལ་པོས་ལྷོ་བདུད་ཤིང་ཁྲི་རྒྱལ་པོ་འདུལ་བའི་རྟགས་མཚན་ཡིན་པ་དང་།  མཁར་གྱི་ཤར་ནུབ་གཉིས་ཀྱི་མཚམས་སུ་ཐོ་གང་ཙམ་གྱི་གསེར་བཙོ་མ་ལས་གྲུབ་པའི་མི་ཆུང་ཞིག་བཞེངས་འདུག་ལ།  མི་དེའི་ཕྱག་གཡས་པའི་ནང་དུ་ཆུ་གྲི་ཁ་ལས་མེ་འབར་བ་ཅན་ཞིག་འཆང་འདུག་པ་དང་། ཕྱག་གཡོན་པའི་ནང་དུ་ལྕགས་ཀྱི་མི་ཆུང་ངུ་ཞིག་བཅིངས་འདུག   ཆུ་གྲི་དེའི་རྩེ་མོ་ལྕགས་ཀྱི་མི་ཆུང་དེའི་སྙིང་ཁར་བསྣུན་པའི་ཚུལ་མཚོན་ཡོད་ཅིང་།  གསེར་མི་དེའི་ཁ་འཇང་གི་ཕྱོགས་ལ་འཁོར་འདུག  མཁར་སྟེང་དེ་རུ་གསེར་མི་དེ་འདྲའི་ཚུལ་ཅན་ཞིག་བཞེངས་དོན་ནི། གླིང་རྗེ་གེ་སར་མཆོག་གིས་མ་རུངས་འཇང་རྒན་ས་དམ་རྒྱལ་པོ་འདུལ་བར་བྱེད་པའི་ཆེད་དུ་བཞེངས་པ་དང་། མཁར་རྫོང་གི་ལྷོ་ནུབ་གཉིས་ཀྱི་མཚམས་སུ་སེང་གེ་དཀར་མོ་ཞིག་གི་ཁ་རུ་མདའ་མདུང་གྲི་གསུམ་གྱི་མཚོན་ཆ་མང་པོ་བཟུང་འདུག་པ་ཞིག་བཞེངས་ཡོད་ལ།  དེ་ནི་གླིང་སེང་ཆེན་རྒྱལ་པོས་གྲུ་གུ་གོ་རྫོང་ཕབ་པའི་མཚོན་བྱེད་ཡིན་ཟེར། མཁར་གྱི་ནུབ་བྱང་གཉིས་ཀྱི་མཚམས་སུ་རྒྱ་སྟག་སྤྱན་གཅིག་ཅན་གྱི་གོང་ན་སེང་གེ་དཀར་མོ་ཞིག་དང་ཁྱུང་ཞིག་གིས་མནན་འདུག་པའི་གཟུགས་བརྙན་བཞེངས་ཡོད། དེའི་མཚོན་བྱེད་ནི་གླིང་གེ་སར་རྒྱལ་པོས་རྒྱ་ནག་ཇ་རྫོང་ཕབ་པའི་སྐབས་སུ། སེང་དཀར་མོ་འདྲ་བའི་དགྲ་ལྷ་དང་། ཁྱུང་དར་མ་འདྲ་བའི་དགྲ་ལྷེ་འཁོར་ཏེ་རྒྱའི་སྟག་མིག་རི་བཀྲ་ཞེས་པའི་མིག་ཡ་གཅིག་ཅན་ཡོད་པ་དེ་ཆམ་ལ་ཕབ་པའི་སྨོན་ལམ་བཏབ་པ་ཡིན་ཟེར།  མཁར་དེའི་བྱང་ཤར་གཉིས་ཀྱི་མཚམས་སུ་ལྕགས་ནག་གི་མི་ཞིག་གི་དཔྲལ་བར་མེ་འབར་ཞིང་མེའི་དབུས་སུ་ཟུར་གསུམ་ཅན་གྱི་ལྷ་མདའ་ཞིག་ཕོག་འདུག་པ་དེས་སྐེ་བསྲིངས་ནས་མཁར་གྱི་ཕྱི་རུ་བལྟས་འདུག   གཟུགས་རིས་དེའི་མཚོན་བྱེད་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིས་བདུད་མ་རུངས་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲོད་པའི་རྟགས་མཚན་ཡིན་པ་དང་། མཁར་གྱི་ཤར་ཕྱོགས་ཀྱི་ཕྱི་ངོས་སུ་གསེར་གྱི་མཛོ་མོ་ཞིག་བཞེངས་འདུག་ལ།  མཛོ་མོའི་སྣ་ཐག་ནི་གསེར་གྱི་མི་དེའི་ཕྱག་གཡོན་པའི་དཔུང་བར་དཀྲིས་འདུག  གཟུགས་བརྙན་གསོན་ཉམས་ལྡན་པ་དེ་འདྲ་ཞིག་བཞེངས་དོན་ནི་གླིང་རྗེ་གེ་སར་རྒྱལ་པོས་སྟག་གཟིག་ནོར་རྫོང་ཕབ་པའི་མཚོན་རྟགས་ཡིན།  མཁར་དེའི་ནུབ་ཕྱོགས་ཀྱི་ཕྱི་ངོས་སུ་ཁྲག་མཚོ་ཞིག་གི་ཁ་རུ་མི་མང་པོ་རང་ཤུགས་སུ་འགྱེལ་འདུག་པ་ཞིག་བཞེངས་འདུག  གཟུགས་བརྙན་དེའི་མཚོན་བྱེད་ནི་སེར་པོ་ཧོར་གྱི་དམག་བུ་རྟ་ཁྲི་སྟོང་མང་པོ་གླིང་ལ་བསླེབས་ཏེ་གླིང་ལྷ་སྡེ་དཀར་པོ་དེ་དམར་པོ་མུན་པའི་ཁྲག་མཚོ་བཞིན་དུ་བསྒྱུར་བའི་ཉིན་མོ་ཞིག་ཡོང་བའི་མཚོན་རྟགས་ངན་པ་ཡིན། མཁར་གྱི་ལྷོ་ཕྱོགས་ཀྱི་ཕྱི་ངོས་སུ་ལམ་དཀར་པོ་ཞིག་གཙུག་ལག་ཁང་རིམ་པ་ཉེར་བརྒྱད་ཅན་ཞིག་ཡོད་པ་དེའི་འགྲམ་དུ་འཐེན་འདུག་པའི་གཟུགས་བརྙན་ཞིག་བཞེངས་ཡོད་པ་དེའི་མཚོན་བྱེད་ནི།   གླིང་རྗེ་སེང་ཆེན་རྒྱལ་པོས་ནག་པོ་བདུད་ཀྱི་ཡུལ་ནས་ལམ་དཀར་པོ་དེ་དེད་དེ་ཧོར་གུར་དཀར་རྒྱལ་པོའི་སྐུ་མཁར་ཡ་རྩེ་མཁར་དམར་གྱི་འགྲམ་དུ་ཕེབས་ཏེ། གུར་དཀར་རྒྱལ་པོར་གཉའ་སྒ་སྟོད་པའི་རྟགས་མཚན་ཡིན།  ཡང་མཁར་མི་འགྱུར་ཕོ་རོག་སྙིང་རྫོང་གི་གཡས་འགྲམ་ན་ཟུར་བཞི་ཅན་གྱི་རྭ་རྫོང་སྨུག་པོ་གཅུས་རྫོང་ཟེར་བ་ཞིག་ཡོད། དེའི་ནང་དུ་ཨ་ཁུ་ཁྲོ་ཐུང་གི་མན་ངག་སུམ་བརྒྱ་དྲུག་ཅུ་ཚང་བ་དང་།  ཁོང་གི་ཚེ་གང་གི་སྒྲུབ་ཕུག་ཀྱང་ཡིན་ཟེར།  ཁྲོ་ཐུང་རྒྱལ་པོ་ནི་གླིང་ཆོས་འཕན་ནག་པོའི་རྒྱལ་རྒྱུད་འཛིན་མཁན་ཡིན་པར་བརྟེན།    གླིང་གི་མ་འོངས་ལུང་བསྟན་གྱི་རྟགས་མཚན་ཡོངས་རྫོགས་རྫོང་མཁར་ཕོ་རོག་སྙིང་རྫོང་གི་སྟེང་དུ་མཚོན་པ་དེ་ཡ་མཚན་དགོས་པ་ཞིག་གཏན་ནས་མིན་ཟེར་རོ། །             

        གཉིས་པ།

              གཞན་ཡང་གླིང་གི་ཁྲོ་ཐུང་རྒྱལ་པོས་མཁར་མི་འགྱུར་ཕོ་རོག་སྙིང་རྫོང་དེ་བཟུང་བའི་ཚུན་གྱི་ལོ་རྒྱུས་རགས་ཙམ་བརྗོད་ན།  དེ་ཡང་མ་དཔོན་པོ་ཁྲོ་ཐུང་ཞེས་པ་དེ་ཁྲོ་ཕྱོགས་ངམ་ལྷ་རྒྱལ་པོའི་སྲས་མོ་ཁྲོ་ཚ་འཕར་མོ་དུང་མཚོ་དང་ཕ་ཁྲི་དཀར་གླིང་ལྷ་རྒྱལ་པོ་གཉིས་ལས་སྐུ་འཁྲུངས། ཁྲོ་ཐུང་རྒྱལ་པོར་སྐུ་སྤུན་ལྔ་ཡོད་དེ། ཁྲོ་ཚ་སྟེང་ཕྱོགས་དམར་པོ་དང་། རོང་གི་གཡུ་བསེ་ངམ་གནག སེང་བློན་རྒྱལ་པོ། རྒྱའི་ཨ་བསེ་ངམ་གནག་དར་འཕེན་དུག་གི་སྡོང་བོ་བཅས་སོ། །ཁྲོ་ཐུང་གི་བཙུན་མོ་ནི་འབྲུ་མཁའ་རིང་རྒྱལ་པོའི་སྲས་མོ་སྟེ་མིང་ལ་གསེར་མཚོ་མ་ཟེར་ཞིང་སྲས་བཞི་ཡོད། དེ་དག་ནི་སྟག་རོང་གཟིག་འཕེན་དང་། ཉ་ཚ་ཨ་བརྟན།  སྟག་རོང་སྟག་ཚ་ངོ་ལུག  སྟག་རོང་ལྷ་རྒོད་འབུམ་ལུ་བཅས་སོ།  །ཁྲོ་ཐུང་གི་ཆིབས་པའི་མིང་ལ་འཕར་བ་རྔ་ནག་ཟེར།  རྟ་དེའི་ཁྱད་ཆོས་ནི་ཀི་ཞིག་བརྒྱབ་ན་དེ་མ་ཐག་ས་དེ་རུ་ཉལ་བ་ཞིག་ཡིན་སྐད་དོ།།  
              མ་བཞི་དཔོན་པོ་ཁྲོ་ཐུང་དེ་སྐུ་མཁར་ཕོ་རོག་སྙིང་རྫོང་དུ་སྐུ་འཁྲུངས་མ་ཐག་གཞན་དང་མི་མཚུངས་པར་སྐུ་བྱད་ཆེ་བས་མ་ཡི་ནུ་མས་མ་སོས་པར་རྒོད་མའི་ནུ་མ་བསྣུན་མོད།  ཡིན་ནའང་རྒོད་མའི་ནུ་མས་ཀྱང་མ་སོས་པར་འབྲི་མོ་ཞིག་གི་ནུ་མ་བསྣུན།  འབྲི་མོའི་འོ་མས་ཀྱང་མ་སོས་པས་ཕ་མ་གཉིས་ཀྱི་ཐབས་ཐམས་ཅད་ཟད་དེ།  གླིང་སྤྱི་དཔོན་གྱི་དྲུང་དུ་ཕྱིན་ཏེ་བྱིས་པའི་སྐྱེས་རིམ་ཚང་མ་ཡར་ཞུ་ཞུས་ཏེ།  མ་གསུམ་གྱིས་གསོས་ཀྱང་སོས་ཐབས་མེད་པས་ད་ལྟ་ཁྱི་མོ་ཞིག་ཡོད་པའི་ནུ་མ་བསྣུན་ན་ཨེ་ཆོག་ལགས་ཞེས་ཞུས་ཙ་ན།  སྤྱི་དཔོན་ཁྲ་རྒན་གྱིས་ཁྲོ་ཐུང་ཁོང་ནི་གླིང་གི་དཔའ་རྟུལ་བརྒྱད་ཅུའི་གྲས་སུ་གཏོགས་ཤིང་སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་སྐྱེས་བུ་ཞིག་ཡིན་པས་ཁྱི་མོའི་འོ་མ་ལྡུད་མི་རུང་།  ཡིན་ནའང་ཁོ་ཉིད་གསོ་བའི་ཐབས་ཤིག་དགོས་པས་ད་ལྟ་ལྷ་ཆེན་ཚངས་པ་དཀར་པོའི་ལྷ་ལུག    གླིང་ཆོས་འཕན་ནག་པོའི་སྒོ་ཟོག་ལྷ་ལུག་ཚོས་མཚལ་དམར་པོའི་ནུ་མ་བསྣུན་ན་སོས་ཤིང་ནར་སོན་ཐུབ་གསུངས་པ་ན།    ཁྲོ་ཐུང་དཔོན་པོའི་ཕ་མ་གཉིས་ཀྱིས་སྤྱི་དཔོན་གྱི་གསུང་ལྟར་ལྷ་ལུག་ཚོས་མཚལ་དམར་པོའི་ནུ་མ་བསྣུན་པས་སོས་སོ།  །མ་བཞི་དཔོན་པོ་ཁྲོ་ཐུང་ཞེས་པའི་མིང་ཐོགས་དོན་ཡང་གོང་དུ་བརྗོད་པའི་རྒྱུ་མཚན་གྱིས་སོ། 
              དེར་ཡང་གླིང་ཆོས་འཕན་ནག་པོ་དང་གླིང་སྤྱི་དཔོན་ཁྲ་རྒན་རྣམས་གཉིས་ཀྱི་ཐུགས་དགོངས་སུ།  མ་བཞི་དཔོན་པོ་ཁྲོ་ཐུང་དེ་གླིང་གི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་པས་དཔའ་འཛོམས་ཤིང་བློ་རིག་རྒོད་པ་ཞིག་སྐྱེས་འདུག་པར་བརྟེན།  ཕྱིས་སུ་སྟེང་ཕྱོགས་ལྷའི་ཡུལ་ནས་གླིང་ལྷ་སྡེ་དཀར་པོ་སྐྱོང་བའི་རྒྱལ་རྒྱུད་ལྷ་སྲས་སྐྱེས་བུ་དམ་པ་ཞིག་མངགས་ཡོང་ན་ཁོས་ཕྲག་དོག་དང་གནོད་སྐྱོན་བཟོ་རྒྱུ་ཡིན་པ་མཁྱེན་ནས།   གླིང་ཆོས་འཕན་ནག་པོས་རྫུ་འཕྲུལ་གྱིས་འཇང་ཕྱོགས་སྲིན་པོ་བྲག་རི་འབར་བ་ཟེར་བ་དེར་མདའ་ཞིག་འཕངས་ཏེ་སྲིན་པོ་སྟག་རི་འབར་བའི་དཔྲལ་བར་ཕོག་པ་ན་སྲིན་པོ་དེ་འཕྲལ་དུ་ཤི་ཟིན་ནའང་རྣམ་ཤེས་ལྦ་ཞིག་ཏུ་སྤྲུལ་ཏེ་བྲོས་ནས་གླིང་སྤྱི་དཔོན་ཁྲ་རྒན་གྱི་སྒོ་ཁར་བསླེབས་བྱུང་། དེར་སྤྱི་དཔོན་ཁྲ་རྒན་གྱིས་གཞུ་དཀར་མོ་གཡས་འཁྱིལ་གྱི་སྟེང་ལ་མདའ་དཀར་མོ་གནམ་ལྕགས་ཐོག་མདའ་ཟེར་བ་དེ་བཞག་ནས་འཕེན་བསམ་པའི་སྐབས་སུ། ཉག་ཕྲན་མདའ་དེ་སྟེང་ཕྱོགས་ལྷས་གནང་བའི་ལྷ་མདའ་ཡིན་པས་མདའ་མདེའུ་ཕྱིར་རང་སྟེང་དུ་འཁོར་ནས་སྤྱི་དཔོན་ལ།   ཁྱེད་རང་མ་བྲེལ་རེ་ཞིག་བདག་ལ་གསོན་དང་།    དེ་རིང་སྲིན་པོ་བྲག་རི་འབར་བའི་སྤྲུལ་བ་ལྦ་འདི་བསད་རྗེས་སྙིང་ཁྲག་མང་མི་ཉན་ཉུང་མི་ཉན་ནས་འབྲུ་ཞིག་གི་ཆེ་ཆུང་ཙམ་བླངས་ཏེ་རིལ་བུ་བདུན་བཟོས་ནས་འོ་མའི་ནང་དུ་བསྲེས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁྲོ་ཐུང་ལ་འཐུང་དུ་བཅུག་ན་ཕྱིས་སུ་ཕན་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོང་ངེས་ལགས་གསུངས་པ་ན།  སྤྱི་དཔོན་གྱིས་ཡ་ལགས་སོ།  །དེ་བཞིན་བསྒྲུབ་པར་བྱ་ཞེས་གསུངས་པ་དང་ཆབས་ཅིག་ལྷ་མདའ་དེ་རང་ཤུགས་སུ་ལྦ་མོ་དེའི་ཕྱོགས་སུ་འཁོར་བྱུང་། དེར་སྤྱི་དཔོན་གྱིས་མདའ་དེ་འཕངས་པས་ལྦ་མོ་དེ་སྐད་ཅིག་ཉིད་ལ་བསད། དེ་ནས་སྤྱི་དཔོན་གྱིས་འཕྲལ་དུ་ལྦའི་སྙིང་ཁྲག་ཁོལ་མ་བླངས་ཏེ་ལྷ་མདས་གསུངས་པ་ཇི་བཞིན་རིལ་བུ་བདུན་བཟོས་ཏེ་འོ་མའི་ནང་དུ་བསྲེས་ནས་ཁྲོ་ཐུང་ལ་འཐུང་དུ་བཅུག་རྗེས།  ཁྲོ་ཐུང་ནི་དཔའ་ངར་ཞུམ་པའི་སྙིང་ཆུང་སྡར་མ་ཞིག་ཏུ་གྱུར་སོང་། གལ་ཏེ་ལྦའི་སྙིང་ཁྲག་དེ་ཁྲོ་ཐུང་ལ་འཐུང་དུ་མ་བཅུག་ན།  གླིང་གེ་སར་རྒྱལ་པོ་མཆོག་མི་ཡུལ་དུ་འཁྲུངས་པའི་སྐབས་སུ། གླིང་དཀར་ནང་འཁྲུག་ལངས་ཏེ་ཁྲོ་ཐུང་གིས་གེ་སར་ལ་གནོད་པ་ཚབས་ཆེན་བཟོ་ནུས་ཟེར།                   
              གསུམ་པ།
              ཕྱིས་སུ་ཁྲོ་ཐུང་དཔོན་པོའི་ན་སོའི་ལང་ཚོ་དར་ལ་བབ་པའི་སྐབས་སུ།  གླིང་རྗེ་ཆོས་འཕན་ནག་པོའི་སྐུ་ཚེ་རྫོགས་པ་དང་ཁོང་ཉིད་གླིང་ས་མཐོང་བ་ཀུན་སྨོན་གྱི་རྒྱལ་སར་བཞུགས་ཏེ། མཁར་མི་འགྱུར་ཕོ་རོག་སྙིང་རྫོང་གི་བདག་པོ་དམ་པར་གྱུར་པའི་ཚེ། ཁྲོ་ཐུང་རྒྱལ་པོས་འབྲུ་ཕུགས་གསེར་རྫོང་ཕྱུག་མོ་ཕབ། འབྲུ་ཡུལ་ནས་རྫོང་ཡངས་པ་ཕབ། རྭ་ཅོ་གཅུས་རྫོང་རིང་མོ་ཕབ། གསེར་ནས་ལ་སོགས་ཀྱི་གཏེར་སྒོ་མང་པོ་ཕྱེ་ཞེས་པའི་ཟེར་སྲོལ་ཡོད་ནའང་།  ཁྲོ་ཐུང་རྒྱལ་པོར་ཕྱོགས་བཞིའི་དགྲ་བཞི་འདུལ་བའི་དབང་སྐལ་མེད་པས་ཇོ་སྐྱིད་ཡིད་བཞིན་ནོར་བུ་གོང་མ་ལྷ་ནས་མ་གནང་མི་ཆོག་པའི་ལུང་བསྟན་གསལ་བོ་ཡོད་པར་བརྟེན།  ཁྲོ་ཐུང་རྒྱལ་པོས་ཡིད་ལ་ཕྲག་དོག་དང་ངན་སེམས་བཅངས་ཏེ།  གེ་སར་ཉིད་མགོ་མི་འབུར་བ་ཞིག་བཟོ་རྒྱུའི་ཐབས་བཀོད་གང་མང་འཐེན་རུང་གནོད་སྐྱོན་སྤུ་ཙམ་ཡང་ཐེབས་མ་ཐུབ།  འདིའི་ཕྱོགས་ཀྱི་ལོ་རྒྱུས་ནི་བརྗོད་ན་ཚར་རྒྱུ་མེད་པ་ཞིག་མཆིས་མོད།  འདིར་ད་མང་ན་བརྗོད་བྱའི་དོན་ལ་གནོད་པར་དོགས་ནས་གཏམ་རྒྱུད་ཐུང་ངུ་ཞིག་བཀོད་ན་འདི་ལྟ་སྟེ།  
              དེ་ཡང་ཉི་མ་བཟང་པོ་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་ལ་འགོག་ར་ལོ་སྟོན་པའི་སྲས་མོ་སྨན་འགོག་བཟའ་ཁོ་མོ་ཤར་རྨ་རྒྱལ་དཀྱིལ་འཁོར་ནོར་བུའི་ཕོ་བྲང་།  གནམ་མི་འགྱུར་འཁོར་ལོ་རྩིབས་བརྒྱད།  ས་མི་འགྱུར་པད་མ་འདབ་བརྒྱད། བར་མི་འགྱུར་བཀྲ་ཤིས་དར་ཐང་ཞེས་བྱ་བའི་ཕོ་བྲང་གི་གཟིམ་ཁང་དུ་གཟིམས་འདུག་པའི་སྐབས་སུ།   སྟེང་ཕྱོགས་ལྷ་ཆེན་ཚངས་པ་དཀར་པོས་རྫུ་འཕྲུལ་གྱིས་གནམ་ལས་ཆར་ཐིགས་པ་བཞི་ཙམ་འབབ་ཏུ་བཅུག་སྟེ་མ་འགོག་བཟའི་ཁ་ནས་ཁོག་པར་ཐིམ་སྟེ་བུ་བུ་མོ་བཞི་སྦྲུམ་བྱུང་། དེར་ཡང་ཉིན་ཞིག་མ་འགོག་མོའི་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ལས་གསེར་གྱི་མེ་ཏོག་པད་མ་འདབ་བརྒྱད་ཅིག་བཞད་ཅིང་།  དེའི་དབུས་སུ་བུ་ཆེ་བ་འཁྲུངས་ཏེ་སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ལ་འཕུར་སོང་།  མཚན་ལ་ཕུ་བོ་དུང་སྐྱོང་དཀར་པོ་ཟེར་བ་དང་། དེ་ནས་ཡང་ཟླ་ལྔ་བའི་ཚེས་བརྒྱད་ལ་འགོག་མོའི་ཕྲག་པ་གཡས་པའི་སྟེང་དུ་དུང་གི་མེ་ཏོག་པད་མ་འདབ་བརྒྱད་ཅིག་བཞད་ཅིང་།    དེ་ལས་བུ་འབྲིང་བ་སྐུ་འཁྲུངས་ཏེ་གཉན་ཕྱོགས་དགྲ་ལྷའི་ཕོ་བྲང་དུ་འཕུར་སོང་།  མཚན་ལ་ནུ་བོ་ཀླུ་སྦྲུལ་འོད་ཆུང་ཟེར།  དེ་ནས་མ་འགོག་མོའི་ཕྲག་པ་གཡོན་པའི་སྟེང་དུ་གཡུ་ཡི་མེ་ཏོག་པད་མ་འདབ་བརྒྱད་ཅིག་བཞད་པ་དང་མེ་ཏོག་གི་དབུས་སུ་དཀར་སེར་དམར་མདངས་ཆགས་པའི་འཇའ་འོད་ཀྱི་སྣེ་གཅིག་ཟུག་ཡོད་ཅིང་།   འཇའ་འོད་ཀྱི་སྣེ་གཞན་གཅིག་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འཇིངས་སུ་འཐེན་འདུག  དེ་ལས་སྲས་མོ་ཞིག་སྐུ་འཁྲུངས་ཏེ་མཚོ་ཁྲི་ཤོར་རྒྱལ་མོའི་ནང་དུ་གདན་འདྲེན་ཞུས། གདན་འདྲེན་ཞུ་མཁན་ནི་ཀླུ་གདོལ་བ་ནག་པོ་ཡིན་ཟེར་ཞིང་། སྲས་མོའི་མཚན་ལ་ཀླུ་མོ་དུང་སྐྱོང་འབར་བ་གསོལ་ལོ། །དེ་ནས་འགོག་མོའི་བུ་ཆུང་བ་ཇོ་སྐྱིད་དམ་པ་སངས་རྒྱས་དེ་སྐུ་འཁྲུངས་རན་པའི་དུས་སུ།  མ་བཞི་དཔོན་པོ་ཁྲོ་ཐུང་གིས་རང་གིས་གཉེར་བའི་རྒྱལ་ས་ཤོར་བར་དོགས་ནས་མ་འགོག་མོ་དེ་མྱུར་བར་གསོད་རྒྱུའི་ངན་སེམས་བཅངས་ཏེ་འགོག་མོའི་རྐང་ལག་བཞི་བོ་ཕྱོགས་བཞིར་བརྒྱངས་ནས་མགོ་བྲག་ལ་གཏད།  ཞབས་ཟུང་ཆུར་གཏད་དེ་སྙིང་ཁར་ཤིང་སྐྱེར་བའི་མེ་ཕུང་སྦར་ན་ཡང་།  ཇོ་སྐྱིད་ཡིད་བཞིན་ནོར་བུ་ནི་སངས་རྒྱས་སྟོང་གི་ཐུགས་སྲས་ཡིན་པས་མེས་སྤུ་ཙམ་ཡང་ཚིག་མ་ཐུབ་པར་མ་ཟད། གནོད་སྐྱོན་ཙམ་ཡང་མ་ཐེབས་ཐམས་ཅད་གྲོགས་སུ་གྱུར་པའི་རྐྱེན་གྱིས་ཁྲོ་ཐུང་གི་ཐབས་བཀོད་ཟད་དེ་མཐའ་མཇུག་མ་འགོག་མོ་རྨ་སྨད་གཡུ་ལུང་སུམ་མདོ་རུ་ཕར་བསྐྲད་དོ་ཞེས་བརྗོད་པ་ལགས།  
              སྤྱིར་ཨ་ཁུ་ཁྲོ་ཐུང་རྒྱལ་པོའི་མཁར་མི་འགྱུར་ཕོ་རོག་སྙིང་རྫོང་དང་འབྲེལ་བའི་ལོ་རྒྱུས་མང་པོ་མཆིས་མོད་ཀྱང་དུས་སུ་བབ་པའི་ཆར་དང་སྐབས་སུ་བབ་པའི་གཏམ་ཟེར་བའི་དཔེ་བཞིན།  འདིར་སྐབས་བབ་ཀྱི་བརྗོད་བྱ་གཙོ་བོ་མིན་པས་ཕྱིས་སུ་སྐབས་གླགས་བཙལ་ནས་ཞིབ་ཏུ་བརྗོད་པར་བྱའོ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1