༄༅།། བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།

བསོད་རིན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། སྤེལ་དུས། 11-19


བསོད་རིན།
          སྤྱིར་ཡིག་སྒྱུར་ལོ་རྒྱུས་ལ་རགས་པའི་ཆ་ནས་དབྱེ་ན་གསུམ་དུ་དབྱེ་སྲོལ་ཡོད་དེ། ཁ་སྐད་ཕན་ཚུན་བསྒྱུར་བའི་དུས་སྐབས་དང་། ཡི་གེ་ཕན་ཚུན་བསྒྱུར་བའི་དུས་སྐབས། རིག་གནས་ཕན་ཚུན་བསྒྱུར་བའི་དུས་སྐབས་བཅས་ཡིན། དེ་ལས་དང་པོ་ནི་ཉེ་འབྲེལ་རྒྱལ་ཁབ་དང་ཡང་ན་ཉེ་འབྲེལ་མི་རིགས་ཕན་ཚུན་དབར་དངོས་ཟོག་བརྗེ་ལེན་གྱི་དགོས་མཁོ་ལ་དམིགས་ནས་སྟབས་བདེའི་ཁ་སྐད་བསྒྱུར་བའམ་ཡང་ན་ལག་བརྡ་བྱེད་ཀྱི་ཡོད་པ་རེད།   བསྒྱུར་དེ་རིགས་ཆེས་ཐོག་མའི་ལོ་ཙཱའི་རྣམ་པ་ཞིག་ཡིན་པས་དེ་ལ་མང་ཚོགས་རང་བཞིན་དང་བཀོལ་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། དུས་མཚམས་གཉིས་པ་ནི་ཡི་གེ་བྱུང་རྗེས་ཀྱི་བསྒྱུར་གྱི་རྣམ་པ་ལ་ཟེར་ཞིང་། དུས་སྐབས་དེའི་ཡིག་བསྒྱུར་ནི་གཙོ་བོ་ཆོས་ལུགས་ཀྱི་དཔེ་ཆ་དང་། རྩོམ་རིག་གྲགས་ཅན། དེ་བཞིན་རིག་གནས་གཞན་གྱི་དཔེ་ཆ་སོགས་གཙོ་བོར་བསྒྱུར་རྒྱུ་ཡིན་པས་དེ་ལ་ཤེས་ཡོན་གྱི་ཚད་གཞི་ངེས་ཅན་ཡོད་པས་མི་རིགས་གང་གི་རིག་གནས་ཀྱི་ཚད་གཞི་འཇལ་བྱེད་ལྟ་བུ་ཡིན། དུས་མཚམས་འདིའི་ནང་ཐད་སྒྱུར་དང་། དོན་སྒྱུར། སྒྲ་སྒྱུར། ཡིག་སྒྱུར་གྱི་ཚད་གཞི་ཟེར་བ་སོགས་ཆགས་པས་ལོ་རྒྱུས་ཀྱི་བར་བརྒལ་དུས་ཚོད་རིང་བ་མ་ཟད། ནང་དོན་ཡང་ཆེས་སྣ་མང་ཞིག་ཏུ་སླེབས་ཡོད།   
          དུས་མཚམས་གསུམ་པ་ནི་རིག་གནས་ཡིག་བསྒྱུར་གྱི་དུས་མཚམས་ལ་ཟེར་བ་ཡིན།  དུས་མཚམས་འདིའི་ཡིག་བསྒྱུར་ནི་མི་རིགས་ཡོངས་ཀྱི་རིག་གནས་སྤེལ་རེས་ཀྱི་དུས་མཚམས་ཞིག་ཡིན་པས་རིག་གནས་ཕན་ཚུན་འབྲེལ་གཏུགས་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག་ཆགས་པ་རེད། དུས་མཚམས་འདིའི་ཡིག་བསྒྱུར་ཞེས་པ་སྐད་དང་ཡི་གེ་བསྒྱུར་བ་ཁོ་ན་ཙམ་མིན་པར། ཕན་ཚུན་ཆ་འཕྲིན་བརྗེ་བསྒྱུར་དང་བསམ་པའི་གསང་བ་བརྗེ་བསྒྱུར་བྱེད་པའི་དུས་སྐབས་ཤིག་ལ་སླེབས་པ་རེད།   
          ཡང་སྒོས་བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་འདི་མི་རིགས་གཞན་དང་འདྲ་བར་དུས་ཡུན་ཧ་ཅང་རིང་བའི་ལོ་རྒྱུས་ལྡན་ཡོད། རྒྱ་ནག་གི་ཡིག་བསྒྱུར་ལོ་རྒྱུས་འདྲེན་སྐབས་དུས་མཚམས་བཞི་ལ་དབྱེ་འདུག་པ་ནི་ནང་ཆོས་བསྒྱུར་བའི་དུས་སྐབས་དང་། ནུབ་ཕྱོགས་ཀྱི་ཤེས་ཡོན་བསྒྱུར་བའི་དུས་སྐབས། བསྒྱུར་གསར་མའི་དུས་སྐབས། བཅིངས་འགྲོལ་རྗེས་ཀྱི་ཡིག་བསྒྱུར་དུས་སྐབས་བཅས་སོ། གོང་སྨོས་དུས་མཚམས་བཞི་པོ་འདི་བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་ཚུལ་ལ་བཀབ་ན་མི་འཐད་པར་སེམས་ཏེ་དུས་ཀྱི་ཆ་ལ་འགལ་བ་འབྱུང་བའི་ཕྱིར་རོ།   
          འོ་ན་བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་ཀྱི་དུས་མཚམས་འདི་ཇི་ལྟར་བྱས་ནས་ཕྱེ་དགོས་སམ་ཞེ་ན།   ཁོ་བོའི་རྨོངས་ཚོད་ལྟར་ན་དུས་མཚམས་གསུམ་དུ་ཕྱེ་ན་ཆོག་སྙམ། དེ་ཡང་དང་པོ་སློབ་དཔོན་ཐུ་མི་སོགས་ཀྱིས་རྒྱ་གར་གྱི་ཆོས་གཞུང་ཐོག་མར་བསྒྱུར་བ་ནས་དཔལ་ལྡན་ས་སྐྱ་པའི་དུས་ཀྱི་ཆོས་རྗེ་ས་པཎ་ཡན་ལ་ངོས་བཟུང་ཞིང་དུས་མཚམས་དེའི་ནང་གཙོ་བོ་ནང་བསྟན་གྱི་ཆོས་ལུགས་བསྒྱུར་བའི་དུས་སྐབས་ཞིག་དང་། དུས་མཚམས་གཉིས་པ་ནི་ཆོས་རྗེ་ས་པཎ་ནས་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་བར། དུས་མཚམས་དེའི་ནང་གཙོ་བོ་རིག་པའི་གནད་མང་དག་ཅིག་བསྒྱུར་ཅིང་དར་ལ། ཐ་སྙད་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བའི་དུས་སྐབས་ཤིག་ཡིན། དུས་མཚམས་གསུམ་པ་ནི་བཅིངས་འགྲོལ་རྗེས་ནས་ད་ལྟའི་བར་དུ་ཡིན་ཞིང་འདིའི་ནང་གཙོ་བོ་གསར་དར་རིག་གཞུང་ཁག་དང་རང་བྱུང་ཚན་རིག་སྐོར་གྱི་བསྒྱུར་ཆོས་མང་པོ་ཞིག་ཐོན་ཡོད།   
          དུས་རིམ་དང་པོ། ནང་བསྟན་ཆོས་ལུགས་བསྒྱུར་བའི་དུས་རིམ་ཞེས་པ་ནི་གཙོ་བོ་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སྐབས་གཉིས་ཡིན་ཞིང་། བསྟན་པ་སྔ་དར་སྐབས་ལོ་ཙཱ་བ་མི་གྲངས་བདུན་ཅུ་དོན་བཞི་བྱོན་ནས་དེ་དག་གིས་རྒྱ་གར་དང་རྒྱ་ནག་སོགས་ཀྱི་ཆོས་དཔེ་དང་རིག་གཞུང་མང་པོ་བསྒྱུར་བ་ནི་སྲོང་བཙན་སྐབས་བོད་ཀྱི་ལོ་ཙཱ་བའི་ཐོག་མ་ཐུ་མིས《སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག》དང《ཟླ་བ་སྒྲོན་མེའི་མདོ》སོགས་བསྒྱུར་ནས་ནང་ཆོས་བོད་དུ་བསྒྱུར་བའི་སྲོལ་ཐོག་མར་ཚུགས། དེ་རྗེས་དུས་རབས་བརྒྱད་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་གཙུག་ལག་ཁང་བཞེངས་ནས་རྒྱ་གར་སྒྲ་བསྒྱུར་གླིང་དུ་ལོ་པཎ་དུ་མ་ཚོགས་ཏེ་པཎ་ཊི་ཏས་བཤད། ལོ་ཙཱ་བས་བསྒྱུར། ཞུས་ཆེན་གྱིས་གཏན་ལ་ཕབ་པར་མཛད་ནས་ཆོས་དང་རིག་གནས་སྔར་མ་གྲགས་པ་ཞིག་བསྒྱུར་ནས་ནང་པའི་ཆོས་ཀྱི་རྩ་བ་བརྟན་པོ་ཞིག་བཙུགས། དེའི་སྐབས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ཞེས་གྲགས་པ་རྣམས་བྱོན་ནས་ཕར་ཕྱིན་དང་། དབུ་མ། འདུལ་བའི་སྐོར། གསང་སྔགས་ཀྱི་སྐོར། མངོན་པ་སོགས་མང་དག་ཞིག་བསྒྱུར་གནང་མཛད། ཕྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྔོན་ཡབ་མེས་ཀྱི་མཛད་འཕྲིན་མུ་མཐུད་བསྐྱངས་ནས་རྒྱ་གར་དང་། བལ་པོ། ཁ་ཆེ་སོགས་ཀྱི་པཎ་གྲུབ་དུ་མ་གདན་དྲངས་ནས་ནང་ཆོས་མང་པོ་བསྒྱུར་བ་དང་། སྔར་བསྒྱུར་ལ་དག་བཅོས་མཛད་ནས་བཀས་བཅད་ཀྱིས་གཏན་ལ་ཕབ་ནས་གཞུང་ཚད་དང་བམ་གྲངས་སོགས་ངེས་པར་བྱས་ཏེ་དཀར་ཆག་ཏུ་བསྣན་པར་མཛད་པ《དཀར་ཆག་འཕང་ཐང་མ》དང《སྒྲ་སྦྱོར་བམ་གཉིས》ལ་སོགས་པ་རྣམས་རེད། ཕྱིས་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་རྗེས་ནང་བསྟན་གྱི་ཆོས་གཞུང་བསྒྱུར་རྒྱུ་ལྟ་ཞོག་འཆད་ཉན་བྱེད་པའང་ཉིན་མོའི་སྐར་མ་ཇི་བཞིན་གྱུར། བསྟན་པ་ཕྱི་དར་ནི་སྟོད་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཙཱ་བ་རིན་བཟང་པོ་ནས་ཡིན་ཏེ《བསྟན་རྩིས་གསལ་བའི་ཉིན་བྱེད》ལས“ཡེ་ཤེས་འོད་འདི་རབ་ཏུ་བྱུང་། །ལོ་ཆེན་རིན་བཟང་སོགས་ཀྱིས་འཕགས་ཡུལ་ནས་གསར་མའི་འགྱུར་འགོ་བཙུགས་ཏེ། བཤད་སྒྲུབ་ཀྱི་བསྟན་པ་ལུང་རིགས་ཀྱིས་གཏན་ལ་ཕབ་པ་ནི་ཕྱི་དར་རྒྱལ་བའི་བསྟན་པ་ཤིན་ཏུ་དར་བའི་འགོ་བཙུགས་པ་ཡིན་ནོ། དོན་འདི་ལ་དགོངས་ནས་ཆོས་ལ་འཇུག་པའི་སྒོ་ལས། འོད་སྲུངས་ནས་བརྩམས་ཏེ་དེ་ཡན་ཆད་ནི་གངས་ཅན་འདི་ན་གཙུག་ལག་ཁང་དང་གླེབས་བམ་བཞུགས་མེད། བཤད་པའི་བཀའ་ཉམས་པས་གཟུ་ལམ་དུ་མ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པའི་གཟུགས་ལ་སྤྱོད་པ་ཡིན་ནོ། ཞེས་སོགས་དང་རབ་དབྱེ་ལས། དེ་ཚེ་བླ་མ་ཡེ་ཤེས་འོད། །ཆོས་རྒྱལ་དེ་ཡི་སྐྱེས་བུ་མཆོག །རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པའི། །མཁས་མཆོག་དེ་ཡིས་སྔོན་མེད་པའི། །ཆོས་རྣམས་ཕལ་ཆེར་བསྒྱུར་ཅིང་ཞུས།①ཞེས་གསུངས་པ་ལྟར་བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་རིན་ཆེན་བཟང་པོས་གཙོས་པའི་ལོ་པཎ་དུ་མས་ཉེ་འབྲེལ་རྒྱལ་ཁབ་ཁག་གི་ནང་པའི་ཆོས་གཞུང་མང་དག་ཞིག་བསྒྱུར་ཡོད་པ་མ་ཟད།  སྔ་བསྒྱུར། བར་བསྒྱུར། ཕྱི་བསྒྱུར་གྱི་སྐྱོན་རྣམས་བསལ་ནས་བཀས་བཅད་གསུམ་པ་དེ་མཛད་པ་རེད། གཞན་ཡང་ལོ་ཆེན་འདི་ནས་བཟུང་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་བས་གསང་སྔགས་གསར་མ་དང་རྙིང་མ་ཞེས་པའི་ཁྱད་པར་བྱུང་ལ། ཚད་མའི་གཞུང་དང་དུས་འཁོར་སོགས་བསྒྱུར་ནས་བོད་ཀྱི་རིག་གཞུང་དེ་ཆེས་ཆེར་ཕུན་སུན་ཚོགས་སུ་བཏང་། ལྷག་པར་དུ་དུས་མཚམས་འདིའི་ནང་བོད་དུ་ཆོས་ལུགས་ཀྱི་གྲུབ་མཐའ་འགའ་ཞིག་ཐོན་བཞིན་པ་ནི《བསྟན་རྩིས་གསལ་བའི་ཉིན་བྱེད》ལས“རྒྱལ་བའི་བསྟན་པ་སྤྲིན་མེད་ཀྱི་མཁའ་ལ་རྒྱུ་སྐར་གྱི་ཚོགས་བཀྲ་བ་ལྟ་བུ་ཞིག་དར་བ་ཡིན་ཏེ། དེ་ཡང་འབྲོག་མི་ནས་བརྒྱུད་པའི་ལམ་འབྲས།  མར་པ་ནས་བརྒྱུད་པའི་བཀའ་བརྒྱུད། འབྲོམ་ནས་བརྒྱུད་པའི་བཀའ་གདམས། དམ་པ་ནས་བརྒྱུད་པའི་ཞི་བྱེད། ཁྱུང་པོ་ནས་བརྒྱུད་པའི་ནི་གུ། རྨངས་ར་སེར་པོ་ནས་བརྒྱུད་པའི་ཕོ་བཅོད། མ་གཅིག་ནས་བརྒྱུད་པའི་མོ་བཅོད་སྐོར་དང་བཅས་པའི་ཕྱི་དར་ཉིད་ལ་ལྷག་ཏུ་འཕེལ་བའི་སྒོ་ཆེན་པོ་དྲུག   ལོ་ཆེན་ནས་བརྒྱུད་པའི་ཡོ་གའི་ཆོས་སྐོར་དང་བཅས་པ་བདུན་དར”②ཞེས་གསུངས་པ་ལྟར་བསྟན་པ་ཕྱི་དར་སྐབས་རྒྱ་གར་གྱི་སློབ་དཔོན་ནས་ཆོས་ཀྱི་གདམས་པ་ཉམས་ལེན་བྱས་ཏེ་རང་གི་ལྟ་བའི་འདོད་ཚུལ་སྟོན་པའི་གྲུབ་མཐའ་མང་དག་ཞིག་ཐོན་ཡོད་པ་རེད། འདིའི་ཐད་ལོ་ཙཱ་བའི་ཡིག་བསྒྱུར་གྱི་ལས་ཀས་ནུས་པ་དམིགས་བསལ་བཏོན་ཡོད་པ་ཆོས་འབྱུང་ཁག་ལས་གསལ་པོར་རྟོགས་ཐུབ།   
          དུས་མཚམས་གཉིས་པ་ནི་ཆོས་རྗེ་ས་པཎ་ནས་བོད་ཞི་བས་བཅིངས་འགྲོལ་མ་བཏང་བར་ལ་ཡིན་ཞིང་། དུས་མཚམས་དེའི་ནང་གཙོ་བོ་ཐ་སྙད་རིག་གནས་དང་འབྲེལ་བའི་རིག་གནས་གཞན་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་ནས་ཉམས་ལེན་བྱེད་པའི་དུས་སྐབས་ཤིག་ལ་སླེབས་པ་རེད།   
          བསྟན་པ་ཕྱི་དར་སྐབས་རྒྱ་གར་དང་བལ་པོ་སོགས་སུ་སློབ་སྦྱོང་ལ་བྱོན་མཁན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཚད་མའི་གཞུང་ལུགས་དང་། སྒྲ་གཞུང་། ལེགས་སྦྱར་གྱི་བརྡ་སྤྲོད་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་ཡོད། འོན་ཀྱང་གཞུང་ལུགས་དེ་དག་ཆི་ཚང་བ་དང་གོ་རིམ་ཡོད་པའི་ཐོག་ནས་བོད་ཀྱི་སྐད་དུ་ཕབ་མེད་རྐྱེན་ཁྱབ་གདལ་དེ་ཙམ་གྱི་ཤུགས་ཆེན་པོ་བྱུང་མེད། དུས་མཚུངས་སུ་དུས་རབས་བཅུ་གསུམ་པའི་དུས་འགོར་རྒྱ་གར་ནུབ་ཕྱོགས་དང་དབུས་ཁུལ་དུ་ཁ་ཆེའི་དམག་དྲངས་པས་ནང་པའི་ཆོས་ལུགས་ཀྱི་གནས་གཞི་ཁག་གཏོར་བཤིག་དང་། གསུང་རབ་མེ་ལ་བསྲེགས་པ། ཆོས་བྱེད་གྲ་བཙུན་དམར་གསོད་བྱས་པ་སོགས་ཀྱིས་ནང་བསྟན་ཆོས་ལུགས་མེད་པར་གྱུར། བོད་འདི་ཡང་ལྟག་ཆུ་ཆད་པའི་རྫིང་བཞིན་གྱུར་ནས་ཕྱི་རྒྱལ་དུ་སློབ་གཉེར་ལ་ཕེབས་མཁན་རིམ་བཞིན་ཉུང་དུ་ཕྱིན།   
          དེ་རྗེས་ཆོས་རྗེ་ས་པཎ་ནས་བཟུང་ཐ་སྙད་རིག་གནས་ལ་མཐོང་ཆེན་དང་སློབ་གཉེར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས། དེ་ཡང་ས་པཎ་གྱིས་རྒྱ་བོད་ཀྱི་པཎ་གྲུབ་དུ་མ་སློབ་དཔོན་དུ་བསྟེན་ནས་སྦྱངས་པ་གནང་ཚུལ་ནི《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》ལས། “སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་། །དམར་སེར་དང་ནི་རྒྱལ་བའི་ལྷ། །བདེ་བར་གཤེགས་པའི་དཔལ་ལས་ཐོས། ། རྒྱན་གྱི་བསྟན་བཅོས་དཎྜི་དང་། ། དབྱངས་ཅན་མགུལ་རྒྱན་ལ་སོགས་པ། ། དགེ་འདུན་དཔལ་ལ་ལེགས་པར་བསླབས། །མངོན་བརྗོད་བསྟན་བཅོས་འཆི་མེད་མཛོད། ། དེ་ཡི་རྒྱ་ཆེར་འགྲེལ་བཅས་པ། ། མཁས་པ་གསུམ་ལ་ལེགས་པར་གཏུགས། ། ནག་མོ་ཁོལ་གྱི་སྙན་ངག་གསུམ། བདེ་བར་གཤེགས་པའི་དཔལ་གྱིས་བཤད།”③ཅེས་སོགས་ལས་རྟོགས་ནུས་ཅིང་། ལྷག་པར་རིག་གནས་ལྔའི་རྣམ་གཞག་མཛད་ནས་སྐུ་དྲིན་ཤིན་ཏུ་ཆེ་བ་ནི《ཐ་སྙད་རིག་གནས་ལྔའི་བྱུང་ཚུལ》ལས“དེ་ལྟར་ན་རིག་གནས་རྣམ་པ་བཅུའི་སྲོལ་ལེགས་པར་ཕྱེས་ནས་གངས་རིའི་ལྗོངས་ཀྱི་བློ་གསལ་དག་མཁས་པ་མཁས་པ་ཞེས་བྱས་པའི་གྲངས་སུ་ཆུད་ཅིང་། རིགས་པ་དང་མི་རིགས་པའི་ཚུལ་མཐའ་དག་བྱེད་ཤེས་པ་ནི་རྗེ་བཙུན་ཉིད་ཀྱི་སྐུ་དྲིན་ཡིན་ལ”④ཞེས་དང་། ཡང་དེ་ལས“གནད་དེས་ན་བོད་ཡུལ་གངས་རིའི་ལྗོངས་འདིར་ཐེག་པ་གསུམ་དང་རིག་གནས་ཆ་ཤས་ཙམ་གྱིས་འགྱུར་དང་བཤད་པ་མཛད་པ་ནི་སྔོན་དུས་ཀྱང་མང་དུ་བྱུང་མོད། བདག་ཉིད་ཆེན་པོ་ས་པཎ་མ་བྱོན་གོང་དུ་རིག་གནས་རྣམ་པ་བཅུའི་སྲོལ་ཆེར་མ་དར་ལ”⑤ཞེས་དང་རྒྱལ་བ་ལྔ་པ་ཆེན་པོས“ས་སྐྱ་པཎ་ཊི་ཏ་ཞེས་སྙན་པའི་གྲགས་པ་དབུས་འགྱུར་རྡོ་རྗེ་གདན་གྱི་མཛེས་རྒྱན་དུ་སྤུངས།   བོད་འདིར་གནས་ལྔ་རིག་པའི་སྲོལ་འབྱུང་བ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཅིང”⑥ཞེས་གསུངས་པ་ཡང་གནད་ལ་འཁེལ་བའི་ལེགས་བཤད་ཅིག་ཏུ་འཁུམས།   
          དེ་རྗེས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་དང་། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ས་བཟང་མ་ཏི་པཎ་ཆེན། ལོ་ཆེན་བྱང་ཆུབ་རྩེ་མོ། སྣར་ཐང་ལོ་ཙཱ་བ། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཞ་ལུ་ལོ་ཆེན་སོགས་རིག་པའི་གནད་མཐའ་དག་ལ་མཁྱེན་རྒྱ་ཡངས་པའི་མཁས་གྲུབ་དུ་མ་བྱོན་ནས་སྒྲ་དང་། བཟོ། གསོ། ཚད་མ་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྙན་ངག་སོགས་ཀྱི་བརྩམས་ཆོས་མི་ཉུང་བ་ཞིག་བཞག་གནང་ཡོད་པ་རེད། དུས་མཚམས་དེའི་ནང་གི་ལོ་ཙཱ་བ་གསོ་སྐྱོང་བྱ་ཡུལ་ནི་གཙོ་བོ་དགོན་སྡེ་ཁག་དང་མཁས་པ་ཟུར་དུ་གདན་དྲངས་ནས་སློབ་སྦྱོང་བྱེད་པ་སྟེ། བོད་རང་གིས་གསོ་སྐྱོངས་བྱེད་པ་ལས་རྒྱ་བལ་སོགས་སུ་བྱོན་ནས་སློབ་སྦྱོང་བྱེད་པའི་སྔོན་གྱི་ལམ་སྲོལ་དེ་མེད་པར་གྱུར། དེར་བརྟེན་ལོ་ཙཱ་བའི་གྲངས་འབོར་ཀྱང་ཉུང་དུ་ཕྱིན་ཡོད་པ་ནི་དུང་དཀར་རིན་པོ་ཆེས《བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་འཕེལ་རྒྱས་སྐོར》ཞེས་པའི་ནང“མཁས་དབང་དགེ་འདུན་ཆོས་འཕེལ་བཅས་ལྔ་བསྣན་པས་ཁྱོན་བསྡོམས་བསྟན་པ་ཕྱི་དར་གྱི་སྐབས་བྱོན་པའི་རང་རིགས་ཀྱི་ལོ་ཙཱ་བ་མི་གྲངས་བརྒྱད་དང་བརྒྱད་ཅུ་གྱ་ལྔ་བྱུང་ཡོད་ཅིང། དེ་རྣམས་ཀྱི་ནང་ནས་ལོ་ཆེན་རིན་ཆེན་བཟང་པོ་ནས་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱི་བར་ལོ་ཙཱ་བ་བརྒྱ་དང་ལྔ་བཅུ་ང་དྲུག་ཡོད་པའི་ཁོངས་ནས་རེ་གཉིས་མ་གཏོགས་ཚང་མ་རྒྱ་གར་དང་། ཁ་ཆེའི་ཡུལ།  བལ་ཡུལ་བཅས་སུ་ཕེབས་ནས་སློབ་གཉེར་ཐོན་པ་ཤ་སྟག་ཡིན་ལ། དེ་འཕྲོས་རྣམས་བོད་ས་གནས་རང་དུ་བཞུགས་ནས་སློབ་སྦྱོང་མཛད་པ་ཞིག་ཡིན”⑦ཞེས་གསུངས། གོང་གསལ་དུམ་བུ་དེ་ལས་ང་ཚོས་ཤེས་རྟོགས་བྱུང་བར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནས་བོད་དུ་ལོ་ཙཱའི་གྲངས་འབོར་ཉུང་དུ་ཕྱིན་ནས་མཐར་དགེ་འདུན་ཆོས་འཕེལ་ལགས་བར་ལོ་ཙཱ་བ་མི་གྲངས་ཉེར་དགུ་ཙམ་མ་གཏོགས་བྱུང་མེད་པ་རེད།   
          དེའི་རྒྱུ་མཚན་ཡང་། གཅིག རྒྱ་གར་གྱི་ནང་བསྟན་ཆོས་ལུགས་རྩ་མེད་དུ་ཕྱིན་ནས་མིང་ཙམ་མ་གཏོགས་ལྟག་མེད་པ་དང་། གཉིས། བོད་དུ་རིག་པའི་གནས་བཅུ་ལ་སྦྱངས་བརྩོན་བྱ་རྒྱུ་དེ་མཁས་པའི་གོ་སར་བསྙེགས་པའི་ཚད་གཞི་ལྟ་བུ་ཞིག་ཆགས་པ། གསུམ་པ།  བོད་ཀྱི་ཡུལ་གྲུ་ཁག་ཏུ་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་མང་པོ་ཐོན་པས་སོ་སོའི་ལྟ་བ་གཡོ་མེད་དུ་སྲུང་དགོས་པ་བཅས་ལས་ཡིན་སྙམ།   དུས་མཚམས་འདིའི་ནང་གཙོ་བོ་ཆོས་དང་རིག་གནས་ཀྱི་གཞུང་ལུགས་བསྒྱུར་རྒྱུ་མིན་པར་སྔར་བསྒྱུར་ཟིན་པའི་ནང་དོན་སློབ་སྦྱོང་དང་གོ་བ་རྒྱ་ཆེར་བྱས་ཏེ་འགྲེལ་པ་རྩོམ་པའམ་ཡང་ན་གསར་རྩོམ་བྱེད་པའི་དུས་མཚམས་ཤིག་ཡིན།    
          དུས་མཚམས་གསུམ་པ་ནི་བཅིངས་འགྲོལ་རྗེས་ནས་ད་ལྟའི་བར་གྱི་གསར་དར་རིག་གཞུང་ཁག་དང་ཚན་རིག་ལག་རྩལ་སྐོར་གྱི་བསྒྱུར་ཆོས་མང་པོ་ཐོན་པའི་དུས་མཚམས་འདི་ལ་ངོས་འཛིན་དགོས་པར་སེམས།    
          དུས་མཚམས་འདི་ནི་མིའི་རིགས་ཀྱི་ཤེས་རིག་གི་ཉིང་བཅུད་ལེན་པའི་དུས་མཚམས་ཤིག་ཡིན་ཞེས་བརྗོད་ཆོག    དེ་ཡང་བཅིངས་འགྲོལ་རྗེས་ཀྱི་ལོ་རབས་ལྔ་བཅུ་ནས་བདུན་ཅུའི་བར་དུ་མིའི་རིགས་ཀྱི་ཆེས་ཡར་ཐོན་གྱི་བསམ་བློ་མཚོན་པའི་མར་ཁེ་སི་དང་། ཨེན་ཁེ་སི། ལེ་ཉིན། མའོ་ཙེ་ཏུང་སོགས་ཀྱི་གསུང་རྩོམ་འབོར་ཆེན་ཞིག་བོད་ཡིག་ཏུ་བསྒྱུར་པས་མི་དམངས་མང་ཚོགས་ལ་བསམ་བློའི་དྲོ་སྐྱིད་སྦྱིན་པ་དང་། དེ་རྗེས《ཆུ་ངོགས་གཏམ་རྒྱུད》དང་།《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》 《ནུབ་ཕྱོགས་སུ་བསྐྱོད་པའི་སྒྲུང》སོགས་མི་རིགས་གཞན་གྱི་ཕུལ་བྱུང་རྩོམ་རིག་བོད་ཡིག་ཏུ་ཕབ། དེ་བཞིན་ཞིང་ལས་འཕྲུལ་ཆས་སྐོར་གྱི་དཔེ་དེབ་དང་། ཞོར་ལས་ཐོན་སྐྱེད་སྐོར་གྱི་དཔེ་དེབ་སོགས་བོད་ཡིག་ཏུ་བསྒྱུར་ནས་བོད་གྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། ལྷག་དོན་དུ་ཏང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་གསུམ་པ་འཚོགས་རྗེས་གོང་རིམ་ནས་བོད་ཀྱི་སྐད་ཡིག་ལ་གཟིགས་སྐྱོང་ཆེན་པོ་གནང་སྟེ་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་བཙུགས་གནང་བ་དང་། ལྗོངས་རྩོམ་སྒྱུར་ཅུད་དང་། ལྗོངས་སློབ་གཞི་རྩོམ་སྒྱུར་ཅུད།  བོད་ཀྱི་ལོ་ཙཱའི་མཐུན་ཚོགས་སོགས་སྒྲིག་གཞི་རབ་དང་རིམ་པ་བཙུགས་ནས་བོད་ཀྱི་སྐད་ཡིག་དང་ཡང་སྒོས་ལོ་ཙཱའི་བྱ་གཞག་ལ་མཛུབ་ཁྲིད་དང་སྐུལ་འདེད་ཤུགས་ཆེན་གཏོང་གི་ཡོད་པ་རེད། གཞན་ཡང་བརྙན་འཕྲིན་དང་། རྒྱང་བསྒྲགས། ཚགས་པར། དུས་དེབ་སོགས་དྲིལ་བསྒྲགས་ལས་ཀའི་ཡིག་སྒྱུར་ལ་མཐོང་ཆེན་གནང་སྟེ་སྐད་གཉིས་ཐོག་ནས་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་གནང་སྟེ་གཤམ་འོག་མང་ཚོགས་ཚོས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་བཞིན་ཚན་རིག་ལག་རྩལ་སྐོར་གྱི་དཔེ་དེབ་འབོར་ཆེན་ཞིག་བོད་ཡིག་ཏུ་བསྒྱུར་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་དུས་རབས་ཀྱི་འཕོ་འགྱུར་དང་འཚམས་པའི་ཤེས་བྱ་གང་མང་ཁོང་དུ་ཆུད་ཐབས་བྱེད་པ། སློབ་གྲྭ་ཆེ་ཁག་ཏུ་སྐད་གཉིས་སློབ་ཁྲིད་ལ་མཐོང་ཆེན་བྱས་ཏེ་ལོ་ཙཱ་ཤེས་པའི་སློབ་མ་གང་མང་གསོ་སྐྱོང་བྱེད་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དཔེ་ཆ་ཡང་འབོར་ཆེན་ཞིག་རྒྱ་ཡིག་དང་དབྱིན་སྐད་སོགས་སུ་བསྒྱུར་ནས་བོད་ཀྱི་ཕུལ་བྱུང་རིག་གནས་འཛམ་གླིང་ལ་ངོ་སྤྲོད་དང་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།   
          དེས་ན་བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་ཀྱི་དུས་མཚམས་གསུམ་པ་འདི་འོད་སྟོང་འཕྲོ་བའི་དུས་མཚམས་ཤིག་ཡིན་ཏེ། གཅིག་ནས་ཡིག་སྒྱུར་བྱེད་པའི་དུས་ཡུན་ཐུང་ཡང་བསྒྱུར་ཆོས་ཤིན་ཏུ་མང་བ་དང་། གཉིས་ནས་སྒྱུར་བྱེད་ཀྱི་ཡིག་ཆའི་རིག་གནས་ཕུན་སུམ་ཚོགས་ལ་ནང་དོན་རྒྱ་ཆེ་བ། གསུམ་ནས་བོད་ཀྱི་ཕུལ་བྱུང་རིག་གནས་འཛམ་གླིང་ལ་ཁྱབ་ཐུབ་པ་བཅས་སོ། །    
མཆན།   
1. 《བསྟན་རྩིས་གསལ་བའི་ཉིན་བྱེད》P.72 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང1987ལོའི་དཔར་གཞི།   
2.《བསྟན་རྩིས་གསལ་བའི་ཉིན་བྱེད》74-75བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང1987ལོའི་དཔར་གཞི།   
3.《ས་སྐྱ་གདུང་རབས་རིན་ཆེན་བང་མཛོད》P.86 མི་རིགས་དཔེ་སྐྲུན་ཁང1986ལོའི་དཔར་གཞི།   
4. 《ཐ་སྙད་རིག་གནས་ལྔའི་བྱུང་ཚུལ》P.293བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང1987ལོའི་དཔར་གཞི།   
5.《ཐ་སྙད་རིག་གནས་ལྔའི་བྱུང་ཚུལ》P.294བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང1987ལོའི་དཔར་གཞི།   
6. 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》P.94མི་རིགས་དཔེ་སྐྲུན་ཁང1988ལོའི་དཔར་གཞི།   7. དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔེ་ཚོགས་དེབ(ཇ)《བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་འཕེལ་རྒྱས་སྐོར》P.309མི་རིགས་དཔེ་བསྐྲུན་ཁང2004ལོའི་དཔར་གཞི།
(དཔྱད་རྩོམ་འདི་ཉིད《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》2005ལོའི་དུས་དེབ་དང་པོར་བཀོད།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1