གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བསྟན་པ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༢༡ཉིན།

༄༅།། རྟོགས་དཀའ་བ་གཞན་སེལ་གྱི་ངོ་བོར་ཅུང་ཟད་དཔྱད་པ།

བསྟན་པ་ཚེ་རིང་།

དང་པོ། གཞན་སེལ་གྱི་རྣམ་གཞག་འདི་ཇི་ལྟར་འཕྲོས་པའི་ཚུལ་བཤད་པ།
           གཞན་སེལ་གྱི་རྣམ་གཞག་འདི་ཀུན་བཏུས་སུ་ལེའུ་ལོགས་སུ་མཛད་པ་དང་རྣམ་འགྲེལ་དུ་ནི་ལེའུ་དང་པོ་རང་དོན་རྗེས་དཔག་གི་ལེའུར་རྒྱས་པར་བསྟན་པ་ཡིན་ལ། དེ་ཇི་ལྟར་འཕྲོས་པའི་ཚུལ་ཡང་ཐོག་མར་རང་བཞིན་རྟགས་ཀྱི་རྟགས་ཆོས་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པའི་སྐབས་ནས་འཕྲོས་པ་ཡིན་ཏེ། དེའང་རང་ལུགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའི་རང་བཞིན་རྟགས་ཀྱི་རྟགས་ཆོས་ངོ་བོ་ཐ་དད་མེད་པར་བཤད་དེ། བྱས་མི་རྟག་རྫས་གཅིག་ཏུ་ཁས་བླངས་པ་དང་། བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་བླངས་པ་ལ་འགལ་བ་མེད་པར་འདོད་པར། ཕྱོགས་སྔར་འབྱུང་བའི་དོགས་པ་ནི། གལ་ཏེ་བྱས་མི་རྟག་རྫས་གཅིག་ཡིན་ན། བྱས་པའི་རྫས་དང་མི་རྟག་པའི་རྫས་ཀྱང་གཅིག་ཏུ་འགྱུར་དགོས་ལ།  དེ་ལྟར་ན་རྫས་སུ་གྲུབ་པའི་བྱས་མི་རྟག་ཐ་དད་མེད་པར་འགྱུར་བས། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པའམ་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ་སྙམ་པ་འདི་ཡིན་ལ། བྱས་མི་རྟག་རྫས་གཅིག་ཡིན་ན་བྱས་པའི་རྫས་དང་མི་རྟག་པའི་རྫས་གཉིས་ཀྱང་གཅིག་ཡིན་དགོས་སྙམ་པ་འདི་ནི་གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པའི་གྲུབ་པའི་མཐའི་རྩ་བའི་དོགས་པ་ཡིན་ཏེ། འདི་ལྟར་གྲངས་ཅན་ཡང་སྤྱི་གཙོ་བོའི་ངང་དུ་རྣམ་འགྱུར་ཐམས་ཅད་ངོ་བོ་གཅིག་པར་ཁས་བླངས་པ་ན། རྣམ་འགྱུར་རྣམས་སྤྱི་གཙོ་བོ་དང་ངོ་བོ་གཅིག་ཀྱང་རྣམ་འགྱུར་རྣམས་ནང་ཕན་ཚུན་གྱི་ངོ་བོ་ཐ་དད་པའི་རྣམ་དབྱེ་མ་ཤེས་པར།  དཀར་གསལ་གྱི་རང་བཞིན་གང་ཡིན་པ་དེ་ཉིད་ནག་སྒུར་གྱི་ཡང་རང་བཞིན་ཡིན་པ་ལ་སོགས་པའི་སྒོ་ནས་རྣམ་འགྱུར་ཐམས་ཅད་རང་བཞིན་གཅིག་ཏུ་ཁས་ལེན་པར་བྱེད་པ་ཡིན་ལ། བྱེ་བྲག་པ་ཡང་སྤྱི་གསལ་རྣམས་རྫས་གཅིག་ཏུ་ཁས་བླངས་ན་བུམ་སྣང་དང་ཡོད་པ་རྫས་གཅིག་ཡིན་པའི་ཕྱིར། བུམ་པའི་ཡོད་པ་གང་ཡིན་པ་དེ་ཉིད་སྣམ་བུའི་ཡང་ཡོད་པར་འགྱུར་དགོས་ཤིང་། དེ་ལྟ་ན་བུམ་པའི་ཡོད་པ་དང་སྣམ་བུའི་ཡོད་པ་ཁྱད་མེད་དུ་གྱུར་པའི་སྒོ་ནས་བུམ་སྣམ་གཅིག་ཏུ་ཁས་ལེན་དགོས། དེ་བས་ན་སྤྱི་གསལ་རྫས་ཐ་དད་དོ་སྙམ་དུ་སེམས་པར་བྱེད་པ་དེ་བཞིན་དུ་བྱས་མི་རྟག་རྫས་གཅིག་ཏུ་འགྱུར་རོ་སྙམ་དུ་སེམས་པར་བྱེད་དོ། །
           དེ་ལྟ་བུའི་དོགས་པ་དེ་དག་གི་རྩ་བ་དྲུངས་ནས་འབྱིན་པའི་ཕྱིར་དུ་《རྣམ་འགྲེལ་》ལས། “གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །”ཞེས་པ་ནས། “རྣམ་དཔྱོད་རྗོད་པར་བྱེད་པར་གྲུབ། །”ཅེས་པའི་བར་གྱིས་གཞན་སེལ་གྱི་རྣམ་གཞག་འདི་ཉིད་རྒྱས་པར་བསྟན་པ་ཡིན་ཏེ། དེའང་བྱས་མི་རྟག་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་ཡིན་པའི་ཕྱིར། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་སྐྱོན་མེད་དོ་ཞེས་བྱས་མི་རྟག་སོགས་ལྡོག་པ་ཐ་དད་པའི་ཚུལ་གཏན་ལ་ཕབ་པའི་སྒོ་ནས་རྩོད་པ་དེ་ཉིད་ཀྱི་ལན་དངོས་སུ་འདེབས་པར་བྱེད་ལ། དེ་དག་ཀྱང་། བྱས་མི་རྟག་སོགས་ལྡོག་པ་ཐ་དད་དུ་འབྱེད་པའི་གཞི་དང་། འབྱེད་པའི་རྒྱུ་མཚན་དང་། ཇི་ལྟར་འབྱེད་པའི་པའི་ཚུལ་དང་། དེ་ལྟར་ཕྱེ་བའི་ལྡོག་པ་རྣམས་ལ་སྒྲ་རྟོག་སོ་སོར་འཇུག་ཚུལ་སོགས་ཀྱི་སྒོ་ནས་འཆད་པར་བྱེད་པ་དང་། བྱས་མི་རྟག་སོགས་ལྡོག་པ་ཐ་དད་པའི་ཆ་སྒྲོ་བཏགས་ཡིན་པར་གྲུབ་དགོས་ཏེ། དེ་ལྟར་མ་གྲུབ་ན། བྱས་མི་རྟག་ཐ་དད་པའི་ཆ་དེ་དངོས་པོའི་གནས་ཚོད་དུ་སོང་བས་བདེན་པའི་ཐ་དད་དུ་འགྱུར་ལ། དེ་ལྟ་ན་རྫས་ཐ་དད་དུ་འགྱུར་བའི་ཕྱིར་ངོ་བོ་ཡང་ཐ་དད་དུ་འགྱུར་བས། དེ་གཉིས་ངོ་བོ་གཅིག་ཡིན་ལ། ངོ་བོ་ཐ་དད་ཀྱང་ཡིན་ཞེས་པའི་འགལ་འདུ་ཁས་བླངས་དགོས་པར་འགྱུར་བའི་ཕྱིར་དང་། བྱས་མི་རྟག་སོགས་ལྡོག་པ་ཐ་དད་དུ་འབྱེད་པའི་རྟོག་པའི་སྣང་ཡུལ་དངོས་པོ་མ་ཡིན་པར་འགྲུབ་དགོས་ཏེ། ཅི་སྟེ་རྟོག་པའི་སྣང་ཡུལ་དངོས་པོ་ཡིན་ན་རྟོག་པ་དེ་ཉིད་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པར་འགྱུར་ལ།   དེ་ལྟ་ན་དེ་གཉིས་ཐ་དད་པའི་ཆ་རྫས་གྲུབ་ཏུ་འགྱུར་ནས་བྱས་མི་རྟག་གཉིས་རྫས་ཐ་དད་དུ་ཁས་ལེན་དགོས་པར་འགྱུར་བའི་ཕྱིར་དང་། དེ་ལྟར་རྟོག་པའི་སྣང་ཡུལ་རྫས་སུ་གྲུབ་པ་ཁེག་པའང་སྒྲ་རྟོག་ཡུལ་ལ་སྒྲུབ་པས་འཇུག་པ་ཁེགས་ཤིང་། སེལ་བའི་སྒོ་ནས་འཇུག་པར་གྲུབ་པ་ལ་རག་ལུས་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་ཤེས་པ་གང་གི་སྣང་ཡུལ་རང་མཚན་ཡིན་ན། ཤེས་པ་དེ་ཉིད་སྒྲུབ་འཇུག་ཡིན་པས་ཁྱབ་པའི་ཕྱིར།   རྟོག་པའི་སྣང་ཡུལ་རང་མཚན་ཡིན་ན། རྗོད་བྱེད་ཀྱི་སྒྲའི་དོན་ཡང་མཚན་དུ་འགྱུར་བས་སྒྲ་ཡང་སྒྲུབ་འཇུག་ཏུ་འགྱུར་དགོས་པའི་ཕྱིར་རོ། །  
           མདོར་ན། བྱས་མི་རྟག་གཉིས་ངོ་བོ་གཅིག་ཡིན་ན་གཅིག་ཡིན་དགོས་སྙམ་པའི་དོགས་པ་སེལ་བའི་ཆེད་དུ་བྱས་མི་རྟག་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པའི་ཚུལ་གཏན་ལ་ཕབ་དགོས་པ་ཡིན་ལ། ལྡོག་པ་ཐ་དད་པར་གཏན་ལ་འབེབས་པའང་ལྡོག་པ་ཐ་དད་པའི་ཆ་སྒྲོ་བཏགས་ཡིན་པར་འགྲུབ་དགོས་པ་དང་། དེ་སྒྲོ་བཏགས་སུ་འགྲུབ་པའང་། རྟོག་པའི་སྣང་ཡུལ་དངོས་པོ་མ་ཡིན་པར་འགྲུབ་དགོས་པ་དང་རྟོག་པའི་སྣང་ཡུལ་དངོས་པོ་མ་ཡིན་པར་འགྲུབ་པའང་སྒྲ་རྟོག་ཡུལ་ལ་སེལ་བའི་དབང་གིས་འཇུག་པ་ལ་རག་ལུས་པས་གཞན་སེལ་གྱི་རྣམ་གཞག་འདི་དེ་ལྟ་བུའི་སྒོ་ནས་རྒྱས་པར་འཕྲོས་པ་ཡིན་ལ།    གཞན་ཡང་ངེད་སེལ་བ་སྨྲ་བའི་ལུགས་ལ་ནི་བྱས་མི་རྟག་ངོ་བོ་གཅིག་ཡིན་ན་གཅིག་ཡིན་པར་ཐལ་བའི་ཉེས་པ་དེ་དག་མི་འབྱུང་བ་མ་ཟད། འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་ཐ་སྙད་ཐམས་ཅད་གནོད་མེད་དུ་གཞག་ནུས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དུ་ཡང་གཞན་སེལ་གྱི་རྣམ་གཞག་འདི་རྒྱས་པར་གསུངས་པ་ཡིན་ནོ། །   
གཉིས་པ། གཞན་སེལ་གྱི་ངོ་བོའི་སྐོར་ལ་དཔྱད་པ།   
           སློབ་དཔོན་ཕྱོགས་ཀྱི་གླང་པོས་《ཚད་མ་ཀུན་ལས་བཏུས་》པར་ལེའུ་དྲུག་གསུངས་པར་མངོན་སུམ་ལེའུར་ཤོ་ལོ་ཀ་གྲངས46ཙམ་དང་། རང་དོན་རྗེས་དཔག་ལ་ཤོ་ལོ་ཀ་གྲངས51ཙམ། གཞན་དོན་རྗེས་དཔག་ལ་ཤོ་ལོ་ཀ་གྲངས53ཙམ། དཔེ་དང་དཔེ་ལྟར་སྣང་བརྟག་པར་ཤོ་ལོ་ཀ་གྲངས21ཙམ།  གཞན་སེལ་ལེའུར་ཤོ་ལོ་ཀ་གྲངས55ཙམ། ལྟག་ཆོད་བརྟག་པར་ཤོ་ལོ་ཀ་གྲངས25ཙམ་ཡོད་པ་དེ་དག་ལས་གཞན་སེལ་ལེའུ་འདི་ཤོ་ལོ་ཀ་གྲངས་མང་ཤོས་སུ་སྣང་བ་དང་། དེ་བཞིན་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པའི་བསྟན་བཅོས་ཆེན་མོ་ཚད་མ་རྣམ་འགྲེལ་འདིར་ནི་སྤྱིརཀུན་ལས་བཏུས་སུ་དངོས་སུ་བསྟན་ཟིན་པ་རྣམས་དེར་བཤད་ཟིན་པའི་དབང་དུ་བྱས་ནས་ཟློས་ཏེ་མ་སྨྲས་པར་མདོ་དེར་དངོས་སུ་མ་བཤད་ཅིང་འཆད་དགོས་པ་གང་ཡིན་པ་དེ་དག་ཐམས་ཅད་འདིར་འཆད་པར་བྱེད་པ་ཡིན་ནའང་གཞན་སེལ་གྱི་རྣམ་གཞག་འདི་ནི་འདིར་ཡང་རྒྱས་ཤིང་རྒྱས་པར་འཆད་པ་ཡིན་ཏེ།    ཚད་མ་རྣམ་འགྲེལ་ལེའུ་དང་པོ་རང་དོན་རྗེས་དཔག་གི་ལེའུར་ཁྱོན་བསྡོམས་ཤོ་ལོ་ཀ་311ཙམ་ཡོད་པ་དེ་དག་ལས་གཞན་སེལ་གྱི་སྐོར་གཅིག་པུར་ཤོ་ལོ་ཀ་145ཙམ་ཡོད་པ་དེའི་གསུམ་ཆ་གཅིག་ལྷག་ཙམ་ཟིན་གྱི་ཡོད་པ་དང་བདག་གི་དགེ་བའི་བཤེས་གཉེན་མཆོག་ནས་རྣམ་འགྲེལ་དཔེ་ཁྲིད་ཀྱི་སྐབས་སུའང་ལེའུ་དང་པོའི་གཞན་སེལ་གྱི་རྣམ་གཞག་འདི་རྣམ་འགྲེལ་གྱི་ཤིན་ཏུ་རྟོགས་དཀའ་བའི་གནད་ཡིན་པ་དང་། རིགས་པའི་གཙོ་གནད་ཡིན་ཞེས་ཡང་ཡང་ནན་བཤད་གནང་མྱོང་བ་དང་རང་ཉིད་སློབ་གཉེར་གྱི་བརྒྱུད་རིམ་ནང་དུའང་དཀའ་གནད་དུ་མ་ཞིག་འཕྲད་པ་མྱོང་བས་གྲུབ་པ་འདི་དག་ལས་གཞན་སེལ་གྱི་རྣམ་གཞག་འདི་ཤིན་ཏུ་རྟོག་དཀའ་བ་དང་སྡེ་བདུན་མདོ་དང་བཅས་པའི་དོན་གྱི་གནད་དམ་པ་ཞིག་ཡིན་པ་ཕྱོགས་ཙམ་ཤེས་ཐུབ།   
           ལྷག་པར་དུ་རྗེ་ཡབ་སྲས་ཀྱི་ཚད་མའི་དགོངས་འགྲེལ་དག་ལས་ཀྱང་གཞན་སེལ་གྱི་རྣམ་གཞག་འདི་ཤིན་ཏུ་རྟོགས་དཀའ་བར་གསུངས་ནས་དེ་དག་ལ་དགག་སྒྲུབ་རྒྱས་ཤིང་རྒྱས་པ་མཛད་འདུག་སྟེ། རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད་པའི་《ཚད་མའི་མདོའི་རྣམ་གཞག་》ལས། “གཞན་སེལབའི་རྣམ་གཞག་འདི་ཕྱོགས་གླང་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གསང་བ་ཡིན་ཏེ། འདི་མ་ཤེས་པར་སྒྲོ་འདོགས་མ་ཆོད་པ་ལ་ཆོད་སྙམ་པ་དང་། ཆོད་པ་ལ་མ་ཆོད་སྙམ་ནས་གཞི་དང་། ལམ་དང་། འབྲས་བུའི་རྣམ་གཞག་ཐམས་ཅད་ཕྱིན་ཅི་ལོག་ཏུ་གོ་བར་འགྱུར་རོ། །འདི་མ་ཤེས་པར་རྟོག་པའི་གཟུང་བ་དངོས་པོ་ཡིན་པ་བཀག་པ་ན་སྒྲ་བུམ་སོགས་ཀྱང་དངོས་པོ་མིན་པ་མཚུངས་པར་མཐོང་ནས་བུམ་པ་དངོས་པོ་མིན་པར་འདོད་པ་སོགས་ལུགས་འདི་ལ་གནས་མིན་པའི་ལོག་རྟོག་རྣམས་འབྱུང་བ་ཡིན་ནོ། །ཡང་བུམ་པ་དངོས་པོར་ཁས་བླངས་པ་ན། རྟོག་པའི་གཟུང་བྱ་དང་མཚུངས་པར་མཐོང་ནས་རྟོག་པའི་གཟུང་ཡུལ་ཕྱི་རོལ་གྱི་དོན་དུ་འདོད་པ་དང་ལྡན་མིན་འདུ་བྱེད་དུ་འདོད་པའི་ལོག་པར་རྟོག་པ་རྣམས་འབྱུང་བས་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་ཡོད་པའི་ཁྱད་པར་ལེགས་པར་མི་ཤེས་ཤིང་དེ་མ་ཤེས་པ་ལས་ལམ་གྱི་སྤང་བྱ་སྤོང་བའི་ཚུལ་དང་འབྲས་བུ་ཐོབ་ཚུལ་ལེགས་པར་མི་རྟོགས་པས་ཚུལ་འདི་ལ་མཁས་པར་བྱའོ་”①ཞེས་དང་། 《ཐར་ལམ་གསལ་བྱེད་》ལས།“ཇི་སྐད་བཤད་པའི་ཡུལ་གྱི་གནས་ལུགས་དང་བློའི་འཇུག་ཚུལ་ཕྱིན་ཅི་མ་ལོག་པ་མི་རྟོགས་པ་གཞན་སེལ་དང་སེལ་བས་འཇུག་ཚུལ་ཕྱིན་ཅི་མ་ལོག་པ་མ་རྟོགས་པས་བྱས་པ་ཡིན་ལ་འདིར་གཞན་སེལ་གྱི་རྣམ་གཞག་རྒྱས་པར་མཛད་པ་ཡིན་ནོ་”②ཞེས་དང་། མཁས་གྲུབ་ཆོས་ཀྱི་རྒྱལ་པོས་ཀྱང་“སྒྲ་རྟོག་ཡུལ་ལ་སྒྲུབ་པས་འཇུག་པ་ཁེགས་ཤིང་སེལ་བས་འཇུག་པ་གྲུབ་པ་ལ་རག་ལས་པ་ཡིན་ལ། གཞན་ཡང་བདེན་གཉིས་ཀྱི་རྣམ་གཞག་ལ་ལོག་པར་རྟོག་པ་ཇི་སྙེད་པ་ཕལ་ཆེ་བ་ནི་གཞན་སེལ་བའི་རྣམ་གཞག་ཁོང་དུ་མ་ཆུད་པའི་རྩ་བ་ཅན་ཡིན་པས། དེའི་ཕྱིར་རྩོད་ལན་དེའི་མཇུག་ཏུ་གཞན་སེལ་བའི་རྣམ་གཞག་རྒྱས་པར་གསུངས་པ་ཡིན་ལ་”③ཞེས་སོགས་དུ་མ་ཡོད་ཀྱང་འདིར་ནི་མཚོན་བྱེད་ཙམ་དཀོད་པའོ། །   
           འོ་ན་གཞན་སེལ་གྱི་རྣམ་གཞག་འདི་དེ་ལྟར་རྟོགས་དཀའ་བ་ཞིག་ཡིན་པའི་རྒྱུམཚན་ནམ་རྩ་བ་དེ་གང་ལ་ཐུག་སྙམ་ན། དེ་ནི་ང་ཚོས་ཐོག་མར་གཞན་སེལ་གྱི་ངོ་བོ་དང་དབྱེ་བ་སོགས་ངོས་གཟུང་བའི་སྒོ་ནས་དཔྱད་དགོས་པར་སྣང་བས་འདིར་སྐབས་སུ་བབས་པ་གཞན་སེལ་གྱི་ངོ་བོའི་སྐོར་ལ་ཅུང་ཟད་དཔྱད་པར་འདོད་དེ། དེའང་གཞན་སེལ་གྱི་ངོ་བོའི་སྐོར་ལ་མཁས་དབང་སོ་སོའི་བཞེད་ཚུལ་སྣ་ཚོགས་པ་ཞིག་མཆིས་ནའང་ཐམས་ཅད་བརྗོད་ཀྱིས་མི་ལང་ཞིང་། འདིར་ནི་གཙོ་བོ་རྗེས་ཡབ་སྲས་གསུམ་གྱི་ཚད་མའི་བསྟན་བཅོས་དག་ལས་བསྟན་པའི་གཞན་སེལ་གྱི་སྐོར་ལ་ཅུང་ཞིག་དཔྱད་པར་འདོད་དེ། དེའི་རྒྱུ་མཚན་ཡང་རྗེ་ཡབ་སྲས་རྗེས་འབྲངས་དང་བཅས་པའི་ཚང་མའི་དགོངས་འགྲེལ་དག་ལས་བོད་སྔ་རབས་ཀྱི་རྟོག་གེ་བ་དག་གི་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཇི་བཞིན་མ་ལོན་པའི་འགལ་འཁྲུལ་གྱི་ཆ་དུ་མ་ཡོད་པ་རྣམས་ལུང་རིགས་གཉིས་ཀྱིས་ལེགས་པར་སུན་དབྱུང་ནས་སློབ་དཔོན་ལྷ་དབང་བློ་དང་ཀྱ་ཤཱཀྱ་བློ་སོགས་འགྲེལ་བྱེད་མཁན་པོ་དག་གིས་མཛད་པའི་རྒྱ་འགྲེལ་འཐད་ལྡན་དག་ལ་ཁུངས་གཏུགས་ནས་སྡེ་བདུན་མདོ་དང་བཅས་པའི་དགོངས་པ་རྨ་མེད་པ་གཏན་ལ་ཕབ་པ་ཡིན་ལ། གནའ་ནས་ད་བར་དུ་མཚན་ཉིད་ལ་སློབ་གཉེར་གནང་མཁན་ཕལ་ཆེ་བས་ཀྱང་དེ་དག་སློབ་གཞི་དང་དཔྱད་གཞིར་བྱེད་པའི་དབང་གིས་ཡིན། དགོངས་འགྲེལ་གྱི་བསྟན་བཅོས་དེ་དག་ཀྱང་གཤམ་དུ་རང་རང་སོ་སོའི་ལུང་འདྲེན་གྱི་སྐབས་སུ་ལྷན་དུ་ངོས་འཛིན་ཡོང་བས་འདིར་རེ་རེ་བཞིན་བགྲང་བར་མི་བྱ་ལ་ད་ནི་དེ་དག་ལས་བསྟན་པའི་གཞན་སེལ་གྱི་མཚན་ཉིད་སོགས་ཇི་ལྟར་ཡིན་སྙམ་ན། རྗེ་ཐམས་ཅད་མཁྱེན་པས་《སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་》ལས།“གཞན་སེལ་གྱི་མཚན་ཉིད། རང་གི་བསལ་བྱ་ཚིག་གིས་ཟིན་པར་བཅད་ནས་རྟོགས་པར་བྱ་བའི་ཆོས། དབྱེ་ན་གཉིས་ལས། མེད་དགག་གི་སེལ་བ་ནི་བུམ་མིན་གྱི་སྟེང་དུ་བུམ་པས་དབེན་པ་ལྟ་བུ། མ་ཡིན་དགག་གི་གཞན་སེལ་ལ་དབྱེ་ན་དོན་གྱི་གཞན་སེལ་དང་བློའི་གཞན་སེལ་གཉིས། དང་པོ། བུམ་པ་མ་ཡིན་པ་ལས་ལོག་པ་ལྟ་བུ། གཉིས་པ་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ལྟ་བུ།”④ཞེས་དང་། 《ཚད་མ་མདོའི་རྣམ་བཤད་》(མདོ་དར་ཊཱིཀ་)ལས། “དེ་ལ་གཞན་སེལ་བའི་མཚན་ཉིད་ནི་དགག་བྱ་ཚིག་གི་ཟིན་པར་བཅད་པའི་སྒོ་ནས་ཚད་མས་རྟོགས་པར་བྱའོ། །དེ་ལ་དོན་གྱི་གཞན་སེལ་ནི་ཤིང་མིན་ལས་ལོག་པ་ལྟ་བུ་སྟེ། གཞན་བསལ་བར་བྱ་བའི་གཞི་ཡིན་པས་གཞན་སེལ་བ་ཞེས་བྱ་སྟེ་དེ་ལའང་རང་མཚན་གྱིས་ཁྱབ་པ་ཡིན་ཏེ་རྟོག་ངོའི་ལྡོག་པ་འབའ་ཞིག་ལ་མི་བྱའོ། །མེད་དགག་གི་གཞན་སེལ་ནི་ཤིང་མ་ཡིན་མེད་པ་སྟེ། ཤིང་འཛིན་རྟོག་པ་དང་ཤིང་ཞེས་བརྗོད་པའི་སྒྲའི་ཤུགས་རྟོགས་དང་ཤུགས་བསྟན་ནོ། །བློའི་གཞན་སེལ་བ་ནི་བློ་ངོར་འདིས་གཞན་སེལ་བར་བྱེད་པས་ན་གཞན་སེལ་བ་སྟེ་ཤིང་འཛིན་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བའོ། །”⑤ཞེས་དང་། 《ཐར་ལམ་གསལ་བྱེད་》ལས། “གཉིས་པ་ལ་གཞན་སེལ་གྱི་མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། དེ་མ་ཡིན་བསལ་བའི་རྣམ་པ་དངོས་སུ་ཤར་བའི་སྒོ་ནས་དངོས་སུ་རྟོགས་པར་བྱའོ། །གཉིས་པ་ལ།མཚན་གཞི་ངོས་བཟུང་བ་ནི། བུམ་པ་མ་ཡིན་པ་ལས་ལྡོག་པ་ནི་དོན་གྱི་གཞན་སེལ་དང་། བུམ་འཛིན་རྟོག་པ་ལ་ཤར་བའི་རྣམ་པ་བུམ་མ་ཡིན་ལས་ལོག་པར་སྣང་བ་བློའི་སེལ་བ་དང་། གཞི་བུམ་པ་ལ་བུམ་མ་ཡིན་མེད་པ་མེད་དགག་གི་གཞན་སེལ་ལོ། །བྲམ་ཟེ་ཆེན་པོས་བུམ་མ་ཡིན་ལ་བུམ་པ་མེད་པ་བུམ་པའི་མེད་དགག་གི་གཞན་སེལ་དུ་མཛད་པར་སྣང་ངོ་། །”⑥ཞེས་དང་། 《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》ལས། “དེ་ལ་གཞན་སེལ་བ་ཞེས་པ་ནི་དགག་བྱ་གཞན་བསལ་བའི་སྒོ་ནས་རྟོགས་དགོས་པས། དེའི་ཕྱིར་གཞན་སེལ་བ་ཞེས་བྱ་ལ། དེས་ན་གཞན་སེལ་གྱི་མཚན་ཉིད་དེ་མིན་བསལ་བའི་རྣམ་པ་དངོས་སུ་ཤར་བའི་སྒོ་ནས་དངོས་སུ་རྟོགས་པར་བྱ་དགོས་པའི་ཆོས་”⑦ཞེས་དང་།“དེ་ལ་བློའི་སེལ་བ་ནི་རྟོག་པའི་སྣང་ཡུལ་གང་ཡིན་པ་དེ་དག་ལ་བརྗོད་དེ།  དཔེར་ན། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལྟ་བུའོ། །དོན་གྱི་སེལ་བ་ནི། དོན་རང་མཚན་ཡང་ཡིན་ལ་སེལ་བ་ཡང་ཡིན་པ་དག་ལ་བརྗོད་དེ།  དཔེར་ན། བུམ་མ་ཡིན་ལས་ལོག་པ་ཡང་ཡིན། བུམ་པ་ཡང་ཡིན་པའི་ཚོགས་པ་ལྟ་བུའོ། །མེད་དགག་གི་སེལ་བ་ནི་རང་གི་དགག་བྱ་རྣམ་པར་བཅད་ཙམ་གྱི་ཆ་དག་ལ་བརྗོད་དེ་དཔེར་ན་བུམ་མེད་ལྟ་བུའོ། །”⑧ཞེས་དང་། 《སྤྱི་དོན་ཆེན་མོ་རིགས་པའི་རྒྱན་ལས།》ལས། “དགག་པ་དང་གཞན་སེལ་གྱི་དོན་གཅིག་ཡིན་པས། འདི་ལ་གཞན་སེལ་གྱི་མཚན་ཉིད། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ། དེ་ལ་དབྱེ་ན་དོན་གྱི་གཞན་སེལ།བློའི་གཞན་སེལ། མེད་དགག་གི་གཞན་སེལ་དང་གསུམ་མོ།”ཞེས་གསུངས་པ་འདི་དག་ཡིན་ལ། འདི་དག་ལས་རྗེ་ཐམས་ཅད་མཁྱེན་པའི་《སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་》དུ་གསུངས་པ་དང་། 《མདོ་དར་ཊཱིཀ ་》གཉིས་སུ་གསུངས་པ། “དགག་བྱ་ཚིག་གིས་ཟིན་པར་བཅད་པའི་སྒོ་ནས་རྟོགས་པར་བྱ་བ་”ཞེས་གཅིག་མཚུངས་ཡིན་པ་དང་། 《ཐར་ལམ་གསལ་བྱེད་》དང་《ཊཱིཀ་ཆེན།》《རིགས་རྒྱན་》རྣམས་སུ་“དེ་མིན་བསལ་བའི་རྣམ་པ་དངོས་སུ་ཤར་བའི་སྒོ་ནས་དངོས་སུ་རྟོགས་པར་བྱ་བའམ་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་”ཞེས་གཅིག་མཐུན་དུ་གསུངས་པ་བཅས་མཚན་ཉིད་གསུངས་ཚུལ་རིགས་མི་འདྲ་བ་གཉིས་བྱུང་བས་གང་ཞིག་འཐད་ཅེ་ན། 《ཐར་ལམ་གསལ་བྱེད་》དང་《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》དང་《སྤྱི་དོན་ཆེན་མོ་རིགས་པའི་རྒྱན་》རྣམས་སུ་གསུངས་བའི་མཚན་ཉིད་དེ་འཐད་པར་མཐོང་སྟེ། དེའི་རྒྱུ་མཚན་ཡང་། གཞན་སེལ་ཡིན་ན་དགག་བྱ་ཚིག་གིས་ཟིན་པར་བཅད་པའི་སྒོ་ནས་རྟོགས་པར་བྱ་བ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཉིད་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེའི་རྣམ་པ་འཆར་བ་ན་དགག་བྱ་བཀག་པའི་རྣམ་པ་ཅན་དུ་དངོས་སུ་ཤར་ནས་རྟོགས་པར་བྱ་བའི་ཆོས་ཡིན་པའི་ཕྱིར་ཏེ། 《དྲང་ངེས་ལེགས་བཤད་སྙིང་པོ་》ལས། “གཉིས་པ་ནི་ཆོས་ཉིད་ལྟ་བུ་སྟེ། འདི་ལ་ཚིག་གིས་ཟིན་པར་དགག་བྱ་བཅད་པ་མེད་ཀྱང་དེའི་དོན་འཆར་བ་ན་སྤྲོས་པ་བཅད་པའི་རྣམ་པ་ཅན་དུ་འཆར་བ་ཡོད་དོ། །”⑩ཞེས་གསུངས་པའི་ཕྱིར་དང་། དེའི་ཁྱབ་པ་མ་ངེས་པའི་གནད་ཀྱིས་དགག་པའི་མཚན་ཉིད་འཇོག་སྐབས་དེ་ཉིད་ལས་“འདི་ལ་ཐོག་མར་དགག་པ་གཉིས་ཀྱི་མཚན་ཉིད་ཤེས་དགོས་པས་དེ་བཤད་པར་བྱའོ། །   དེ་ལ་དགག་པ་ནི་སྒྲས་བརྗོད་པ་ན་ཚིག་གིས་ཟིན་པར་དགག་བྱ་བཅད་པའམ། དེའི་རྣམ་པ་བློ་ལ་འཆར་བ་ན་དགག་བྱ་བཀག་པའི་རྣམ་པ་ཅན་དུ་དངོས་སུ་ཤར་ནས་རྟོགས་པར་བྱ་བ་ཞིག་སྟེ། དང་པོ་ནི། བདག་མེད་ལྟ་བུའོ། །གཉིས་པ་ནི་ཆོས་ཉིད་ལྟ་བུ་སྟེ།”⑾ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཞན་སེལ་ལམ་དགག་པ་ལ་དགག་བྱ་ཚིག་གིས་ཟིན་པར་བཅད་པ་དགོས་པའི་ངེས་པ་མེད་པས་མཚན་ཉིད་འདི་མི་འཐད་པ་ཤིན་ཏུ་གསལ་ལ་《དྲང་ངེས་ལེགས་བཤད་སྙིང་པོར་》དགག་པའི་མཚན་ཉིད་དེ་ལྟར་གསུངས་པ་ནི་སྐབས་དོན་གསལ་བར་ངོ་འཕྲོད་པའི་ཆེད་དུ་ནན་བཤད་གནང་བ་མིན་ནམ་སྙམ། དོན་དུ་ནི། དེ་མ་ཡིན་བསལ་བའི་རྣམ་པ་དངོས་སུ་ཤར་ནས་དངོས་སུ་རྟོགས་པར་བྱ་བ་གཞན་སེལ་གྱི་མཚན་ཉིད་དུ་འདོད་པའི་ལུགས་ལ་མ་ངེས་པའི་སྐྱོན་དེ་དག་མི་འོང་བ་ཡིན་ནོ། །འོ་ན་《སྤྱི་དོན་ཆེན་མོ་རིགས་པའི་རྒྱན་》དུ། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་གཞན་སེལ་གྱི་མཚན་ཉིད་དུ་གསུངས་པས་འདི་ཉིད་མི་འགལ་ལམ་སྙམ་ན། མི་འགལ་ཏེ། དགག་པ་དང་གཞན་སེལ་དོན་གཅིག་པས་དགག་པའི་མཚན་ཉིད་དུ་གང་འདོད་པ་གཞན་སེལ་གྱི་མཚན་ཉིད་དུའང་འདོད་པ་ཡིན་ལ། “དགག་བྱ་བཅད་པ་”ཞེས་པ་དང་།“དེ་མ་ཡིན་བསལ་བ་”ཞེས་པ་གཉིས་ཀྱང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་སོ། །འོ་ན་གཞན་སེལ་གྱི་མཚན་ཉིད་ཀྱི་སྐབས་འདིར། རེས་འགའ་ནིདེ་མ་ཡིན་བསལ་བའི་རྣམ་པ་དངོས་སུ་ཤར་བའི་སྒོ་ནས་རྟོགས་པར་བྱ་བ་ཞེས་དང་། རེས་འགའ་ནི་དེ་མ་ཡིན་བསལ་བའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པར་བྱ་བ་ཞེས་“དངོས་སུ་ཞེས་”མ་སྨྲོས་པ་འདི་དག་ལ་དོན་ལ་ཁྱད་པར་ཞིག་མེད་དམ་སྙམ་དུ་དོགས་ན། འདི་ལ་“དངོས་སུ་ཞེས་”པའི་ཚིག་སྨྲོས་ཀྱང་རུང་མ་སྨྲོས་ཀྱང་རུང་དོན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། རྣམ་པ་ཤར་ཞེས་སྨྲོས་ན་རྣམ་པ་དངོས་སུ་ཤར་བས་ཁྱབ་སྟེ་རྣམ་པ་ཤར་ན་རྣམ་པ་དངོས་སུ་ཤར་བ་ལས་རྣམ་པ་ཤུགས་ལ་ཤར་བ་ཞེས་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་དང་། རྟོགས་པར་བྱ་བ་ཞེས་པའང་དོན་ལ་དངོས་སུ་རྟོགས་པར་བྱ་བ་ཡིན་ཏེ་གཞི་གྲུབ་ན་རང་འཛིན་རྟོག་པས་དངོས་སུ་རྟོགས་པར་བྱ་བ་ཡིན་པས་ཁྱབ་པའི་ཕྱིར་རོ། །ད་ནི་གཞན་སེལ་གྱི་མཚན་ཉིད་འདིའི་ཚིག་ཟུར་གྱི་བསྟན་དོན་རྣམས་ལ་ཅུང་ཟད་དཔྱད་ན། མཚན་ཉིད་འདིའི་ཚིག་ཟུར་གྱི་“དེ་མ་ཡིན་”ཞེས་པ་ནི་རང་གི་འགལ་ཟླར་གྱུར་པ་ཐམས་ཅད་ལ་མི་གོ་བར་རང་གི་དངོས་འགལ་ཁོ་ན་ལ་གོ་བ་ཡིན་ཏེ། 《རིགས་གཏེར་》ལས། “དངོས་འགལ་བཅད་ནས་འཇུག་པ་ནི། །གཞན་སེལ་ཡུལ་ཅན་ཡིན་པར་བཞེད། །⑿ཅེས་གསུངས་པ་ལྟར་དང་། “བསལ་བ་”ཞེས་པ་ནི་དངོས་འགལ་བཅད་པའམ་བཀག་པ་ཞེས་པའི་དོན་དང་། རྣམ་པ་དངོས་སུ་ཤར་ཞེས་པ་ནི་མཁས་གྲུབ་རིན་པོ་ཆེས་《སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་》ལས། “སྔོན་པོའི་རྣམ་པ་ཤར་བའི་དོན་སྔོན་པོའི་རྣམ་པར་སྐྱེས་པ་ཡིན་པས་”⒀ཞེས་གསུངས་པ་ལྟར་སྔོན་འཛིན་མིག་ཤེས་ལ་སྔོན་པོའི་རྣམ་པ་ཤར་བ་ནི་སྔོན་འཛིན་མིག་ཤེས་སྔོན་པོའི་རྣམ་པར་སྐྱེས་པ་ལ་གོ་བདེ་བཞིན་དུ་རང་འཛིན་རྟོག་པར་དེ་མ་ཡིན་པ་བསལ་བའི་རྣམ་པ་དངོས་སུ་ཤར་ཞེས་པའང་རང་འཛིན་རྟོག་པ་དེ་མ་ཡིན་བསལ་བའི་རྣམ་པར་དངོས་སུ་སྐྱེས་ཞེས་པའི་དོན་དང་། དེའི་ཚིག་ཟུར་གྱི་“སྒོ་ནས་”ཞེས་པའི་མཚན་ཉིད་དེ་འཇོག་ཚུལ་ཡུལ་ཅན་བློ་ལ་འཆར་ཚུལ་དང་ཡུལ་ཅན་བློ་ཡི་འཛིན་སྟངས་ཀྱི་སྒོ་ནས་བཞག་པ་ཡིན་པ་ལས་རང་མ་ཡིན་བཅད་པ་ཙམ་དེ་དགག་པའམ་གཞན་སེལ་མ་ཡིན་པར་གསལ་བར་བསྟན་ལ།  དེ་ལྟར་ཡིན་པའང་མཁས་གྲུབ་ཆོས་ཀྱི་རྒྱལ་པོས་《སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་》ལས། “དགག་པ་ནི་བློས་དགག་བྱ་དངོས་སུ་བཅད་པའི་རྣམ་པ་ཅན་དུ་འཆར་བ་ཉིད་དགག་པར་བྱེད་པ་ཡིན་གྱི་རང་མ་ཡིན་བཅད་པ་ལྟ་བུ་དངོས་པོ་ལ་དགག་བྱ་བཅད་ཙམ་དགག་པ་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་རང་མ་ཡིན་པར་བཅས་པར་གནས་པའི་ཕྱིར་རོ། །”⒁ཞེས་དང་། 《རིགས་གཏེར་》ལས་ཀྱང་། “གཞན་སེལ་བློ་ཡི་འཇུག་ཚུལ་ཡིན།”⒂ཞེས་གསུངས་པ་སོགས་ལུང་དོན་དེ་དག་ལས་ལེགས་པར་རྟོགས་ཐུབ། དེ་བཞིན་དུ་དེའི་ཚིག་ཟུར་གྱི་“དངོས་སུ་རྟོགས་པར་བྱ་བ་”ཞེས་པ་ནི། “རྟོགས་ལ་དངོས་རྟོགས་ཤུགས་རྟོགས་གཉིས། །རྣམ་པ་ཤར་དང་མ་ཤར་ཡིན། །”⒃ཞེས་གསུངས་པ་ལྟར་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་མངོན་སུམ་ལ་ས་ཕྱོགས་ཀྱི་རྣམ་པ་དངོས་སུ་ཤར་བ་དང་བུམ་མེད་ཀྱི་རྣམ་པ་མ་ཤར་བས་དེ་ལྟ་བུའི་མངོན་སུམ་དེ་ས་ཕྱོགས་ལ་དངོས་རྟོགས་དང་བུམ་མེད་ལ་ཤུགས་རྟོགས་ཡིན་པས་དངོས་རྟོགས་ཤུགས་རྟོགས་ཀྱི་དོན་དེ་ལྟར་ཡིན་ལ་འདིར་ཡང་རང་འཛིན་རྟོག་པར་དེ་མ་ཡིན་བསལ་བའི་རྣམ་པ་དངོས་སུ་ཤར་བས་དེས་དེ་དངོས་སུ་རྟོགས་པ་ལས་ཤུགས་ལ་རྟོགས་པ་མ་ཡིན་ཞེས་པའི་དོན་ནོ། །   
           གཞན་སེལ་གྱི་མཚན་ཉིད་སྐབས་འདིར་ཚད་མའི་དགོངས་འགྲེལ་ཚད་ལྡན་དག་ཏུ་མཚན་ཉིད་ཀྱི་ཚིག་ཟུར་གྱི་རྣམ་བཅད་ཡོངས་གཅོད་ཀྱི་མཚོན་དོན་རྣམས་གོ་སླ་བར་དགོངས་ནས་ཟུར་དུ་མ་གསུངས་ཀྱང་བདག་དང་བདག་འདྲ་བའི་རྨོངས་བརྟུལ་རྣམས་ལ་ནི་ད་དུང་ཡང་ཤིན་ཏུ་གོ་དཀའ་བར་སྣང་བས་ཚིག་ཟུར་གྱི་དགོངས་དོན་དེ་ལྟར་མིན་ནམ་སྙམ་དུ་བཀྲལ་བས་འཁྲུལ་པའི་གནས་མཆིས་ན་མཁས་དབང་རྣམས་ནས་དག་བཅོས་ཡོང་བར་ཞུའོ། །  
མཆན་འགྲེལ།  
           ①⑤《ཚད་མ་མདོའི་རྣམ་བཤད།》རྒྱལ་ཚབ་རྗེས་མཛད།(ཤིང་དཔར།)ཤོག་ངོས94   95ནང་གསལ། 
           ②⑥《རྣམ་བཤད་ཐར་ལམ་གསལ་བྱེད།》རྒྱལ་ཚབ་རྗེས་མཛད། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་ནས2000ལོའི་ཟླ6པར་དཔར་དུ་བསྐྲུན། ཤོག་ངོས54 105 ནང་གསལ། 
           ③⑦⑧《རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》མཁས་གྲུབ་རྗེས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་1990ལོའི་ཟླ5པར་དཔར་དུ་བསྐྲུན། ཤོག་ངོས་110  138ནངགསལ། 
           ④《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ།》(ཙ-ཚ)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་1986ལོའི་ཟླ་12པར་དཔར་དུ་བསྐྲུན། ཤོག་ངོས་1223ནང་གསལ། 
           ⑨《སྤྱི་དོན་ཆེན་མོ་རིགས་པའི་རྒྱན།》རྗེ་དགེ་འདུན་གྲུབ་པས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས1996ལོའི་ཟླ་12པར་དཔར་དུ་བསྐྲུན། ཤོག་ངོས་153ནང་གསལ། 
           ⑩⑾《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ།》(ཕ)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་1987ལོའི་ཟླ་11པར་དཔར་དུ་བསྐྲུན། ཤོག་ངོས་517ནང་གསལ། 
           ⑿《ཚད་མའི་རིགས་གཏེར།》ས་པཎ་གྱིས་མཛད། ཤོག་ངོས8-9ནང་གསལ། 
           ⒀《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།》མཁས་གྲུབ་རྗེས་མཛད། ཤོག་ངོས་143   380ནང་གསལ། 
           ⒁མི་རིགས་དཔེ་སྐྲུན་ཁང་ནས་1989ལོའི་ཟླ་11པར་དཔར་དུ་བསྐྲུན། 
           ⒂མི་རིགས་དཔེ་སྐྲུན་ཁང་ནས་1988ལོའི་ཟླ7པར་དཔར་དུ་བསྐྲུན། 
           ⒃《བློ་རིག་གི་སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང་།》དཔེ་སློང་བློ་བཟང་མིང་ཅན་གྱིས་མཛད།(ཤིང་དཔར།)ཤོག་ངོས2ནང་གསལ།
           (《བོད་ལྗོངས་སློབ་ཆེན་རིག་དེབ་》2004ལོའི་དུས་དེབ་དང་པོའི་ཐོག་འཁོད།)
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1