༄༅།། མདོ་སྨད་ཆབ་འགག་ཡུལ་གྱི་དམངས་ཁྲོད་མདའ་རྩེད་རགས་ཙམ་གླེང་བ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-21


 གཅོད་པ་དོན་གྲུབ།
          དེ་ཡང་མདའ་ཞེས་པའི་ཐ་སྙད་འདི་མི་ཡུལ་ཁམས་སུ་ཁྱབ་ནས་བགྲང་བྱ་ག་ཚོད་འདས་པ་སུས་ཀྱང་ཁ་ཚོན་ངེས་ཅན་ཞིག་གཅོད་དཀའ་ཡང་། སྔོན་བྱོན་མཁས་པ་དམ་པ་རྣམས་ཀྱིས་བརྩམས་པའི་ལོ་རྒྱུས་དེབ་ཐེར་ཆེན་པོ་སྟེ། དཀར་དང་དམར་སེར་བཅས་སུ་གསལ་བ་ལྟར་ན།  བོད་འདིར་གདོད་མའི་སྤྱི་ཚོགས་ཀྱི་སྐབས་ནས་བཟུང་མདའ་མདུང་གྲི་གསུམ་གྱི་མཚོན་ཆ་དར་མྱོང་བར་བརྟེན། ད་ལྟ་མ་མཐའ་ཡང་བགྲང་བྱ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད་པ་བསྙོན་དུ་མེད། ཉག་ཕྲན་མདའ་མོ་འདི་བོད་རང་ལ་དར་བ་ཤིན་ཏུ་སྔ་བར་མ་ཟད།  མི་རིགས་གཞན་པ་སྟེ་རྒྱ་རིགས་དང་སོག་རིགས་བཅས་ལ་ཡང་དར་བ་ཧ་ཅང་སྔ་བ་ལགས།  ད་དུང་ཕྱི་གླིང་པ་ལའང་གནའ་སྔ་མོ་ནས་དར་ཡོད་པ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་མང་པོ་ལས་ཤེས་ཐུབ།  ལྷག་པར་དུ་རྒྱ་རིགས་ལ་ཆ་མཚོན་ན་དུས་སྔ་མོ་ནས་དར་རྒྱ་དང་བཀོལ་རྒྱ་ཆེ་བ་ཡང་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》དང་《ཆུ་ངོགས་གཏམ་རྒྱུད་》སོགས་ཀྱི་སྒྲུང་གཏམ་ལས་གསལ་ལེར་མཐོང་ཐུབ་པ་ལགས།  མི་རིགས་གང་ཡིན་ཡང་རང་གི་མི་རིགས་དེ་གྲུབ་པའི་བརྒྱུད་རིམ་ནང་དུ་རང་བྱུང་གིས་གྲུབ་པའི་རྡོ་དང་དབྱུག་པ་ལག་ཆར་བགྱིས་མྱོང་བ་ལས་གཞན། ཐོག་མའི་མཚོན་ཆ་དེ་ནི་མདའ་མདུང་གྲི་གསུམ་ཡིན་པ་ཁས་མ་བླངས་ན་མི་ཆོག་སྙམ། དེ་ཡང་གནའ་རབས་སུ་འཐབ་འཁྲུག་གང་བྱུང་བ་དེའི་སྟེང་དུ་བཀོལ་སྤྱོད་བྱེད་པའི་མཚོན་ཆ་གཙོ་བོ་ཡང་མདའ་མདུང་གྲི་གསུམ་དང་ཞགས་པ་སོགས་ཡིན་ལ། དཔེར་ན། བོད་རིགས་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བརྗོད་་དོན་ལྟར་ནའང་། གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་ཐམས་ཅད་ཀྱིས་རང་གི་འཁོར་གསུམ་མདའ་མདུང་གྲི་གསུམ་ལ་བརྟེན་ནས་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པ་ཡིན།   གཞན་ཡང་བོད་བཙན་པོའི་སྐབས་སུ་བྱུང་བའི་གཡུལ་འགྱེད་སོ་སོའི་སྟེང་དུ་བཀོལ་བའི་མཚོན་ཆ་གཙོ་བོ་དེ་ཡང་མདའ་མདུང་གྲི་གསུམ་ཡིན་ལ།  ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་འདུལ་བའི་སྐབས་སུ་བཀོལ་བའི་མཚོན་ཆ་ཡང་སྒྲོ་ལྡན་མདའ་ཡིན་པ་ཚང་མས་ཤེས་གསལ་ལྟར་རོ། །   
          ཕྱིས་སུ་མི་རིགས་གང་དང་གང་ཡིན་ཡང་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་ཇེ་ལེགས་དང་ཚན་རིག་ལག་རྩལ་ཇེ་མཐོར་སོང་བའི་བརྒྱུད་རིམ་ཁྲོད་ཐོན་སྐྱེད་ཡོ་བྱད་དང་དགྲ་འགོག་གི་མཚོན་ཆ་སོགས་ལ་མཚོན་ནའང་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། རྗེས་ལུས་ནས་སྔོན་ཐོན་ཕྱོགས་སུ་གོམ་ཁ་སྤོས་པའི་རྐྱེན་གྱིས་གཡུལ་འགྱེད་སྐབས་སུ་མདའ་མདུང་གྲི་གསུམ་ཀྱི་བཀོལ་རྒྱ་ཡང་ཇེ་ཆུང་དུ་གྱུར་པར་བརྟེན། མཚོན་ཆའི་ནུས་པ་རིམ་གྱིས་ཤོར་ཞིང་དམངས་ཁྲོད་ཀྱི་སྤྲོ་རྩེད་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་པས།  མི་རྣམས་ཀྱིས་རང་ཤུགས་སུ་མདའ་རྩེད་ཅེས་པའི་མིང་ཚིག་འདི་གསར་བཟོ་བགྱིས་པ་ལགས། སྐབས་དེ་ནས་བཟུང་མདོ་སྨད་ཕྱོགས་ཀྱི་རོང་སྡེ་ཕལ་མོ་ཆེར་རྟ་རྒྱུག་མདའ་འཕེན་གྱི་སྲོལ་ཆགས་ཤིང་།   ལོ་རེའི་རྒྱ་ལོ་དང་དབྱར་ཟླ་དྲུག་པའི་ནང་དུ་མདའ་རྩེད་ཀྱི་དགའ་མགུའི་དཔལ་ལ་རོལ་བཞིན་པ་ནི་ད་ལྟའི་བར་རྒྱུན་ཆད་མ་མྱོང་ངོ་།།        མདའ་ལ་ཡང་རིགས་མང་སྟེ་གསེར་ལྟོང་མ་དང་། དངུལ་ལྟོང་མ། དུང་ལྟོང་མ་བཅས་ཡོད་ལ། དེའི་རྒྱུ་མཚན་ཡང་མདའི་ལྟོང་གསེར་གྱིས་བརྒྱན་པ་ན་གསེར་ལྟོང་མ་ཟེར་བ་དང་། མདའི་ལྟོང་དངུལ་གྱིས་བརྒྱན་པ་ན་དངུལ་ལྟོང་མ་ཟེར། ད་དུང་མདའ་མོ་རྒོད་སྒྲོ་མ་དང་། འུག་སྒྲོ་མ། ཁྲ་སྒྲོ་མ་ཟེར་སྲོལ་ཡང་ཡོད།  དེའི་རྒྱུ་མཚན་ཡང་རྒོད་སྒྲོས་བསྟད་པའི་མདའ་མོར་རྒོད་སྒྲོ་མ་ཟེར་བ་དང་། འུག་སྒྲོས་བསྟད་པའི་མདའ་མོ་ལ་འུག་སྒྲོ་མ་ཟེར་ལ། ཁྲ་སྒྲོས་བསྟད་པའི་མདའ་མོ་ལ་ཁྲ་སྒྲོ་མ་ཟེར་རོ། །དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན། རྒོད་སྒྲོ་མ་དེ་ཤུགས་ཆེ་ལ་རྒྱང་ཆོད་པ་དང་།  འུག་སྒྲོ་མ་དེ་མཚན་མོར་འཕངས་ན་གནད་ལ་ཕོག་ཐུབ་པ། ཁྲ་སྒྲོ་མ་དེ་མྱུར་ལ་རྣོ་བའི་ཁྱད་ཆོས་ལྡན་པ་ཡིན་སྐད། གཞན་ཡང་མདའ་གཞུའི་རིགས་ལ་ལྕགས་མདའ་དང་ལྕགས་གཞུ།  སྨྱུག་མདའ་དང་སྨྱུག་གཞུ། སྐྱེར་མདའ་དང་སྐྱེར་གཞུ་ཞེས་པ་ཡང་བྱུང་ཞིང་། ཕྱིས་སུ་དར་ཁྱབ་ཤིན་ཏུ་ཆེ་བ་ནི་གསོམ་དཀར་གྱི་མདའ་དང་འབྲོང་རྭའི་གཞུ་ཡིན།   དམངས་ཁྲོད་ཀྱི་ངག་སྒྲོས་ལ་ཡང་།  ནང་ཨ་ཁུ་བཟང་བའི་བཀའ་དྲིན་ལ།  །འབྲོང་རྭ་སྨུག་པོ་གཞུ་ལ་བཀུག །ནང་བུ་ཚ་ཡོང་ན་འཕེན་རྐྱང་ཡིན། །ཟེར་བ་བཞིན་རྭ་གཞུ་ཐམས་ཅད་འབྲོང་རྭ་འབའ་ཞིག་ཡིན་པ་སུས་ཀྱང་ཁ་ཚོན་གཅོད་དཀའ་མོད། འོན་ཏེ་རྭ་ཅོའི་གཞུ་ཡིན་པ་སུས་ཀྱང་ཁས་ལེན་བཞིན་འདུག རྭ་གཞུ་དེ་སྨྱུག་གཞུའམ་སྐྱེར་གཞུ་དང་མི་འདྲ་སྟེ།  མདའ་འཕེན་མཁན་ལ་ཤུགས་ཅུང་ཆེ་བ་མེད་ན་གཞུ་རྒྱུད་འཐེན་དཀའ་ལ།  འཐེན་ཐུབ་པའི་དབང་དུ་བཏང་ནའང་གཏོང་དཀའ་བ་ཡིན།  གལ་སྲིད་ནུས་ཤུགས་འཛོམས་པའི་ཕོ་གསར་ཞིག་ཡིན་ཕྱིན་འཐེན་སླ་ལ་གཏོང་ཡང་བདེ་བར་མ་ཟད།  འབེན་ལ་ཡང་ཕོག་སླ།  གང་ལྟར་ཀྱང་གཙོ་བོ་རང་རང་གི་མཐེབ་རྩལ་ལ་རག་ལས་ཡོད་དོ། ། 
          ད་ལྟ་མདའ་རྩེད་འདི་རྒྱུན་མ་ཆད་པར་རྩེ་བཞིན་པའི་ས་ཁུལ་ལ་ཡང་གཙོ་་བོ་རྨ་ཆུའི་ཕ་རོལ་གྱི་གྲོང་སྡེ་ཆེན་མོ་མང་འབའ་བྱ་གསུམ་དང་གཅན་ཚ།   རྨ་ཆུའི་ཚུར་རོལ་གྱི་ཆབ་འགག་ས་ཁུལ་དང་གྲོ་ཚང་།  དཔའ་ལུང་སོགས་ཡོད་ལ། ཡུལ་ཕྱོགས་དེ་དག་ཏུ་ཕལ་ཆེར་རང་གི་ཕ་མེས་ཡང་མེས་ཀྱིས་བཏོད་པའི་སྲོལ་ལྟར་ལོ་རེར་ཆད་པ་མེད་པར་མདའ་རྩེད་ཀྱི་དགའ་སྟོན་ལ་རོལ་དང་རོལ་བཞིན་མཆིས། ས་ཁུལ་དང་ས་ཁུལ་བར་གྱི་མདའ་རྩེད་ཀྱི་ཁྱད་ཆོས་དང་གོམས་སྲོལ་དེ་ཆེ་ཕྱོགས་ནས་མཐུན་ན་ཡང་ཆུང་ཕྱོགས་སུ་མི་མཐུན་ས་ཡང་མང་མོད།  འོན་ཀྱང་འདིར་རེ་རེ་བཞིན་ངོ་སྤྲོད་བྱེད་པའི་དགོས་པ་ཆེན་པོ་མེད་པས། གཤམ་དུ་བརྒྱ་ཁ་གཅིག་ཆོད་ཀྱི་ཚུལ་དུ་སྐབས་བབ་ཀྱི་བརྗོད་བྱ་གཙོ་བོ་སྟེ་ཆབ་འགག་ཡུལ་གྱི་མདའ་རྩེད་ངོ་སྤྲོད་རགས་ཙམ་བྱའོ། །       
དང་པོ། མདའ་རྩེད་ཀྱི་བརྒྱུད་རིམ།
          1.མདའ་རྩེད་ཀྱི་སྔོན་འགྲོའི་ཆོ་ག   
          མདའ་རྩེད་ཀྱི་རྒྱ་ཅུང་ཆེ་བའི་སྐབས་ནི་རྒྱ་ལོའི་(ཧོར་ཟླ་དང་པོ་)ནང་ཡིན། སྡེ་བ་དང་སྡེ་བའི་བར་དུ་མདའ་རྩེད་བྱེད་འདོད་ན་ཐོག་མར་ཆང་དང་ཁ་བཏགས་བཟུང་ནས་ཕན་ཚུན་བར་འབྲེལ་གཏུག་བྱས་ཏེ་ཉི་མ་དང་སྐར་མ་ཐག་གཅོད་བྱེད་པའི་སྲོལ་ཡོད་ལ།  མངགས་པའི་མིས་མདའ་འཕེན་པའི་ཉིན་སྐར་ཐག་བཅད་རྗེས།    ཕྱིར་རང་སྡེའི་ནང་དུ་ཡོང་ནས་མདའ་འཕེན་གྱི་འབྲེལ་གཏུག་བགྱིས་པའི་རྒྱུ་མཚན་རྒན་པ་དང་སྡེ་དཔོན་རྣམས་ལ་ཞུས་པ་ན། སྡེ་བས་ཚོགས་འདུ་སྐོང་འཚོགས་བྱེད་ཅིང་།  ཚོགས་འདུ་ལ་ཞུགས་མཁན་ནི་ཕལ་ཆེར་མདའ་རྩེད་བྱེད་ཐུབ་པའི་རྒན་དར་གཞོན་གསུམ་ཡིན།  མདའ་འཕེན་ཚོགས་འདུའི་སྟེང་དུ་གཙོ་བོ་ཡུལ་ལྷ་གཞི་བདག་དང་དགྲ་ལྷ་ཝེར་མ་རྣམས་ལ་མཆོད་བཀུར་བླ་ན་མ་མཆིས་པ་བགྱིད་པ་དང་།   མདའ་འཕེན་གྱི་རྒྱལ་ཁ་ལོན་པའི་གསོལ་འདེབས་དང་སྐྱབས་འཇུག་ཟློག་ཏུ་མེད་པ་ཞུས་ཤིང་། མདའ་བ་སོ་སོས་ཀྱང་མདའ་ཕོག་པའི་སྨོན་ལམ་འདེབས་པ་དང་ཆབས་ཅིག་ཟན་རིལ་མང་པོ་བསྒྲིལ་བ་དང་བསང་མཆོད་རྒྱ་ཆེན་པོ་བགྱིད་དགོས་པར་མ་ཟད།   ར་ལུག་གསུར་ལ་གཏོང་བ་དང་ཡང་ན་མདའ་ཕོག་པའི་སླད་དུ་བསང་དང་ར་ལུག་ཁས་ལེན་པའི་སྲོལ་ཡང་ཡོད།  ད་དུང་ཚོགས་འདུའི་སྟེང་དུ་མ་བུ་ཁྲིད་མཁན་གྱི་མི་ཐག་གཅོད་པ་དང་།  ཐེངས་འདིའི་མདའ་དཔོན་དང་གཞུག་མའང་ཐག་གཅོད་དགོས་པ་ལགས། ལུགས་སྲོལ་ལྟར་ན་མ་བུ་ཁྲིད་མཁན་དེར་ངེས་པར་དུ་རང་ལ་མ་ཡོད་དགོས་པ་དང་བུ་ཁྲིད་མཁན་དེར་ངེས་པར་དུ་རང་ལ་བུ་ཡོད་དགོས་པ་ཡིན། མདའ་དཔོན་ནི་སྡེ་བའི་ནང་དུ་མཚན་སྙན་མཐོ་བའི་རྒན་པོའམ་ཡང་ན་དར་མ་ཡིན་དགོས་ལ། དེའི་ལས་འགན་གཙོ་བོ་ནི་མདའ་བ་རྣམས་ཀྱི་འགོ་ཁྲིད་དེ་ལ་རྒྱ་འཆོར་བའི་དོན་དག་འབྱུང་དུ་མི་འཇུག་པ་བྱེད་རྒྱུ་དེ་ཡིན། དེ་ཡང་མ་བུ་ཁྲིད་མཁན་དང་མདའ་དཔོན་གཞུག་མ་དེ་ཇི་ལྟར་འདེམས་པ་ཡིན་ཞེ་ན། མ་དང་བུ་ཁྲིད་མཁན་ནི་ངེས་པར་དུ་མ་ཎི་ཁང་ནས་ཟན་སྒྲིལ་ཞུ་བའམ་ཡང་ན་བླ་མའི་དྲུང་དུ་ཐག་གཅོད་པའི་སྲོལ་ཡོད་ལ།   མདའ་དཔོན་དང་གཞུག་མ་ནི་མདའ་བ་བྱིངས་རྣམས་ཀྱིས་འདེམས་བསྐོ་བྱས་པས་ཆོག  གཞུག་མ་ཟེར་བ་ལ་མདའ་གཞུག་ཀྱང་ཟེར།  མདའ་གཞུག་གི་ལས་འགན་གཙོ་བོ་ནི་མདའ་རྩལ་ལ་བརྟེན་ནས་རྒྱལ་ཕམ་གྱི་དབྱེ་བ་འབྱེད་གང་ཐུབ་བྱེད་རྒྱུ་དེ་ཡིན།  
          གཞན་ཡང་མདའ་བ་རྣམས་ཀྱིས་གཟབ་མཆོར་གང་ལེགས་སྤྲས་དགོས་ཤིང་། གལ་སྲིད་རང་ལ་མེད་ན་གཞན་ནས་གཡར་བས་ཀྱང་ཆོག གཙོ་བོ་ཤོམ་དང་མདའ་རྩེད་ཀྱིས་སྡེ་བའི་ལ་རྒྱ་འཆོར་མི་ཉན་པ་དེ་ཡིན།  ཟས་རིགས་ཀྱང་ཤ་མར་ཐུད་གསུམ་ལས་གཞན་ཀ་ར་བུ་རམ་དང་སིལ་ཏོག་སྣ་ཚོགས་བསྒྲིགས་ནས་སྡེར་ཁ་ཇི་འདྲར་མཐོ་ན་དེ་འདྲར་ཟས་ཤོམ་ཆེ་བའི་བཤད་སྲོལ་ཡོད། གོང་ཞུའི་གྲ་སྒྲིག་དང་འགྲོ་རིམ་དག་ནི་སྡེ་བ་གང་ཡིན་ཡང་ཕལ་ཆེར་གཅིག་མཚུངས་སུ་སྣང་ལ།  གཞིས་པ་ཡིན་ནའང་འདྲ་མགྲོན་པོ་ཡིན་ནའང་འདྲ་གྲ་སྒྲིག་བྱེད་སྲོལ་ལ་ཁྱད་པར་དེ་འདྲ་མེད།  
          མདའ་མཁན་པ་རྣམས་སྡེ་བ་གཅིག་ནས་སྡེ་བ་གཞན་ཞིག་ལ་འགྲོ་བའི་སྐབས་སུ་རྒན་པ་ཕལ་ཆེར་རྟར་ཞོན་པ་དང་།   དར་མ་དང་གཞོན་པ་རྣམས་རྐང་ཐང་དུ་འགྲོ་དགོས། མདའ་བ་དག་སྡེ་བ་གཞན་པར་སླེབ་ལ་ཉེ་བའི་སྐབས་སུ་ཚང་མས་ལྷན་དུ་ཀི་རིང་ཐེངས་མང་འདེབས་པ་དང་ཆབས་ཅིག་རྐང་པ་སར་རྡུང་བའི་སྲོལ་ཡང་ཡོད།   
          སྐབས་དེར་སྡེ་བའི་མདའ་བ་རྣམས་ཀྱིས་ཕྱི་སྡེའི་མདའ་བ་རྣམས་སླེབ་ལ་ཉེ་བ་ན་དྲིལ་སྐུལ་(བསུ་བའི་ཆོ་ག་ཞིག)ཐེངས་གསུམ་ཁྱེར་ཏེ། ཨ་ཁུ་བརྒྱ་ཐམ་པ་དང་ན་ཟླ་བརྒྱ་ཐམ་པ་སྐུ་ཁམས་བདེ་ལགས་ཞེས་འཚམས་འདྲི་ཞུ་བའི་ལུགས་སྲོལ་དེ་ཡང་སྡེ་བ་སོ་སོར་ཡོད།  དེ་ནས་མདའ་བ་རྣམས་རིམ་གྱིས་མདའ་རྩེད་བྱེད་སའི་ཡུལ་ལ་སླེབས་པ་ན།  སྡེ་བ་གཉིས་ཀྱི་མདའ་དཔོན་མཉམ་དུ་ཚོགས་ནས་འཇལ་འབེན་བཟོ་ས་དང་འབེན་གྱི་རིང་ཐུང་ཐག་གཅོད་བྱས་རྗེས་འབེན་བཟོ་བའི་འགོ་རྩོམ་པ་ལགས།  
          2.མདའ་རྩེད་ཀྱི་འགོ་རྩོམ་པའི་སྐོར།   
          འཇལ་འབེན་ལ་ཨ་མ་ཟེར་བའི་སྲོལ་ཡོད་ལ།  མདའ་འཕེན་སའི་ཡུལ་ལ་སྐུ་ར་དང་།  མདའ་འཕེན་གྲོགས་ལ་སྐུ་ཡ་ཡང་ཟེར།  གང་ལྟར་ཀྱང་ཕྱོགས་གཉིས་ཀྱིས་བཟོས་པའི་འཇལ་འབེན་གྱི་དབྱིབས་ནི་ཟུར་གསུམ་ཡིན་ལ།  ཟུར་གཉིས་སར་འབབ་པ་དང་ཟུར་གཅིག་གནམ་ལ་འཁོར་བ། ཟུར་རྩེ་རུ་ཐོ་ལུ་ཟེར་བའི་ས་ཐོ་ཆུང་ཆུང་ཞིག་འཇོག་པ།  འབེན་གྱི་སྟོད་ཀྱི་སྙིང་ཁར་འཇལ་ལྟེ་ཞེས་པ་ཞིག་དང་མཐའ་སྐོར་དུ་དཀར་ཆག་གྲུ་བཞི་ཅན་ནམ་རུས་ཆག་དཀར་པོ་ལྔ་དྲུག་ཙམ་འཇོག་པའི་ལུགས་སྲོལ་ཡོད།  དེའི་རྒྱུ་མཚན་ནི་མདའ་འཕེན་སྐབས་འབེན་གྱི་དཀྱིལ་སྙིང་གསལ་བོར་མཐོང་བའི་ཆེད་དུ་ཡིན།   འཇལ་འབེན་གྱི་མཐའ་མཚམས་སུ་རྩི་ཏོ་རིང་བས་ཕྱི་ནང་གི་མཚམས་བཅད་འདུག   འདིར་གསལ་བོར་ཤེས་དགོས་པ་ཞིག་ནི་འཇལ་ལྟེ་དང་མཐའ་མཚམས་ཀྱི་རྩི་ཏོ་གཉིས་ཤིན་ཏུ་གལ་ཆེ་ལ།  དེ་ཡང་མཐའ་མཚམས་ཀྱི་རྩི་ཏོའི་ནང་ཕྱོགས་སུ་ཕོག་པའི་མདའ་ཡིན་ན་གྲངས་ཀའི་ནང་དུ་བརྩིས་ཆོག་ལ། མཐའ་མཚམས་ཀྱི་རྩི་ཏོའི་ཕྱི་རུ་ཡོད་ན་བརྩི་མི་ཆོག   དེ་བཞིན་མདའ་མང་པོ་འཇལ་འབེན་ཏུ་བབས་པའི་དབང་དུ་བཏང་ནའང་མདའ་གང་འཇལ་ལྟེ་ལ་ཐག་ཉེ་ན་དེ་ཁོ་ན་བརྩི་བ་ལས་གཞན་མདའ་ཡོད་ཚད་མི་བརྩི་བ་ཡིན།    དེ་ནི་མདའ་མོ་གཅིག་གིས་མདའ་གཞན་ཚང་མ་བླངས་ཟིན་པ་ཡིན་པས།  མདའ་བ་རྣམས་ཀྱིས་འདིའི་ཕྱོགས་སུ་དོ་སྣང་བྱེད་བཞིན་མཆིས།  
          དེ་ཡང་ཕྱོགས་གཉིས་ཀས་འཇལ་འབེན་བཟོས་གྲུབ་རྗེས།  མདའ་བ་རེའི་ལག་ཏུ་མདའ་ཆ་རེ་བཟུང་ནས་རང་གི་འཇལ་འབེན་དམ་པོར་བསྐོར་ནས་ཐེངས་གསུམ་འཁོར་བ་དང་ཀི་སྒྲ་འབྲུག་སྟོང་ལྡིར་བ་བཞིན་སྒྲོག་ཅིང་། སྐད་སྒྲ་ཇི་འདྲར་ཆེ་ན་དེ་འདྲར་བརྗིད་ཉམས་ལྡན་ཞིང་།  ད་དུང་ཕ་རོལ་པོ་ཟིལ་གྱིས་གནོན་པའི་ནང་དོན་ཡང་མཆིས་སོ། །  
          དེ་ནས་མདའ་འཕེན་གྱི་འགོ་བརྩམས་པས་ན་ཐོག་མར་གཞིས་པ་ཚང་གིས་འཇལ་འབེན་སྟེང་ལ་འཕེན་པའི་སྲོལ་ཡོད་ལ།   མདའ་མོ་དང་པོ་དེ་མ་ཁྲིད་མཁན་གྱིས་འཕེན་དགོས་པ་ལགས།  དེ་ལྟར་གཞིས་པ་ཚང་གི་མ་ཁྲིད་མཁན་གྱིས་མདའ་དང་པོ་འཕངས་པ་ན།    མདའ་མགོ་ན་ཡོད་པའི་ཕོ་གསར་སྐྱེ་གཟུགས་ཡག་ཅིང་གྱོན་པ་ཕལ་ཆེར་དོ་མཉམ་པ་ལྔ་ནས་དྲུག་གིས་མྱུར་དུ་མདའ་དང་པོ་དེ་འཇལ་འབེན་གྱི་ཐོ་ལུའི་ལྟག་ཏུ་བཙུགས་རྗེས་རིམ་གྱིས་སྐད་ཆེན་པོས་ཀི་ཤུར་བརྒྱབ་ནས་རྐང་པས་ས་རྡུང་བའི་སྐབས་སུ།   མདའ་བ་མང་པོ་གྲལ་བསྒྲིགས་ནས་ཀི་འདེབས་པ་དང་རྐང་པ་དག་རིམ་པ་ཡོད་པའི་སྒོ་ནས་སར་བརྡུངས་ཏེ་འཇལ་འབེན་གྱི་ཕྱོགས་སུ་འགྲོ་བ་དང་།  དེ་ནས་མདའ་མགོའི་ཕོ་གསར་དག་དང་འདྲེས་ནས་འབེན་ལ་སྐོར་བ་ཐེངས་གསུམ་གྲུབ་རྗེས།  ཐམས་ཅད་ཀྱིས་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ལན་མང་པོ་སྒྲོག་ཅིང་ཕྱིར་མདའ་འཕེན་སར་ལོག་པ་ལགས་སོ།   །དེ་ནས་མགྲོན་པོ་ཚང་གི་མ་ཁྲིད་མཁན་གྱིས་མདའ་དང་པོ་འཕངས་པ་ན་ཡང་གོང་བཞིན་རིམ་པ་དེ་དག་བརྒྱུད་དགོས་པ་ལགས།  དེ་ཡང་ཀི་བཏབ་པར་བརྗིད་ཆེ་བ་དང་གྲལ་བསྒྲིགས་ནས་འགྲོ་བར་ཉམས་ཇི་འདྲར་ཆེ་ན་དེ་འདྲར་གཟེངས་བསྟོད་ཐོབ་པ་ཡིན་ལ་དེར་སྡེ་བར་ལ་རྒྱ་བརྩོན་པའི་དོན་ཡང་འདུས།  ཕྱོགས་གཉིས་ཀའི་མ་ཁྲིད་པའི་གོ་རིམ་མཇུག་བསྒྲིལ་རྗེས་བུ་ཁྲིད་མཁན་གཉིས་ཀྱིས་འཕེན་དགོས་པ་དང་། དེ་ནས་མདའ་བ་ཐམས་ཅད་ཀྱིས་རིམ་པ་བཞིན་འཕེན་པའི་འགོ་རྩོམ་པ་ཡིན།  གཞིས་པ་དང་མགྲོན་པོ་ཕྱོགས་གཉིས་ཀའི་མདའ་བ་ཚོས་རང་རང་གི་ཆ་བསྒྲིགས་ནས། མདའ་འཕེན་པའི་སྐབས་སུ་ལྷ་འབོད་ཀླུ་འབོད་བགྱིས་ནས་མདའ་འགོག་པའི་སྲོལ་ཡང་ཆགས་ཡོད།   རང་རང་གི་སྐུ་ཡའམ་མདའ་འཕེན་གྲོགས་ཀྱི་མདའ་དེ་འབེན་ལ་ཕོག་པ་ན།  ལ་རྒྱ་ཤོར་བ་དང་ངོ་ཚ་ཆེ་བའི་བཤད་ཚུལ་ཡོད་པས།  མདའ་བ་ཕན་ཚུན་སུ་ཡིན་ཡང་མདའ་ཕོག་པར་དོགས་ནས་ཡིད་བདེ་མོ་ཞིག་གཏན་ནས་ཡོང་ཐབས་མེད།
          3.མདའ་རྩེད་རྩེད་སྲོལ།
          མདའ་རྩེད་ཀྱི་རྩེད་སྲོལ་ཐད་ལ་ཡང་ས་ཆ་སོ་སོར་ལུགས་སྲོལ་མི་འདྲ་བ་རེ་ཡོད་ཀྱང་མ་བུ་དང་བ་མོའི་རྩེད་སྲོལ་ནི་ཕལ་ཆེར་མཐུན་པར་སྣང་ལ།  མདའ་ལྔ་ལོང་དགོས་པ་དེ་ཡང་གཞི་མགྲོན་གཉིས་ཀ་སུ་ཡིན་ཡང་སྔོན་མར་མདའ་སུ་ལོངས་ན་ཕྱོགས་དེའི་ཕྱོགས་ཀྱི་མ་ལོངས་པ་ཡིན།  མ་ལོངས་པའི་སྟེང་དུ་མདའ་ལྷག་ན་དྲུག་བདུན་བརྒྱད་ལྟ་བུ་ཕོག་སྟེ་བརྩི་རྒྱུ་ཡོད་པས་ན།  ལྷག་མའི་མདའ་ལ་ཅོང་རྡོག་(ཨ་མདོའི་ཁ་སྐད་དེ་གོ་རེའི་རིགས་ཤིག་ཡིན་)ཟེར།  དམངས་སྲོལ་ལྟར་ན་མ་ལོངས་ནས་ཅོང་རྡོག་གཅིག་ཅོང་རྡོག་གཉིས་ཞེས་པའི་བརྩི་སྲོལ་ཡོད།  མ་ལོངས་རྗེས་བུ་ཁྲིད་པའི་འགོ་བརྩམས་པ་ལགས།  བུ་ཁྲིད་པའི་འགྲོ་ལུགས་ཀྱང་གོང་དུ་བརྗོད་ཟིན་པའི་མ་ཁྲིད་པའི་འགྲོ་ལུགས་དང་གཅིག་མཚུངས་ཡིན།  བུ་ལའང་མདའ་ལྔ་ལོང་དགོས་པ་ཡིན།  གལ་སྲིད་མ་བུ་གཉིས་ཀ་སྡེ་གཅིག་ལ་ལོངས་པའི་དབང་དུ་བཏང་ན་བ་མོ་(བ་མོ་ཞེས་པ་ནི་སྲོག་ཆགས་བ་མོའི་མིང་དང་གཅིག་མཚུངས་ཡིན་ལ།  འདིར་མདའ་བཅུ་ལོངས་པས་ན་བ་མོ་གཅིག་ལ་བརྩི་སྲོལ་ཡོད་)བཞག་པ་ཡིན།  བ་མོ་བཞག་པ་ཡིན་ན་བ་མོ་འཇོག་མཁན་དེ་མདའ་རྩལ་ལས་རྣམ་པར་རྒྱལ་བ་དང་བ་མོ་འཁུར་མཁན་དེ་མདའ་རྩེད་ལས་ཕམ་པ་ཡིན།  གལ་སྲིད་གཞི་མགྲོན་གཉིས་ཀས་ཕན་ཚུན་ལ་བ་མོ་རེ་བཞག་པའི་དབང་དུ་བཏང་ན།  འདྲ་མཉམ་དུ་གྱུར་པའི་རྐྱེན་གྱིས་ཡང་བསྐྱར་མ་ཁྲིད་པའི་འགོ་རྩོམ་པ་དང་། མ་ལོངས་རྗེས་བུ་ཁྲིད་པའི་འགོ་རྩོམ་དགོས་པ་རེད།  དེར་ཡང་མ་གཞིས་པར་ལོངས་པ་དང་བུ་མགྲོན་པོར་ལོངས་པའི་ཚེ།  མ་བུ་གང་གང་ཟེར་ཏེ་འདྲ་འདྲ་ཡིན་པར་བརྩི། སྡེ་བ་གང་ཡིན་རུང་མ་བུ་ལོངས་ཀྱང་བ་མོ་མ་བཞག་ཚེ། ལ་རྒྱ་དང་ངོ་ཚ་ཆེན་པོ་ཤོར་མེད་ནའང་།   བཤད་སྲོལ་ལ་ཕན་ཚུན་གྱིས་བ་མོ་མ་བཞག་ཀྱང་རྒྱལ་ཁ་སྡེ་བ་སུ་ལ་ཡོད་ཅེས་གླེང་བར་བྱ་ངེས་རེད།  དེ་ཡང་སྡེ་བ་གཅིག་གིས་སྡེ་བ་གཞན་གཅིག་ལ་བ་མོ་བཞག་པའི་དབང་དུ་བཏང་ན།  རྩེད་ཐེངས་འདིར་སྐྱིན་པ་སྤྲོད་མ་ཐུབ་ཀྱང་སྐབས་ནམ་ཞིག་གླགས་དང་བསྟུན་ནས་སྐྱིན་པ་སྤྲོད་རྒྱུའི་བསམ་པ་མདའ་བ་ཚང་མར་ཡོད།  གཞན་ཡང་ཕན་ཚུན་ལ་གྲོས་སྡུར་ཅི་ཡང་མེད་པར་མདའ་རྒྱུག་ཏུ་འགྲོ་བའི་སྲོལ་ཡང་ཡོད། མདའ་རྒྱུག་ཟེར་བ་དེ་གློ་བུར་དུ་མདའ་བ་ཐམས་ཅད་བསྡུས་ནས་རང་ལ་བ་མོ་འཇོག་མཁན་གྱི་སྡེ་བར་མདའ་འཕེན་པར་རྒྱུག་པའི་དོན་ཡིན།  མདའ་རྒྱུག་ཏུ་སོང་ནས་བ་མོ་ཕྱིར་སྤྲོད་ཐུབ་པ་བྱུང་ཚེ་འདོད་ཐོག་ཏུ་འོངས་པ་ཡིན་ལ། བ་མོ་སྤྲོད་མ་ཐུབ་པར་བ་མོའི་སྟེང་དུ་བ་མོ་འཁུར་ན་དེ་བས་ཡིད་སྡུག་པར་གྱུར་ཏེ་སྙིང་ནད་ཀྱང་ཇེ་ཆེར་འགྱུར་བའི་ཁར་ལ་རྒྱ་ཡང་ཤོར་ཟིན་པ་ནི་སྨོས་མ་དགོས་སོ། །      
གཉིས་པ། མདའ་རྩེད་དང་འབྲེལ་བའི་གླུ་གར་གྱི་སྐོར།
          སྡེ་བ་གང་ཡིན་ཡང་ཕན་ཚུན་ལ་མདའ་འཕེན་དུ་སོང་ན་ཉིན་གཅིག་དང་ཕྱེད་ཀ་འདུག་པ་ནི་ཕལ་ཆེར་གོམས་སྲོལ་དུ་གྱུར་ཡོད།  མདའ་འཕེན་དུ་སོང་བའི་ཉིན་དང་པོའི་དགོང་ཇ་འཐུངས་རྗེས།  མདའ་བ་དང་གཞིས་པའི་མ་སྲུ་རྣམས་ལྷན་དུ་འཛོམས་ནས་གླུ་ལེན་གར་རྩེད་བྱེད་སྲོལ་མཆིས།  གླུ་ལེན་གར་རྩེད་ཀྱི་བརྒྱུད་རིམ་ཡང་ཐོག་མར་གཞིས་པའི་གླུ་བ་གསུམ་གྱིས་གླུ་སྙན་ཞིང་འཇེབས་པ་གསུམ་བླངས་ནས་གླུ་སྒོ་ཕྱེས་པས་ན།  མགྲོན་པོ་ཚང་གི་སྐད་ངག་འཛོམས་པའི་གླུ་བ་གསུམ་གྱིས་ཀྱང་གླུ་གསུམ་བླངས་ཏེ།  གཞིས་པའི་མ་སྲུ་ཚོའི་ལག་ཏུ་ཆང་ཕོར་སྤྲོད།  དུས་དེར་མ་སྲུ་ཚང་གི་གླུ་མས་ཀྱང་གླུ་ལེན་པའི་འགོ་རྩོམ་ཞིང་བླངས་པའི་གླུ་ཆང་མགྲོན་པོའི་ལག་ཏུ་གུས་པའི་ངང་འཇོག་པ་དང་། ཕོ་མོ་ཕན་ཚུན་གྱིས་གླུ་ཁ་མཚར་བཅུ་ལྷག་ཅིག་བླངས་རྗེས།  སྟོན་བཤད་དང་ཆང་བཤད་སོགས་བཤད་པའི་ལུགས་སྲོལ་དང་། མི་གཉིས་སམ་བཞིས་རྩེ་རིག་འཁྲབ་ལེན་བྱེད་པའང་ཡོད། དེའི་རྗེས་སུ་མགྲོན་པོ་ཚང་གིས་གླུ་ཆེན་(ལ་གཞས་)ལེན་པའི་རེ་བ་ཞུ་གླུ་བླངས་ཏེ། རང་གི་གྲལ་འགོའི་རྒན་པོའི་ལག་ཏུ་ཆང་ཕོར་བཞག་པས་ན། རྒན་པོས་སྐད་གསེང་མཐོན་པོས་གནང་བ་བྱིན་པ་ཡིན།  སྟ་རེ་བཟུང་ནས་ནགས་སུ་འགྲོ་ན།  ལྕགས་ཐོམ་ཁྱེར་ནས་ཆུ་ལ་འགྲོ་ན།  མགོ་ན་མཐུར་མེད། རྐང་ན་སྒྲོག་མེད་ཅེས་ཟེར་ནས་གནང་བ་བྱིན་ཚེ། སྐད་ངག་ཡིད་དུ་འོང་བ་ཞིག་གིས་ལ་གཞས་ཀྱི་རྩེད་འགོ་བླངས་ནས་མ་སྲུ་ཚོའི་ལག་ཏུ་ཆང་ཕོར་བཞག་མ་ཐག   གླུ་མ་ལ་ཡང་ཐེ་ཚོམ་ཅི་ཡང་མེད་པར་ཕྱིར་གཞས་ལན་སློག་པ་ཡིན་ལ། དེ་ལྟར་ཕལ་ཆེར་དགོང་མོའི་ཆུ་ཚོད་དགུ་ནས་ཕྱི་ཉིན་གྱི་སྔ་དྲོའི་ཆུ་ཚོད་གཉིས་ཡས་མས་སུ་ལ་གཞས་གཏུག་རེས་བྱེད་པ་དང་། དེར་ཡང་སྐད་ངག་གི་བཟང་ངན་དང་ལ་གཞས་ཀྱི་མང་ཉུང་ལྟར་རྒྱལ་ཕམ་ལ་ལྟ་བའི་སྲོལ་ཡོད། གླུ་གར་གྱི་ཚོགས་པ་གྲོལ་བའི་སྐབས་སུ་སྐུ་མགྲོན་ཚོས་བཀྲ་ཤིས་པའི་གླུ་གསུམ་ལེན་པ་དང་།  བཀྲ་ཤིས་ཀྱི་གླུ་གཞུག་མ་བླངས་པ་དང་ཆབས་ཅིག་སྐུ་མགྲོན་རྣམས་ཡར་ལངས་ནས་རིམ་གྱིས་སྒོར་འགྲོ་བར་རྩོམ།  དུས་དེར་གཞིས་པའི་མ་སྲུ་ཚོ་སྔོན་དུ་ཕྱིར་བུད་ནས་ཕྱི་སྒོར་གཏན་པོ་བརྒྱབ་ནས་མགྲོན་པོ་སྒོར་འགྲོ་རུ་མི་འཇུག  གལ་ཏེ་སྒོ་ཕྱེ་དགོས་ན་མགྲོན་པོ་རྣམས་དང་མ་སྲུ་ཚོས་ཨ་མ་རོགས་གཞས་ཟེར་བ་དེ་བཤད་དེ་མ་སྲུ་ཚོ་ཕམ་པས་ན་ད་གཟོད་སྒོ་ཕྱེ་ངེས་ཡིན་ལ། གལ་ཏེ་ཕམ་པར་གཏོང་མ་ཐུབ་ན་སྒོ་མི་འབྱེད། ཡིན་ནའང་དུས་ཚོད་འགྱངས་ན་མགྲོན་པོ་ཚོའི་སྐུ་ངལ་བར་དོགས་ནས་གཞིས་པའི་འགོ་དཔོན་ཞིག་གིས་མ་སྲུ་ཚོ་ལ་ཁ་ངོ་བསླངས་པས་ན།  ད་གཟོད་མ་སྲུ་ཚོས་སྒོ་ཕྱེས་ནས་སྐུ་མགྲོན་རྣམས་ལ་ངལ་གསོ་བར་འཇུག་པ་ལགས།  དེར་ཡང་ཁ་བདེ་ལྕེ་བདེ་ཅན་གྱིས་བཤད་པའི་ཨ་མ་རོགས་གཞས་ཟེར་བ་ནི་ཡང་སྙིང་ཅི་ཞིག་ཡིན་ཞེ་ན། དེ་ནི་ན་གཞོན་ཕོ་མོ་བར་ཕན་ཚུན་མཐུན་པའི་བརྩེ་སེམས་མཚོན་པའི་ཁ་མཚར་ཞིག་ཡིན། ཕལ་ཆེར་ཚིག་རྐང་བཞི་དང་དྲུག་བརྒྱད་བཅུ་ཅན་མང་པོ་འདུག་པ་སྟེ། དཔེར་ན།  ཕ་གིའི་སྒང་ནས་འཁོར་ལོ་འཁོར་གི །ཚུར་གའི་སྒང་ནས་འཁོར་ལོ་འཁོར་གི །ཨ་ཕ་ཨ་མ་ཡུལ་ནས་འཁོར་གི །རོགས་ཁྱོད་དང་འུ་གཉིས་འདི་ན་འཁོར་གི། ཞེས་པ་ལྟ་བུའི་བཞི་རྐང་ཅན་དང་། ཕ་གི་བྲག་རེད། །ཚུར་ག་ནགས་རེད། །ལུང་བ་ཆུ་རེད། །གྲམ་པ་རྡོ་རེད། །བྱ་མོ་འཕུར་གི །གཤོག་རྩ་འདར་གི །བྱ་ཕྲུག་འཕུར་གི །སྙིང་རྩ་འདར་གི །རོགས་ངེད་གཉིས་འགྲོགས་ན། །རྐང་རྩ་འདར་གི །ཞེས་པ་ནི་ཚིག་རྐང་བཅུ་ཅན་ལྟ་བུའོ། །ཁ་མཚར་འདི་རིགས་ལ་སྲོལ་རྒྱུན་གྱི་བཤད་སྲོལ་གཞིར་བཞག་གི་སྟེང་གསར་བ་བསྒྲིགས་པ་ཡང་ཡོད།  གང་ལྟར་ཀྱང་ཨ་མ་རོགས་གཞས་ཞེས་པ་འདི་རོང་སྡེ་ཕལ་ཆེར་གྱིས་མདའ་རྩེད་་སྐབས་སུ་བཀོལ་བ་ཡིན་ལ་འབྲོག་སྡེ་མང་པོ་དང་ཁམས་ཕྱོགས་སུ་དར་ཁྱབ་ཏུ་སོང་ཡོད་མེད་གསལ་བོ་མི་ཤེས།  
          དེ་ཡང་མདའ་བ་རྣམས་ཕྱི་ཉིན་གྱི་ཉི་རྩེ་རི་གསུམ་གྱི་ཟོམ་ལ་ཕོག་པའི་དུས་སུ། སླར་ཡང་སྐུ་རའི་(མདའ་འཕེན་ས་)ནང་དུ་འདུས་ཤིང་། སྔར་ཉིན་བཞིན་ཕྱོགས་གཉིས་ཀྱིས་འཇལ་འབེན་བཟོས་ནས་གྲུབ་རྗེས་མདའ་འཕེན་པའི་འགོ་་རྩོམ་པ་ཡིན།   མདའ་རྩེད་ཀྱི་འབྲས་བུ་སྟེ་བཟང་ངན་ཅི་འདྲ་བྱུང་ཡང་ཕྱི་དྲོ་མདའ་རྩེད་མཚམས་བཞག་ནས་གླུ་ལེན་གར་རྩེ་བྱེད་དགོས་པ་ལགས། དེ་ནི་སྐུ་མགྲོན་རྣམས་ཀྱིས་དྲོས་ཇ་འཐུངས་རྗེས་ཕྱིར་སྐུ་རའི་ནང་དུ་འདུས་ཤིང་། གཞིས་པ་ཚང་གིས་བཏིང་བའི་གདན་དཀར་དམར་ཁྲ་གསུམ་གྱི་སྟེང་དུ་སྐུ་མགྲོན་རྣམས་ལོ་རིམ་གྲལ་ལྟར་དཀྱིལ་ཀྲུང་བཅས་ནས་འདུག་པ་དང་།  གཞིས་པ་ཚང་གི་བཀོད་སྒྲིག་ལྟར་མདང་དགོང་ཚོགས་པའི་འགྲོ་རིམ་དང་མཚུངས་པར།  གཞིས་པ་ཚང་གིས་གླུ་སྒོ་ཕྱེ་རྗེས་སྐུ་མགྲོན་རྣམས་དང་གཞིས་པའི་མ་སྲུ་ཚོས་ཕན་ཚུན་བར་གླུ་ལེན་གྱི་འགོ་རྩོམ་པ་ཡིན།  གླུ་ལེན་གྱི་ནང་དོན་དང་འགྲོ་རིམ་ཐམས་ཅད་སྔར་དང་མཚུངས་ལ་སྐུ་མགྲོན་རྣམས་ལམ་ལ་ཆས་སྐབས་སྐྱེལ་མ་རྒྱ་ཆེན་པོ་བྱེད་དགོས།  དེར་ཡང་གཞིས་པའི་ཕོ་གསར་རྣམས་ཀྱིས་ལག་ཏུ་ཆང་ཕོར་འབྲུག་རྒྱན་བཟུང་སྟེ།  གྲལ་ཉིས་བསྒྲིགས་བྱས་ནས་སྐུ་མགྲོན་རྣམས་དེའི་དཀྱིལ་དུ་འགྲོ་བའི་སྐབས་སུ་ཆང་འདྲེན་ཅི་ཐུབ་བྱེད་པ་དང་།  མ་སྲུ་ཚོས་གླུ་དང་རྩེ་རིག་གིས་སྐྱེལ་མ་བྱས་ཏེ།   ཕལ་ཆེར་སྡེ་བའི་འདབས་བར་དུ་སྐྱེལ་བའི་སྲོལ་ཡོད།   དེ་ལྟར་སྐུ་མགྲོན་རྣམས་ཕལ་ཆེར་རྒྱང་གྲགས་གཅིག་ཙམ་ལ་སླེབས་པས་ན།  སྐུ་མགྲོན་རྣམས་ཀྱིས་མཉམ་དུ་ཀི་ལན་གསུམ་བཏབ་རྗེས་ལམ་ལ་ཞུགས་ཏེ་ཕ་ཡུལ་ཕྱོགས་སུ་ཆས་པ་ཡིན།  
          དེ་ལྟར་སྡེ་བ་གཉིས་ཀའི་བཤད་མཚམས་ལྟར་ཉིན་གཅིག་དང་གཉིས་ཀྱི་རྗེས་སུ།  སྡེ་བ་འདིའི་མདའ་བ་རྣམས་སྡེ་བ་གཞན་དེར་མདའ་འཕེན་དུ་འགྲོ་དགོས་ལ། མདའ་རྩེད་ཀྱི་འགྲོ་རིམ་དང་གླུ་གར་གྱི་བརྒྱུད་རིམ་ཐམས་ཅད་གོང་དུ་བརྗོད་པ་དང་གཅིག་མཚུངས་ཡིན་པས་བསྐྱར་དུ་བརྗོད་པའི་དགོས་པ་མེད། ལར་ཆབ་འགག་ཡུལ་གྱི་རྒྱ་ར་གཙོ་བྱས་པའི་རྐ་གསར། ཨར་སྟི། དུམ་པ། མེ་ཏོག་ལུང་བ་གོང་ཞོལ།  འགག་གོང་ཞོལ།  སོར་རྒྱག་དང་ཁྲ་ཚང་བཅས་སུ་མདའ་རྩེད་ཀྱི་གྲངས་མང་ཡང་།  གཙོ་བོ་རྒྱ་ལོའི་ཚེས་པ་གསུམ་ནས་བཅུ་བར་དུ་མདའ་རྩེད་བྱེད་པ་ནི་ཆད་མེད་ཡིན། འོན་ཀྱང་འདིར་ཤེས་དགོས་པ་ཞིག་ནི།  སྡེ་བའི་རྒན་པོ་གཙོ་ཆེ་ཤོས་རེ་ཚེ་ལས་འདས་པ་ན་ལོ་དེར་མདའ་མི་འཕེན་པའི་སྲོལ་ཡང་ཡོད་དོ། །  
          མདའ་རྩེད་ཀྱི་རིགས་འདི་གང་ལྟར་ཀྱང་དམངས་ཁྲོད་རྩེད་མོའི་གྲུབ་ཆ་་གཙོ་བོ་ཞིག་ཡིན་པས།  འདིར་རང་གཞན་ཐམས་ཅད་ཀྱིས་ཉམས་པ་སོར་ཆུད་དང་མ་ཉམས་རྒྱུན་འཛིན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། དམངས་ཁྲོད་ལ་མཚོན་ན་རིག་གནས་འཚོ་བ་ལོངས་སུ་སྤྱོད་རྒྱུ་མང་པོ་མེད་པར་བརྟེན། མདའ་རྩེད་དང་གླུ་རྩེད་སོགས་རྒྱ་ཇེ་ཆེ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་མ་ཐུབ་ན། མང་ཚོགས་ཀྱི་རིག་གནས་འཚོ་བའི་འདོད་བློ་དེ་སྐོང་ཐབས་མེད་པ་ལགས། དེའི་ཕྱིར།   ངེད་ཅག་འབྲེལ་ཡོད་པ་རྣམས་ཀྱིས་རང་རེའི་ཆབ་འགག་ཡུལ་གྱི་སྔར་ཡོད་ཐུན་མོང་མ་ཡིན་པའི་མདའ་རྩེད་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ། དེང་རབས་ཅན་གྱི་ཁྱད་ཆོས་ལྡན་པའི་མདའ་རྩེད་ཀྱི་རྣམ་པ་གསར་བ་ཞིག་གཏོད་པར་འབད་འབུངས་ལྷོད་མེད་བྱེད་དགོས་པ་ལགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1