བྲག་འགོ་རྫོང་གི་མཐོ་སྒང་དེང་རབས་སྐྱེ་ཁམས་ཐོན་ལས་གླིང་གི་གནས་ཚུལ་རགས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-23



           དགུན་ཟླ་རིང་མོའི་གྲང་ངར་གྱིས་དཀར་མཛེས་ཡུལ་གྱི་རི་ཀླུང་ཐམས་ཅད་འཁྱགས་པས་བསྡམས་ཤིང་། སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་དབྱར་དུས་ཀྱི་མཛེས་ཉམས་དེ་མིག་གི་ལོངས་སྤྱོད་དུ་འགྱུར་དཀའ་ནའང་། བྲག་འགོ་རྫོང་གི་ཐོན་ལས་གླིང་ཁུལ་ཏེ་སྔོ་ཚོད་འདེབས་འཛུགས་བྱེད་སའི་དྲོད་ཁང་དུ་སླེབས་པ་ན། མིག་ལམ་དུ་མངོན་པ་ནི་ལྗང་མདོག་གི་ཞིང་ཁམས་ཤིག་སྟེ། ཀྲོ་མ་ཀྲུའི་སྡོང་ཕྲུག་བགྲང་ལས་འདས་པ་ཞིག་སྟར་ཕྲེང་བསྒྲིགས་ཏེ་བཙུགས་ཡོད་ཅིང་། དེའི་སྟེང་ཆེ་ཆུང་མི་འདྲ་ལ་ཁ་དོག་ཀྱང་འདྲ་མིན་སྣ་ཚོགས་ཡོད་པའི་ཀྲོ་མ་ཀྲུ་ལྗིད་ཏིག་ཏིག་གིས་མར་དཔྱངས་འདུག་པས། དགུན་ཟླ་བཅུ་གཅིག་པར་ཡང་འབྲས་བཟང་སྨིན་པའི་སྟོན་དུས་ཀྱི་དགའ་ཉམས་ཤིག་ངང་གིས་ཚོར་ཐུབ།

ཐོན་ལས་གླིང་གི་སྒོ་འགྲམ་དུ་བཀལ་བའི་སྒོ་བྱང་སྣ་ཚོགས། 
          བྲག་འགོ་རྫོང་གི་སྔོ་ཚོད་འདེབས་འཛུགས་བྱེད་སའི་སྐྱེ་ཁམས་ཐོན་ལས་གླིང་ནི་2012ལོར་དངོས་སུ་བཙུགས་ཤིང་། ཞིང་པའི་ཞིང་ས་གཅིག་བསྡུས་བྱེད་པ་དང་ཞིང་པས་ནང་དུ་མ་རྐང་འཇོག་པ། གཙོ་གཉེར་མཁན་གྱིས་སྣེ་འཁྲིད་པ། གཞན་མ་རྐང་བཞག་པར་ཁེ་སྤོགས་བགོ་བ་བཅས་ཀྱི་རྣམ་པ་ལ་བརྟེན་ནས་བཙུགས་པའི་སྐྱེ་ལྡན་སྔོ་ཚོད་འདེབས་འཛུགས་བྱེད་ས་ཞིག་ཡིན་ལ། ཐོན་རྫས་གཙོ་བོ་ནི་ཀྲོ་མ་ཀྲུ་ཡིན། མིག་སྔར་སྔོ་ཚོད་འདེབས་འཛུགས་བྱེད་སའི་སྤྱིལ་ཁང་200ལྷག་ཡོད། གཙོ་གཉེར་མཁན་ཧྲེང་ཞུའེ་ཝུའུ(盛学武)ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཐོ་སྒང་གི་གནས་འདི་ནས་ཐོན་སྐྱེད་བྱས་པའི་ཀྲོ་མ་ཀྲུ་ལ་ས་ཆ་གཞན་ལས་ཐུན་མིན་གྱི་བྲོ་བ་ལྡན་པས། ཁོ་ཚོའི་ཀྲོ་མ་ཀྲུ་ལ་ནང་ལོགས་ས་ཆའི་མི་རྣམས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པས། ཁྲེན་ཏུའུ་དང་ཀོང་ཀྲོའུ། ཧྲང་ཧའེ་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད་པར་བཤད།

དགུང་དཀྱིལ་དུ་སྔོ་ལྡེམ་ལྡེམ་བྱེད་པའི་ཀྲོ་མ་ཀྲུ།
          སྔོ་ཚོད་འདེབས་འཛུགས་བྱེད་སའི་སྐྱེ་ཁམས་ཐོན་ལས་གླིང་འདི་ནི་བྲག་འགོ་རྫོང་གི་དབུལ་སྐྱོར་ཐོན་ལས་ཀྱི་ལས་གཞི་ཞིག་ཡིན་ལ། འདིར་ལས་ཀ་སྒྲུབ་མཁན་རྣམས་ནི་ཉེ་འཁོར་གྲོང་ཚོའི་དབུལ་ཕོངས་ཁྱིམ་ཚང་གི་མི་ཡིན་ཞིང་། མི་རེས་ཉིན་རེར་སྒོར་100ལྷག་བཙལ་ཐུབ་པས། སྡེ་མི་མང་པོ་ཞིག་ཐག་རིང་དུ་ཞོར་ལས་ལ་འགྲོ་མི་དགོས་པར་རང་ཁྱིམ་གྱི་ཉེ་འགྲམ་ནས་སྒོར་མོ་བཙལ་བར་སྟབས་བདེ་ཆེན་པོ་བཟོས་ཡོད་ལ། ཐོན་ལས་གླིང་ཁུལ་འདི་ཉིད་བྲག་འགོ་རྫོང་གི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཏུའང་གྱུར་ཡོད་པས། འདིས་བྲག་འགོ་རྫོང་གི་དབུལ་ཐར་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་དང་གཏོང་བཞིན་འདུག་གོ།

གཙོ་གཉེར་ཧྲེང་ཞུའེ་ཝུའུ་ལགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1