ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-23


        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ནི་ལ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ནི་ལར་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐུན་མོང་ཐོག་འཆར་འགོད་གནང་སྟེ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ད་དུང་ཕན་ཚུན་བརྩི་འཇོག་དང་། ལྷག་བསམ་རྣམ་དག འདྲ་མཉམ་གཉིས་ཕན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་གཅིག་མཐུན་གནང་བ་རེད།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཞལ་ཆད་ལྟར་ཧྥི་ལི་ཕིན་དུ་འཚམས་འདྲིར་ཡོང་ཐུབ་པར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཧྥི་ལི་ཕིན་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཐོབ་པ་དང་ལྷག་པར་དུ་ཕྲུ་གུ་ཚོའི་དགའ་སྤྲོའི་འཛུམ་མདངས་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོ་ནི་འགྲོ་འོང་སྤེལ་རེས་བྱས་ནས་ལོ་ངོ་སྟོང་ཕྲག་སོང་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཁྱིམ་མཚེས་དབར་མཐུན་པོ་བྱས་ནས་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་པ་ནི་ཕྱོགས་གཉིས་པོའི་ཡང་དག་པའི་གདམ་ག་ཞིག་རེད། ལོ་གཉིས་རིང་ང་དང་སྐུ་ཞབས་ཙུང་ཐུང་དབར་ཞལ་འཛོམས་ཐེངས་6བྱུང་སྟེ་ཀྲུང་ཧྥི་དབར་གྱི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་སྤེལ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་བྱུང་བ་དང་མཛའ་མཐུན་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཀྲུང་ཧྥིའི་འབྲེལ་བའི་ཐད་ལེའུ་གསར་པ་ཕྱེ་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཀྱང་བསྐྲུན་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་མཛའ་མཐུན་སྐྱོང་བ་དང་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོ་ནམ་ཡང་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་སུ་འགྱུར་བ་བྱས་ནས་དར་རྒྱས་གོང་འཕེལ་མཉམ་སྤྱོད་ཐུབ་པ་བྱེད་འདོད་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཀྲུང་གོ་དང་ཧྥི་ལི་ཕིན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་བྱས་པ་ནི་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད་ལ། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་བླང་བྱ་དང་ཡང་འཚམས་ཡོད། ཕྱོགས་གཉིས་པོའི་འབྲེལ་བར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཐབ་ཇུས་སྣེ་ཁྲིད་བྱ་རྒྱུར་ཕྱོགས་གཉིས་པོས་ཤུགས་སྣོན་བརྒྱབ་སྟེ་རིམ་པ་ཁག་དབར་འགྲོ་འོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཧྥི་ལི་ཕིན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་པོས་བདེ་འཇགས་དང་། འཕེལ་རྒྱས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀ་བརྟེན་ཁྱབ་ཁོངས་ཆེན་པོ་གསུམ་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་དུག་འགོག་དང་འཇིགས་རྒོལ་བྱ་གཞག་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ཏེ་རང་ཉིད་ཀྱི་ནུས་པས་གང་ལྕོགས་ཀྱི་ཁྱབ་ཁོངས་ནང་ཧྥི་ལི་ཕིན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཧྥི་ལི་ཕིན་གྱིས་དབུལ་པོ་ཉུང་གཏོང་སོགས་སྤྱི་ཚོགས་ཀྱི་དམངས་འཚོའི་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་རྒྱུར་རོགས་རམ་བྱེད་པ། སློབ་གསོ་དང་། རིག་གནས། ཡུལ་སྐོར་སོགས་ཀྱི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་བ་དང་མཛའ་མཐུན་ཟབ་ཏུ་གཏོང་ཆེད་གར་སྟེགས་གསར་པ་ཞིག་གཏོད་རྒྱུ་ཡིན། ཧྥི་ལི་ཕིན་ནི་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རོགས་ཟླ་གལ་ཆེ་ཤོས་དེ་ཡིན། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཧྥི་ལི་ཕིན་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་ཟབ་ཏུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གློག་འཕྲིན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།
       ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ལྷོ་རྒྱ་མཚོར་ཀྲུང་གོ་དང་ཧྥི་ལི་ཕིན་ལ་ཐུན་མོང་གི་རྒྱ་ཁྱབ་ཁེ་ཕན་ཡོད་པས་མུ་མཐུད་མཛའ་མཐུན་གྲོས་མོལ་ཐོག་ནས་མི་མཐུན་སར་དོ་དམ་ཚོད་འཛིན་བྱེད་པ་དང་མཚོ་ཐོག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་མི་དམངས་ལ་བདེ་རྩ་སྐྲུན་ཆེད། འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། ཧྥི་ལི་ཕིན་གྱིས་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་མཐུན་སྦྱོར་རྒྱལ་ཁབ་དང་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤར་རྒྱུད་འཕར་ཁུལ་གྱི་མཉམ་ལས་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཧྥི་ལི་ཕིན་ཕྱོགས་དང་ལག་གདང་སྦྲེལ་ནས་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀ་ཨེ་ཤེ་ཡའི་གསར་དར་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ཡིན་པས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
         ཏུའུ་ཐེར་ཐེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་ལ་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ལོ་13རིང་འཚམས་འདྲི་གནང་ཐེངས་དང་པོ་དེ་ཡིན་པས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན་པས་རྒྱལ་ཁབ་གཉིས་པོའི་རོགས་ཟླའི་མཉམ་ལས་ཐད་ལེའུ་གསར་པ་གཏོད་རྒྱུ་རེད། ལོ་40རིང་གི་ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་བར་ཧྥི་ལི་ཕིན་ཕྱོགས་ཀྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཕན་ཚུན་བརྩི་འཇོག་དང་། ཕུན་ཚུན་བསམ་ཤེས། བདག་དབང་འདྲ་མཉམ་བཅས་ཀྱི་རྨང་གཞིའི་ཐོག་ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཚོང་དོན་དང་། མ་འཇོག ཞིང་ལས། འགོག་སྲུང་ལས་དོན། འཕྲོད་བསྟེན། དུག་འགོག དམངས་འཚོ་ལེགས་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་མི་ཤུགས་ཐོན་ཁུངས་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད། ས་ཁུལ་འདི་གའི་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱས་པར་ཧྥི་ལི་ཕིན་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོ་ནི་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་མཁན་ཞིག་ཡིན། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
        གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བསམ་ཤེས་དྲན་ཐོ》དང《སྣུམ་རླངས་གསར་སྤེལ་མཉམ་ལས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བསམ་ཤེས་དྲན་ཐོ》སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོག་པར་ལྷན་དུ་དཔང་པོ་གནང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1