གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

རེབ་གོང་པ་མཁར་རྩེ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༢༣ཉིན།

༄༅།། མདོ་སྨད་རེབ་གོང་གི་ཡུལ་ལྷའི་རྒྱལ་པོ་གཉན་ཆེན་པོ་སེ་ཀུ་བྱ་ཁྱུང་གི་སྐོར་ལ་དཔྱད་པ།

རེབ་གོང་པ་མཁར་རྩེ་རྒྱལ།
དང་པོ། བྱ་ཁྱུང་གི་ཡོང་ཁུངས་སྐོར་བཤད་པ།
            དེ་ཡང་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དཀྱིལ་གྱི་ཆར་དཔོན་པོ་བསོད་ནམས་རྒྱ་མཚོ་བྱ་བས་བསྐུལ་ངོར། ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་རྒྱབ་རི་བྲག་དཀར་ཤར་ནས་གསུངས་པའི་བྱ་ཁྱུང་གི་བསང་ཡིག་ཏུ། “ཀྱེཿ རིག་འཛིན་ཆེན་པོ་པད་འབྱུང་གིས།། བསྟན་འགྲོ་སྲུང་བར་གཉེར་གཏད་པའི།།”སོགས་འབྱུང་བ་དེ་འབྲེལ་ཡོད་ཨ་མྱེས་བྱ་ཁྱུང་སྐོར་གྱི་བྲིས་ཡིག་ཐོག་གི་རྒྱུ་ཆ་ཐེངས་དང་པོ་ཡིན། བཤད་སྲོལ་ལ། སྔོན་རྒྱ་གར་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ཡུལ་འདི་ཀླུ་བདུད་བཙན་གསུམ་གྱིས་དབང་དུ་བཟུང་བའི་ཡུལ་ཞིག་ཡིན་པ་མཁྱེན་ཏེ། གཏུམ་པོ་དམར་ནག་ཁྱུང་གི་སྤུལ་བ། གནམ་ལྕགས་ཐོག་གི་མཆུ་སྡེར་ཅན་། རྣོ་ངར་གྱི་རལ་གྲི་སྟོང་གི་གཤོག་པ་ཅན། ཆུ་གྲི་སྟོང་གི་མཇུག་སྒྲོ་ཅན། ནག་ཕྱོགས་ཀྱི་ཀླུ་བདུད་དང་ས་བདག་ཐམས་ཅད་སྡེར་འོག་ཞབས་ཀྱིས་མནན་ཏེ་གཡས་གཡོན་ཕྱག་གིས་བཟུང་ནས་འཇིགས་རུང་མཁའ་ལྡིང་དབང་པོའི་རྣམ་པར་རོལ་པ་གཉན་ག་རུ་ཊ་ཞེས་པ་དེ།   སྟོད་དབུས་གཙང་ཆོས་སྒོ་སེར་པོའི་མན་ཆད་ནས་སྨད་རྒྱ་ཡུལ་ཁྲིམས་སྒོ་དམར་པོའི་ཡན་ཆད་འདིར་ཀླུ་བདུད་བཙན་གསུམ་གྱི་ཁ་གནོན་དུ་མངགས་ཏེ།   ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་མ་ནུབ་ཀྱི་བར་དུ་འགྲོ་བའི་དོན་མཛད་རྒྱུ་ཞལ་གྱིས་བཞེས་ཡོད་ཟེར།    དེ་ཡུལ་རེབ་གོང་ཕྱོགས་འདིར་བཞུགས་པའི་གནས་ནི།  “ཤར་དུ་དར་རྒྱ་སྤུན་གསུམ་དང་།   ལྷོ་རུ་གཡུ་འབྲོང་ཁྱུང་གསུམ།    ནུབ་ཏུ་བྲག་དཀར་སྤུན་གསུམ།  བྱང་དུ་ཚེས་རི་སྤུན་གསུམ་དང་སྒོ་སྲུང་རྭ་རྫོང་ཆེན་མོ་བཀའ་འཁོར་དང་བཅས་པ་བཞུགས་སའི་རི་ཚོགས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བའི་དཀྱིལ་དབུས་སུ་བརྟན་བརྗིད་ཀྲོང་ངེར་འགྱིང་བ།  དབྱར་དགུན་དུས་བཞིར་རྩེ་མོ་གངས་ཀྱིས་བཟུང་བའི་བྱ་ཁྱུང་རྫ་རི་ལ་གནས་པར་བཤད་དོ།  །
            སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དཀྱིལ་གྱི་ཆར། ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་ཆོས་ལུགས་ཀྱི་ཆོ་ག་ལྟར་བྱ་ཁྱུང་དེ་རོང་བོ་དགོན་པའི་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་པ་དང་།  སྐབས་དེ་ཉིད་ནས་བཟུང་ཁོང་གིས་ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འཇིག་རྟེན་སྐྱོང་བར་བཤད།   ཨ་མྱེས་བྱ་ཁྱུང་ནི་གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་བ་ཡིན་ཞེས་ཚང་མས་ལབ་མོད། འོན་ཀྱང་འཇིགས་རུང་ཀླུ་བདུད་རྐང་འོག་ཞབས་ཀྱིས་མནན་ཏེ་གཡས་གཡོན་ཕྱག་གིས་གསོལ་བའི་རྣམ་པ་ཅན་འདི་གང་གི་སྤྲུལ་བ་ཡིན་པ་ཤེས་མཁན་ཧ་ཅང་ཉུང་པས་ན། འདིར་ཁྱུང་གི་སྐོར་ཅུང་ཞིབ་པར་བཤད་པ་ལ།   དཔལ་དུས་ཀྱི་འཁོར་ལོའི་བཞེད་ལུགས་ལྟར་ན།     གསང་སྔགས་རྒྱུད་སྡེའི་ལུགས་ལ་སྟོན་པ་ཤཱཀྱའི་རྒྱལ་པོ་གཡས་སུ་བདེ་མཆོག་དང་།   གཡོན་དུ་གསང་འདུས།   མདུན་དུ་འཇིགས་བྱེད།   རྒྱབ་ཏུ་དུས་འཁོར་བཅས་ཀྱི་བསྐོར་བ་ལས།   རྒྱབ་ཀྱི་ཡི་དམ་འདི་སྔགས་ཀྱི་སྒོ་ནས་སྤྲུལ་ན་ཀླུ་བདུད་བཙན་གསུམ་གྱི་ཁ་གནོན་གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་བའི་སྐུར་བཞེངས་ཡོད་པར་གསུངས་ཏེ།     དེང་སང་ང་ཚོས་དགོན་སྡེ་ཆེ་ཆུང་གང་རུང་ཀི་སྒོ་ཁར་མཐོང་ཐུབ་པའི་ཧ་ཀྵ་མ་ལ་ཝ་ར་ཡཿཞེས་པའི་ཡིག་འབྲུ་བདུན་པོ་འདི་དུས་འཁོར་གྱི་ཡུམ་གྱི་སྔགས་ཡིན།  དེ་ཡང་འདི་ལྟར་བཤད་སྲོལ་ཡོད་དེ།   སྔོན་སྟོན་པ་ཤཱཀྱ་ཐུབ་པ་དགུང་གྲངས་གྱ་གཅིག་བཞེས་སྐབས་སྤྲུལ་བ་གཉིས་གྱེས་པ་ལས། སྤྲུལ་པ་གཅིག་གིས་གནས་བྱ་རྒོད་ཕུང་བོའི་རི་ནས་ཡུམ་ཉི་ཁྲི་བརྒྱད་སྟོང་དང་ཤེར་ཕྱིན་མདོ་སོགས་གསུངས། སྤྲུལ་པ་གཅིག་གིས་བྱང་ཤ་ལའི་མཆོད་རྟེན་དཔལ་འབྲས་སྤུངས་སུ་སྐུ་མྱ་ངན་ལས་འདའ་ཁར་རྒྱུད་སྡེ་བཞིའི་སྐོར་གྱི་ཆོས་ཐམས་ཅད་ཞལ་ཆེམས་ཀྱི་ཚུལ་དུ་གསུངས། དེའི་རྐྱེན་གྱིས་དུས་ད་ལྟ་ལ་ཐུག་གི་བར་དུ་ལོ་རེའི་ལུགས་རྙིང་གི་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་ནི་དུས་འཁོར་གྱི་སྦྱིན་བསྲེགས་ཉིན་མོ་ཡིན་པ་དང་།    བོད་ཡུལ་གྱི་དགོན་པ་གྲྭ་ས་ཕལ་ཆེ་བ་ན་ཕྱག་སྲོལ་འདི་ཉམས་པ་མེད་པར་འབྲེལ་ཡོད་འདོན་ཆ་ཁ་ཚང་དང་བཅས་སྦྱིན་བསྲེགས་ལྡུགས།    དཔལ་དུས་ཀྱི་འཁོར་ལོའི་ལུགས་ལས་བྱུང་བའི་ཡི་དམ་འདི་ཁྱུང་གིས་སྤྲུལ་ཏེ་འཇིག་རྟེན་དུ་བྱོན་ནས།   དུས་དེང་སང་གི་བར་དུ་ལོ་ངོ་སུམ་སྟོང་ལྷག་འགོར་ཡོད་ཅེས་རེབ་གོང་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་དགེ་སློང་ས་དཀྱིལ་ཤ་བོ་ཐར་ལགས་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་འབྲེལ་ཡོད་དུམ་པར་ཁུངས་བཅོལ་ཏེ་གསུངས་པ་ལྟར་རོ།  ། 
གཉིས་པ།  རོང་བོ་ས་དཀྱིལ་སྡེ་བས་བྱ་ཁྱུང་བསྟེན་ཚུལ།
            འདིར་ཤེས་དགོས་པ་ཞིག་ལ།    བྱ་ཁྱུང་དེ་ཉིད་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དང་པོའི་རིང་ནས་བཟུང་།གྲྭ་པས་བསྟེན་ན་ཆོས་སྐྱོང་དང་སྐྱེས་བུས་བསྟེན་ན་དགྲ་ལྷ་ཡིན་པའི་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་པའི་སྐབས་འདི་ཉིད་ནས་བཟུང་སྟེ།    སྔོན་ཆད་གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་པའི་སྐུར་བཞེངས་པ་དེ་བྲིས་ཐང་ག་དང་བཞེངས་འབག་སྐུ་གང་རུང་གི་རྣམ་པས་འདི་གའི་ཡུལ་མི་རྣམས་ཀྱི་མིག་གི་མཐོང་ཡུལ་དུ་བྱུང་བ་ཡིན་ཏེ།སྐབས་དེར་བྱུང་བའི་ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་གཞི་བདག་དགེ་བསྙེན་ཆེན་པོའི་ཆ་བྱད་དང་བཅས་པའི་སྐྱ་ཐིག་གི་ཐང་ཪྙིང་དངོས་སུ་མཐོང་མྱོང་མཁན་ཡང་དེང་སང་གི་རྒན་པ་ཚོའི་གྲས་ན་ཡོད་པར་གྲགས།   དེས་ན་བྱ་ཁྱུང་དེ་ཚུལ་ཇི་ལྟ་བུས་ས་དཀྱིལ་སྡེ་བའི་གཞི་བདག་གཙོ་བོར་གྱུར་པ་ཡིན་ནམ་ཞེ་ན།   དེ་ལ་དམངས་ཁྲོད་ངག་རྒྱུན་ཞིག་ཡོད་པ་དཔྱད་གཞིར་འཛིན་པ་ལས་ཁུངས་གཏུགས་ས་གཞན་མེད་དེ། བཤད་རྒྱུན་དུ། “ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ཁོང་བྲག་དཀར་ཤར་དུ་མཚམས་ལ་བཞུགས་དུས།   ཉིན་ཞིག་ས་དཀྱིལ་སྡེ་བའི་རྒན་པོ་འགས་ཁོང་ཚང་ལ་ཞོ་ཟེའུ་གང་ཁྱེར་ནས་གཞི་བདག་ཤིག་དགོས་རབས་ཞུ་རུ་སོང་།   དེར་བྲག་དཀར་ཤར་གྱི་མཚམས་ཁང་གི་སྒོ་ཁར་མི་དཀར་རྟ་དཀར་ལ་ཞོན་པ་ཞིག་ཀྱང་ཐོན་ནས་རྟ་སྡོང་བོར་བཏགས་ཏེ་ནང་དུ་འགྲོ་བ་མཐོང་། གཞན་དུས་དེར་རོང་བོ་ལྷ་སྡེའི་རྒན་པ་འགའ་ཡང་ཤར་ཚང་ལ་གཞི་བདག་ཤིག་དགོས་དོན་ཞུ་རུ་ཡོང་ཡོད་པ་དང་།   རྟ་དཀར་པོ་ཞིག་སྒོ་ཁར་བཏགས་ཡོད་པ་རིག་ནས་ནང་དུ་འགྲུལ་བ་ཡོད་པར་དོགས་ཏེ་སྒུག་བསྡད། ས་དཀྱིལ་རྒད་པོ་ཚོས་འཛེམ་དོགས་གང་ཡང་མ་བཟུང་བར་ནང་དུ་འཛུལ་སོང་བས།    དེར་ཨ་མྱེས་བྱ་ཁྱུང་ཁོང་དངོས་སུ་ཕེབས་ཡོད་པས།  ཤར་ཚང་གིས་དཔོན་གྱིས་བསྟེན་པ་གཡོག་གིས་བསྟེན།   གཡོག་གིས་བསྟེན་པ་དཔོན་གྱིས་བསྟེན་དགོས་བྱུང་བས་ཅུང་མ་འགྲིག་མོད།  སྐྱོན་མི་འདུག་གསུངས་ནས་ས་དཀྱིལ་སྡེ་བའི་ལྷ་སྐལ་དུ་ཨ་མྱེས་བྱ་ཁྱུང་བྱིན།  རོང་བོ་ལྷ་སྡེའི་ལྷ་སྐལ་དུ་ཨ་མྱེས་གཉན་ཆེན་བྱིན།   དེའི་རྐྱེན་གྱིས་དུས་ད་ལྟ་ལ་ཐུག་གི་བར་དུ་སྡེ་བ་འདི་གཉིས་ཀྱིས་སོ་སོར་གཞི་བདག་འདི་གཉིས་བསྟེན་སྲོལ་བྱུང”ཟེར་ཚུལ་ཡོད།   སྐབས་འདིར་དཔོན་གྱིས་བསྟེན་པ་གཡོག་གིས་བསྟེན་ཟེར་དོན་རོང་བོ་ནང་སོ་ཚང་རེབ་གོང་གི་སྤྱི་དཔོན་ཡིན་པའི་རྐྱེན་གྱིས་ཡིན།   དེ་ནས་བྱ་ཁྱུང་དེ་རེབ་གོང་སྤྱི་དང་ཁྱད་པར་ས་དཀྱིལ་སྡེ་བའི་གཞི་བདག་ལ་མངའ་གསོལ་བའི་ཚུལ་ནི།  བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས།“བསང་གསུམ་འོ་མའི་རྒྱ་མཚོ་ལས་སྐྱེས་པའི།    །སྐལ་ལྡན་སྙིང་གི་བུམ་པར་འཁྱིལ་བའི་བཅུད།  །འཛད་མེད་འཐུང་བའི་ལྷ་ཡི་དགེ་བསྙེན་ཆེ།  །མ་ངེས་ཞི་དྲག་སྤྲུལ་བ་སྣ་ཚོགས་ཀྱིས།     །རྣམ་འདྲེན་ཐ་ཚིག་གཉན་པོ་དགོངས་མཛོད་ལ། །གསེར་ལྗོངས་ཆོས་སྲིད་སྤྱི་དང་ཁྱད་པར་དུ།  །སྙིང་ནས་རེ་བའི་ས་ཡི་དཀྱིལ་འཁོར་དུ། །རིགས་རྒྱུད་ལོངས་སྤྱོད་མཁོ་དགུའི་དཔལ་གྱིས་ཕྱུག   །ཕན་ཚུན་མཐུན་ཞིང་དགྲ་སྡེའི་གཡུལ་ལས་རྒྱལ  །ལོ་ལེགས་འབྲུ་འཕེལ་སད་སེར་བཙའ་ཐན་ཞི།   །མི་ཤིས་མཚན་མའི་མིང་ཡང་མི་གྲགས་པར།  །བདེ་སྐྱིད་ལེགས་བྱས་རྒྱན་གྱིས་མཛེས་པར་ཤོག  །”ཅེས་གསུངས་པ་ལྟར་ཡིན་ནོ།  །    
གསུམ་པ།   བྲག་དཀར་ཤར་གྱི་སྐོར་བཤད་པ།
            གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་ཡུན་རིང་བྱིན་གྱིས་བརླབས་པའི་གནས་རོང་བོ་དགོན་པའི་རྒྱབ་རི་བྲག་དཀར་ཤར་ནི།   ལ་ལས་གྲུབ་པའི་གནས་ཆེན་བརྒྱད་ནང་གི་གཅིག་ཡིན་པ་འདྲ་ཞེས་མ་བརྟག་མ་དཔྱད་པའི་གཏམ་ལབ་མོད།  དོན་དུ་གཏན་ནས་མ་ཡིན།  ཡིན་ནའང་སྐལ་ལྡན་རྒྱ་མཚོའི་སྒོམ་གནས་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ།   ཤར་སྐུ་ཕྲེང་དྲུག་པ་བློ་བཟང་སྐལ་ལྡན་རྒྱལ་མཚན་གྱིས།     “རབ་མཛེས་ལྷ་ཡི་དར་དཀར་འཕངས་འདྲ་བའི།     །ཡིད་འོང་བརྗིད་ཆགས་བྲག་དཀར་ལྷ་རིའི་མགུལ།   །ཐོས་བསམ་སྒོམ་པའི་ལེགས་ཚོགས་བྱ་བ་ཀུན།   །འཕེལ་ཞིང་རྒྱས་པའི་ཁང་བཟང་འདི་སྨད་བྱུང་།  །”ཞེས་བསྔགས་པ་བརྗོད་པའི་གསུང་ཚིགས་སུ་བཅད་པ་གཅིག་བྲག་དཀར་མཚམས་ཁང་གི་སྒོ་ཁར་ཕྱག་བྲིས་བསྟར་མར་བཀོད་ཡོད་ཟེར།   དེང་སང་མི་མང་ཆེ་ཤོས་ཀྱིས་བྲག་དཀར་ཤར་ལ“བྲག་དཀར་དགོན་ཁང”དང་“བྲག་དཀར་མགོན་ཁང”ཞེས་འབྲི་བ་ནོར་བ་ཡིན་ཏེ།    གོང་གི་ཚིགས་སུ་བཅད་པ་འདིའི་ནང“ཐོས་བསམ་སྒོམ་པའི་ཁང་བཟང”ཞེས་སྒྲུབ་པ་ཉམས་ལེན་བྱེད་ས་གཙོ་བོ་ཞིག་ཡིན་པ་གསལ་པོར་བསྟན། གཞན་བྲག་དཀར་ཤར་དུ་ཨ་མྱེས་བྲག་དཀར་ཟེར་བའི་གཞི་བདག་ཤིག་དང་།    བྲག་དཀར་སྒོམ་ཁང་གཤམ་འོག་གི་ཨོྃ་མཐིལ་རི་སྒང་དུ་ཨ་མྱེས་ཨོྃ་མཐིལ་ཟེར་བ་ཞིག་ཀྱང་བཞུགས་ཡོད་པར་བཤད།   ཤར་ཚང་སྐུ་ཕྲེང་དྲུག་པས་བྲག་དཀར་ཨོྃ་མཐིལ་ལ་བསང་ཡིག་ཅིག་གསུངས་པ་དེང་སང་རེབ་གོང་དམངས་ཁྲོད་དུ་བྲི་རྒྱུན་དང་འདོན་རྒྱུན་རྩ་བ་ནས་ཉམས་འདུག་པས་ན།   འདིར་རོང་བོ་གྲྭ་ཚང་ཀི་དགེ་སློང་ཤ་བོ་ཐར་གྱིས་ཆུང་དུས་བྲག་དཀར་ཤར་དུ་བསྐང་འདོན་པ་མཛད་སྐབས་བློར་སྐྱོར་བ་ཞིག(སྤྱི་ལོ2003ལོའི་དབྱར་ཁར)ཕྱིར་དྲན་བགྱིས་ཏེ་གསུངས་པ་ཡིག་ཐོག་ཏུ་ཇི་བཞིན་བཀོད་པ་འདི་ལྟར།   
            “བདེ་ཆེན་ཆོས་འཁོར་རྣམ་རྒྱལ་གླིང་མཆོག་གི།  །རྒྱབ་རི་ས་འཛིན་ལ་གནས་བྲག་དཀར་ཞེས།   །ཡོངས་སུ་གྲགས་པའི་ལྷ་ཡི་དགེ་བསྙེན་ཆེ།    །གཞི་བདག་ཨོྃ་མཐིལ་ལ་སོགས་འཁོར་བཅས་རྣམས།   །གནས་འདིར་བྱོན་ལ་དགྱེས་བཞིན་བརྟན་པར་བཞུགས།   །དངོས་སུ་བཤམས་ཤིང་ཡིད་ཀྱི་སྤྲུལ་པ་ཡིས།    །ཕྱི་ནང་གསང་བའི་མཆོད་ཚོགས་རྒྱ་མཚོ་དང་།   །ཁྱད་པར་ལྷ་བསང་འདོད་ཡོན་ལྔ་ལྡན་འདིས།   །སྟོབས་ལྡན་ལྷ་ཆེན་བྲག་དཀར་འཁོར་བཅས་མཆོད།    །གཞན་ཡང་རིན་ཆེན་བདུན་དང་འདོད་ཡོན་ལྔ།   །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་སོགས།  །མཆོད་པའི་ཡོ་བྱད་མ་ཚང་མེད་པ་འདིས།     །ལྷ་གཉན་བྲག་དཀར་འཁོར་དང་བཅས་ལ་འབུལ།     །བདག་ཅག་མི་ཤིས་འཕྲུལ་བའི་དབང་གྱུར་ཏེ།   །ས་བརྐོས་རྡོ་བསློག་ཐབ་གཞོབ་གྲིབ་ཕོག་སོགས།    །ཐུགས་དང་འགལ་བའི་ཉེས་ཚོགས་ཅི་བགྱིས་པ།    །མ་ལྟར་བརྩེ་བས་བཟོད་ཅིང་དག་པར་མཛོད། །དེ་ལྟར་ཡུལ་བདག་ཆེན་པོ་འཁོར་བཅས་ཀྱིས། །བསང་མཆོད་མཐུན་པའི་དམ་རྫས་ལེགས་བཞེས་ནས།  །བསྟན་དང་བསྟན་འཛིན་སྐྱོང་ཞིང་དགེ་འདུན་སྡེ།    །ཆོས་སྲིད་ལེགས་ཚོགས་རྒྱས་པའི་འཕྲིན་ལས་མཛོད།   །ཁྱད་པར་རྣལ་འབྱོར་ཆོས་ལྡན་དོན་སྤྱི་དང་།   །བྱེ་བྲག་རྣམ་འདྲེན་སྐལ་ལྡན་རྒྱ་མཚོ་ཡི།     །ཡུན་རིང་བྱིན་རླབས་གྲུབ་གནས་སྒོམ་ཁང་འདི།      །ལེགས་གནས་ཁྲིམས་ལྡན་སྒྲུབ་ལ་བརྩོན་རྣམས་ཀྱིས།  །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་།    །མཐུན་རྐྱེན་ལེགས་ཚོགས་མ་ལུས་ཀུན་གྲུབ་སྟེ།    །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་ཀུན།   །ཡར་ངོའི་ཟླ་ལྟར་འཕེལ་བའི་བསྡོངས་གྲོགས་མཛོད།    །གསེར་ལྗོངས་འདིས་མཚོན་འཇིག་རྟེན་ཁམས་ཀུན་ཏུ།  །ཆར་ཆུ་དུས་འབབ་རྩི་ཤིང་ལོ་འབྲས་རྒྱས།    །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་ཚོགས་པའི།  །བཀྲ་ཤིས་དཔལ་གྱི་དགའ་སྟོན་རྒྱས་གྱུར་ཅིག  །”ཅེས་སོ།    །བསང་ཡིག་འདི་ལས་བྲག་དཀར་ཤར་འདི་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱིས་ཡུན་རིང་བྱིན་གྱིས་བརླབས་པའི་གནས་འགངས་ཆེན་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་ལ།  སྤྱིར་བཏང་“ཤར”ཞེས་པ་ནི་ཤར་ཕྱོགས་ཀྱི་དོན་ཡིན་པ་སྨོས་མ་དགོས་ཀྱང་།    འདིར་བཤད་པའི་བྲག་དཀར་ཤར་ནི་ཞོགས་དུས་ཉི་མ་ཤར་ཕྱོགས་ནས་འཆར་སྐབས་རོང་བོ་ཐང་འདིར་ཐོག་མར་ཉི་རྩེ་ཕོག་ས་བྲག་དཀར་ཀླད་འདི་ཡིན་པའི་ཆ་ནས།  གནས་དེར་སྒྲུབ་པ་ཉམས་ལེན་གནང་མཁན་སྐལ་ལྡན་རྒྱ་མཚོ་ལ་ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ཞེས་འབོད་སྲོལ་བྱུང་བ་དེ་བྱེད་པ་རྒྱུ་མཚན་གྱི་ཆ་ནས་བཏགས་པ་ཞིག་ཡིན་པ་ནི་ཟུར་གྱི་གཏམ་ཙམ་མོ།།   
            གཞན་ཡང་འདིར་འགོད་དགོས་པ་ཞིག་ནི།  ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་བྱ་ཁྱུང་དེ་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་དུས།   དེས་ནམ་རྒྱུན་འཇིག་རྟེན་པའི་ཆས་སུ་སྤྲུལ་ནས་ཤར་ཚང་ལ་ཞོ་ཁྱེར་ཡོང་མྱོང་བའི་ངག་རྒྱུན་ཡོད་དེ།    “སྐབས་དེའི་ཞོ་ཁྱེར་སྤྱད་ཀྱི་ཟེའུ་སྣོད་ཡིན་ཟེར་བ་དེ་‘རིག་གསར་’ཡར་སྔོན་དུ་སྒྲུབ་གྲྭ་གནས་མཆོག་བཀྲ་ཤིས་འཁྱིལ་གྱི་ཤར་རབ་དགའི་མཚམས་ཁང་དུ་ཉར་ཡོད་པ་དང་།  དེ་ཡང་ལོ་རེའི་རྒྱ་ལོའི་ཚེས་པ་གསུམ་ཉིན།    བཀྲ་ཤིས་འཁྱིལ་གྱི་གྲྭ་བ་གཉིས་ཀྱིས་ཞོ་ཟེའུ་འདིའི་ནང་གཞི་བདག་གི་དཀར་གཏོར་ཡིན་ཟེར་བ་བཞག་སྟེ་རོང་བ་དགོན་པའི་བསྟན་སྲུང་ཨ་མྱེས་གུར་གྱི་མགོན་ཁང་དུ་བསང་ཁྱེར་ཡོང་དགོས།  དེའི་ཉིན་མོར་མགོན་ཁང་གི་སྒོ་དང་སྒེའུ་ཁུང་ཐམས་ཅད་ཕྱེས།  དྲི་ཞིམ་བསང་ཕུད།   སྙན་པའི་དུང་བུས་ཏེ་བསུ་བ་བྱེད་དགོས་པ་དང་།   མགོན་ཁང་ནང་ཨ་མྱེས་བྱ་ཁྱུང་གི་གྱན་ཐང་ཞིག་བཞེངས་ཡོད་པ་དེའི་མདུན་ཀ་ར་སིལ་ཏོག་གི་སྡེར་ཁ་བཤམས།   དེའི་མདུན་གདན་དཀར་པོ་ཞིག་བཏིང་ཡོད་པའི་ཐོག་གྲྭ་བ་གཉིས་བཞུགས་སུ་གསོལ་ནས་ཇ་མཆོད་གསུངས།  གྲྭ་བ་གཉིས་ཀྱིས་ཨ་མྱེས་བྱ་ཁྱུང་གི་ལོ་གསར་སྟོན་སྐལ་བཞེས་རྗེས་ཕྱིར་ལམ་དུ་ཆས་འགྲོ།   ཕྱིར་ལོག་ཁར་བྱ་ཁྱུང་གི་གནས་བདག་ས་དཀྱིལ་སྡེ་བའི་ཟ་ཁུ་ཚང་ཟེར་བའི་ཚོ་བ་ཞིག་གི་ཁྱིམ་དུ་ཞོ་ཟེའུ་དེ་ཁྱེར་སོང་ནས་ནང་དུ་བྱ་ཁྱུང་གི་མཆོད་སྐལ་ཡིན་ཞེས་ཆང་སེར་ལྡུགས།  ཞོ་སྣོད་འདི་རོང་བོར་ཁྱེར་ཡོང་སྐབས་དང་ཕྱིར་ཁྱེར་འགྲོ་སྐབས་ལམ་ཁར་ངལ་གསོ་མི་རུང་བ་དང་།  ལམ་བར་མིའི་གྲིབ་གཟུགས་ཙམ་ཡང་ཕོག་ཏུ་མི་འཇུག་པར་ཧ་ཅང་འཛེམ་དོགས་བྱེད་པ་ཡིན”①ཟེར།   
            བྱ་ཁྱུང་བཞུགས་པའི་གནས་ནི།   དུས་རྒྱུན་སྤྲིན་དཀར་གྱི་ལ་ཐོད་གཙུག་ཏུ་བཅིངས་ཤིང་ན་བུན་གྱི་ཅོད་པཎ་མགུལ་བར་གསོལ་བ་སྟོད་ཀྱི་བྱ་ཁྱུང་རྫ་རིར(མཐོ་ཚད་དུ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་4700ཡོད།)གནས་ཡོད་ཟེར་ལ།   ཁོང་གཞི་བདག་དགེ་བསྙེན་ཆེན་པོར་སྒྲུབ་རྗེས།   རོང་བོ་དཔལ་གྱི་དགོན་ཆེན་ཆགས་ས།   “རྒྱབ་རི་དཀར་པོ་ཁྱུང་གི་རི་བོ།    མདུན་རི་བཀྲ་ཤིས་རྟགས་ཀྱི་རི་བོ།   གཡས་རི་རྨ་བྱ་གུར་གྱི་རི་བོ།  གཡོན་རི་ཀླུ་མོ་འབུམ་གྱི་རི་བོའི་”②དཀྱིལ་དབུས་ཏེ།  རོང་བོ་ས་དཀྱིལ་སྡེ་བའི་ཞི་བ་དཀར་པོའི་ཕོ་བྲང་དུ་བཞུགས་ཡོད་པར་བཤད།    འདིར་རྒྱབ་རི་དཀར་པོ་ཁྱུང་གི་རི་བོ་ཞེས་པ་སྟོད་ཀྱི་བྱ་ཁྱུང་རྫ་རི་ལ་གོ་དགོས་པ་དང་།   མདུན་རི་བཀྲ་ཤིས་རྟགས་ཀྱི་རི་བོ་ཟེར་བ་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་རྟགས་ཡོངས་སུ་ཚང་བ་རྒྱལ་བོ་རི་ཕྱོར་དང་ཨ་མྱེས་སྟག་ལུང་གི་མདུན་རིར་གོ་དགོས། གཡས་རི་རྨ་བྱ་གུར་གྱི་རི་བོ་ཟེར་བ་ནི་གྲུབ་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་མཁར་སྒང་ཀླད་དུ་ནགས་རི་བ་རྨ་བྱས་སྒྲོ་གུར་ཕུབ་འདྲར་གོ་དགོས།  དེ་བཞིན་གཡོན་རི་ཀླུ་མོ་འབུམ་གྱི་རི་བོ་ཟེར་བ་ནི་རོང་བོ་དགོན་པའི་བྱང་ཕྱོགས་ས་དཀྱིལ་མཁར་རྒྱབ་ལུང་པའི་ཕར་ཕྱོགས་ཀྱི་ཀླུ་འབུམ་རི་ཟེར་བ་དེར་གོ་དགོས་པ་དང་།  དེ་ཉིད་ཀླུ་མོ་འབུམ་ཕྲག་གནས་ས་ཡིན་པར་བཤད་པའི་ཆ་ནས་འདི་གའི་ཡུལ་མི་རྣམས་ཀྱིས་གནའ་ནས་དེང་བར“ཀླུ་འབུམ་རི”ཞེས་འབོད་ཅིང་།   བྱ་ཁྱུང་དེ་རོང་བོ་དགོན་པའི་བྱང་སྐྱོར་ས་དཀྱིལ་ལྷ་ཁང་དུ་བཞུགས་དགོས་དོན་ཡང་མཁར་རྒྱབ་ཀྱི་ལུང་ཕུ་དེར་བསྟན་པ་དང་སེམས་ཅན་ལ་གནོད་པའི་ལས་བྱེད་མཁན་ཀླུ་སྲིན་ཞིག་གནས་པ་དེའི་ཁ་གནོན་ཡིན་ཟེར་ཚུལ་ཡོད་དོ།  །  
བཞི་པ།  ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་ཡུམ་སྲས་འཁོར་བཅས་ཀྱི་ཆ་བྱད།
            ནང་བསྟན་གྱི་འདོད་ཚུལ་ལ་གཞི་བདག་མཐུ་བོ་ཆེ་ཞིག་ཡིན་ན།   ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་བྱེད་དགོས་པས།   བྲིས་ཐང་ག་དང་བཞེངས་འབག་སྐུ་གང་རུང་དུ་དེ་ལུགས་ཀྱི་ཆ་བྱད་རིགས་སྣ་ཚོགས་བྱུང་ཡོད།  ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་སྣང་སྲིད་དྲག་པོའི་སྡེར་གཏོགས་གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་པའི་སྐུར་བཞེངས་ན།“པདྨ་ཉི་མ་བརྩེགས་པའི་གདན་སྟེང་དུ།    །ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་ག་རུ་ཊ།     །གནམ་ལྕགས་མཆུ་སྡེར་ཐབས་ཤེས་རྭ་གཉིས་གདེངས།    །སྤྱི་བོར་འོད་འབར་ཡིད་བཞིན་ནོར་བུས་བརྒྱན།   །སྡེར་རྣོ་མཚོན་ཆ་སྟོང་གི་གཤོག་པ་རྒྱས།     །སྡེར་མོ་ཞབས་ཀྱིས་ཀླུ་བདུད་མནན་བྱས་ཏེ།    །གཡས་གཡོན་ཕྱག་གིས་བཟུང་ནས་ཞལ་དུ་གསོལ།   །འཇིགས་རུང་མཁའ་ལྡིང་དབང་བོའི་རྣམ་པར་བཞུགས།   །”ཞེས་འབྲེལ་ཡོད་བསང་ཡིག་ཏུ་འཁོད་པ་ལྟར་ལགས་ལ།   འདིར་བསྟན་འཛིན་གྱི་སྐྱེས་བུ་དང་སྐྱེ་འགྲོ་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་མཁན་ཀླུ་བདུད་དུག་སྦྲུལ་ནག་པོ་གཡས་གཡོན་ཕྱག་གིས་བཟུང་ནས་ཞལ་དུ་གསོལ་མཛད་པ་ཁྱུང་གི་ཆ་བྱད་ཅན་དང་།  སྐལ་ལྡན་རྒྱ་མཚོས་བྱ་ཁྱུང་དེ་བྲག་དཀར་ཤར་ནས་རོང་བོ་དགོན་པའི་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་རྗེས་ཀྱི་ཆ་བྱད་ནི།    འབྲེལ་ཡོད་བསང་ཡིག་ཏུ། “ཡང་གཅིག་དཔའ་བོའི་གར་མཛད་དགེ་བསྙེན་ཆེ།   །དཀར་དམར་མདངས་ཆགས་ཞལ་གཅིག་ཕྱག་གཉིས་ཀྱིས།   །གཡས་པས་དར་མདུང་གཡོན་པས་ཚེ་བུམ་འཛིན།    །སྟག་རལ་གཟིག་ཤུབས་སྣ་ཚོགས་དར་གྱིས་མཛེས།    །རྒྱབ་ལ་ཟ་འོག་གོས་ཀྱི་མནབས་བཟའ་གྱོན།   །དབུ་ལ་བཙོ་ལྡན་ཕྱིང་ཞྭ་དཀར་པོ་མནབས།  །འཁོར་དུ་ལྷ་ཀླུ་སྡེ་བརྒྱད་གཞི་བདག་ཚོགས།   །  ཀོ་བའི་སྐེད་བཅིངས་དངུལ་དཀར་བྱུ་རུས་བརྒྱན།   །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་ངང་དཀར་བཅིབས།   ”ཞེས་གསུངས་པ་ལྟར་ལགས་ལ།     འདི་ནི་སྐལ་ལྡན་རྒྱ་མཚོས་བྱ་ཁྱུང་དེ་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་རྗེས་ཐེངས་དང་པོར་དཔའ་ཆས་སྤྲས་པའི་གཞི་བདག་གི་ཚུལ་མཛད་སྟངས་ཡིན།  
            དེ་ནས་ཡུལ་ལྷའི་རྒྱལ་པོས་ཞི་རྒྱས་དབྱང་དྲག་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འཇིག་རྟེན་སྐྱོང་ཚུལ་ནི། ཡབ་རྗེའི་བསང་ཡིག་ཏུ   “ཀྱེཿ འཕྲིན་ལས་རྣམ་བཞི་སྒྲུབ་ཙ་ན།  །བཅིབས་སུ་རྟ་མཆོག་ངང་དཀར་བཅིབས།  ཕྱག་ན་དར་མདུང་མདའ་གཞུ་བསྣམས། ། འཁོར་དུ་ལྷ་ཀླུ་སྡེ་བརྒྱད③ཁྲིད།  །མཐུ་ཆེན་རྩལ་དྲག་དཔའ་སྟོབས་མངའ།  །”ཞེས་པ་ཁོང་གི་འཁོར་དུ་ལྷ་ཀླུ་གཉན་བཙན་སོགས་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་ཁྲིད་དེ་བསྟན་པ་དང་འགྲོ་བའི་དོན་བྱེད་མཁན་མཐུ་དང་རྩལ་དང་ནུས་སྟོབས་འགྲན་ཟླ་བྲལ་བའི་ཚུལ་དང་།   ཐོག་མར་དེས་དཀར་པོ་ཞི་བའི་འཕྲིན་ལས་སྒྲུབ་སྐབས་ཀྱི་རྣམ་པ་ནི།“རེས་འགའ་མདོག་དཀར་མཛུམ་དཀར་འཕྲོ།    །ནད་གདོན་ཞི་བའི་འཕྲིན་ལས་མཛོད།    །”ཅེས་པ་དགེ་བ་དང་ལེགས་པ་དང་བཀྲ་ཤིས་པའི་ལས་སྒྲུབ་པ་པོ་ཐམས་ཅད་ལ་དགའ་བའི་ཉམས་དང་དགོད་པའི་འཛུམ་སྟོན་བཞིན་ནད་དང་གདོན་བགེགས་བར་ཆད་ཐམས་ཅད་སེལ་བའི་ལས་མཛད་ཚུལ་དང་།    སེར་པོ་རྒྱས་པའི་འཕྲིན་ལས་མཛད་ཚུལ་ནི།   “གསེར་ཁྲབ་གསོལ་ཞིང་གསེར་འོད་འཁྱུག   །ཚེ་དབང་བསོད་ནམས་རྒྱས་པར་མཛོད།   །”ཅེས་པ་སྟེ།   གསེར་ཁྲབ་སེར་པོ་གསོལ་བའི་སྟེང་གསེར་འོད་ལམ་ལམ་འཁྱུག་པ་ལས་ཚེ་དང་བསོད་ནམས་རྒྱས་པའི་ལས་མཛད་སྟངས།    དེ་ནས་དམར་པོ་དབང་གི་འཕྲིན་ལས་མཛད་སྟངས་ནི།   “བྱི་རུའི་མདོག་ལ་འོད་དམར་འཕྲོ།     །སྣང་སྲིད་དབང་འདུས་དངོས་གྲུབ་སྩོལ། །”ཅེས་པ་སྟེ།  ཁོང་སྡེར་བཞི་དམར་ཡག་སྟག་གི་གདན་སྟེང་དུ་ཞབས་དཀྱིལ་ཀྲུང་གཟི་བརྗིད་འབར་བར་བཞུགས་པ།      ཕྱག་ཏུ་ཚེ་བུམ་བསྣམས་ཏེ་རིགས་རྒྱུད་མངའ་ཐང་ལོངས་སྤྱོད་དང་། མི་ནོར་ཟས་གསུམ་དབང་དུ་བསྡུ་བའི་ལས་མཛད་ཚུལ།  མཐར་ནག་པོ་དྲག་པོའི་ལས་མཛད་སྟངས་ནི།    “སྐུ་མདོག་དམར་ནག་མཆེ་བ་གཙིགས།  །གོ་ཁྲབ་མཚོན་ཆ་སྣ་ཚོགས་ཀྱིས།  །དྲག་པོའི་ཆས་ཀྱིས་དགྲ་བགེགས་སྒྲོལ།”ཅེས་པ་ནི།   སྐུ་མདོག་དམར་ནག་རྟ་ནག་མདུང་ནག་ཅན།   ཐུགས་ཤིན་ཏུ་ཁྲོས་པའི་ཉམས་ཀྱིས་བླ་མའི་སྐུ་དགྲ་དང་།    སངས་རྒྱས་ཀྱི་བསྟན་དགྲ།    བསྟན་འཛིན་གྱི་སྐྱེས་བུ་དང་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་མཁན།   དམ་ཉམས་ཀྱི་དགྲ་བགེགས་མ་ལུས་དག་ཆམ་ལ་འབེབས་མཛད་དྲག་པོའི་ཆ་བྱད་བཅས་ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འཇིག་རྟེན་སྐྱོང་བར་བཤད་དོ།  །  
            ཨ་མྱེས་བྱ་ཁྱུང་ཁོང་གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་པའི་སྐུར་བཞེངས་པའི་སྐབས་སུ་སྐུ་འཁོར་དུ་ཅི་ཞིག་ཡོད་པ་དང་།    དེ་དག་ཚུལ་ཇི་ལྟ་བུས་བཞུགས་པའི་སྐོར་ཀྱང་ཡབ་རྗེའི་བསང་ཡིག་ཏུ།    “འཁོར་དུ་གཡུ་འབྲོང་ཁྱུང་གསུམ་དང་།   །ཡང་རྩེ་ཚེས་རི་སྤུན་ཀསུམ་དང་།   །ཇ་འདྲེན་ཆང་འདྲེན་དམ་འཛིན་དང་།   །མཛོད་འཛིན་ལ་སོགས་གཞི་བདག་རྣམས།   །བར་སྣང་ནམ་མཁམ་གང་བར་བྱོན།  །སྟེང་དུ་སྤྲིན་ཕུང་འཁྲིགས་བཞིན་བཞུགས།   །”ཅེས་པའོ།   །འདིར་གསལ་འགྲེལ་བྱ་དགོས་པ་ཞིག་ལ།    ལྷོ་རུ་གཡུ་འབྲོང་ཁྱུང་གསུམ་ཟེར་བ་ནི།   རེབ་གོང་ཆུ་ཁོག་མགར་རྩེ་ཧོར་ས་ཁོངས་སུ་ཡོད་དེ།    གཞི་བདག་གི་གནས་རི་གཡུ་རྩེ་དང་།   འབྲོང་རྩེ།   ཁྱུང་རྩེ་གསུམ་ལ་གོ་དགོས་པ་དང་།   བྱང་དུ་ཚེས་རི་སྤུན་གསུམ་ཟེར་བ་ནི།   སྐྱ་རྒན་གནས་རི་ནས་སོང་ན་རྐང་ཚའི་རྟ་རྒན་གཞུང་ཟེར་བའི་ས་དེར་ཡོད་དེ།    དགྲ་འདུལ་ཚེས་རི་བཀྲ་ཤིས་དཔལ་འབར་དང་།    བློ་གསལ་ཚེས་རི་ཀུན་དགའ་དབང་ཕྱུག  འགྲོ་སྐྱོང་ཚེས་རི་ཐུགས་རྗེ་དོན་ཡོད་བཅས་བཞུགས་པའི་གནས་རི་ལ་ཟེར་བ་དང་།   ཁོང་གསུམ་ནི་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཡིན་ཟེར།  དཔེར་ན་དགྲ་འདུལ་ཚེས་རི་བཀྲ་ཤིས་དཔལ་འབར་ནི་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་གསུངས་ཏེ།  དེའི་ཆ་བྱད་ནི།  “གསེར་ཁྲབ་གསེར་རྨོག་མདུང་དར་ཞགས་པ་འཛིན། ། ནོར་བུའི་རྒྱན་ལྡན་སྟག་ཞལ་གཟིག་ཤུབས་འཛིན།  །”ཞེས་འབྱུང་ལ།   བློ་གསལ་ཚེས་རི་ཀུན་དགའ་དབང་ཕྱུག་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན་པར་གསུངས་ཏེ།  དེའི་ཆ་བྱད་ནི།  “པད་རག་དུང་མཛེས་ཞྭ་དང་གོས་ལ་སོགས།   །དམར་སེར་འོད་ཀྱིས་རབ་མཛེས་སོག་ཆས་ཅན།     །གཡས་གཡོན་ཕྲེང་བ་ནོར་བུ་འཛིན་པའོ།    །”ཞེས་བཞེངས་སྟབས་སུ་བཞུགས།   འགྲོ་སྐྱོང་ཚེས་རི་ཐུགས་རྗེ་དོན་ཡོད་ནི་འཕྱགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་གསུངས་ཏེ།   སྐུའི་ཆ་བྱད་ནི།  “དབྱར་ཞྭ་གོས་དང་རྐད་དཀྲིས་ཟླ་བའི་མདངས།   །ཡིད་འོང་འཛུམ་དཀར་ལང་ཚོ་དར་ལ་བབ།   །བྱིན་པ་རབ་མཛེས་རྗེན་མཐོ་འབྲོག་མིའི་ཚུལ།   །”ཞེས་སོ།   །ནུབ་ཏུ་བྲག་དཀར་སྤུན་གསུམ་ཟེར་བ་ནི། བྲག་དཀར་བཀྲ་ཤིས་དོན་གྲུབ་དང་།   བྲག་དཀར་རབ་བརྟན་ཐོགས་མེད།  བྲག་དཀར་ཀླུ་འབུམ་ཚེ་རིང་བཅས་གསུམ་ལ་ཟེར་ཏེ།  རེབ་གོང་བློན་ཆོས་ཕྱོགས་སུ་གཞི་བདག་གི་གནས་རི་ཆེ་ཆུང་གསུམ་ཡོད་ཟེར་བ་དེར་བཞུགས་པའི་གཞི་བདག་གསུམ་ལ་གོ་དགོས།   འདི་དག་ནི་ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་གི་ཐུན་མོང་གི་ཆ་བྱད་ཡིན།  
            གཞན་ཡང་ཁོང་གི་སྐུ་འཁོར་ཡུམ་སྲས་ཀྱི་བྱེ་བྲག་པའི་ཆ་བྱད་ནི།   ཐོག་མར་ཁོང་གི་གསང་ཡུམ་སྐྱ་རྐན་གནས་མོ་དང་སྲས་མཆོག་འབུམ་པ་དོན་གྲུབ་ཕྱོགས་ནས་བཤད་ན།   འཁོར་དུ་ཡུམ་དང་སྲས་ཡོད་མེད་སྐོར་དེ་སྔོན་ཆད་ཀྱི་འབྲེལ་ཡོད་བསང་ཡིག་དག་ཏུ་མང་པོ་འཁོད་མི་འདུག་མོད།    འོན་ཀྱང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྗེས་དམངས་ཁྲོད་དུ་རིམ་གྱིས་དེའི་སྐོར་ནས་བཤད་ཚུལ་སྣ་ཚོགས་ཅི་རིགས་བྱུང་།    ཁ་ཅིག་གིས་ཨ་མྱེས་བྱ་ཁྱུང་ཁོང་བསྟན་སྲུང་མཐུ་བོ་ཆེ་ཡིན་པས་གསང་ཡུམ་བསྟེན་མི་དཔེ་ཟེར་ལ།  ཡང་ཁ་ཅིག་གིས་ཁོང་བསྟན་སྲུང་དགེ་བསྙེན་ཆེན་པོ་ཡིན་པས།   འགྲོ་དོན་སྐྱོང་ཆེད་ཨ་མྱེས་རྨ་རྒྱལ་ནང་བཞིན་གསང་ཡུམ་བསྟེན་རུང་བས་མི་ཚད་སྲས་དང་འཁོར་དང་ལོངས་སྤྱོད་ཀྱང་ཡོད་རུང་བ་ཡིན་ཟེར།  དེའི་རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན།    དགེ་བསྙེན་གྱི་སྡོམ་པ་ལ་ཡོངས་རྫོགས་དགེ་བསྙེན་དང་།  སྣ་གཅིག་དགེ་བསྙེན།  ཚངས་སྤྱོད་དགེ་བསྙེན་སོགས་དྲུག་ཡོད་པ་ལས།    བྱ་ཁྱུང་གིས་མནོས་པ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མ་ཡིན་པས་ན།  གསང་ཡུམ་བསྟེན་རུང་བ་ཡིན་ཟེར་རོ། །དེ་བས་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ས་དཀྱིལ་ལྷ་རྒན་གྱིས་གསུངས་པའི་སྲས་མཆོག་གི་བསང་ཡིག་ཏུ།“ཨོ་ཨཱ་ཧཱུྃཿ གཉན་ཆེན་སེ་ཀུ་ག་རུ་ཊ།  །བྱ་ཁྱུང་དཀར་པོ་ཁྱུང་གི་རིགས།  །གསང་བའི་ཡུམ་ཆུང་ཀླུ་ཡི་རིགས།།   སྲས་མཆོག་འབུམ་པ་དོན་གྲུབ་ལྷ་ཡི་རིགས།    །ལྷ་ཀླུ་ཁྱུང་གསུམ་སྲས་མཆོག་དྲག་རྩལ་ཅན།     །”④ཞེས་གསང་ཡུམ་སྲས་འཁོར་ཡོད་ཅེས་གསལ་བར་བསྟན་པ་མ་ཟད།    དེ་སྔོན་གྱི་འབྲེལ་ཡོད་བྱ་ཁྱུང་སྐོར་གྱི་འདོན་ཆོག་ཏུའང་།  “བདེ་སྟེར་གསང་བའི་ཡུམ་ཆེན་གནས་མོ་རུ།  །”ཞེས་གསུངས་པ་ལྟར་དང་།  ཡུམ་སྐྱ་རྒན་གནས་མོའི་ཆ་བྱད་ཀྱང་།    “སྐུ་མདོག་ཀུ་མུད་ཏ་ལྟར་དཀར་བ།    ཤེའུ་ཕྲུག་མཛེས་པའི་ཡུ་མོ་ལ་བཅིབས་པ།  ཕྱག་གཡས་ན་ཟངས་མདའ་འཛིན་པ།   གཡོན་ན་ཤེལ་དཀར་གྱི་མེ་ལོང་ཐོགས་པ།   ཁམས་གསུམ་ལ་ཉེ་རིང་མེད་པ།   ཕྱོགས་གསུམ་ལ་ལ་ཐུར་མེད་པ།”⑤དེ་འདྲ་ཞིག་ཡིན་ཟེར།  གཞན་ཡང་།    ཨ་མྱེས་བྱ་ཁྱུང་དང་གསང་ཡུམ་སྐྱ་རྒན་གནས་མོ་གཉིས་བར་གྱི་འབྲེལ་བ་ཚུལ་ཇི་ལྟ་བུ་ཞིག་ཡིན་ཞེ་ན།   “གཡུ་འབྲུག་སྔོན་མོས་སྟོང་སྒྲ་སྒྲོག་དུས། རྨ་བྱ་སྔོན་མོས་སྒྲོ་གུར་ཕུབ་འདྲ། ཁུ་བྱུག་སྔོན་མོས་གསུང་སྙན་སྒྲོག་དུས།    འཇའ་ཚོན་སྣ་ལྔས་གུར་ཁང་ཕུབ་འདྲ།   དབྱར་མེ་ཏོག་མཛེས་པའི་དྲི་ཞིམ་དུས།   ཀླུ་དུང་སྐྱོང་དཀར་མོའི་གཟུགས་མཛེས་པ།”⑥ཞེས་འབྱུང་སྟེ།   དེའི་དོན་ནི།   དབྱར་ཟླ་གསུམ་གྱི་དང་པོའི་ནང་འབྲུག་མགོ་མ་གྲགས་ཏེ་ཆར་བསིལ་མ་འབབ་པའི་རྟེན་འབྲེལ་འགྲིག་དུས།   བྱ་རྨ་བྱས་འབྲུག་སྒྲ་སྙན་མོ་ཐོས་ཏེ་དགའ་བའི་ཟློས་གར་སྒྱུར་འདྲ་དང་།  དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས་ཏེ་ཁུ་བྱུག་གི་གསུང་སྙན་སྒྲོག་དུས།   འཇའ་ཁ་དོག་སྣ་ལྔས་གུར་ཁང་ཕུབ་པ་བཞིན་ལྟ་ན་སྡུག་པའི་ཉམས་སྟོན་པ་ཡིན་ཞེས་དང་།  དབྱར་ས་གཞི་རི་ལུང་ཐམས་ཅད་ལ་མེ་ཏོག་སྣ་བརྒྱ་ལྷམ་མེར་བཞད་དེ་དྲི་བསུང་ཕྱོགས་བཅུར་འཐུལ་དུས།   ཀླུ་དུང་སྐྱོང་དཀར་མོའི་ཞལ་མངོན་སུམ་དུ་བསྟན་ཏེ་ལང་ཚོའི་སྒེག་ཉམས་ངོམས་པ་ཡིན་ཞེས་དང་།  གསང་ཡུམ་སྐྱ་རྒན་གནས་མོའི་བཞུགས་གནས་སུ་ཚང་ཚང་ནགས་ཀླུང་འཁྲིགས་དུས་ཧ་ཅང་ཉམས་དགའ་ཞིང་བག་ཕེབས་པ་ཡིན་ཞེས་འགྲེལ་ནས་གོ་བ་ཕྱིན་ཅི་མ་ལོག་པར་ལེན་དགོས་ཟེར་རོ།   །  
            སྲས་མཆོག་འབུམ་པ་དོན་གྲུབ་ཀྱི་ཆ་བྱད་ནི།“བཅིབས་སུ་རྟ་མཆོག་རྐྱང་དཀར་བཅིབས།   །ཕྱག་ན་གསེར་གྱི་འཁོར་ལོ་མདའ་མདུང་བསྣམས།  །ཁྲབ་དཀར་རྨོག་དཀར་འཛུམ་དཀར་འཕྲོ། །བྱུ་དཀར་མདོག་ལ་འོད་དཀར་འཕྲོ། །”ཞེས་སོ།   །དེ་བཞིན་བྱ་ཁྱུང་ཡུམ་སྲས་འཁོར་བཅས་ལ་འཕྲིན་བཅོལ་བྱ་ཚུལ་ནི།   “སྲས་དང་ཡབ་ཡུམ་སྐུ་འཁོར་མཛོད་བདག་རྣམས།  །  ཚེ་དང་བསོད་ནམས་རྒྱས་པར་མཛོད།    །ལྷ་ཀླུ་སྡེ་བརྒྱད་སྡེ་དཔོན་དང་།    །སངས་རྒྱས་བསྟན་པ་སྐྱོང་བའི་དྲག་རྩལ་ཅན།   །ཆོས་ཀྱི་རྒྱལ་པོའི་སྐུ་འཁོར་མཛོད།   །རྦད་ན་ནམ་མཁར་གློག་ལྟར་མྱུར།    །ད་ལྟ་མ་འོངས་རྣམས་ལ་མགོན་སྐྱབས་མཛོད།  །དགྲ་བགེགས་ཆེམ་ལ་འབེབས་པར་མཛོད།     །སྟོང་གསུམ་ཁ་ལོ་རྒྱས་པར་མཛོད།    །དེ་རིང་བདག་གིས་བསང་མཆོད་འབུལ་བ་རྣམས།  །བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །”ཅེས་སོ།། 
ལྔ་པ།  བྱ་ཁྱུང་ལྷ་ཁང་སྐོར་བཤད་པ།
            1. གནའ་རབས་ཀྱི་ལོ་རྒྱུས་སྐོར།     གོང་དུ་ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་དང་འབྲེལ་ཡོད་ལོ་རྒྱུས་རིག་གནས་སྐོར་བྲིས་ཡིག་ཐོག་གི་རྒྱུ་ཆ་དང་ཡུལ་དངོས་རྟོག་དཔྱོད་ཕན་ཚུན་ཟུང་འབྲེལ་གྱི་ལམ་ནས་ངོ་སྤྲོད་རགས་ཙམ་བགྱིས་ཡོད།    ད་ནི་ས་དཀྱིལ་བྱ་ཁྱུང་ལྷ་ཁང་མི་མཐུན་ཕྱོགས་ལས་རྒྱལ་བའི་ཕོ་བྲང་གི་སྐོར་བརྗོད་པར་བྱ་བ་ལ།   ཐོག་མར་ལྷ་ཁང་འདི་དུས་རབས་ནམ་ཞིག་གི་སྐབས་བཞེངས་པ་དང་ལོ་རྒྱུས་ཐོག་གནས་ཚུལ་ཇི་ལྟ་བུ་ཞིག་ཡིན་པའི་སྐོར་གླེང་ན།  རྒྱ་བཟའ་དགེ་བཤེས་ཀྱིས་མཛད་པའི《རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ》ལས།   “ས་དཀྱིལ་ཏ་བེ་ཧུ་དང་པོ་བསོད་ནམས་ལྷུན་གྲུབ⒂ཀྱི་སྲས་གཉིས་པ་ནམ་མཁའ་སྟོབས་རྒྱས⒃དང་རོང་བོ་ནང་སོ་སོགས་ཏ་མིང་རྒྱལ་པོར་མཇལ་བར་སོང་བས་སྔར་སྲོལ་ལྟར་གྱི་ཆོ་ལོ་གནང་བ་དང་།  ཕྱིར་ཕེབས་ཏེ་རོང་བོ་ནང་སོ་དང་ས་དཀྱིལ་ཏ་བེ་ཧུ་རྣམ་གཉིས་ཀྱིས་རོང་བོ་སྡེ་བདུན་ལ་ཉིན་གསུམ་གྱི་དགའ་སྟོན་མཛད་པའི་ཉིན་གཉིས་པའི་མཚན་མོར་རྨི་ལམ་ཞིག་རྨིས་པའི་མནལ་ལམ་དུ།    སྐྱེས་བུ་ཆེན་པོ་ལྟ་བས་ཆོག་མི་ཤེས་པ།      རྟ་ངང་བ་གསེར་མདོག་ལྟ་བུ་ཞིག་ལ་བཅིབས་པ།    སྐུ་ལུས་ཡོངས་རྫོངས་ཁྲབ་རྨོག་འཁོར་གསུམ་གྱིས་བརྒྱན་པ།   སྐད་གདངས་འབྲུག་ལྟར་ལྡིར་ལྡིར་འདོན་ཅིང་།  འཁོར་དུ་རྒྱ་རིགས་དམག་དཔོན་གྱི་ཆ་བྱད་ཅན་མི་ཆེན་གསུམ་གྱིས་གཙོ་མཛད་པའི་སྐུ་འཁོར་སྐྱ་སེར་ལྔ་བརྒྱའི་ཚོགས་ཙམ་གྱིས་བསྐོར་ཏེ་འཇིགས་ཤིང་རྔམ་པའི་སྒོ་ནས་རྟ་བ་མང་པོའི་ཚོགས་དང་བཅས་པ་གསེར་ལྗོངས་རྒྱལ་ཐང་གི་བཀའ་གདམས་པ་དགོན་པའི་བྱང་ཕྱོགས་ཀྱི་ས་དཀྱིལ་ཏ་བེ་ཧུའི་སྒོ་དྲུང་དུ་འཚོགས་ནས།    སྐུ་འཁོར་གཙོ་བོ་རྒྱ་རིགས་ཆ་བྱད་ཅན་དེས་སྐད་གསེང་མཐོན་པོས།  ས་དཀྱིལ་ཏ་བེ་ཧུ་ནམ་མཁའ་སྟོབས་རྒྱས་ལགས།   ཁྱེད་འདིར་ཕེབས་དང་ཞུ་རྒྱུ་ཞིག་ཡོད་ཅེས་གསུངས་པ་དང་།   ས་དཀྱིལ་ཏ་བེ་ཧུ་མཁར་སྒོའི་ཕྱིར་ཕེབས་སྐབས།      སྒོ་དྲུང་གི་ཐང་ཆེན་དུ་འཆོགས་པའི་སྐྱ་སེར་རྟ་པ་ལྔ་བརྒྱའི་དབུས་ནས་སྐྱེས་བུ་གཙོ་བོ་སྐུ་ལུས་ཡོངས་ན་གསེར་འོད་ལམ་ལམ་འཚེར་བ་ཞིག་ཡོད་པ་དེས།   ས་དཀྱིལ་ཏ་བེ་ཧུ་ཆེན་པོ་ལགས།  ང་ཚོ་རྣམས་ལ་གུར་ཁང་ཆེན་པོ་ཞིག་ཡོད་པས་གུར་དེ་ཕུབ་ས་ཞིག་གནང་བར་ཞུ་ཞེས་ཞུས་པས།   ས་དཀྱིལ་ཏ་བེ་ཧུས།  མི་ཁྱེད་གང་ནས་ཡོང་།  གུར་ཁང་ཞིག་ཕུབ་ས་གནང་ནས་ཅི་བྱེད།    རྗེས་སུ་ཁྱོད་ཚོ་གང་ལ་འགྲོ་བ་ཡིན་ཞེས་ཞུས་པས།   རྒྱ་རིགས་གཙོ་བོ་དེ་ཉིད་ཀྱིས།   བདག་ཅག་རྣམས་ནི་གང་ནས་ཡོང་བའི་མི་མ་ཡིན་ནོ།    །ང་ནི་ཁྱོད་ཚོ་ཕ་མེས་ཡང་མེས་རྣམས་ཀྱི་གྲོགས་ཡིན།   གུར་ཕུབ་ནས་ས་འདིར་འདུག་པའི་མི་ཡིན།   ཞེས་ཕྱག་ཏུ་མདོང་མོ་དར་གྱིས་བརྒྱན་པ་ཞིག་ཡོད་པ།   དེ་ནམ་མཁའ་ལ་ལན་གསུམ་བསྐོར་བ་དང་མཉམ་དུ་གནམ་ས་འགུལ་བའི་འུར་སྒྲ་དང་བཅས་པའི་སྣང་བ་སྐྱེས་པ་དང་མཉམ་དུ་གཉིད་ལས་སད་སྐབས། དེ་རྣམས་རྨི་ལམ་ཡིན་པས་ཁོང་གི་ཐུགས་དགོངས་ལ།  འདི་ལྟ་བུའི་རྨི་ལམ་གསལ་པོ་ཡ་མཚན་ཅན་ཞིག་རྨིས་པ་ནི་ལྷའི་ལུང་བསྟན་ཡིན་པ་ལས་རྨི་ལམ་ཞིག་ག་ལ་ཡིན་དགོངས་ཏེ།   ཁམས་ཕྱོགས་ནས་ཕེབས་པའི་གྲུབ་ཐོབ་དེ་ཉིད་ཀྱི་གསུངས་ལས།    ལྷ་ཁང་གུར་ཁང་འདྲ་བ་བཞོངས(བཞེངས)། བྱ་ཁྱུང་སྐུ་འཁོར་ལྔ་བརྒྱ་རྣམས། །རྟེན(བསྟེན)ཀྱང་མི་དགོས་རང་འཁོར་འབྱུང་།  །ལྷ་མི་ཀུན་ལ་བདེ་སྐྱིད་འབྱུང་།    །ཞེས་གསུངས་པ་གཉིས་གཅིག་ཏུ་མཚུངས་པས།  ས་དཀྱིལ་ཏཱ་བེ་ཧུའི་རྨི་ལམ་དང་བླ་མ་གྲུབ་ཐོབ་པའི་གསུང་ལྟར།  རབ་བྱུང་བདུན་པའི་བགྲང་བྱ་བཅུ་དྲུག་པ་ཆུ་རྟ་ལོར(སྤྱི་ལོ་1402ལོར)ས་དཀྱིལ་ལྷ་ཁང་བཞེངས་ནས་ལེགས་གྲུབ་བྱུང་།”ཞེས་འཁོད་གསལ་ལྟར་ན།   ལྷ་ཁང་འདི་ཐོག་མར་བཞེངས་དུས་ནི་མིང་རྒྱལ་རབས་ཀྱི་དུས་འགོ་ཡིན་དགོས་འདུག  ས་དཀྱིལ་ཏ་བེ་ཧུ་གཉིས་པའི་རིང་ལྷ་ཁང་བཞེངས་པ་ནས་དཔོན་རབས་བཅུ་བཞི་པ་བླ་མ་རྒྱལ་མཚན(རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ་1681ལོ)བར་དུ་ཕལ་ཆེར་ལོ་ཉིས་བརྒྱ་བདུན་ཅུ་ལྷག་འགོར་བ་དང་། དེའི་རིང་ས་དཀྱིལ་ལྷ་ཁང་འདི་ལ་དར་རྒུད་ཇི་འདྲ་ཞིག་བྱུང་བའི་སྐོར་རུས་མཛོད་དུ་མི་གསལ་མོད།  འོན་ཀྱང་བསམ་བློ་རེ་བཏང་ན།    ས་དཀྱིལ་ཏ་བེ་ཧུའི་དཔོན་རབས་ཀྱིས་རོང་བོ་ནང་སོ་སྐུ་ན་རིམ་དང་ཕན་ཚུན་རྟེན་ཅིང་འབྲེལ་ནས་རེབ་གོང་འདུས་པའི་ས་ཁུལ་གང་མང་ཞིག་ལ་དུས་ཡུན་རིང་བོར་དབང་བསྒྱུར་བྱས་མྱོང་བའི་ལོ་རྒྱུས་ཡོད་པར་བལྟས་ན།   ལྷ་ཁང་འདི་ས་དཀྱིལ་ཏ་བེ་ཧུའི་དཔོན་རབས་རྣམས་ཀྱིས་གཙོས་པའི་སྡེ་འདིའི་འབངས་མི་ཡོངས་ཀྱི་སྤྱི་གཙུག་གི་ཏོག་ལྟ་བུ་ཞིག་ཡིན་པ་ནི་རྩོད་མི་དགོས་ཏེ། རུས་མཛོད་ལས།  “ས་དཀྱིལ་ཏ་བེ་ཧུ་བླ་མ་རྒྱལ་མཚན་གྱིས་སྲས་པདྨ་ལྷུན་གྲུབ་དགུང་ལོ་ཉི་ཤུ་པ་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་ལྔ་བཅུ་བ་མེ་འབྲུག་ལོར(སྤྱི་ལོ་1736ལོ)གོང་མ་ཆན་ལུང་རྒྱལ་པོར་མཇལ་བར་ཕེབས་པས།   རྒྱལ་པོས་སྔར་སྲོལ་ལྟར་ཐོབ་ཐམ་ག་དང་།   གནས་བརྟན་བཅུ་དྲུག་གི་ཐང་ག   དེ་མིན་གོང་མའི་མཛོད་ན་ཡོད་པའི་རྟེན་བྱིན་ཅན།   ས་དཀྱིལ་ལྷ་ཁང་ལ་གཡུ་ཏོག་ཕུལ་བའི་འཕེལ་དངུལ་རྡོ་ཚད་ལྔ་བཅུ།    བཀའ་རྩེབ་གདུང་ལྷ་ཁང་ལ་ཀྱོ་ཐོག་ཕུལ་བའི་འཐེལ་དངུལ་རྡོ་ཚད་སུམ་ཅུ་གནང་པས། དཀྱིལ་ཏ་བེ་ཧུས་དེ་རྣམས་ཁྱེར་ནས་ཡུལ་དུ་འབྱོར་བ་དང་། ས་དཀྱིལ་ལྷ་ཁང་ལ་གཡུ་ཏོག་ཕུལ་གྲབས་མཛད་སྐབས།    རོང་བོ་དགོན་ཆེན་ཐུགས་མ་དགྱེས་པར་འགལ་བ་ཅུང་ཙམ་བྱུང་བས།    ས་དཀྱིལ་གཞི་བདག་ལྷ་ཁང་དང་བཀའ་རྩེབ་གདུང་གཞི་བདག་རྩེབ་གདུང་གཞི་བདག་ལྷ་ཁང་གཉིས་ལ་ཀྱོ་ཏོག་ཕུལ།  དུས་དེ་ནས་བཟུང་རེབ་གོང་གི་ལྷ་ཁང་གང་ཡིན་ལ་གཡུ་ཏོག་ཕུལ་མི་ཆོག་པའི་སྲོལ་དེ་ནས་བཙུགས།”ཞེས་འཁོད་གསལ་ལྟར་ན།  ལྷ་ཁང་འདི་བཙུགས་ཡུན་རིང་པས་མི་ཚད།  ཆིང་རྒྱལ་རབས་གོང་མས་ཀྱང་ལྷ་ཁང་གི་གཙུག་ཏུ་གཡུ་ཏོག་ཕུལ་ཆོག་པའི་རྟགས་ཐོབ་གནང་མྱོང་བ་དང་།  དེ་ནི་གཅིག་བྱས་ན་གོང་མ་རྒྱལ་པོ་ཆོས་དད་ཆེ་བའི་ཐུགས་འདུན་མཚོན་བྱེད་ཅིག་ཡིན་ལ།   གཉིས་སུ་ན་གོང་མས་ས་གནས་དཔོན་པོར་བསྩལ་བའི་སྲིད་དབང་གི་མཚོན་བྱེད་ཅིག་ཀྱང་ཡིན་པ་རེད།   ས་དཀྱིལ་སྡེ་བ་འདི་རོང་བོ་དགོན་པའི་ས་བདག་ཡིན་པའི་རྐྱེན་གྱིས“ས་འཛིན་སའི་གཟུང་ཐག”ལྟ་བུ་ཡིན་ཞེས་བསྔགས་ཀྱང་། དཔོན་པོའི་གང་དུ་བཞུགས་མཁན་བླ་མ་ཡིན་པས་ན། གོང་མས་ས་དཀྱིལ་ལྷ་ཁང་ལ་གཡུ་ཐོག་ཕུལ་ཆོག་པའི་ཐོབ་བསྩལ་ནའང་།   སྐབས་དེའི་ཏ་བེ་ཧུས་ས་གནས་རང་གི་ཡུལ་ལུགས་དང་བསྟུན་ནས་ཀྱོ་ཏོག་ལས་གཡུ་ཏོག་མ་ཕུལ་བ་གོང་གི་རྒྱུ་མཚན་འདི་ཉིད་ལས་ཤེས་ཐུབ་ཅིང་། བཤད་རྒྱུན་དུ་ས་དཀྱིལ་ལྷ་ཁང་འདི་རོང་བོ་ཤར་བླ་བྲང་དང་མཐོ་དམའ་མེད་པར་ཆགས་ཡོད་པ་ནི་བླ་དཔོན་འདྲ་མཉམ་ཡིན་པའི་དབང་གིས་ཡིན་ཟེར་ཚུལ་ཡང་ཡོད་དོ། །   
            ས་དཀྱིལ་སྡེ་བ་འདི་རོང་བོ་དགོན་པའི་ས་བདག་ཡིན་ཟེར་བའི་རྒྱུ་མཚན་ནི།     རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་རིང་དགོན་པར་ས་བྱིན་པའི་རྐྱེན་གྱིས་ཡིན་ཏེ།   བཤད་རྒྱུན་དུ་དགོན་པ་ཐོག་མར་ཕྱག་འདེབས་མཛད་སྐབས་ས་དཀྱིལ་ཏ་བེ་ཧུར་གཡག་བཟང་པོ་ཞིག་གི་ཀོའི་ཆེ་ཆུང་ཙམ་བྱིན་ན་ཆོག་ཟེར་བ་ལྟར་བྱིན་པས།    དགོན་པས་བློ་རིག་བཀོལ་ནས་ཀོ་བ་དྲས་ཏེ་ཕྱོགས་བཞིར་འཐེན་པས་ས་ཆེན་པོ་ཤོར།    དེ་ལ་ས་དཀྱིལ་ཏ་བེ་ཧུས་ས་སྟེར་རྒྱུ་སྔར་ནས་ཁས་བླངས་ཟིན་པས་ཐབས་མེད་གསུངས།   ས་དཀྱིལ་ཏ་བེ་ཧུ་བཞི་པ་དངོས་གྲུབ་རྒྱ་མཚོའི(རབ་བྱུང་ལྔ་བའི་བགྲང་བྱ་ཞེ་དྲུག་པ་ཆུ་བྱི་ལོ་སྟེ་སྤྱི་ལོ་1312ལོར་སྐུ་འཁྲུངས།)སྐུ་རིང་ལ་ས་དཀྱིལ་སྡེ་བ་བསྐོར་གསུམ་དུ་བྱས་ནས་མཁར་གྱང་བརྡུང་བ་དང་།   “ས་དཀྱིལ་དུད་ཁ་བརྒྱད་བཅུ།”ཞེས་འབོད་སྲོལ་ཀྱང་དེ་དུས་ཐོག་མར་བྱུང་བར་མངོན།   དེ་དུས་ཀྱི་ས་དཀྱིལ་དང་རོང་བོ་བཀའ་གདམས་དགོན་བར་གྱི་འབྲེལ་བ་ཚུལ་ཇི་ལྟ་བུ་ཞིག་ཡིན་ཞེ་ན།    རུས་མཛོད་ལས།   “རབ་བྱུང་དྲུག་པའི་བགྲང་བྱ་བཅུ་གཉིས་པའི་ས་སྟག་ལོར(སྤྱི་ལོ་1338ལོ།)ས་དཀྱིལ་ཏ་བེ་ཧུ་དངོས་གྲུབ་རྒྱ་མཚོའི་རིང་ནས།    རོང་བོ་བཀའ་གདམས་དགོན་ཆེན་གྱི་བྱ་བ་སྣ་ཚོགས་ས་དཀྱིལ་དུད་ཁྱིམ་བརྒྱད་ཅུས་སྒྲུབ་དགོས་བྱུང་།”ཞེས་དང་།   ཡང་།   “རབ་བྱུང་དྲུག་པའི་བགྲང་བྱ་སོ་བདུན་པ་ཆུ་ཡོས་ལོར(སྤྱི་ལོ་1363ལོར་དབུས་གཙང་ནས)ཕྱིར་རང་ཡུལ་དུ་ཕེབས་ནས། ཕ་རོང་བོ་ཚང་དང་མཉམ་དུ་རོང་བོ་དགོན་ཆེན་ས་འཛིན་ལྷ་ཁང་ནི་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་བཀའ་ལུང་ལྟར་བཞེངས་གྲུབ་བྱུང་།”ཞེས་འཁོད་པ་ལས།ས་དཀྱིལ་ཏ་བེ་ཧུ་དང་རོང་བོ་བླ་མ་བསམ་གཏན་རིན་ཆེན་གཉིས་མཆོད་ཡོན་དུ་སྦྲེལ་བའི་སྐབས་འདི་ཉིད་ཡིན་པ་གསལ་བར་བསྟན་ཅིང་།   རྒྱ་ཡིག་གི《རེབ་གོང་ས་གནས་ལོ་རྒྱུས》(《同仁县志》)ལས།     རོང་བོ་དགོན་པ་རྨང་འདིང་དུས་ནི་ཡོན་རྒྱལ་རབས་ཀྱི་གོང་མ་ཏ་ཏི(元大德五年,公元1301年)སྐབས་ཡིན་ལ།  ས་དཀྱིལ་ཏ་བེ་ཧུས་བླ་མ་བསམ་གཏན་རིན་ཆེན་ལ་སྦྱིན་བདག་མཛད་དེ་རྒྱ་ཇེ་ཆེར་གཏོང་དུས་ནི་མིང་རྒྱལ་རབས་ཀྱི་གོང་མ་ཧུང་ཨུ་(明洪武三年,公元1370年)སྐབས་ཡིན་པར་བཞེད།   དེས་ན་ས་དཀྱིལ་སྡེ་བ་འདི་རོང་བོ་དགོན་པའི་ས་བདག་ཡིན་པའི་ཞོར་ལ་ཡོན་བདག་ཡང་ཡིན་པ་གོང་འཁོད་ལས་ཤེས་ཐུབ།   འདིར་ངེས་དགོས་པ་ཞིག་ནི།  བླ་མ་བསམ་གཏན་རིན་ཆེན་གྱི་སྐུ་རིང་རོང་བོའི་ས་འཛིན་ལྷ་ཁང་བཞེངས་པ་ནས་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དང་པོའི(སྤྱི་ལོ་1607ལོར་འཁྲུངས)བར་དུ་ཕལ་ཆེར་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་འགོར་ཡོད་པ་དང་། འདིའི་རག་བར་གཉན་ཆེན་སེ་ཀུ་ག་རུ་ཊ་དེ་ཀླུ་བདུད་བཙན་གསུམ་གྱི་ཁ་གནོན་དུ་སྟོད་ཀྱི་བྱ་ཁྱུང་གངས་ལ་གནས་ཡོད་པ་ལས་རོང་བོ་དགོན་པའི་བསྟན་སྲུང་དང་ས་དཀྱིལ་སྡེ་བའི་གཞི་བདག་ངོ་མར་ད་རུང་བསྟེན་མེད་པར་སྣང་།  འོ་ན།  ཡབ་རྗེ་སྐལ་ལྡན་རྒྱ་མཚོས་བྱ་ཁྱུང་དེ་རོང་བོ་དགོན་པའི་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་རྗེས་ནས་དགོན་པའི་བྱང་སྐྱོར་ས་དཀྱིལ་གཞི་བདག་ཏུ་མ་བཀོད་ཡར་སྔོན་བར།   སྡེ་འདིས་ལྷ་ཁང་བཞེངས་ནས་ལོ་ངོ་བརྒྱ་ཕྲག་འགའ་འགོར་ཡོད་ཙ་ན་དེ་སྔོན་སྡེ་འདིར་བསྟེན་པ་ཞིག་ཅིས་ཀྱང་ཡོད་ངེས་པས།  འདིའི་སྐོར་ལ་དམངས་ཁྲོད་ངག་རྒྱུན་དུ།    ས་དཀྱིལ་གཞི་འཛིན་གྱི་ཐོག་མའི་མཆེད་ཁུངས་དེ་ལྷ་སའི་བྱང་སྟག་ལུང་དང་།  ཁམས་རྔ་བ་ས་ཆ་ནས་མིང་སྲིང་བདུན་ཡོང་སྟེ་ས་ཆ་བདུན་ནས་གཞི་བཟུང་བ་ལས།  ཁམས་ཕྱོགས་ནས་རོང་བོ་ས་དཀྱིལ་དུ་མཆེད་ཡོང་བའི་མི་དེ་དག་གིས་བོད་ཡ་ཐོག་སྐབས་ཀྱི་མ་སངས་སྤུན་དགུའི་གྲས་ཀྱི་སྤུན་དྲུག་པ་བསྟེན་པར་བཤད།    གཞན་ཡང་གཅན་ཚའི་ཁམས་རའི་གཞི་འཛིན་གྱི་ཐོག་མ་ཡང་ཁམས་རྔ་བ་ས་ཆ་ནས་མཆེད་ཡོང་བའི་སྟབས་ཀྱིས།  དུས་དེང་སང་གི་བར་དུ་ཨ་མྱེས་མ་སངས་ཞེས་མ་སངས་སྤུན་དགུའི་གྲས་ཀྱི་སྤུན་གསུམ་པ་བསྟེན་པར་བཤད།   སྡེ་དེ་ལ་ཁམས་ར་ཞེས་ཐོགས་དོན་ཡང་ཁམས་ཕྱོགས་ནས་མཆེད་ཡོང་བའི་དབང་ཀིས་ཡིན་ལ།   དེ་ཕྱོགས་སུ་ཨ་མཛེས་ཟེར་བའི་ཡུལ་ཞིག་ཡོད་པ་ཡང་།    གཞི་འཛིན་གྱི་ཐོག་མ་མིང་སྲིང་སྤུན་བདུན་གྱི་གྲས་སུ་བུ་མོ་མཛེས་མ་མཆོག་ཏུ་གྱུར་བ་ཞིག་ཡོད་པས།    ཚང་མས་ཨ་ལ་ཇི་འདྲ་མཛེས་པ་ལའང་ཞེས་ཡིད་སྨོན་ཤོར་བའི་རྐྱེན་གྱིས་མོས་ས་བཟུང་བའི་ཡུལ་དེ་ལ་ཨ་མཛེས་ཞེས་ཐོགས་པར་བཤད།  དེར་བལྟས་ན་ཁམས་ར་དང་ས་དཀྱིལ་གྱི་གཞི་འཛིན་རྣམས་འདི་ཕྱོགས་སུ་ཡོང་སྐབས་རང་རང་གི་བསྟེན་པའང་མཉམ་ཏུ་ཁྲིད་ཡོང་བ་ནི་གོར་མ་ཆག     རྗེས་སུ་ས་དཀྱིལ་བསྟེན་པ་ཨ་མྱེས་མ་སངས་དེ་མཐུ་ནུས་དེ་འདྲར་མྱུར་མོ་མིན་པའི་སྟབས་ཀྱིས་གྲུབ་ཆེན་སྐལ་ལྡན་རྒྱ་མཚོར་ཞུས་ནས་ས་དཀྱིལ་ལྷ་སྐལ་དུ་ཨ་མྱེས་བྱ་ཁྱུང་གནང་བ་ཡིན་ཟེར།    བཤད་ཚུལ་འདི་ཁུངས་ལྡན་ཡིན་མིན་ད་རུང་མི་ཤེས་པས།   གཟུར་གནས་མཁས་པ་རྣམས་ཀྱིས་ད་དུང་ཞིབ་ཏུ་དཔྱད་པར་འཚལ་ལོ།  །   
            2. དེང་རབས་ཀྱི་ལོ་རྒྱུས་སྐོར།     ལོ་བཅུའི་གོད་ཆག་ནང་ལྷ་ཁང་འདིའི་རྟེན་དང་བརྟེན་པ་མ་ལུས་འཇིག་པའི་ཆོས་ཉིད་དུ་ཕྱིན་ཀྱང་།    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡང་དག་པ་དོན་ཐོག་ཏུ་འཁྱོལ་རྗེས།    སྡེ་འདིའི་དད་ལྡན་མང་ཚོགས་ཡོངས་ཀྱིས་རང་གང་ཡོད་ཀྱི་རྒྱུ་དངུལ་དང་ནུས་ཤུགས་གང་ཡོད་བཏོན་ཏེ་ལྷ་ཁང་བསྐྱར་བཞེངས་བྱས་པ་དང་།     དེ་དུས་ལྷ་ཁང་གི་གནའ་ཤུལ་ནས་སྔོན་ཆད་ཀྱི་ཅ་ལག་ཪྙིང་བ་སྐོར་ཞིག་ཪྙེད་པ་ལས།   ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་ཆེས་རིན་ཐང་དང་ལྡན་པ་ནི་ལོ་ཟླའི་ཆར་རླུང་གིས་འཇིག་པའི་དམག་དཔོན་བཱ་རྫོང་རི་ལིང་གི་འཇིམ་སྐུའི་ཤུལ་ནས་རྒྱ་ཡིག་དཔེ་ཪྙིང་ཞིག་ཪྙེད་པ་དེ་ཡིན་མོད།   འོན་ཀྱང་སྐབས་དེའི་རྒན་པོ་འགའ་རེ་དཔེ་ཪྙིང་འདི་ཉར་ཚགས་བྱེད་རྒྱུར་མ་འཐད་པར་ཕན་ཡོན་གཅིག་ཡིན་ཟེར་ནས་འཇིམ་པའི་ནང་བརྫིས་ཏེ་ཡང་བསྐྱར་དམག་དཔོན་བཱ་རྫོང་རི་ལིང་གི་སྨན་སྐུ་བཞེངས།   དཔེ་ཪྙིང་དེ་དངོས་སུ་མཐོང་མྱོང་མཁན་རྒན་པོ་ཞིག་གིས་བཤད་པ་ལྟར་ན།   དེ་ཉིད་རྒྱུ་རྩ་ཤོག་དང་།   རྒྱའི་གནའ་ཡིག་ལག་བྲིས་མ།   ལོ་མང་པོ་འགོར་བས་མགོ་མཇུག་གི་རྒྱབ་ཤ་དང་ཟུར་བཞི་རུལ་ནས་སྔར་གྱི་མདོག་ངོ་མ་ཇི་འདྲ་ཞིག་ཡིན་པ་མི་ཤེས་ཀྱང་། ཁ་ཕྱེས་ནས་བལྟས་ན་ཡི་གེ་ཧ་ཅང་གསལ་བོ་ཡིན་པ་དང་།ཤོ ག་གྲངས་བརྒྱ་ཕྲག་ལྷག་ཡོད་པ་དེ་འདྲ་ཞིག་རེད་ཟེར། གལ་སྲིད་དཔེ་ཪྙིང་འདི་དེ་རིང་ཀི་བར་དུ་ཉར་ཚགས་དོ་དམ་བྱེད་ཐུབ་ཡོད་ཚེ།    འབྲེལ་ཡོད་དམག་དཔོན་བཱ་རྫོང་དང་རེབ་གོང་གི་གསང་བའི་རི་ལིང་བཅུ་གཉིས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པའི་ཟུར་ལྟའི་ཡིག་ཆ་ཨང་དང་པོ་ཡིན་སྲིད་མོད་ཀྱང་།   དེང་སང་རེབ་གོང་དམངས་ཁྲོད་དུ་དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་མ་དགོས་ཁུངས་ཐུབ་ཀྱི་ལོ་རྒྱུས་ཅུང་ཁ་ཚང་རེ་བཤད་ཐུབ་མཁན་མི་གཅིག་ཀྱང་མེད་པ་ནི་ཡིད་ཕངས་པའི་གནས་སོ།།   
            སྤྱི་ལོ་1982ལོར་བསྐྱར་དུ་བཞེངས་པའི་ས་དཀྱིལ་ལྷ་ཁང་འདི།    དུས་རབས་ཉེར་གཅིག་པའི་སྐལ་བཟང་རྫོགས་ལྡན་གྱི་སྐྱ་རེངས་གསར་པ་རང་ཅག་འགྲོ་བ་ཡོངས་སུ་སྐྱིད་དུ་ཤར་བའི་ལོ་དང་པོའི་ནང་།  སྡེ་འདིའི་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་སྡེ་བའི་མཁར་འགོ་པ་རྣམས་ཀྱི་ལྷག་བསམ་རྩ་འཛུགས་དང་རྒྱབ་སྐྱོར་ལ་བརྟེན་ནས།  ཡོད་པོས་བརྒྱ་འབུལ་སྟོང་འབུལ་དང་།   མེད་པོས་མེ་ཏོག་མཆོད་འབུལ་གྱི་དཔེ་ལྟར་སྔ་རྗེས་སུ་ཁྱོན་བསྡོམས་རང་གྲབས་མ་དངུལ་སྒོར་སུམ་འབུམ་བཞི་ཁྲི་ལྷག་བཏོན་ཏེ་ལྷ་ཁང་གི་རྟེན་དང་བརྟེན་པ་ཐམས་ཅད་གསར་འཛུགས་རྒྱས་བཞེངས་བྱས་པ་དང་།    འབྲེལ་ཡོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་སློབ་འཕྲོད་སྟེན་རྩ་འཛུགས་ཀྱི་ལས་གཞི་འབྲེལ་གཏུགས་བྱེད་མཁན་གྱིས་མཚམས་སྦྱོར་ལ་བརྟེན་ནས།  2002ལོའི་དབྱར་ཁར་ཨ་རིའི་ཟམ་པ་ཐེབས་རྩ་ཚོགས་པས( TheBridg        Found. U. S. A)“ཕུལ་བྱུང་རིག་གནས་ཤུལ་རྫས་སྲུང་སྐྱོང་ལས་གཞི་འདིའི་ཐད་རོགས་དངུལ་མི་དམངས་ཤོག་སྒོར་བརྒྱད་ཁྲི་དགུ་སྟོང་གནང་བར་བརྟེན། ལོ་འདིའི་དྲུག་པའི་ཀླུ་རོལ་ཆེན་མོའི་ཡར་སྔོན་རག་བར་ལྷ་ཁང་གི་རྟེན་དང་བརྟེན་པ་མ་ལུས་དུས་ལྟར་ལེགས་གྲུབ་བྱུང་།    མཆོད་ཁང་གི་མཚན་ལ“བཀྲ་ཤིས་དགེ་འཕེལ་གླིང”དང་།  ལྷ་ཁང་གི་མིང་ལ“མི་མཐུན་ཕྱོགས་ལས་རྒྱལ་བའི་ཕོ་བྲང”ཞེས་གསོལ།   བཀྲ་ཤིས་འགྲུབ་སྟོན་གྱི་ཉིན་མོར།    ཤར་སྐྱབས་མགོན་རིན་པོ་ཆེས་གཙོས་བླ་མ་དང་དགེ་འདུན་མང་པོ་སྤྱན་དྲངས་ཏེ་མཆོད་ཁང་དང་ལྷ་ཁང་གི་རྟེན་དང་བརྟེན་པར་རབ་གནས་མཛད་པ་དང་།   ཁུལ་དང་རྫོང་དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་རྣམ་པས་གཙོས་རེབ་གོང་ཤོག་ཁ་སོ་སོས་སྲོལ་རྒྱུན་ལྟར་འབུལ་སྐྱེས་གྱ་ནོམ་པ་བཀྱགས་ཡོང་སྟེ་ཟས་མགྲོན་ཕུན་སུམ་ཚོགས་པོ་དང་གླུ་ལེན་གར་རྩེད་ཀྱིས་རྟེན་འབྲེལ་རྒྱ་ཆེན་པོ་ཞུས།  དེའི་མུར་མཚོ་སྔོན་བཪྙན་འཕྲིན་ཁང་གིས་བོད་ཆུ་ལུག་ལོའི་ལོ་གསར་སྤྲོ་ཚོགས་ཏེ།《རིག་འབྱུང་ཡུལ་གྱི་དགའ་སྟོན》ཞེས་པའི་རྣམ་པ་རྒྱ་ཆེ་བའི་ཆེད་སྒྲིག་རིག་རྩལ་ལེ་ཚན་དེ་ས་དཀྱིལ་ལྷ་ཁང་དུ་བསྒྱུར་བ་དང་། དེའི་སྟེང་རེབ་གོང་གི་གླུ་བ་གླུ་མ་གྲགས་ཅན་མང་པོ་གདན་ཐོག་གཅིག་ཏུ་འཛོམས་ཏེ་གླུ་ལེན་གར་རྩེད་རྒྱ་ཆེན་པོ་བྱས་པའི་ཚུལ་དེ་བཪྙན་འཕྲིན་འཁོར་སྐར་བརྒྱུད་ནས་ས་འཛམ་བུ་གླིང་གི་སྐྱེ་འགྲོ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བསྟབས་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ལ།     གཞན་ཡང2004ལོར་རེབ་གོང་ཡུལ་དུ་བསྡུས་པའི“ཀྲུང་གོའི་རེབ་གོང་པར་ལེན་རིག་གནས་དུས་ཆེན”(中国热贡摄影文化节)གྱི་མཛད་སྒོའི་ཆོ་ག་དེ་ས་དཀྱིལ་སྡེ་བའི་ཀླུ་རོལ་རྩེ་ས་ཞི་བ་དཀར་པོའི་ཕོ་བྲང་དུ་བཀོད་སྒྲིག་བྱས་ཡོད་པ་རེད། འདི་ལས་ང་ཚོས་མཐོང་ཐུབ་པ་ནི།   བྱ་ཁྱུང་ལྷ་ཁང་འདི་སྲོལ་རྒྱུན་ཆོས་ལུགས་རིག་གནས་ཀྱི་ཆོ་ག་སྤེལ་ས་ཞིག་ནས་རིམ་གྱིས་དེང་རབས་གླུ་གར་རྩེད་སྟོན་གྱི་སྟེགས་བུ་ཞིག་ཏུ་འགྱུར་བཞིན་པའི་ཉམས་སྣང་དེ་ཡིན་ལ།   ལྷ་ཁང་འདི་སྔོན་ཆད་སྡེ་ཚོ་གཅིག་ནང་ཁུལ་གྱི་ཆོས་ལུགས་ཆོ་ག་སྤེལ་ས་ཞིག་ནས་རིམ་གྱིས་རེབ་གོང་ཐུན་མོང་གི་རིག་གནས་སྒྱུ་རྩལ་གྱི་དོ་ར་ཞིག་ཏུ་འགྱུར་བཞིན་པའི་སྒོ་དབྱེའི་རང་བཞིན་གྱི་རྣམ་པ་གསར་རྐྱང་གི་ཁྱད་ཆོས་དེ་ཡིན་ནོ།  །   
མཆན་འགྲེལ།   
            ①རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ཤཱཀྱའི་དགེ་སློང་ཤ་བོ་ཐར(དགུང་ལོ་75)ལགས་ཀྱིས་2003ལོའི་དབྱར་ཁར་་གསུངས་པ་ལྟར་བཀོད་ཡོད།   
            ②ཚིག་འདི་ས་དཀྱིལ་ལྷ་རྒན་གྱིས་སྤྱི་ལོ་1984ལོའི་དབྱར་ཁར་སྡེ་མི་ཚོགས་སར་ཐེངས་དང་པོར་གསུངས།  
            ③ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་ནི།  འབྲེལ་ཡོད་འདོན་ཆ་ཞིག་གི་ནང་དུ།    །ཞི་བའི་འཕྲིན་ལས་སྒྲུབ་པ་དཀར་པོ་ལྷའི་སྡེར་གཏོགས།  2.དབང་གི་འཕྲིན་ལས་སྒྲུབ་པ་དམར་པོ་བཙན་གྱི་སྡེར་གཏོགས།   3.དྲག་པོའི་འཕྲིན་ལས་སྒྲུབ་པ་ནག་པོ་བདུད་ཀྱི་སྡེར་གཏོགས།   4.གང་འདོད་དངོས་གྲུབ་སྩོལ་པ་ཕྱུག་པོ་ཀླུ་ཡི་སྡེར་གཏོགས།   5.སྣ་ཚོགས་འཕྲིན་ལས་སྒྲུབ་པ་ཁྲ་བོ་གཟའ་ཡི་སྡེར་གཏོགས།    6.དགྲ་ཤ་ཟས་སུ་ཟ་བ་རཀྴ་སྲིན་པོའི་སྡེར་གཏོགས།  7.དགྲ་ལ་སྨྱོ་འབོག་གཏོང་བ་དཀོར་བདག་རྒྱལ་བོའོ་སྡེར་གཏོགས།  8.དགྲ་ཁྲག་སྐོམས་སུ་འཐུང་བ་དལ་ཡམས་མ་མོའི་སྡེར་གཏོགས་ཞེས་འགྲེལ་ཡོད་པ་དང་།《སྡེ་བརྒྱད་མཆོད་ཚུལ་རྒྱས་འབྲིང་བསྡུས་གསུམ》ཞེས་པའི་འདོན་ཆའི་ནང་དུ།  སྡེ་བརྒྱད་ལ་ཕྱིའི་སྡེ་བརྒྱད་དང་།  ནང་གི་སྡེ་བརྒྱད།  གསང་བའི་སྡེ་བརྒྱད།  མཆོག་གི་སྡེ་བརྒྱད།  སྤྲུལ་བའི་སྡེ་བརྒྱད་བཅས་རིགས་འགར་མཆོད་པ་འབུལ་ཚུལ་ཡོད་པ་ལས།   ལྷ་སྲིན་སྡེ་བརྒྱད་ནི་སྤྲུལ་བའི་སྡེ་བརྒྱད་ཀྱི་ཁོངས་སུ་གཏོགས་སོ།  །   
            ④1986ལོར་དམག་དཔོན་ཁང་དུ་སྡེ་མི་ཚོགས་སར་ལྷ་རྒན་གྱིས་སྲས་འབུམ་པ་དོན་གྲུབ་ཀྱི་བསང་ཡིག་འདི་གསུངས་པ་ཡིན་ལ།   འདས་པོ་སྐལ་བཟང་རྒྱལ་དང་ཀུན་བཟང་བཀྲ་ཤིས་གཉིས་ཀྱིས་སྒྲ་ཕབ་ཅིང་དགེ་རྒན་བཀྲ་ཤིས་ཀྱིས་ཡིག་ཐོག་ཏུ་བཀོད།    ཨ་ལགས་གསེར་ཁྲི་བདེ་གཤེགས་ཚང་མཁས་བཙུན་ལུང་རིགས་རྒྱ་མཚོས་ཞུ་དག་མཛད་དེ་གཏན་ལ་ཕབ་པ་དེང་སང་སྡེ་མི་ཡོངས་ཀྱིས་འདོན།   
            ⑤⑥འདི་ས་དཀྱིལ་ལྷ་རྒན་གྱིས་སྤྱི་ལོ་1984ལོ་དང་1985ལོར་གསུངས།   
            ⑦ས་དཀྱིལ་ཏ་བེ་ཧུ་དང་པོ་བསོད་ནམས་ལྷུན་གྲུབ་ནི་བོད་རབ་བྱུང་ལྔ་བའི་བགྲང་བྱ་བཅུ་གཉིས་པ་ས་སྟག་ལོ་སྟེ་1278ལོར་སྐུ་འཁྲུངས་པ་དང་།   ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་རྒྱལ་པོ་སྐུ་མ་འདས་ཡར་སྔོན་གྱི་རབ་བྱུང་ལྔ་བའི་བགྲང་བྱ་ཉེར་དགུ་བ་ཤིང་ལུག་ལོ་སྟེ།  སྤྱི་ལོ་1295ལོར་ས་དཀྱིལ་ཏ་བེ་ཧུ་ཡི་ཆོ་ལོ་དང་།   ཐོབ་ཞྭ།   ཐོབ་ལྭ།   ཀསེར་ཡིག་ཅན་གྱི་གོང་མའི་ཕྱག་བྲིས་ཐམ་ག་ཅན་དང་།    བློན་པོའི་ཕྱག་བྲིས་དངུལ་ཡིག་ཅན།   དེ་མིན་གོང་མའི་མཛོད་ནས་གསེར་སྲང་ཉིས་སྟོང་དང་དངུལ་སྲང་བདུན་སྟོང་།   རྟ་དྲེའུ་བརྒྱད་བཅུ།   གོས་སྣམ་དོ་ཆེན་པོ།     དེ་བཞིན་བློན་པོ་ཀྲང་ཅེ་པོ་ཟེར་བ་དེས་རང་གི་མཛོད་ནས་གསེར་སྲང་ལྔ་བཅུ་དང་།   དངུལ་རྡོ་ཚད་ལྔ་བཅུ།  རྟ་དྲེའུ་སུམ་བཅུ།    དེའི་ནང་གོས་སྣམ་དོ་བོ་ཉི་ཤུ་སོགས་ཀྱི་གནང་སྦྱིན་ཆེན་པོ་འཇིག་རྟེན་ན་དཔེ་མི་སྲིད་པ་ཞིག་གནང་ནས། རབ་བྱུང་ལྔ་བའི་བགྲང་བྱ་སོ་གཅིག་པ་མེ་བྱ་ལོ་སྟེ་སྤྱི་ལོ་1297ལོར་ཕྱིར་རེབ་གོང་གསེར་མོ་ལྗོངས་སུ་ཕེབས་ཏེ་ས་དཀྱིལ་སྡེ་བས་གཙོས་པའི་ཉེ་འདབས་ཀྱི་སྡེ་བ་སོ་སོར་རྒྱལ་སྟོན་དཔེ་མི་སྲིད་པ་མཛད་ཅེས་རེབ་གོང་རུས་མཛོད་དུ་གསལ་བ་ལྟར་ན།  དཀྱིལ་ཏ་བེ་ཧུ་དང་པོ་བསོད་ནམས་ལྷུན་གྲུབ་སྲིད་ལ་དབང་བསྐུར་དུས་ནི་དགུང་ལོ་བཅོ་བརྒྱད་ཡིན།   
            ⑧བོད་རབ་བྱུང་དྲུག་པའི་བགྲང་བྱ་བཅུ་དགུ་པ་ཤིང་བྱ་ལོ་སྟེ།   སྤྱི་ལོ་1345ལོར་འཁྲུངས།  དགུང་ལོ་སོ་ལྔ་བ་རབ་བྱུང་དྲུག་པའི་བགྲང་བྱ་ང་གསུམ་པ་ས་ལུག་ལོ་སྟེ་སྤྱི་ལོ་1379ལོར་སྲིད་ལ་དབང་བསྐུར། 
རེབ་གོང་མཁར་རྩེ་རྒྱལ།  ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་མི་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་ཕྱག་ལས་གནང་མུས་སུ་མཆིས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1