༄༅།། ནང་པས་ལྷ་འདྲེར་འཛིན་པའི་ལྟ་བའི་སྐོར་གླེང་བ།

རེབ་གོང་རྡོ་རྗེ་མཁར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 11-27


རེབ་གོང་རྡོ་རྗེ་མཁར།
གཅིག  ལྷ་འདྲེ་ཡོད་མེད་ཀྱི་སྐོར་བཤད་པ།  
            དེང་སང་གི་མི་རྣམས་ཀྱིས་བོད་གངས་ཅན་པས་ལྷ་འདྲེ་ཡོད་པར་འདོད་ཅིང་།  དེ་ནི་ནང་པའི་ཆོས་ལུགས་ཀྱིས་ཤན་ཞུགས་པ་ཞིག་ཡིན་པར་བཤད་པ་ནི། ནང་པ་སངས་རྒྱས་པའི་ཆོས་ལུགས་སུ་ལྷ་འདྲེ་ལ་ལྟ་བ་ཅི་ཞིག་འཛིན་པའི་མཐའ་མ་རྟོགས་པ་མཚོན་པ་ལས།  ལུང་རིགས་དང་འགལ་མེད་མཐུན་སྣང་དུ་གྲུབ་པའི་ལྟ་བ་ཡང་དག་ཅིག་མིན།  འོ་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་ལྷ་འདྲེ་ཞེས་པ་དེ་ཡོད་པར་བཞེད་དམ་མེད་པར་བཞེད་ཅེ་ན།  ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་འཛམ་གླིང་གི་ཆོས་ལུགས་གཞན་རྣམས་དང་མི་མཚུངས་པར་ལྷ་འདྲེ་ཞེས་པ་དེ་དོན་དམ་པར་ཡོད་པ་ཞིག་མིན་པར་བཞེད། དེ་ཡང་ནང་པའི་གསུང་རབ་དགོངས་འགྲེལ་དང་། ཆོས་འབྱུང་རྣམ་ཐར། ཆོ་ག་ཕྱག་ལེན་སྤྱི་དང་།  ལྷག་པར་དུ་རྙིང་མའི་ཆོས་ཀྱི་བསྟན་བཅོས་དང་ཆོས་འབྱུང་རྣམ་ཐར་རྣམས་སུ་ལྷ་འདྲེ་ཞེས་པའི་མིང་འདི་རྒྱུན་པར་མཐོང་ཞིང་། ལྷ་འདྲེའི་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་ཚུལ་ཡང་མང་པོ་ཞིག་གསུངས་ཡོད།  དེ་ལྟར་གསུངས་པའི་ལྷ་འདྲེ་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་ཤེ་ན།  ནང་པའི་ཆོས་ལུགས་ལྟར་ན་ལྷ་དང་འདྲེ་ཞེས་པ་ནི་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་གཉིས་སུ་རྟོག་པས་བཟུང་སྟེ་འཇིག་རྟེན་པ་ཀུན་གྱིས་སྒྲོ་བཏགས་ཏེ་མིང་དུ་བརྗོད་པ་ཞིག་ཡིན་གྱི། དམངས་ཁྲོད་དུ་གྲགས་པའི་གཟུགས་མཛེས་ལ་ཡིད་དུ་འོང་ཞིང་།  རྫུ་འཕྲུལ་ལྡན་ཞིང་བྱམས་སྙིང་རྗེ་ཆེ་བ་དང་།  མི་ཉམ་ཐག་རྣམས་ལ་མགོན་དང་སྐྱབས་བྱེད་པའི་ལྷ་དང་།  ཤ་མེད་རུས་བཀྲ་སྐམ་པོའི་གཟུགས་སྙིང་དུ་མི་སྡུག་ཅིང་།  ཁ་ནས་མེ་འབར་ལ་སྣ་ནས་དུ་བ་འཕྱུར་བའི་རྫུ་འཕྲུལ་ལྡན་པ་དང་། སེམས་ཅན་ལ་གནོད་ཅིང་འཚེ་བའི་འདྲེ་ཞེས་པ་ལྟ་བུའི་གཟུགས་ཅན་ཞིག་གཏན་ནས་མེད་པར་བཞེད་དེ། མ་ཅིག་ལབ་སྒྲོན་གྱིས། དེ་ཡང་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་གཉིས་སུ་རྟོག་པས་བཟུང་བ་ནི་འཇིག་རྟེན་པ་ཀུན་གྱིས་སྒྲོ་བཏགས་པ་ཡིན་པས་དོན་ལ་གནས་ངེས་པ་མེད་དོ་ཞེས་གསུངས་པའི་ཕྱིར།  དེ་ལྟར་ན་ནང་པའི་ལུགས་ཀྱིས་སེམས་ཅན་ལ་བཟང་དང་ཕན་འདོགས་པའི་སྣང་ཚུལ་ལམ་སྣང་སྲིད་ཐམས་ཅད་ལ་ལྷ་ཞེས་པའི་མིང་བཏགས་ནས་ལྷ་རུ་འཛིན་པ་དང་།  སེམས་ཅན་ལ་སྙིང་རྗེ་མེད་པར་ངན་དང་གནོད་པ་བྱེད་པའི་སྣང་སྲིད་ཐམས་ཅད་ལ་འདྲེ་ཞེས་པའི་མིང་བཏགས་ནས་འདྲེ་རུ་འཛིན་པ་ཞིག་ཡིན་པ་དང་།  དེ་འདྲའི་ལྷ་འདྲེ་ཡང་འཇིག་རྟེན་པ་ཀུན་གྱིས་སྒྲོ་བཏགས་པ་ཞིག་ཡིན་པ་ལས་རང་བྱུང་ཁམས་སུ་དོན་དམ་དུ་ལྷ་འདྲེ་ཞེས་པ་ཞིག་གཏན་ནས་མེད་པར་བཞེད་པ་ཚེགས་མེད་བདེ་བླག་ཏུ་རྟོགས་ཐུབ་པའི་ཁར། ནང་པ་དང་དངོས་གཙོ་རིང་ལུགས་གཉིས་ཀྱིས་ལྷ་འདྲེར་འཛིན་པའི་ལྟ་བ་དང་མ་གྲོས་གཅིག་ཏུ་མཐུན་པ་བྱུང་།   
གཉིས། ལྷའི་སྐོར་བཤད་པ།  
            མི་རྣམས་ཀྱིས་སྔོན་ནས་ད་ལྟའི་བར་ནང་པའི་ཆོས་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ།  རིན་ཐང་གི་ལྟ་བ་སྤྱི་དང་། ལྷག་པར་དུ་ནང་པའི་ཆོས་ལུགས་ཀྱི་དགོངས་དོན་གྱི་སྙིང་པོ་དང་། ཆོ་ག་ཕྱག་ལེན།   དེས་མི་རྣམས་ལ་བཞག་པའི་བག་ཆགས་བཅས་ལ་ལུང་རིགས་ཀྱི་དཔྱད་པ་ཞིབ་ཏུ་གཏོང་ངོ་ཟེར་ནས་རང་རང་གིས་ཡང་དག་པར་རློམ་པའི་ལྟ་བ་རེ་ལེགས་ཉེས་བདེན་རྫུན་ཤན་འབྱེད་པའི་དབང་པོར་བཅོལ་ནས་ཡིག་ཚོགས་རྒྱ་ཆེན་པོ་ཞིག་སྤེལ་ན་ཡང་།  དོན་དམ་དུ་ནང་པའི་ཆོས་ལུགས་ཀྱི་མཐར་ཐུག་གི་ལྟ་བ་དང་།  དམིགས་བྱ།  འབྲས་བུ་སོགས་ཅི་ཞིག་ཡིན་པར་རྨོངས་ཏེ་ཕྱི་ཚུལ་ཙམ་བརྗོད་བཞིན་ཡོད་ལ།  དེ་བཞིན་དུ་ལྷ་འདྲེ་ཞེས་པ་དེ་ཡང་ནང་པའི་ཆོས་ལུགས་ཀྱིས་སྒེར་བདག་བྱེད་པའི་རྨོངས་དད་ཀྱི་ལག་ཆ་ཞིག་ཡིན་པར་འདོད་པ་བཅས་ནི་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལས་རིང་ནས་འདས་པ་ཞིག་ཡིན་པར་སེམས་ཏེ།  སྤྱིར་ལྷ་ཞེས་པ་དེ་ནི་ཡོངས་གྲགས་སུ་མི་ལས་མཆོག་ཏུ་གྱུར་པ་དང་། མིའི་རྒྱལ་པོ།  སངས་རྒྱས་ཏེ་སྔགས་ལམ་གྱི་བསྒོམ་བའི་ཡི་དམ།  འགྲོ་བ་རིགས་ཀྱི་ནང་གསེས་ལྷ་བཅས་ཀྱི་དོན་ལ་འཇུག་པར་བཤད་ན་ཡང་།  ནང་པ་ལྟར་ན་འཇིག་རྟེན་པ་ཀུན་གྱིས་རང་བྱུང་ཁམས་སུ་སེམས་ཅན་ཐམས་ཅད་ལ་བཟང་ངན་དང་ཕན་གནོད་ཀྱི་ལས་ཅི་རིགས་བྱེད་པའི་སྣང་སྲིད་མཐའ་དག་ལ་ལྷ་འདྲེ་ཞེས་པར་སྒྲོ་བཏགས་ནས་མིང་དུ་བརྗོད་ཅིང་རྟོག་པས་བཟུང་བ་ཙམ་ཞིག་ཡིན་པ་མ་གཏོགས། དོན་དམ་དུ་མངོན་སུམ་དུ་གནས་པ་ཞིག་མིན་པར་བཤད་ཅིང་།  དེ་ལྟར་མིང་བཏགས་པའི་ལྷ་ལ་ནང་ཆོས་སུ་རིགས་དབྱེ་དང་བཤད་འགྲེལ་འདི་ལྟར་གསུངས་པ་སྟེ།  
            1.འཇིག་རྟེན་པའི་ཀུན་བཏགས་ཀྱི་ལྷ་ཞེས་པ་ནི།  མ་ཅིག་ལབ་ཀྱི་སྒྲོན་མའི་ཞལ་ནས།  དེ་ཡང་དང་པོ་ཀུན་བཏགས་ཀྱི་ལྷ་ཞེས་པ་ནི། འཇིག་རྟེན་པ་ཐམས་ཅད་ལ་ཡོངས་སུ་གྲགས་ཤིང་། བཏགས་པའི་ལྷ་ཞེས་པ་ནི་འཇིག་རྟེན་པའི་སྣང་ཡུལ་དུ་གྲུབ་པའི་གཟུགས་བཟང་ཞིང་ཡིད་དུ་འོང་བའི་བློ་སྣང་དགའ་ཞིང་དང་བ་འདྲེན་པ་གང་ཡིན་པ་དེ་ལ་ལྷ་ཟེར།  ཞེས་གསུངས་པའི་ཕྱིར་རོ།   
            2 .ངོ་བོར་གནས་ཚུལ་གྱི་ལྷ་ཞེས་པ་ནི།  ངོ་བོའི་ཐོག་ཙམ་དུ་མི་ལས་མཆོག་ཏུ་གྱུར་པ་ཞིག་གནས་པ་གང་ཡིན་པ་དེ་ཡིན་ཞིང་།  དེ་ལ་འཇིག་རྟེན་ལས་འདས་པའི་ལྷ་དང་འཇིག་རྟེན་འཁོར་བའི་ལྷ་གཉིས་ཡོད་པ་དང་།  འཇིག་རྟེན་ལས་འདས་པའི་ལྷ་ལ་ཡང་འཁོར་བའི་རྒྱུ་འབྲས་དང་འཁོར་བའི་གནས་གཉིས་ཀ་ལས་འདས་པའི་ལྷ་དང་།  འཁོར་བའི་གནས་ལས་མ་འདས་པའི་ལྷ་གཉིས་ཡོད་པར་བཤད།  དེ་ཡང་འཁོར་བའི་རྒྱུ་འབྲས་དང་འཁོར་བའི་གནས་གཉིས་ཀ་ལས་འདས་པའི་ལྷ་ནི། རྡོ་རྗེ་འཆང་ཆེན་པོ་དང་། ཕྱོགས་བཅུའི་སངས་རྒྱས་དང་། ཡུམ་ཆེན་མོ་དང་། རྒྱལ་བ་འོད་དཔག་མེད་ལ་སོགས་པ་སྟེ།  འོག་མིན་སྟུག་པོ་བཀོད་པའི་གནས་སུ་རང་རང་གི་འཁོར་དང་བཅས་པ་བཞུགས་པ་རྣམས་ཡིན་ལ།  དེ་རྣམས་ནི་འཇིག་རྟེན་པའི་གནས་འབྲས་གཉིས་ཀ་ལས་འདས་པའི་ལྷར་བཞེད་པ་དང་།  མི་མཇེད་འཇིག་རྟེན་ཁམས་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་།  བྱང་ཆུབ་སེམས་དཔའ་བྱམས་པ་དང་།  ཕྱག་ན་རྡོ་རྗེ་དང་།  འཇམ་དཔལ་དབྱངས་དང་།  དེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་པའི་གནས་ལས་མ་འདས་ཤིང་འཁོར་བའི་ལས་དང་རྒྱུ་འབྲས་ལས་འདས་པའི་ལྷ་དང་།  འཇིག་རྟེན་ལས་འདས་པའི་ལྷ་ཞེས་པ་ནི།  གཟུགས་མེད་དང་།  གཟུགས་ཁམས།  འདོད་ཁམས་སོགས་ཀྱི་ལྷ་སྟེ།  འཇིག་རྟེན་པའི་སྣང་ཡུལ་དུ་མཚན་ཙམ་མམ་སྐུ་འདྲ་སོགས་ངོ་བོ་ཙམ་གནས་པ་མ་གཏོགས་དེང་སང་དངོས་སུ་བཞུགས་པ་མངོན་སུམ་དུ་མཐོང་ཐུབ་པའི་དོན་དམ་དུ་གནས་པ་ཞིག་མིན་པར་གྲགས་སོ། །   
            3. མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་ཞེས་པ་ནི། རྒྱུ་དང་རྐྱེན་གང་རུང་ཞིག་ལ་བརྟེན་ནས་འཇིག་རྟེན་པའི་ཤེས་རྒྱུད་གཡོས་ཏེ་འཕྲུལ་བའི་སྣང་བ་ལས་བཀྲ་ཤིས་ཤིང་ཐུན་མོ་མ་ཡིན་པའི་ལྟས་དང་མཚན་སྣ་ཚོགས་བྱུང་བ་ཐམས་ཅད་མཐོང་བ་ཀུན་ལྷ་ཡིན་ཞེས་སྒྲོ་བཏགས་ཏེ་ལྷ་རུ་བྱེད་པ་དེ་ཡིན་ཞིང་།  དཔེར་ན་འཇིག་རྟེན་པའི་ས་བླ་བའི་སྨན་བཙུན་ཞེས་པ་སོགས་དཀར་ཕྱོགས་ལ་ཅུང་ཟད་དགའ་བ་རྣམས་ཀྱིས་མི་ཕོ་མོ་ཕལ་བའི་ཤེས་རྒྱུད་གཡོས་ནས་འཇིག་རྟེན་པ་ཀུན་གྱི་ལས་ལེགས་ཉེས་ཐམས་ཅད་སྒྲ་རུ་བཅོལ་བ་ལྟ་བུ་ཞིག་སྟེ།  དུས་ལ་བབ་པ་མ་ཡིན་པར་དགུན་སྒང་དུ་མེ་ཏོག་བཞད་ཅིང་ལོ་ཏོག་སྐྱེས་པ་ལ་སོགས་པའི་རྫས་སྣ་ཚོགས་མི་འདྲ་བའི་རྣམ་གྲངས་དུ་མ་མཐོང་བ་དང་། མི་མ་ཡིན་པས་དངོས་སུ་གཟུགས་བསྟན་ནས་ལུང་བསྟན་པ།  འཇའ་འོད་དང་སྐུ་གཟུགས་ཀྱི་རྣམ་པ་མཐོང་བ་སོགས་ལ་དངོས་གྲུབ་ཡིན། གཡང་ཡིན། ལྷ་ཡིན། དཔལ་ཡིན་ནོ་ཟེར་ནས་སྒྲོ་བཏགས་ཏེ་ལྷ་རུ་བྱེད་པ་དེ་ཡིན།  དེ་ནི་འཇིག་རྟེན་པའི་ལུགས་ཀྱི་ལྷ་རུ་རྟོག་པས་འཛིན་ན་ཡང་། ནང་པས་མཐོང་སྣང་དེ་ཙམ་ལྷ་རུ་མི་འདོད་དེ།  འཇིག་རྟེན་པས་སྒྲོ་བཏགས་རྐྱང་རྐྱང་ཡིན་པའི་ཕྱིར་རོ། །  
            4.རང་བཞིན་ལྷན་སྐྱེས་ཀྱི་ལྷ་ཞེས་པ་ནི། རང་རིག་པའི་དག་སྣང་གི་ཆ་ལ་མེ་ལོང་ལྟ་བུ་དང་། མཉམ་ཉིད། སོར་རྟོག བྱ་གྲུབ། ཆོས་དབྱིངས་བཅས་ཀྱི་ཡེ་ཤེས་ཆེན་པོ་ལྔ་འབྱུང་བ་དེ་ཡིན་ཞིང་། དེ་ལས་ཡེ་ཤེས་ཞེས་པ་ནི་ཡེ་ནས་གནས་པའི་ཤེས་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གྱིས་གནས་པའི་སྟོང་གསལ་གྱི་རིག་པ་དེ་ཡིན་པ་དང་།  སྟོང་གསལ་གྱི་རིག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་རང་བཞིན་ལྷན་སྐྱེས་སུ་གནས་པ་ཞིག་ཡིན་པས། རང་རིག་པའི་དག་སྣང་གི་ཆ་ལས་བྱུང་བའི་ཡེ་ཤེས་ཆེན་པོ་ལྔ་ལ་རང་བཞིན་ལྷན་སྐྱེས་ཀྱི་ལྷ་ཞེས་མིང་དུ་བཏགས་ཏེ་བརྗོད་པར་གསུངས།   
            5.བསླུ་མེད་ལས་དབང་གི་ལྷ་ཞེས་པ་ནི། འབྱུང་བ་བཞི་རང་བབ་ཏུ་གནས་ཤིང་རང་བབ་ཏུ་སྤྱོད་པ་ལས་འདོད་ཡོན་ཐམས་ཅད་འབྱུང་བ་དེ་ཡིན་ཞིང་།  དེ་ལ་དབྱེ་ན། རང་བྱུང་སྤྱི་མཐུན་གྱི་ལས་དབང་གི་ལྷ་དང་འཇུག་སྒོ་སོ་སོར་སྤྱོད་པའི་བྱེ་བྲག་གི་ལས་དབང་གི་ལྷ་སྟེ་ལས་དབང་བསླུ་བ་མེད་པའི་ལྷ་གཉིས་ཡོད།   དེ་ལས་རང་བྱུང་སྤྱི་མཐུན་གྱི་ལས་དབང་གི་ལྷ་ཞེས་པ་ནི། ས་ཆུ་མེ་རླུང་སོགས་འབྱུང་བ་བཞི་དང་། དབྱར་དགུན་སྟོན་དཔྱིད་སོགས་དུས་ཚིགས་བཞི་དང་། ཉིནམཚན་གཉིས་དང་། སྐྱེ་འཆི་གཉིས་དང་། ལང་ཚོ་དར་ལ་བབ་པ་དང་རྒས་ཤིང་རྒུད་པ་གཉིས་བཅས་ལས འབྱུང་བཞི་དང་། དབྱར་སྟོན།  ཉིན་མོ། སྐྱེ་བ།  ལང་ཚོ་དར་ལ་བབ་པ། ནད་མེད་པ་བཅས་ཡིན་ཞིང་།  དེ་རྣམས་ནི་འཇིག་རྟེན་པ་ཀུན་ལ་ངེས་པ་ཅན་དུ་འོང་ཞིང་བསླུ་བ་མེད་པར་སྤྱིའི་ཐུན་མོང་གི་ལས་ལ་བྱུང་བས་ན། སྤྱི་མཐུན་གྱི་ལས་དབང་ཟེར། དེ་ཡང་རང་བྱུང་གཡོ་བ་ཆེན་པོའི་རང་བཞིན་འཁྲུགས་པ་སྟེ། ཀུན་གྱི་གཞི་མར་གྱུར་བ་དང་། ཆུ་ནི་བརླན་ཞིང་གཤེར་བའི་རང་བཞིན་ཏེ། ཐམས་ཅད་སྡུད་པར་བྱེད། མེ་ནི་ཚ་ཞིང་དྲོད་ལྡན་པ་སྟེ། ཐམས་ཅད་སྨིན་པར་བྱེད། ས་ནི་སྲ་ཞིང་མཁྲེགས་པ་སྟེ། ཀུན་གྱི་བརྟེན་གནས་སུ་གྱུར་པ་སོགས་ཀྱི་འབྱུང་བཞི་ནི་སེམས་ཅན་གྱིས་བསགས་པའི་ལས་ལ་བྱུང་བ་མེད་ཅིང་།  རང་བཞིན་གྱི་ལས་སམ་རང་བྱུང་དུ་འབྱུང་བས་ན་རང་བྱུང་ཟེར་བ་ཡིན། འཇུག་སྒོའི་ལྷ་ནི་ལུས་ཀྱི་དབང་གིས་བསྡུས་པའི་ལུས་བསྐྱེད་པའི་ཕ་མ་དང་།  སེམས་བསྐྱེད་ཅིང་ཐར་བའི་ལམ་སྟོན་པའི་བླ་མ་དམ་པ་དང་།  མགོན་པོར་བྱེད་པའི་ལྷ་ལྔ་བཅས་ཡིན་ཞིང་།  དེ་རྣམས་ནི་རང་རང་ཀིས་བསགས་པའི་ལས་ཀྱི་དབང་གིས་ལས་ལ་བསླུ་བ་མེད་པར་རང་རང་གི་ལྷ་བྱེད་པས་ན།  བསླུ་མེད་ལས་དབང་གི་ལྷ་ཟེར་བར་བཞེད།   
            6.མཐར་ཐུག་དོན་གྱི་ལྷ་ཞེས་པ་ནི། ཐར་བ་དོན་དུ་གཉེར་བ་རྣམས་ཀྱི་སྐྱབས་གནས་མཐར་ཐུག་དང་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་ནུས་པའི་འཁོར་བ་ལས་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཞིང་། གནས་སྐབས་ཙམ་རེ་ལ་བྱེ་བྲག་གི་ཕན་པ་ཕྲ་མོ་ཙམ་ནུས་ཀྱང་འཁོར་བ་ལས་སྐྱོབ་པར་མི་ནུས་པའི་འཇིག་རྟེན་འཁོར་བའི་ལྷ་རྣམས་ནི་མཐར་ཐུག་དོན་གྱི་ལྷར་མི་བྱེད་པ་ཡིན་ལ།  ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་དོན་དུ་གཉེར་བའི་ལས་ཀྱི་བགྱི་བ་ལ་ལྷ་འདྲེ་གཉིས་འབྱུང་བས་ན་ལས་(ལས་ཀ)ཀྱི་ལྷ་དང་འདྲེ་གཉིས་ནི་ངེས་པ་ཅན་དུ་གཙོ་ཆེ་བར་གསུངས་པ་དང་།  ལས་དཀར་པོ་དགེ་བ་དང་།  དགེ་བ་བསྒྲུབ་པའི་གང་ཟག་རྣམས་ཀྱང་དོན་གནས་འགྱུར་བ་མེད་པའི་ལྷ་ཡིན་པར་བཤད།  

གསུམ།  འདྲེའི་སྐོར་བཤད་པ། 

        དེ་ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་ན།  གང་ལ་གནོད་པ་བྱེད་པ་དེ་ལ་འདྲེ་ཟེར་ཞིང་། དམངས་ཁྲོད་དུ་རྫུ་འཕྲུལ་འོད་ཀྱིས་འགྲོ་བ་དང་།  ལུས་ལ་ཤ་མེད་པར་རྩིབས་མ་དཀར་སེང་ངེ་བ། རྩིབས་མའི་བར་ནས་དོན་ལྔ་སྣོད་དྲུག་མཐོང་ཐུབ་པ།  ནུ་མ་ཆེ་ཞིང་རིང་བ། ལྕེ་ཤིན་ཏུ་རིང་བ། མགོའི་སྐྲ་ལོ་རིང་ཞིང་གཟེངས་པ།  སེམས་ཅན་གྱི་སྙིང་ཁྲག་འཐུང་བ་སོགས་མཐོང་ན་འཇིགས་སུ་རུང་བ་དང་སེམས་ཅན་ལ་གནོད་ཅིང་འཚེ་བའི་གཟུགས་ཅན་པ་ཞིག་ཡོད་པའི་བཤད་རྒྱུན་དེ་ཁས་མི་ལེན་པ་དང་།  ཡིད་དུ་མི་འོང་པའི་གཟུགས་དང་། དྲེགས་པ། གདུག་རྩུབ། སེམས་ཅན་ལ་གནོད་པ།  ཡིད་ལ་འཇིགས་པ་བསྐྱེད་པའི་མཐོང་སྣང་། མ་རིག་པའི་བདག་འཛིན་དང་ཉོན་མོངས་དུག་ལྔ།  ལས་མི་དགེ་བ་སྒྲུབ་པ། རྒས་ཤིང་རྒུད་པ་སོགས་སེམས་ཅན་ལ་ཕན་མེད་གནོད་བྱེད་དུ་གྱུར་བ་ཐམས་ཅད་ལ་འདྲེ་ཞེས་མིང་བཏགས་པ་ཙམ་ལས་དངོས་སུ་ཡོད་པ་ཞིག་མིན་པར་བཞེད་དོ། །  དེ་ལྟར་མིང་བཏགས་པའི་འདྲེ་ལ་དབྱེ་ན།   

            1.འཇིག་རྟེན་པའི་ཀུན་བཏགས་ཀྱི་འདྲེ་ཞེས་པ་ནི། མཐོང་ན་གང་གི་བློའི་ཡུལ་དུ་མི་སྡུག་ཅིང་ཡིད་དུ་མི་འོང་བར་ཡ་ང་སྐྱེ་བར་བྱེད་པའི་གཟུགས་ཀྱིས་སེམས་ཅན་གྱི་སྲོག་ལ་འཚེ་བའི་རྐྱེན་བྱེད་པ་གང་ཡིན་པ་དེ་ཡིན་ཞིང་།  དེ་ནི་འཇིག་རྟེན་པ་རྨོངས་པ་དག་གིས་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་འདྲེ་ཞེས་མིང་བཏགས་པའི་འདོད་གཏམ་ཡིན་པས་དོན་ལ་གནས་པ་མིན་པར་བཞེད་པ་ཡིན་ནོ། །  
            2 .ངོ་བོར་གནས་ཚུལ་གྱི་འདྲེ་ཞེས་པ་ནི། འཇིག་རྟེན་ན་ཡོངས་སུ་གྲགས་པའི་གཟུགས་མེད་ཀྱི་དྲེགས་པ་དང་། གདུག་རྩུབ་དང་། ནུས་མཐུ་དང་།རྫུ་འཕྲུལ་ཆེན་པོ་སྟོན་ནུས་པ་དང་། གཟུགས་ཅན་གྱི་སེམས་ཅན་མང་པོ་ལ་གནོད་པ་བྱེད་པའི་གཤིན་རྗེ་དང་བདུད་བཙན་སྡེ་བརྒྱད་ཟེར་བ་ལ་སོགས་པའི་གནོད་སེམས་ལྡན་པ་རྣམས་ལ་ཟེར་ཞིང་།  དེ་ཡང་འཇིག་རྟེན་པའི་བློ་ངོར་དུས་དང་རྣམ་པ་ཐམས་ཅད་དུ་སྡེ་བརྒྱད་ལ་སོགས་པའི་གནོད་སེམས་ཅན་དེ་རྣམས་དོན་གནས་ལ་ཡོད་པའི་ཕྱིར་ན་ངོ་བོའི་གནས་ཚུལ་གྱི་འདྲེ་ཞེས་བརྗོད་པ་ཡིན།   
            3.མཐོང་སྣང་སྒྲོ་བཏགས་ཀྱི་འདྲེ་ཞེས་པ་ནི། མི་སྡུག་པའི་གཟུགས་ལ་སོགས་པ་འཇིགས་ཤིང་ཡ་ང་བ་མི་འདྲ་བ་དུ་མ་མཐོང་བས་མི་ཕོ་མོ་ཕལ་བའི་ཤེས་རྒྱུད་གཡོས་ནས་འཇིག་རྟེན་པ་ཀུན་གྱི་ཡིད་མི་བདེ་བར་བྱེད་པ་ལ་ཟེར་ཞིང་།  དཔེར་ན་དབྱར་སྲམ་དང་པིར་ཆེན་པོ་རྣམས་ཀྱིས་སྲོག་ཆགས་མང་པོ་ཟ་བ་དང་།  ཉ་མོ་སྐམ་ལ་འཛིང་བ་མཐོང་བ་དང་།  སྟག་གིས་རི་དྭགས་གསོད་པ་མཐོང་བ་དང་།  དུས་མ་ཡིན་པ་དགུན་གྱི་དུས་སུ་སྦྲུལ་དང་སྦལ་བ་ལ་སོགས་པའི་འཇིགས་སུ་རུང་བའི་གཟུགས་མི་འདྲ་བ་མཐོང་བ་རྣམས་འདྲེ་ཡིན།བདུད་ཡིན། སྲིན་པོ་ཡིན། ཀླུ་ཡིན། གཉན་ཡིན།བཙན་ཡིན། གཟའ་ཡིན་ཟེར་ནས་སྒྲོ་བཏགས་ཏེ་འདྲེ་རུ་བྱེད་པ་ལྟ་བུ་ལ་མཐོང་སྣང་སྒྲོ་བཏགས་ཀྱི་འདྲེ་ཟེར་བ་ཡིན།   
            4.རང་བཞིན་ལྷན་སྐྱེས་ཀྱི་འདྲེ་ཞེས་པ་ནི། འཇིག་རྟེན་པའི་རང་རིག་པའི་མ་དག་པའི་སྣང་བའི་ཆ་ལ་མ་རིག་པའི་བདག་འཛིན་ལས་ཉོན་མོངས་དུག་ལྔ་འབྱུང་བ་དེ་ཡིན་པར་བཞེད།  དེ་ཡང་ཡ་ཐོག་གདོད་མ་ནས་རང་རིག་པའི་ཡེ་ཤེས་ཀ་དག་སྐྱེ་མེད་ཀྱི་ཆོས་སྐུ་དེ་དང་མ་རིག་པའི་བདག་འཛིན་ཉོན་མོངས་དེ་གཉིས་ལྷན་ཅིག་ཏུ་སྐྱེས་ནས་རིག་དང་མ་རིག་མཉམ་པར་སྦྱར་ནས་ཡོད་པ་ཡིན་པས།  ལྷན་ཅིག་སྐྱེས་སྦྱོར་གྱི་ལྷ་འདྲེ་ཟེར་བ་ཡིན། དེ་ལྟ་བུའི་ལྷན་སྐྱེས་ཀྱི་ལྷ་འདྲེ་དེ་འཇིག་རྟེན་པ་ཕལ་བ་རྣམས་ཀྱིས་མི་ཤེས་པས།  མི་དགེ་བའི་ལས་བསགས་ནས་འཁོར་བའི་རྒྱུ་དཔག་ཏུ་མེད་པ་གསོག་ཅིང་།  དེའི་ལས་ཉོན་ལ་དུས་རྒྱུན་དུ་འཇུག་པ་ཡིན་པས།  ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ལས་བྱུང་བ་དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་མེ་འོད་རབ་ཏུ་གསལ་བར་བྱེད་པའི་གཉེན་པོའི་བདག་མེད་མ་ཤེས་པས།  དོན་སྤྱིའི་ལས་དང་བྱ་བ་ཐམས་ཅད་ལ་རྨོངས་ནས་ཕན་གནོད་དང་བཟང་ངན་གྱི་སྣང་བ་ཙམ་ལ་ལྷ་དང་འདྲེ་གཉིས་སུ་བཟུང་བ་དེ་མ་རིག་པ་ཡིན་ནོ་ཞེས་པ་སངས་རྒྱས་པའི་ཆོས་ལུགས་ལས་གསུངས་སོ།།  
            5.བསླུ་མེད་ལས་དབང་གི་འདྲེ་ཞེས་པ་ནི། འབྱུང་བ་བཞི་རབ་ཏུ་གཡོ་ཞིང་ཤིན་ཏུ་འཁྲུགས་པར་གྱུར་པས་ཉེས་པ་ཆེན་པོ་བྱེད་པ་དེ་ཡིན་ཞིང་། འཇིག་རྟེན་པ་ཀུན་ལ་ངེས་པ་ཅན་དུ་འོང་ཞིང་བསླུ་བ་མེད་པར་སྤྱིའི་ཐུན་མོང་གི་ལས་མི་དགེ་བ་ལས་ན་བ་དང་།འཆི་བ་དང་། རིགས་དམན་པ་དང་། འདོད་ཡོན་ལོངས་སྤྱོད་ཀྱིས་དབུལ་བ་དང་།  མི་དགེ་བ་ལ་སྤྱོདཔ་སོགས་དང་། དུས་ཚིགས་བཞི་ལས་དཔྱིད་དང་དགུན། ཉིན་མཚན་གཉིས་ལས་མཚན་མོ། རྒན་གཞོན་གཉིས་ལས་ལུས་རྒས་ཤིང་རྒུད་པ་བཅས་ནི་བསླུ་མེད་ལས་དབང་གི་འདྲེ་ཡིན་པར་བཞེད་དོ།།   
            6.མཐར་ཐུག་དོན་གྱི་འདྲེ་ཞེས་པ་ནི།  ནང་ཆོས་ཀྱི་བཞེད་ཚུལ་ལ་སྤྱིར་འཁོར་བ་ཞེས་བྱ་བ་དེ་རྫ་མཁན་གྱི་འཕང་ལོའམ། ཟོ་ཆུན་གྱི་ཁྱུད་མོའམ། བུམ་ནང་གི་བུང་བ་བཞིན་གཅིག་ནས་གཅིག་ཏུ་འཁོར་བ་སྟེ།  དེའང་བུམ་ནང་དུ་བུང་བ་བཅུག་ནས་ཁ་བཅད་པ་ན་བུང་བ་དེ་གང་དུ་འཕུར་ཡང་བུམ་ནང་ལས་གཞན་དུ་འགྲོ་མི་ནུས་པའི་དཔེ་དེ་བཞིན་དུ་འཁོར་བའི་གནས་མཐོ་དམན་གང་རུང་སྐྱེས་ཀྱང་འཁོར་བའི་གནས་རིས་ལས་མི་འདའ་སྟེ།  བུམ་པའི་སྟོད་ལྟ་བུ་མངོན་མཐོ་ལྷ་མིའི་གནས་དང་།   བུམ་པའི་སྨད་ལྟ་བུ་ངན་སོང་གསུམ་གྱི་གནས་རིས།  དེ་ལྟར་འགྲོ་བའི་གནས་རིས་དྲུག་པོ་འདིར་ཟག་བཅས་ཀྱི་ལས་དགེ་བ་དང་མི་དགེ་བའི་རྒྱུས་གཅིག་ནས་གཅིག་ཏུ་སྐྱེ་ཞིང་འཁོར་བས་ན་འཁོར་བ་ཞེས་བྱ་བ་དང་།  ཟག་བཅས་ཀྱི་ལས་མི་དགེ་བ་བསྒྲུབས་པའི་རྒྱུས་དམྱལ་བ་དང་། ཡི་དྭགས་དང་།  དུད་འགྲོ་སོགས་ངན་སོང་གསུམ་དུ་སྐྱེ་བ་དང་དེ་ལ་འདྲེ་ཟེར་བ་ཡིན། དེས་ན་ལས་ནག་པོ་མི་དགེ་བ་ལ་ཅི་མ་སྙམ་པར་འཇུག་པར་བརྩོན་ནས་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་སྒྲུབ་པ་ལ་མཐར་ཐུག་དོན་གྱི་འདྲེ་ཟེར་ཞིང་།  དེ་ནི་ངེས་པ་ཅན་དུ་སྤོང་དགོས་པ་ཡིན་པར་བཤད་དོ།།  
བཞི།  ལྷ་འདྲེ་གཉིས་ལ་དབྱེ་བ་མེད་པའི་སྐོར་བཤད་པ།
            མ་ཅིག་ལབ་གྱི་སྒྲོལ་མའི་ཞལ་ལས།  མཐར་ཐུག་ལྷ་དང་འདྲེ་ཞེས་པ་གཉིས་མེད་ལ། སྔ་མ་ལ་ནི་ལྷ་ཡང་འདྲེ་ཡིན་ལ། འདྲེ་ཡང་ལྷ་སྟེ་ངེས་པ་མེད་དོ།། ཞེས་འཇིག་རྟེན་ཀུན་བཏགས་པའི་ལྷ་འདྲེའི་སྐབས་སུ། གང་ལ་ཕན་འདོགས་པ་དེ་ལ་ལྷ་དང་།  གང་ལ་གནོད་པ་བྱེད་པ་དེ་ལ་འདྲེ་ཟེར་བ་སྟེ།  དེ་ནི་འཇིག་རྟེན་པ་ཀུན་གྱིས་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་ཞེས་མིང་ཀུན་ནས་བཏགས་པ་ཞིག་ཡིན་གྱི། དོན་ལ་གནས་པ་ཞིག་མིན། དེས་ན་བཟང་པོས་ཀྱང་སྐབས་རེར་གནོད་པ་བྱེད་ལ། ངན་པས་ཀྱང་སྐབས་རེར་ཕན་འདོགས་པ་ཡང་ཡོད་པ་དང་། དང་པོར་ཕན་བཏགས་ཀྱང་ཕྱིས་གནོད་པ་སྐྱེལ་བ་ཡང་མང་ལ།  དང་པོར་གནོད་པ་བྱས་ཏེ་ཕྱིས་ཕན་བཏགས་པ་ཡང་ཡོད་པས་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེ་ཞེས་བཏགས་པའི་ལྷ་འདྲེ་ལ་ངེས་པ་མེད་པ་དང་།  བཟང་པོའི་ཆགས་ཡུལ་ལྷ་རུ་བྱས་པས་ཀྱང་གནོད་པ་སྐྱེལ་ལ།  ངན་པ་ཡིད་ལ་མི་འདོད་པ་ལ་འདྲེ་རུ་བྱས་པས་ཀྱང་ཕན་འདོགས་པ་ཡོད་པས།  ལྷ་དང་འདྲེ་ཞེས་པ་དེ་གང་ལ་ཟེར་བའི་ངེས་པ་མེད་ལ།  ངེས་པ་དོན་གྱིས་མི་ཡུལ་དུ་གནས་པའི་གཟུགས་མེད་རྫུ་འཕྲུལ་ལྡན་པའི་བདག་ཉིད་ཅན་ཞིག་ཀྱང་མིན་པ་དང་།  མིང་གི་སྒྲ་ཙམ་མ་གཏོགས་གཏན་ནས་མེད་པ་ཞིག་ཡིན་ཞེས་ནང་པ་རྣམས་ཀྱིས་འདོད་པ་ཡིན།  གཞན་ཡང་ནང་པའི་ཆོས་ལུགས་ལྟར་ན་བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་དང་འདྲེར་འཛིན་པ་ནི་གཏན་ནས་མི་འདོད་ལ། བཟང་ངན་དང་ཕན་གནོད་ཙམ་ལ་ལྷ་འདྲེའི་མིང་ཡང་མི་གདགས་ཤིང་། སྒྲ་ཡང་མི་བསྒྲགས་པར་བདེན་མེད་དུ་ཤེས་པར་བྱས་ནས་ལམ་དུ་འཁྱེར་བ་ཡིན་ནོ། །  
            གཞན་ཡང་ངོ་བོའི་གནས་ཚུལ་གྱི་ལྷ་འདྲེ་གཉིས་ཀྱང་ཀུན་རྫོབ་ཏུ་མིང་བཏགས་པ་ཙམ་ཡིན་པའམ། དོན་གནས་ལ་ཇི་ལྟ་བ་བཞིན་དུ་ཡོད་ཀྱང་། དེ་ནི་སྣང་ཙམ་ཉིད་ཡིན་ཞིང་བདེན་འཛིན་མི་བྱེད་པས་རང་བཞིན་གྱིས་མ་གྲུབ་པའི་དོན་དམ་པར་ཤེས་པར་བྱའོ་ཞེས་ཀྱང་གསུངས་པས་ནང་པ་སངས་རྒྱས་པས་ངོ་བོའི་གནས་ཚུལ་གྱི་ལྷ་འདྲེ་ལ་འཛིན་པའི་ལྟ་བ་ཇི་ལྟ་བུ་ཞིག་ཡིན་པ་གསལ་བར་བྱས་འདུག་གོ །  
            ནང་པ་རྣམས་ཀྱིས་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་བརྗོད་པའི་སྐབས་སུ།  འདི་ནི་འཇིག་རྟེན་པའི་ལུགས་ཀྱིས་ལྷ་དང་འདྲེ་ལ་ངེས་པར་དུ་བཟུང་བ་ཡིན་ན་ཡང་།  ནང་པ་སངས་རྒྱས་ལུགས་ཀྱིས་མཐོང་སྣང་དེ་ཙམ་ལ་ལྷ་དང་འདྲེར་བྱེད་པར་མི་འདོད་ཅིང་།   དོན་གནས་ལ་ཡང་མཐོང་སྣང་དེ་ཙམ་ལ་ལྷ་དང་འདྲེ་ཟེར་བ་མ་ཡིན་ལ།  མཐོང་སྣང་གི་ལྷ་དང་འདྲེ་ནི་འཇིག་རྟེན་སྒྲོ་བཏགས་རྐྱང་པ་ཡིན་པས།  དགའ་བ་དང་འཛིན་པར་མི་བྱེད་པར་བཏང་སྙོམས་ཆེན་པོ་བཞག་ན་ཕན་གནོད་མི་ནུས་རང་སར་གྲོལ་བ་ཡིན། དེ་ལྟར་མ་ཤེས་ཤིང་མཐོང་སྣང་ཙམ་ལ་ལྷ་འདྲེ་ཞེས་རྟོག་པས་བཟུང་ན་ནང་པའི་ཆོས་ལུགས་དང་འགལ་ཞིང་ཆོས་ཀྱི་དགོས་པ་དོར་བ་ཞིག་ཡིན་ནོ། །  ཞེས་གསུངས་པ་དང་།  ཚུལ་དེས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེར་འཛིན་པའི་ལྟ་བ་གསལ་པོར་མཚོན་འདུག་གོ།  
            ནང་པ་རྣམས་ཀྱིས་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་བརྗོད་པའི་སྐབས་སུ།  རང་རིག་པའི་ཡེ་ཤེས་དེ་སྒྲིབ་པར་བྱེད་པའི་མ་རིག་པའམ་བདག་འཛིན་དེ་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་པར་བྱ་བའི་ཡུལ་ཡིན་ཏེ།  འཇིག་རྟེན་པ་ཕལ་བ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་འདྲེ་མི་ཕྱེད་པའི་སྟོབས་ཀྱིས།  དགེ་མི་དགེའི་ལས་ཐམས་ཅད་མ་ཕྱེད་ནས་འཚོལ་བར་སོང་བས་འཁོར་བའི་རྒྱུར་གྱུར་པ་ཡིན།  དེ་བས་ན་ནང་པ་སངས་རྒྱས་པ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་འདྲེ་གཉིས་སོ་སོར་འབྱེད་པར་བྱས་ལ། གཅོད་རྒྱུའི་བདག་འཛིན་གྱི་གཉེན་པོར་གཅོད་མཁན་གྱི་རང་རིག་པའི་ཡེ་ཤེས་ཀྱིས་བདག་མེད་པར་རིག་པར་བྱའོ། །  དེ་ཡང་དང་པོ་གཞི་གདོད་མ་ནས་རིག་པ་ཡེ་ཤེས་ཀྱི་ཆོས་སྐུ་དང་མ་རིག་པ་བདག་འཛིན་གྱི་དྲི་མ་གཉིས་དབྱེར་མེད་དུ་ཡོད་པས་ལྷན་སྐྱེས་ཟེར་ལ།  དེ་རྒྱུ་དང་རྐྱེན་གང་གིས་ཀྱང་མ་བསྐྱེད་པས་རང་བྱུང་དུ་ཡོད་ཅིང་།  ཐོག་མར་འདི་ཙམ་ནས་བྱུང་བའི་སྨོས་སྒོ་མེད་པས་རང་བཞིན་དུ་སྐྱེས་བས་ན་རང་བཞིན་ལྷན་ཅིག་སྐྱེས་པ་ཟེར་ཏེ།  དེ་ཡང་མ་རྟག་མ་དཔྱད་པའི་ཚེ་རིག་མ་རིག་ལྷན་ཅིག་ཏུ་ཡོད་པས།  སོ་སོར་ཡི་ཕྱེད་ཅིང་མ་རིག་ཀྱང་། བརྟགས་ཤིང་དཔྱད་ན་དབྱེར་མེད་ཆུ་ཟླ་དང་འདྲ་སྟེ། ངོ་བོ་སོ་སོར་ཡོད་པས་སོ་སོར་རིག་ནས་སོ་སོར་ཕྱེད་པ་ཡིན་ཏེ། དེ་ཡང་བླ་མ་མཚན་ཉིད་བརྒྱད་དང་ལྡན་པ་ཞིག་ལ་རག་ལས་པ་ཡིན།  དེས་ནི་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེའི་མཚན་ཉིད་སྟོན་པ་ཡིན་ནོ། །  ཞེས་གསུངས་པ་དེས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་ལ་འཛིན་པའི་ལྟ་བ་གསལ་པོ་ཞིག་མངོན་པར་མཚོན་འདུག་གོ།  
            ནང་པ་རྣམས་ཀྱིས་བསླུ་མེད་ལས་དབང་གི་ལྷ་འདྲེ་བརྗོད་པའི་སྐབས་སུ། དེ་ཡང་ལས་ཀྱི་དབང་གིས་ལྷ་འདྲེ་བརྗོད་པའི་སྐབས་སུ།  ཕ་མ་ལོངས་སྤྱོད་ཆེ་བ་དང་། ལོངས་སྤྱོད་ཆུང་བ་དང་། རིགས་མཐོ་བ་དང་།རིགས་དམན་པ་དང་།   གཟུགས་བཟང་བ་དང་།  གཟུགས་ངན་པ་དང་། དགེ་བ་ལ་སྤྱོད་པ་དང་། མི་དགེ་བ་ལ་སྤྱོད་པ་དང་།  དེ་རྣམས་ལ་སོ་སོར་འཇུག་པའི་སྒོ་འབྱེད་དགོས་པ་ཡིན་ན་ཡང་། རྟག་པ་ཅན་ནི་མ་ཡིན་ལ་ངེས་པའང་མེད་པས། གནས་སྐབས་ཙམ་རེ་ལ་ཕན་གནོད་ཀྱི་ལྷ་འདྲེ་གཉིས་བྱེད་པ་ཡང་བྱེ་བྲག་པ་ཡིན་ཏེ། ཕ་མ་དང་། སྤུན་ཟླ་དང་། སློབ་དཔོན་དང་།དེ་ལ་སོགས་པའི་བརྩེ་ཞིང་གདུང་ཞེན་ཆེ་བ་རྣམས་ཀྱང་ཕན་ཚུན་དུ་རྩོད་ཀྱང་འཁྲུགས་ནས་གཅིག་གིས་གཅིག་ལ་གནོད་པའི་འདྲེ་བྱེད་པར་འོང་བ་དེ་ཡང་བརྩེ་ཞིང་གདུང་ཞེན་ཆེ་བའི་ལས་དེ་ཟད་ཅིང་།  གནོད་སེམས་ཀྱི་ལས་དེ་ལ་བཟུང་ནས་གནོད་སེམས་ཀྱི་ལས་དེ་ལ་སྤྱོད་པའང་ཡོད། དེ་ལྟར་ལྷ་འདྲེ་ཞེས་པ་དེ་གཟུགས་ཀྱི་སྒོ་ནས་སོ་སོར་འབྱེད་མི་རུང་ཞིང་།  སྤྱོད་ལམ་གྱི་སྒོ་ནས་ཀྱང་སོ་སོར་འབྱེད་པ་དཀའ་སྟེ། དེ་ཡང་གཟུགས་བཟང་ཞིང་ཡིད་དུ་འོང་བས་སྤྱོད་ལམ་བཟང་པོ་བྱས་ནས་གནོད་པའི་འདྲེ་བྱེད་པ་ཡོད་ལ། གཟུགས་སྙིང་དུ་མི་སྡུག་ཅིང་འཇིགས་སུ་རུང་བའི་གནོད་སེམས་ཅན་གྱིས་ཕན་འདོགས་པའི་ལྷ་བྱེད་པ་ཡང་ཡོད་པ་ནི།  མི་མ་ཡིན་གནོད་སེམས་དང་ལྡན་པའི་གདུག་པ་ཅན་རྣམས་དགའ་ནས་བྱང་ཆུབ་སྒྲུབ་པའི་མཐུན་དང་གྲོགས་བྱས་ཏེ་འདྲེས་ལྷ་བྱེད་པའི་ཕྱིར་ལྷ་འདྲེ་ཞེས་ཟེར་ཞིང་།  ལྷ་དང་འདྲེ་ཞེས་པ་ནི་ངོ་བོ་སོ་སོ་བ་མ་ཡིན་ཞིང་ངོ་བོ་དབྱེར་མེད་གཅིག་ཏུ་ཤེས་པར་བྱའོ།།  དེའི་ཕྱིར་ལས་རྒྱུ་འབྲས་ཤེས་པ་གལ་ཆེ་ཞིང་།  ལྷ་འདྲེ་གཉིས་དང་།  བཟང་ངན་གཉིས་དང་།  ཕན་གནོད་གཉིས་དང་། བདེ་སྡུག་གཉིས་དང་། མཐོ་དམན་གཉིས་དང་། ཆགས་སྡང་གཉིས་དང་། འཁོར་འདས་གཉིས་ལ་སོགས་པའི་ལས་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་དུ་མ་ཞིག་བརྗོད་དུ་མི་བཏུབ་པ་མཐའ་ཡས་པ་གཅིག་འབྱུང་བ་ནི།  སེམས་ཅན་ཐམས་ཅད་རང་རང་གིས་ལས་དགེ་སྡིག་སྣ་ཚོགས་བསགས་པ་ལས་བྱུང་བ་ཤེས་པར་བྱེད་དགོས་ལ། གནོད་པ་དང་། མི་བདེ་བ་དང་།  ཡིད་ལ་མི་འདོད་པ་ཐམས་ཅད་ཀྱི་འདྲེ་མི་འབྱུང་བར་འདོད་ན།  མི་དགེ་བའི་ལས་ཐམས་ཅད་སྤང་བར་བྱའོ། །  བདེ་ཞིང་འདོད་པ་ཐམས་ཅད་འགྲུབ་པ་དང་བདེ་བ་ནས་བདེ་བར་འགྲོ་བའི་ལྷ་འདོད་ན།  དགེ་བའི་ལས་ཐམས་ཅད་ལ་བརྩོན་ནས་བསྒྲུབས་པ་གཙོ་ཆེ་སྟེ།  ལས་ཀྱི་རྗེས་སུ་འབྲང་བ་མ་གཏོགས་པ་དེ་ལས་གཞན་པའི་འཇུག་སྒོ་ཏིལ་འབྲུ་ཙམ་ཡང་མེད་པས་ན། ལས་དབང་ཆེ་ལ། ལས་མ་ཡིན་པའི་གཞན་ལ་རེ་ལྟོས་བྱེད་པའི་རྒྱུ་ནི་སྐྲའི་རྩེ་མོ་བརྒྱར་གཤགས་པའི་རྩེ་མོ་ཙམ་ཡང་ཡོད་མི་སྲིད་པ་དང་།  ལས་ཀྱིས་ནམ་ཡང་བསླུ་བ་མེད་པས་ན།  བསླུ་མེད་ལས་དབང་གི་ལྷ་ཟེར་བ་ཡིན་ནོ་ཞེས་གསུངས་པ་དེས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་བསླུ་མེད་ལས་དབང་པའི་ལྷ་འདྲེར་འཛིན་པའི་ལྟ་བ་ཁ་གསལ་ཞིང་གོ་བདེ་བ་ཞིག་མཚོན་ཡོད་དོ། །   
            ནང་པ་སངས་རྒྱས་པ་རྣམས་ཀྱིས་མཐར་ཐུག་དོན་གྱི་ལྷ་འདྲེ་ཞེས་པ་དེ་བརྗོད་པའི་སྐབས་སུ།  དེ་ཡང་ལས་ཀྱི་ལྷ་འདྲེ་དང་མཐར་ཐུག་གི་ལྷ་འདྲེ་གཉིས་ནི་དབྱེ་བ་འབྱེད་པར་རུང་བའི་སོ་སོ་བ་མ་ཡིན་ཞིང་། ལྷ་དང་འདྲེ་གཉིས་ནི་སྤང་བྱ་དང་བླང་བྱ་ཡིན་ལ།    མཐར་ཐུག་གི་ལྷ་དང་།  ལས་ཀྱི་ལྷ་གཉིས་ནི་ངེས་པ་ཅན་དུ་ཉམས་སུ་བླང་བའི་ལྷ་ཡིན་པས།   ལྷ་འདི་གཉིས་ཉམས་སུ་ལེན་དགོས་པ་ཡིན། མཐར་ཐུག་གི་འདྲེ་དང་ལས་ཀྱི་འདྲེ་གཉིས་ནི་ངེས་པ་ཅན་དུ་སྤང་དགོས་པའི་འདྲེ་ཡིན།  དེ་ཡང་ལས་ཀྱི་ལྷ་འདྲེ་དང་མཐར་ཐུག་གི་ལྷ་འདྲེ་དེ་གཉིས་མ་ཡིན་པའི་ལྷ་འདྲེ་གཞན་ཞིག་གོང་དུ་བཤད་པ་རྣམས་ནི་ལྷ་དང་འདྲེ་ཞེས་པ་གཉིས་ཀྱི་ངེས་པ་མེད་པས།  ལྷ་འདྲེ་གཉིས་ལ་ཉེ་རིང་མེད་པར་བཏང་སྙོམས་སུ་བཞག་ནས་ལྷ་འདྲེ་གཉིས་པོ་གང་ལ་ཡང་ཕ་མའི་འདུ་ཤེས་འཇོག་པ་དང་།   བྱམས་སྙིང་རྗེའི་ལྕགས་ཀྱུས་བཟུང་ནས་ལུས་ཤ་ཁྲག་གི་སྦྱིན་པས་བསྐྱང་བར་བྱའོ་ཞེས་གསུངས་པ་དེས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་མཐར་ཐུག་དོན་གྱི་ལྷ་འདྲེར་འཛིན་པའི་ལྟ་བ་གསལ་བར་བྱས་འདུག་གོ ། 
            མདོར་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་ན།  ཀུན་རྫོབ་ཐབས་ཀྱི་ངོ་བོར་ལྷ་འདྲེའི་མཚན་ཉིད་ཡོད་དེ། མཐོ་རིས་ཀྱི་གནས་ནི་ལྷ་ཡིན་ལ། མར་ངན་སོང་གི་གནས་ནི་འདྲེ་ཡིན།   བྱ་བ་དང་སྤྱོད་ལམ་མཛེས་ཤིང་ཞི་བ་ནི་ལྷ་ཡིན་ལ།  བྱ་སྤྱོད་མི་མཛེས་ཤིང་རྩིང་བ་ནི་འདྲེ་ཡིན།  ཆོས་དང་དགེ་བ་ཡིད་ལ་དྲན་ཚད་ནི་ལྷ་ཡིན།  དེ་ཡང་ལྷ་དང་འདྲེ་གཉིས་ཞེས་པ་ནི་རྒྱུ་གཅིག་ཡིན་ལ།  རིག་པ་དང་མ་རིག་པའི་ཁྱད་པར་ཡིན་པས་ན།  དོན་དམ་པར་ལྟ་བའི་སྟེང་དུ་གོང་དུ་བཤད་པའི་ལྷ་འདྲེ་དེ་རྣམས་ནི་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པ་སྟེ།  ཡང་དག་པ་དོན་དམ་པའི་བདེན་པ་ལ་ལྷ་འདྲེ་ཞེས་པ་ཞིག་གཏན་ནས་མེད་པར་བཞེད་པ་ཡིན།  དམངས་ཁྲོད་དུ་བཤད་པའི་མཐོང་བ་ཙམ་གྱིས་འཇིགས་ཤིང་བླ་འདར་བའི་གཟུགས་ཅན་རྫུ་འཕྲུལ་ལྡན་པའི་འདྲེ་དང་།  མཐོང་བ་ཙམ་གྱིས་ཡིད་དུ་འོང་ཞིང་སེམས་ཅན་ལ་ཕན་འདོགས་པའི་གཟུགས་ཅན་རྫུ་འཕྲུལ་ལྡན་པའི་ལྷ་ཞེས་པ་ཞིག་ཡོད་པར་མི་བཞེད་ན་ཡང་།  ངོ་བོར་གནས་ཚུལ་གྱི་ལྷ་འདྲེ་སྟེ་བདུད་བཙན་སྡེ་བརྒྱད་སོགས་གཟུགས་མེད་ཀྱི་འདྲེ་དང་ཕྱོགས་བཅུའི་སངས་རྒྱས་སོགས་ངོ་བོར་གནས་ཚུལ་གྱི་ལྷ་གཉིས་ཡོད་པར་བཞེད།  དེ་ལྟར་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ལྷ་འདྲེ་ཡོད་པར་ཁས་མི་ལེན་པའི་ཆོས་ལུགས་ཤིག་ཡིན་ཞིང་།  ལྷ་འདྲེ་ཞེས་པ་དེ་ཡང་མིའི་འཚོ་བ་དངོས་ཀྱི་ནང་གི་བསམ་སྦྱོར་བཟང་ངན། འདོད་ཡོན་ལོངས་སྤྱོད་ཀྱི་དབུལ་ཕྱུག་རིགས་ཀྱི་མཐོ་དམན། སྙིང་དུ་སྡུག་ཅིང་མི་སྡུག་པ། རྣ་བར་སྙན་ཞིང་མི་སྙན་པ། ཡ་རབས་དང་མ་རབས། མཐུན་རྐྱེན་དང་འགལ་རྐྱེན་སོགས་ཀྱི་ལེགས་ཉེས་དང་ཕན་གནོད་སོགས་མཚོན་བྱེད་ཀྱི་རྟགས་དང་མཚན་མ་ལྟ་བུ་ཞིག་གམ་དེ་དག་གི་བཏགས་མིང་ཞིག་ཡིན་ཏེ། དཔེར་ན་མིའི་མིང་ལ་སངས་རྒྱས་དང་། སེང་གེ ཟླ་བ། ཉི་མ། ཁྱི་ཕྲུག་སོགས་བཏགས་པ་ལྟ་བུ་ཡིན་ལ། མིང་དེ་ཙམ་བཏགས་པ་ཙམ་གྱིས་མི་དེ་རྣམས་སངས་རྒྱས་དང་།སེང་གེ ཟླ་བ། ཉི་མ། ཁྱི་ཕྲུག་བཅས་དོན་དམ་པར་ཡིན་པའི་ངེས་པ་མེད་པ་ཇི་བཞིན་ལྷ་འདྲེ་ཞེས་གཟུགས་ཅན་རྫུ་འཕྲུལ་ཅན་ཞིག་ཡོད་པའི་ངེས་པ་མེད་པ་ཡང་ཤེས་པར་བྱའོ། །   
ལྔ།  བདུད་ཀྱི་སྐོར་བཤད་པ།  
            ང་ཚོས་ནང་པའི་མདོ་སྔགས་ཀྱི་གསུང་རབ་དང་།ཆོས་འབྱུང་།  རྣམ་ཐར་སོགས་ལ་མཇལ་བ་ན་བདུད་ཅེས་པའི་མིང་རྒྱུན་པར་མཐོང་ཞིང་།  འོ་ན་དོན་དམ་དུ་བདུད་ཅེས་པ་དེ་གང་ལ་བསྟན་པ་ཡིན་ཟེར་ན། དག་ཡིག་རྣམས་ལས་དེ་ནི་འདོད་ལྷ་རིགས་དྲུག་གི་ནང་གསེས་ཤིག་དང་། སེམས་ཅན་ལ་གནོད་འཚེ་དང་དགེ་བ་ལ་བར་ཆད་བྱེད་མཁན།  ལྷའི་བུ་དང་།  ཉོན་མོངས་པ་དང་།  འཆི་བདག་ཕུང་པོ་སྟེ་བདུད་བཞི་བཅས་ཡིན་པར་བཤད།  དེ་ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་འདོད་ཚུལ་ལྟར་ན།  བདུད་ཅེས་པའི་གཟུགས་ཆེ་ཞིང་ཁ་དོག་ནག་པོ་གང་གིས་མཐོང་ཡང་འཇིགས་ཤིང་ཡ་ང་བའི་གཟུགས་ཅན་ཞིག་དངོས་སུ་ཡོད་པ་མ་ཡིན་པར་བཞེད་ཅིང་། བདུད་ཅེས་པ་ནི་ཐར་བ་བསྒྲུབ་པའི་བགེགས་སུ་གྱུར་པ་གང་ཡིན་དེ་འདོད་པ་དང་།  དེ་ཡང་བདག་འཛིན་ལས་སྐྱེས་པའི་བགེགས་དང་བར་ཆད་ཀྱི་མིང་ལ་བདུད་ཅེས་བཏགས་པ་ཡིན་པར་གྲགས། དེ་ལ་དབྱེ་ན། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད།  སྙེམས་བྱེད་ཀྱི་བདུད་བཅས་བཞི་ཡོད་པར་གསུངས།   
            1.ཐོགས་བཅས་ཀྱི་བདུད་ཅེས་པ་ནི།  མིག་གིས་གཟུགས་མཐོང་སྟེ་གཟུགས་བཟང་པོ་ལ་ཆགས་པ་སྐྱེ་ཞིང་གཟུགས་ངན་པ་ལ་སྡང་སེམས་འཁྲུགས་ཀྱིས་སྐྱེ་བ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་།  ལུས་བཅས་དབང་པོའི་ཡུལ་དུ་སྣང་བའི་སྒྲ་དང་།  དྲི་དང་། རོ་དང་། རེག་བྱ་རྣམས་ལས་བཟང་པོ་ལ་ཆགས་ཤིང་ངན་པ་ལ་སྡང་སེམས་སྐྱེས་སྟེ་ཆགས་སྡང་གཉིས་སུ་བཟུང་བ་དེ་ལ་ཟེར་བ་ཡིན་ཏེ།  དབང་པོའི་ཡུལ་དུ་དངོས་སུ་ཡོད་པ་ལ་ཆགས་ཤིང་སྡང་བས།  དངོས་སུ་དབང་པོ་ཐོགས་པས་རྐྱེན་བྱས་ནས་སེམས་ཅན་ལ་གནོད་པ་བྱེད་པའི་རྒྱུས་འཁོར་བར་འཆིང་བར་བྱེད་པའི་ཕྱིར་བདུད་དང་།  དངོས་སུ་ཡོད་པའི་ཡུལ་བཟང་ངན་ལ་ཐོགས་པས་ན་ཐོགས་བཅས་ཀྱི་བདུད་ཟེར་བ་ཡིན། ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་ན།  བཟང་ངན་གང་ལ་ཡང་ཆགས་ཤིང་ཞེན་པ་དེ་ནི་བདུད་ཡིན་པས། གང་ལ་ཡང་ཆགས་ཞེན་སྤང་བར་བྱ་སྟེ།  དེ་ཡང་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་རང་བཞིན་དུ་སྟོང་ཞིང་གྲུབ་པ་མེད་པའི་ཕྱིར།  གཟུགས་ལ་ཆགས་པ་དང་སྡང་བ་མེད་པར་རང་བཞིན་གྱིས་སྟོང་བ་ཉིད་དུ་བསྒོམ་ཞིང་།  གཟུགས་སྣང་བ་དེ་བདག་ཏུ་མི་བཏུབ་པ་དེ་ཡིན་ཏེ།  བདེན་པར་བཟུང་སྣང་ཙམ་སྟེ་སྣང་ཙམ་དེ་ལ་ཞེན་པ་དེ་སྤངས་ནས་གཟུགས་ལས་གྲོལ་བ་ཡིན། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱི་བཟང་ངན་ཡང་དེ་བཞིན་ཡིན་པས། དེ་དག་ལ་ཆགས་པ་ཡོངས་སུ་སྤངས་ན་ཐོགས་བཅས་ཀྱི་བདུད་ལས་འགྲོལ་ཐུབ་པ་ཡིན་པར་བཞེད་དོ། །   
            2.ཐོགས་མེད་ཀྱི་བདུད་ཅེས་པ་ནི།  དབང་པོའི་ཡུལ་དུ་དངོས་སུ་མི་སྣང་ཡང་རང་གི་ཡིད་ལ་བཟང་ངན་གྱི་རྟོག་པ་ཡ་ང་བ་དང་། ལྷ་ཞེས་པའི་དག་སྣང་བཟུང་བས་བག་བྲོ་ཞིང་ཉམས་དགའ་བ་སྐྱེས་ཤིང་།དེ་ལྟར་བཟང་ངན་གྱི་རྟོག་པ་གཉིས་ཡིད་ལ་བཟུང་བའི་རྐྱེན་གྱིས་ཡིད་ཉོན་མོངས་ཅན་དུ་གྱུར་པ་དང་།  ཉོན་མོངས་དེ་དབང་པོའི་ཡུལ་དུ་དངོས་སུ་ཐོགས་པ་མེད་ཅིང་དངོས་པོའི་ཡུལ་དུ་གྲུབ་པ་མེད་ཀྱང་དགེ་བའི་ལས་འཆོར་བར་བྱེད་པའི་གནོད་བྱེད་ངེས་པར་ནུས་པས་ན་བདུད་ཅེས་བྱ་སྟེ།   དེ་དངོས་སུ་གྲུབ་པ་མེད་ཅིང་དངོས་སུ་ཐོགས་པ་མེད་པའི་ཕྱིར་ན་ཐོགས་མེད་ཀྱི་བདུད་ཟེར་བ་ཡིན།  ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་ན།  ལྷ་ཞེས་བྱ་བའི་བཟང་པོ་དང་འདྲེ་ཞེས་བྱ་བའི་ངན་པ་ཉིད་ལ་སོགས་པའི་སྐྱོན་དང་ཡོན་ཏན་གཉིས་སུ་འཛིན་པའི་སེམས་ཉིད་དེ་ལ་གཞི་གདོད་མ་ནས་དངོས་པོར་གྲུབ་པ་མེད་པས།  གཞི་མེད་རྩ་བྲལ་སྟོང་པ་ཉིད་དུ་ཤེས་དགོས་ཤིང་།  བྱུང་ཚོར་ལ་སོགས་པའི་ཡིད་ལ་འཆར་བ་རྣམས་ནི་འགོག་པར་མི་བྱེད་ལ།  བཟང་ངན་གྱི་རྟོག་པ་སྣ་ཚོགས་པ་ཅི་བྱུང་ཡང་འགོག་པར་མི་བྱེད་པ་དང་།  དེ་ལ་འདུ་ཤེས་ཀྱང་འཇུག་པར་མི་བྱེད་པ་ཡིན།  དྲན་རྟོག་ཅི་བྱུང་ཅི་ཤར་ཡང་ཆེས་ཆེར་གང་ལ་ཡང་ཡིད་ལ་བརྟེན་ཅིང་རྟོག་པས་གཟུང་བར་མི་བྱ་སྟེ།  སེམས་ཉིད་ཀློང་ཆེན་པོའི་རང་བཞིན་གསལ་བ་ལ་དྲན་རྟོག་ཅི་ཡང་འཆར་བ་ཡིན་པ་ནི།  དཔེར་ན་རྒྱ་མཚོ་ལ་གཡོ་མཁན་མེད་ཀྱང་རྦ་རླབས་སོགས་འབྱུང་བ་དེ་བཞིན་དུ་ཡིད་ལ་རྟོག་པ་བཟང་ངན་ཅི་ཡང་འཆར་བ་དེ་ཉིད་བཅའ་བཅོས་མི་བྱེད་པ་དང་ཡིད་གཟུང་འཛིན་སྤངས་ནས་ལུས་སེམས་གཡོ་བ་མེད་པར་རང་སར་བཞག་ན་ཐོགས་མེད་ཀྱི་བདུད་རང་སར་གྲོལ་བར་འདོད་པ་ཡིན་ནོ། །   
            3. དགའ་བྲོད་ཀྱི་བདུད་ཅེས་པ་ནི།  རང་གི་ཡིད་ལ་ཆགས་ཤིང་དེ་ལ་དགའ་ཞིང་བྲོད་ནས་ཡིད་ལ་སྤྲོ་བ་ཆེན་པོ་སྐྱེས་པ་དེ་ཡིན་ཞིང་།  དེའི་རྒྱུ་ནི་འཇིག་རྟེན་གྱི་རྙེད་བཀུར་སྙན་གྲགས་ཕུན་སུམ་ཚོགས་པ་ཐོབ་པ་དང་། འཁོར་མང་པོ་འདུ་བ། ངག་ནུས་ཀྱིས་འདྲེ་གདོན་ཐུལ་ཞིང་ན་ཚ་ཟུག་རྔུ་ཞི་བར་བྱེད་པ་སོགས་ལ་དགའ་ཞིང་བྲོད་ནས་དྲེགས་པ་དང་ང་རྒྱལ་ཆེན་པོ་བྱེད་པ་དང་། དྲེགས་པ་དང་ང་རྒྱལ་ཆེན་པོ་བྱེད་པ་དེ་ཉིད་ཐར་བའི་ལམ་གྱི་བར་ཆད་དུ་འགྱུར་བས་ན་དགའ་བྲོད་ཀྱི་བདུད་ཅེས་མིང་བཏགས་པ་ཡིན།  དེ་ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་ན། ཡོན་ཏན་ཅི་ཞིག་བྱུང་ཞིང་ཇི་ལྟར་ཤར་ན་ཡང་སྣང་སེམས་གཉིས་སུ་མེད་པའི་ངོར་ཡོན་ཏན་དེ་རྣམས་ཡོན་ཏན་དུ་མི་འཛིན་ཞིང་།  དཀའ་ཞིང་བྲོད་པའི་བློ་དང་བློའི་ཡུལ་དུ་གྱུར་པ་དེ་རྣམས་ཀྱང་རྟག་པ་དང་བདེན་པར་གྲུབ་པ་མེད་པས།  དེ་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པར་བྱས་ནས་སྒྱུ་མ་དང་རྨི་ལམ་ལྟ་བུར་ཉམས་སུ་བླངས་ན་ཡོན་ཏན་ཐམས་ཅད་ལ་དགའ་བྲོད་ཀྱི་བདུད་ཆོད་ནས། རྨི་ལམ་སྒྱུ་མ་ལྟ་བུར་འགྲོ་དོན་འབྱུང་བ་ཡིན་པར་བཞེད་དོ། །  
4. སྙེམས་བྱེད་ཀྱི་བདུད་ཅེས་པ་ནི།  འཁོར་བར་འཁྱམ་པའི་རྒྱུ་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གྱིས་བྱས་ནས་ཐར་བ་འཐོབ་ཏུ་མི་སྟེར་བའི་བདག་འཛིན་ལ་ཟེར་ཞིང་།  དེ་ལ་བདག་འཛིན་གྱི་བདུད་ཡང་ཟེར། བདག་མེད་པ་ལ་བདག་ཏུ་བཟུང་བས་སེམས་ཉོན་མོངས་པ་ཅན་དུ་སོང་ནས་སེམས་ལ་བཟང་ངན་གང་ཤར་ཐམས་ཅད་རྟོག་པས་བཟུང་ཞིང་བདེན་པར་འཛིན་པ་ལ་སྙེམས་བྱེད་ཟེར། དེ་ཡང་ཡུལ་སྙེམས་བྱ་དང་ཡུལ་ཅན་སྙེམས་བྱེད་ཅེས་པའམ།  ང་དང་ངར་འཛིན་པའི་ཕྱི་ནང་གི་ཆོས་ཐམས་ཅད་བདེན་པར་གྲུབ་པ་མེད་པར་རང་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱས་པས་བདག་འཛིན་གྱི་རྩ་བ་ཡུལ་ནས་ཐོན་ཏེ།  བཟང་ངན་གྱི་རྟོག་པ་ཐམས་ཅད་ལ་སེམས་མི་ཤོར་ཞིང་།  ཡིད་བྱེད་དང་ཡིད་སྨོན་བྱེད་པའི་བློའི་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་ནས་བློ་བཏགས་པ་ཅན་མ་ཡིན་པ་དང་། ངར་འཛིན་པའི་བློ་ཞིག་པ། ཉོན་མོངས་པའི་རྐྱེན་གྱིས་གཡོ་མི་ནུས་པ།  ཕྱི་ནང་གཉིས་ཀྱི་འཛིན་པ་དང་བྲལ་བ།  གང་ལ་ཡང་ཆགས་པ་མེད་པ་དེ་དག་བདེན་འཛིན་གྱི་སྙེམས་པ་དང་བྲལ་ནས་བདེན་མེད་ནམ་མཁའ་ལྟ་བུའི་དོན་དང་མཇལ་བ་ནི། སྙེམས་བྱེད་ཀྱི་བདུད་ཆོད་པ་ཡིན་ཟེར་བ་དང་།  སྙེམས་བྱེད་ཀྱི་བདུད་ཆོད་ན་ཉོན་མོངས་ལས་བྱུང་བའི་བདུད་ཐམས་ཅད་ཆོད་པ་ཡིན་པར་བཤད།  དེས་ན་བདག་ཡོད་ན་བདུད་ཀྱང་ཡོད་ལ། བདག་མེད་ན་བདུད་ཀྱང་མེད་པས། བདག་མེད་པ་ལ་གཅོད་བྱའི་ཡུལ་མེད་ཅིང་། འཇིགས་པ་དང་ཡ་ང་བ་མེད་པ་ཡིན། དེས་ན་མཐའ་དང་བྲལ་བའི་རིག་པ་ཡེ་ཤེས་དེ་ནི།  ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་ནས་བདུད་བཞི་ལས་གྲོལ་བ་དེ་ལ་འབྲས་བུ་ཞེས་བྱ་བར་གསུངས།   
དྲུག   དགྲ་བགེགས་གདོན་གསུམ་གྱི་སྐོར་བཤད་པ།
            ལྷ་འདྲེའི་ཁོངས་སུ་གཏོགས་པའི་དགྲ་བགེགས་གདོན་གསུམ་ཞེས་པ་ནི། བདག་ལ་སྡང་བའི་དགྲ་དང་།  གནོད་པའི་བགེགས། བར་ཆད་བྱེད་པའི་རྐྱེན། ལས་གདོན། ལུས་གདོན། གཉན་སའི་གདོན་བཅས་ཡིན།   སྡང་བའི་དགྲ་ཞེས་པ་ནི།  བདག་མ་ལན་པ་ལ་རྡུང་རྡེག་འཕྲོག་བཅོམ་གཤེ་འབར་སྒྲོ་སྐུར་ངན་པ་སྣ་ཚོགས་བདག་ལ་བྱེད་པའི་གཟུགས་ཅན་གྱི་མི་དང་།  བདག་ལ་མཐོང་སྣང་དང་མིག་ལམ་དུ་མི་འདྲ་བའི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་བདག་འཇིགས་ཤིང་ཡ་ང་བར་གྱུར་ཏེ་བྲེད་ཅིང་དངངས་པ་དང་འདར་ཞིང་བ་སྤུ་གཡོ་བར་བྱེད་པའི་གཟུགས་མེད་ཀྱི་ལྷ་འདྲེ་གང་ཡིན་པ་དེར་ཟེར། གནོད་པ་བྱེད་པའི་བགེགས་ཞེས་པ་ནི། བདག་གི་ལུས་སེམས་ལ་ནད་དང་གདོན་གྱིས་ཉེན་པར་བྱས་ནས་སྡུག་བསྔལ་བར་བྱེད་དུ་འཇུག་པ་གང་ཡིན་པ་དེ་ཡིན། བར་ཆད་བྱེད་པའི་རྐྱེན་ཞེས་པ་ནི། བདག་གི་ལུས་སྲོག་དང་།  ཁ་རྗེ་དབང་ཐང་། བསོད་ནམས།  ཐར་བ་བསྒྲུབ་པ་སོགས་ལ་བར་དུ་གཅོད་བྱེད་པ་གང་ཡིན་པ་དེར་ཟེར། ལས་གདོན་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའམ།  ངའོ་སྙམ་པའི་བདག་འཛིན་ནམ།  མཉམ་པོར་འོང་བའི་བདུད་ཅེས་མིང་གང་ལྟར་བཏགས་ཀྱང་ཐར་བ་འཐོབ་ཏུ་མི་སྟེར་ཞིང་ཉེས་པ་ཐམས་ཅད་སྐྱེད་པར་བྱེད་པའི་རྩ་བ།  མི་འདོད་པ་ཐམས་ཅད་འབྱུང་བའི་བློ་ཕྲ་མོ་ཤིན་ཏུ་རིག་དཀའ་བའི་འཕུང་བྱེད་ཕུགས་སུ་ཉལ་ནས།  ལས་ངན་པ་འབའ་ཞིག་ལ་སྦྱོར་བར་བྱེད་མཁན་དེ་ལ་ཟེར།  ལུས་གདོན་ཞེས་པ་ནི།  བདག་གི་བར་དོའི་རྣམ་ཤེས་དྲི་ཟ་ཞེས་པ་དེ་མའི་མངལ་དུ་ཞུགས་ནས།  ལུས་འདི་ཡོངས་སུ་རྫོགས་པར་གྲུབ་པའི་དུས་ནས་ནམ་ཞིག་འཆི་བའི་དུས་བྱེད་ཅིང་ཤ་རུས་པགས་པ་རྣམས་སོ་སོར་མ་ཕྱེ་བའི་བར་དུ་ཤ་ཁྲག་ལས་གྲུབ་པའི་གདོས་བཅས་འདིའི་བདག་པོ་ང་ཡིན་མཁན་ཞིག་ཡོད་ལ། དེས་ལས་གདོན་གྱི་སྣ་ཁྲིད་ནས་བདག་ལས་ངན་པ་ལ་སྦྱོར་བར་བྱེད་པ་དེ་ལ་ཟེར། གཉན་སའི་གདོན་ཞེས་པ་ནི། བདག་གང་དུ་འདུག་པའི་གཉན་པོ་དེ་ལ་ཟེར་བ་ཡིན་ཏེ།  ནང་གི་གདོན་བྱེད་གསུམ་ཞེས་བྱ་བ་དང་།  དེ་རྣམས་ལ་ཕྱི་ནང་གི་གདོན་དྲུག་ཏུ་བཤད་ལ།  གདོན་ལ་ཡང་ཕོ་བདུད་བྱེ་བ་དཔག་ཡས་དང་མོ་དབུད་བྱེ་བ་དུང་ཕྱུར་ཡོད་པར་གྲགས་སོ།།  
            མདོར་ན། ལྷ་འདྲེ་ཞེས་པ་ཀུན་རྫོབ་ཏུ་བརྡ་དང་ཐ་སྙད་ཀྱི་སྒོ་ནས་གནས་པ་ཙམ་མ་གཏོགས་དོན་དམ་པར་མེད་པ་ཞིག་ཡིན་ལ།  འཇིག་རྟེན་པ་ཀུན་གྱིས་ཕན་གནོད་དང་། བཟང་ངན། ཡག་བཙོག་སོགས་ལ་ལྷ་འདྲེ་ཞེས་མིང་དུ་བཏགས་པ་ཞིག་ཡིན་པ་ཤེས་པར་བྱའོ།།  གཞན་ཡང་གོང་དུ་སྨྲས་པའི་ལྷ་འདྲེ་རྣམས་སུ་ཞིག་གིས་དམ་ལ་བཏགས་ཏེ་ལྷ་འདྲེ་རུ་བསྐོས་པ་དང་།   དེ་དག་གི་གོས་རྒྱན་ཆ་བྱད།   ནང་གསེས་དབྱེ་བ།   མཐུ་ནུས་ཀྱི་ཁྱད་པར།  ཚུལ་ཇི་ལྟར་བྱུང་ཚུལ།  ཡུལ་ཕྱོགས་གང་དུ་ཡོད་ཚུལ་སོགས་ཞིབ་ཆ་ཞིག་ངེས་པར་དུ་བརྗོད་དགོས་ཀྱང་།  དེ་རྣམས་ཞིབ་ཏུ་སྨྲས་ན་ཡིག་ཚོགས་ཤིན་ཏུ་མང་བར་དོགས་ཏེ་མ་བྲིས་པ་དང་། ཕྱིས་འབྱུང་དེའི་སྐོར་ཕྲ་ཞིང་ཞིབ་པ་ཞིག་བློ་གྲོས་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་འབུལ་བར་ངེས་སོ། །
ཟུར་བལྟའི་དཔེ་དེབ་ཀྱི་སྐོར།   
            ①《སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ》 ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན།  1989ལོའི་ཟླ་7པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ།   
            ②《བདུད་འཇོམས་ཆོས་འབྱུང་》  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྩམས།     1996ལོའི་ཟླ་11པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ།   
            ③《བསངས་མཆོད》 མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས།  1989ལོའི་ཟླ་7པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ།   
            ④《ཀུན་བཟང་བླ་མའི་ཞལ་ལུང་》 རྫ་དཔལ་སྤྲུལ་གྱིས་བརྩམས།  1989ལོའི་ཟླ་7པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ།  
            ⑤《རྨ་གཉན་སྦོམ་རའི་བསང་མཆོད》 སྣ་རིང་ཤིང་པར་མ།   
            ⑥《རྨ་ཆེན་སྦོམ་རའི་གསོལ་མཆོད》 སྣ་རིང་ཤིང་པར་མ།   
            ⑦《བཀའ་བརྒྱུད་ལུགས་ཀྱི་ལྷ་བསངས་རྒྱས་པ་བཞུགས་སོ》 སྣ་རིང་ཤིང་པར་མ།   
            ⑧《ལྷ་གཉན་ཆེན་པོ་སྔོ་ལྷ་གཡུ་རྩེའི་གསོལ་མཆོད་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན》 དཀོན་མཆོག་བཙན་པས་བརྩམས། སྣ་རིང་ཤིང་པར་མ།   
            ⑨《དམ་ཅན་སྲུང་མའི་མངའ་གསོལ་དཔག་བསམ་ལྗོན་པ》 རྩོམ་མཁན་མི་གསལ། སྣ་རིང་ཤིང་པར་མ།  
            ⑩《ཨུ་རྒྱན་པདྨས་མཛད་པའི་ལྷ་བསངས་བར་ཆད་ཀུན་སེལ》 སྣ་ཐུང་ལག་བྲིས་མ།   
            ⑾《གནས་ཆེན་ཏི་སེ་དང་མཚོ་མ་ཕམ་བཅས་ཀྱི་གནས་ཡིག་སྐལ་ལྡན་ཐར་ལམ་འདྲེན་པའི་ལྕགས་ཀྱུ》  སྣ་རིང་ཤིང་པར་མ།  
            ⑿《གཞི་བདག་ཁང་ཀའི་རྒྱལ་པོའི་བསྐང་གསོ་ཆ་ལག་ཚང་བ་བཞུགས་སོ》སྣ་རིང་ཤིང་པར་མ།  
            ⒀《ཡུལ་ལྷ་གཞི་བདག་སོགས་ལ་མཆོད་གཏོར་འབུལ་ཚུལ》 སྣ་རིང་ཤིང་པར་མ།   
            ⒁《བྲག་བཙན་དམར་པོའི་གསོལ་ཁ》 སྣ་ཐུང་ལག་བྲིས་མ།   
            ⒂《བྲག་བཙན་མཆོད་བསྐང་》 སྣ་ཐུང་ཤིང་པར་མ།
            ⒃《གུར་མགོན་ལྷ་བརྒྱད་ལ་གཙང་མ་ཕུད་ཀྱི་གསེར་སྐྱེམས་འབུལ་བའི་ཆོ་ག》རྗེ་བཙུན་ཤེས་རབ་རྒྱ་མཚོས་བརྩམས། གསུང་འབུམ་པོད་གཉིས་པའི་ནང་ཡོད་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ།   
            ⒄《མ་ཅིག་ལབ་སྒྲོན་གྱི་རྣམ་ཐར》 སྣ་རིང་ཤིང་པར་མ།   
            ⒅《宗教学原理》1989ལོར་མི་དམངས་སློབ་ཆེན་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1