གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

སྙན་བཟང་པ་དགེ་འདུན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༢༩ཉིན།

༄༅།། གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ་དང་བོད་ཀྱི་མཚན་ཉིད་རིག་པའི་གཞུང་བསྡུར་ཏེ་ཚད་མའི་འཕེལ་འགྱུར་དང་གོ་དོན་ལ་གསར་དུ་དཔྱད་པ།

 སྙན་བཟང་པ་དགེ་འདུན།
དང་པོ།  གནའ་བོའི་རྒྱ་གར་གྱི་ཚད་མ།  
          ཚད་མ་ཞེས་པའི་ཐ་སྙད་འདི་དུས་ནམ་ཚོད་ཞིག་ནས་བྱུང་བ་གསལ་པོ་ཞིག་བཤད་དཀའ་མོད།  ཡིན་ནའང་ཐ་སྙད་འདི་ནང་པའི་གྲུབ་མཐའ་མ་བྱུང་གོང་གི་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་འབྱུང་ཁུངས་ཕྱི་རོལ་པའི་གྲུབ་མཐའི་གཞུང་དུ་གསལ་པོར་བཀོད་འདུག་པ་སྟེ། གནའ་བོའི་རྒྱ་གར་གྱི་དངོས་གཙོ་མཚན་ཉིད་རིག་པའི་ཚབ་བྱེད་གཙོ་བོ་རྒྱང་འཕེན་པའི་(ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་དགུ་པ་ནས་བདུན་པའི་བར་ལ་བྱུང)གྲུབ་མཐའི་གཞུང་དུ་“ཚད་མ་ནི་མངོན་སུམ་གཅིག་པུ་དང་།  རྗེས་དཔག་ནི་ཚད་མ་མ་ཡིན་ཏེ། ཚད་མའི་མཚན་ཉིད་རང་མཚན་དངོས་སུ་མི་འཛིན་པའི་ཕྱིར་དང་།   ལྷ་སྦྱིན་གྱི་བུ་ལས་སྔོ་བསངས་དཔོག་པ་སོགས་གཏན་ཚིགས་རྣམས་འཁྲུལ་བའི་ཕྱིར་རྗེས་དཔག་ཀྱང་འཁྲུལ་ལོ།།”①ཞེས་པའི་ལུང་ཚིག་འདི་ལས་མ་མཐའ་ཡང་ནང་པའི་གྲུབ་མཐའ་མ་བྱུང་བའི་ཡར་སྔོན་ནས་ཚད་མ་ཞེས་པའི་ཐ་སྙད་འདི་བྱུང་ཟིན་པ་ཤེས་ཐུབ་ལ།  ཁྱད་པར་དུ་རྒྱང་འཕེན་པའི་ལུགས་ལ་ཚད་མ་ཡིན་ན་མངོན་སུམ་ཁོ་ན་དང་།  ཚད་མའི་གོ་དོན་མཐོང་རེག་ཡོད་པའི་བྱ་དངོས་གང་རུང་ཞིག་གི་རྣམ་པ་དངོས་སུ་སྣང་ནས་བྱ་དངོས་དེ་ལ་མི་བསླུ་བའི་ཤེས་པ་ཞིག་ཡིན་དགོས་པ་དང་།  གཏན་ཚིགས་དང་རྗེས་དཔག་དོན་གཅིག་པ་སོགས་ཚད་མ་རིག་པའི་གཞུང་གི་རྨང་གཞིའི་གནད་དོན་མི་ཉུང་བ་ཞིག་རྒྱུས་ལོན་བྱེད་ཐུབ།  
          གྲངས་ཅན་པའི(ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་སྐབས)གཞུང་དུའང་ཚད་མའི་རྣམ་གཞག་ཡོད་པར་མ་ཟད། དེ་ལས་བསྟན་པའི་ཚད་མའི་རྣམ་གཞག་ནི་ནང་པའི་ཚད་མའི་རྣམ་གཞག་དང་ཧ་ཅང་མཐུན་ཤས་ཆེ།  ནང་པའི་ཚད་གཞུང་དུ་ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་སུ་གསལ་བ་དང་། དམིགས་གསལ་གྱིས་ཤིན་ཏུ་ལྐོག་གྱུར་འཇལ་བྱེད་ལ་ལུང་ཚད་མ་ཞིག་ཀྱང་ཁས་ལེན་པ་བཞིན་ལུགས་འདིས་ཀྱང་“མངོན་བརྗོད་ལུང་གསུམ་ནི་ཚད་མ”②ཡིན་པར་ཁས་ལེན་ཞིང་དེ་གསུམ་གྱིས་ཤེས་བྱ་ཉེར་ལྔ་འཇལ་ནུས་པར་འདོད་པ་རེད།  ལུགས་འདིས་བཞེད་པའི་མངོན་རྗེས་ལུང་གསུམ་གྱི་གོ་དོན་དང་དབྱེ་བ་སོགས་ཞིབ་ཏུ་ཤེས་ན་ནང་པའི་ཚད་མ་རིག་པའི་རྩ་བ་དང་འཕེལ་འགྱུར་ལ་གོ་བ་ཟབ་མོ་ལོན་ནུས་པས་འདིར་རེ་རེ་བཞིན་ངོ་སྤྲོད་ཙམ་ཞུ་ན།  ལུགས་འདིས་བཞེད་པའི་མངོན་སུམ་ཚད་མ་ནི་དབང་ཤེས་ཀྱིས་ཡུལ་བྱེ་བྲག་འཛིན་པར་མི་བསླུ་བའི་ཤེས་པ་ཞིག་ལ་འདོད།   ཤེས་པ་དེ་ནི་དཔེར་ན་འོ་མ་འཇལ་བའི་ཚད་མ་ཞིག་ལ་མཚོན་ན།  འོ་མའི་དོན་སྤྱི་ཙམ་རྟོགས་པའི་བློ་མིན་པར་བྱེ་བྲག་གི་འོ་མ་སྟེ་མཛོ་མོའི་འོ་མ་རྟོགས་པའི་ཤེས་པ་ལྟ་བུ་ཡིན་དགོས།  རྗེས་དཔག་ཚད་མ་ལ་གཉིས་ལས་རང་དོན་རྗེས་དཔག་ནི་འབྲེལ་བ་བདུན་ལ་བརྟེན་ནས་ལྐོག་གྱུར་གྱི་ཤེས་བྱ་རྟོགས་པའི་བློ་ཞིག་ལ་འདོད།  འབྲེལ་བ་བདུན་ནི།  སྤྱི་གཙོ་བོ་དང་སྐྱེས་བུ་བཞིན་ནོར་དང་ནོར་བདག་གི་འབྲེལ་བ་དང་།  ས་བོན་དང་མྱུ་གུ་བཞིན་རྒྱུ་དང་འབྲས་བུའི་འབྲེལ་བ། འོ་མ་དང་ཞོའམ་གཙོ་བོ་དང་ཆེན་པོ་བཞིན་རང་བཞིན་དང་རྣམ་འགྱུར་གྱི་འབྲེལ་བ།  རྫ་མཁན་དང་བུམ་པ་བཞིན་རྒྱུ་དང་རྒྱུ་ཅན་གྱི་འབྲེལ་བ།  སྡོང་པོ་དང་ཡལ་ག་བཞིན་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ།  ངུར་པ་ཁྱོ་ཤུག་བཞིན་གྲོགས་དང་གྲོགས་ཅན་གྱི་འབྲེལ་བ།  བྱ་རོག་དང་འུག་པ་བཞིན་གནོད་བྱ་གནོད་བྱེད་ཀྱི་འབྲེལ་བ་དང་བདུན་ལ་གོ་དགོས། གཞན་དོན་རྗེས་དཔག་ནི།  སྒྲུབ་ངག་ཡན་ལག་ལྔ།  གྲངས་ཅན་པའི་ལུགས་ལྟར་བྱས་ན། གང་ཟག་ནི་རྟག་སྟེ་དམ་བཅའ། མ་བྱས་པའི་ཕྱིར་གཏན་ཚིགས།  དཔེར་ན་ནམ་མཁའ་བཞིན་དཔེ།  ནམ་མཁའ་མ་བྱས་པ་བཞིན་གང་ཟག་ཀྱང་དེ་བཞིན་དཔེ་ཉེ་བར་སྦྱར་བ།  །དེའི་ཕྱིར་གང་ཟག་རྟག་པའོ་མཇུག་བསྡུ་བ་དང་།  ཐལ་འགྱུར་གྱིས་གཞན་ཕྱོགས་བཀག་ནས་རང་ཕྱོགས་གཟུང་བ་ལྟ་བུ་ལ་གོ་དགོས། ལུང་ཚད་མ་ནི། སྒྲ་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་དོན་འཛིན་པའི་བློ་མི་བསླུ་བ་ཞིག་ལ་འདོད་ཅིང་།  དེ་ཡང་སྐྱེས་བུས་མ་བྱས་པའི་སྒྲས་བསྐྱེད་པ་དང་།  ཡིད་ཆེས་པའི་སྐྱེས་བུའི་ཚིག་གིས་བསྐྱེད་པ་གཉིས་ཡོད་པར་འདོད།  དང་པོ་རིག་བྱེད་ཀྱི་སྒྲས་བསྐྱེད་པའི་ཚད་མ་ལྟ་བུ་དང་།  གཉིས་པ་དབང་ཕྱུག་ནག་པའི་རྒྱུད་ཀྱིས་བསྐྱེད་པའི་ཚད་མ་ལྟ་བུ་འཇོག་ལ།  ཚད་མ་འདི་གཉིས་ནི་ཡུལ་ལྐོག་གྱུར་ལ་ལྟོས་པའི་ཡུལ་ཅན་ཡིན་པས་མངོན་སུམ་མིན་ལ།  ཚུལ་གསུམ་གྱི་རྟགས་ལ་མ་བརྟེན་པས་རྗེས་དཔག་ཀྱང་མིན་པར་བཞེད་དོ། །  
          ཚངས་པ་བའི་གྲུབ་མཐའི་བྱེ་བྲག་བརྡ་སྤྲོད་པའི་ལུགས་འདིར་ཐོག་མར་རིག་བྱེད་ཁོ་ན་ཚད་མར་འདོད་དེ་ལུགས་འདིས་“མངོན་སུམ་འཁྲུལ་སྣང་ཅན་ལ་རྗེས་དཔག་ཡང་རིགས་པ་བཟང་ངན་གྱིས་གཞན་དུ་འགྱུར་བས་ན་རིག་བྱེད་ཁོ་ན་རང་བྱུང་གི་ཚད་མར་འདོད་དེ”ཞེས་གསུངས་པ་དང་། “སྟོན་པ་ལ་ལ་སྟེ་བྲི་ཏྲ་ཧ་རི་ནི་རིག་བྱེད་མི་བསླུ་ཡང་རྗེས་དཔག་ལ་བརྟེན་དགོས་པས་མངོན་རྗེས་ཀྱི་ཚད་མ་གཉིས་ཀྱང་འདོད་དོ”③ཞེས་གསུངས་པ་ལས་རྗེས་སུ་མངོན་རྗེས་གཉིས་ཀྱང་ཚད་མར་ཁས་ལེན་པ་ཤེས་ནུས།  
          དཔྱོད་པ་པའི་ལུགས་ལ་ཚད་མ་དྲུག་ཏུ་འདོད་དེ།   མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། དཔེ་ཉེར་འཇལ་ཚད་མ། སྒྲ་བྱུང་ཚད་མ། དོན་གོ་བའི་ཚད་མ། དངོས་མེད་ཚད་མ་དང་དྲུག་ཏུ་འདོད་ཅིང་།   དེ་དག་གི་ཁྱད་པར་ནི།   ཕྱི་རོལ་ཡུལ་གྱི་བྱ་དངོས་རགས་པ་དངོས་སུ་སྣང་ནས་རྟོགས་པའི་དབང་ཤེས་རྣམས་ནི་མངོན་སུམ་ཚད་མ་དང་།  དུ་བ་མཐོང་བ་ལས་མེ་ཡོད་པར་དཔོག་པ་ལྟ་བུ་རྗེས་དཔག་ཚད་མ་དང་།  བ་གླང་དང་འདྲ་བ་བསྟན་ནས་བ་མེན་རྟོགས་པ་ནི་དཔེ་ཉེར་འཇལ་གྱི་ཚད་མ་དང་།  རིག་བྱེད་ཀྱི་ཚིག་ལས་ལྐོག་གྱུར་རྟོགས་པ་ལྟ་བུ་ནི་སྒྲ་བྱུང་ཚད་མ་དང་།  མེ་ཚ་བར་མཐོང་བ་ལས་སྲེག་པའི་ནུས་པ་ཤེས་པ་ལྟ་བུ་ནི་དོན་གོ་བའི་ཚད་མ་དང་།  རྟ་ལ་བ་གླང་མེད་པ་ཤེས་པ་ལྟ་བུ་ནི་དངོས་མེད་ཚད་མ་ཡིན་པར་བཞེད་དོ། །  
          དབང་ཕྱུག་པའི་ལུགས་ལ།  མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ།  སྒྲ་བྱུང་ཚད་མ་དང་བཞི་འདོད་ལ།  དེ་དག་གི་ཁྱད་པར་ནི། 《གྲུབ་མཐའ་ཀུན་ཤེས་རྩ་འགྲེལ》ལས།“མངོན་སུམ་ནི་རྣམ་མེད་ཀྱི་སྒོ་ནས་ཁྱད་པར་ཡོན་ཏན་འཛིན་པའི་རྟོག་པར་འདོད་ལ།  དེ་ཚད་མ་དང་དེས་དྲངས་པའི་ཁྱད་པར་ཅན་རྫས་འཛིན་པའི་བློ་ནི་འབྲས་བུར་འདོད་དོ།།   མདར་ཆུ་བྲུབ་པ་ལས་ཕུར་ཆར་བབས་པ་དང་།  དུ་བ་ལས་མེ་ཡོད་པར་དཔོག་པ་ནི་རྗེས་དཔག་དང་།  སྒྲུ་བྱུང་ཚད་མ་ནི།  དབང་ཕྱུག་ནི་ཐམས་ཅད་མཁྱེན་ཏེ།  ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པའི་ཕྱིར།  དཔེར་ན་རྫ་མཁན་གྱིས་རྫ་ལ་དགོས་པ་ཐམས་ཅད་ཤེས་པ་བཞིན་ནོ་ཞེས་བསྒྲུབས་ནས་དབང་ཕྱུག་གི་ལུང་ཐམས་ཅད་དེར་འདོད་དོ”④ཞེས་གསུངས་ཏེ་ལུགས་འདིས་ཚིག་དོན་དྲུག་རྟོགས་བྱེད་ཀྱི་བློ་ཡང་དག་པ་ལ་ཚད་མ་བཞི་ཡོད་པར་འདོད་ལ།  གཅེར་བུ་བའི་གྲུབ་མཐས་ཀྱང་ཚད་མའི་རྣམ་གཞག་ཁས་ལེན་ལ་ཕལ་ཆེར་དཔྱོད་པ་དང་འདྲ་བས་འདིར་རྒྱས་པར་མི་བཤད།  
          བྱེ་བྲག་པའི་གྲུབ་མཐས་ཚད་མ་ལ་མངོན་རྗེས་ལུང་གསུམ་ཁས་ལེན་པ་དང་།  རིགས་པ་ཅན་པས་མངོན་རྗེས་ལུང་གསུམ་གྱི་སྟེང་དཔེ་ཉེར་འཇལ་གྱི་ཚད་མ་དང་བཞི་ཁས་ལེན། གཉིས་གས་ཀྱང་རྗེས་དཔག་ལ་རྒྱུ་ལས་འབྲས་བུ་དཔོག་པའི་སྔ་མ་ཅན་དང་།  འབྲས་བུ་ལས་རྒྱུ་དཔོག་པའི་ལྷག་ལྡན། ཆོས་གཅིག་མཐོང་བ་ལས་གཞན་པ་ཤིན་ཏུ་ལྐོག་གྱུར་མཐོང་བ་སྤྱིར་མཐོང་ཅན་ཏེ་གསུམ།  དེ་དག་གི་རྟེན་དུ་གྱུར་བའི་རྟགས་ཡང་དག་གསུམ་དང་། འབྲེལ་བ་མེད་པ། མ་ངེས་པ།  ཐེ་ཚོམ་སྟེ་རྟགས་ལྟར་སྣང་གསུམ་བཅས་འདོད་དོ། །དདུང་རིག་པ་ཅན་གྱི་གྲུབ་མཐའི་གཞུང་གཙོ་བོ《རིགས་པའི་མདོ》ཡི་ནང་ཚན་རྟོག་པའི་ཚིག་དོན་བཅུ་དྲུག་གི་ཐོག་མའི་ཁ་བྱང་ལའང་ཚད་མ་ཞེས་པའི་ཐ་སྙད་སྦྱར་འདུག་གོ །  
          ཙཱ་ར་ཀས(ཕལ་ཆེར་དུས་རབས་གཉིས་པའི་སྐབས་ཀྱི་མི་ཡིན།  ཁོང་གསོ་དཔྱད་ཀྱི་གཞུང་ལ་ཧ་ཅང་མཁས་པས་སྐབས་དེའི་རྒྱལ་པོ་ཀ་ཎི་ཁའི་བླ་སྨན་དང་། རིག་པ་ཆེ་བའི་གྲགས་སྐད་ཧ་ཅང་ཆེ།)བརྩམས་པའི་སྨན་གཞུང་ལེའུ་གསུམ་པར“སྐབས་དེར་གྲགས་སྐད་ཆེ་བའི་ཚད་མའི་ཆོས་སྐད་ཞེ་བཞི་བཀོད་ཡོད”⑤པར་བཤད་མོད།  《རིགས་པའི་མདོ》རུ་གལ་ཆེན་དུ་བརྩི་བའི“ལྟག་ཆོད”ལ་སོགས་པའི་ཐ་སྙད་དང་གཞུང་ཚན་སྐོར་ཞིག་མི་གསལ་བ་སོགས་ལ་བརྟག་ན་ཚད་མ་རིག་པའི་གཞུང་མིན་པར་གསལ།  ཡིན་ནའང་ཙཱ་ར་ཀས་མཛད་པའི་ཚད་མའི་ཆོས་སྐད་དེས་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་བྱུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པར་མ་ཟད།  བོད་ཀྱི་ཚད་མ་རིག་པ་ལའང་ཤུགས་རྐྱེན་ཐེབས་འདུག་སྟེ།   མཁས་གྲུབ་རྗེས་མཛད་པའི《རྣམ་འགྲེལ་ཊིཀ་ཆེན་རིགས་པའི་རྒྱ་མཚོ》ལེའུ་གསུམ་པར་ཙཱ་ར་ཀའམ་སྨན་དཔྱད་པ་ཞེས་མང་དུ་གླེང་འདུག་པ་དང་།  ལྕང་སྐྱ་རོལ་རྡོས་མཛད་པའི་《གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》དུའང“ཙཱ་ར་ཀ་པ་རྣམས་ནི་ཚད་མ་དེ་དྲུག་གི་སྟེང་དུ་རྒྱུ་ལས་འབྲས་བུ་རྟོགས་པ་ལྟ་བུ་རིགས་པའི་ཚད་མ་”ཞེས་པ་ནས“འདི་དག་གིས་འདོད་པའི་བྱས་ཤུགས་བཞི་བཅུ་ཞེ་བརྒྱད་སོགས་ནི་མངས་ཀྱིས་དོགས་ནས་མ་བྲིས་ལ་ཤེས་པར་འདོད་ན་རྟོག་གེ་འབར་བ་ན་རྒྱས་པར་ཡོད་པས་དེར་ལྟོས་ཤིག”⑥ཅེས་སོགས་གསུངས་པ་ལས་ཀྱང་ཙ་ར་ཀ་པའི་ཚད་མའི་རྣམ་གཞག་དེས་རྒྱ་གར་གྱི་ནང་པའི་ཚད་མ་མ་ཟད།  བོད་ཀྱི་ཚད་མ་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་པ་གསལ་པོ་མཐོང་ཐུབ།  
          གོང་དུ་དྲངས་པའི་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་འབྱུང་ཁུངས་ཕྱི་རོལ་པའི་གྲུབ་མཐའི་གཞུང་དག་ལས་བཏོན་པའི་ཚད་མའི་རྣམ་གཞག་གི་སྐོར་གུང་བསྒྲིགས་ཏེ་བརྟགས་ན།  གནའ་བོའི་རྒྱ་གར་དུ་ནང་བསྟན་མ་བྱུང་གོང་ནས་བཟུང་ཚད་མ་རིག་པའི་གཞུང་དར་ཁྱབ་ཏུ་ཕྱིན་པ་དང་།  དེ་ལ་མཐོང་ཆེན་བྱས་པ་གསལ་པོ་ཤེས་ཐུབ་ལ།   ལྷག་པར་དུ་གོང་གསལ་གྱི་གཞུང་དེ་དག་ལས་བྱུང་བའི་ཚད་མའི་གོ་དོན་དང་རབ་དབྱེ་སོགས་ནི་དུས་རབས་ལྔ་པ་དང་དྲུག་པའི་བར་ལ་བྱུང་བའི་ནང་པའི་ཚད་མ་རིག་པའི་བསྟན་བཅོས་ཀྱི་རྨང་གཞི་ཡིན་པའང་ཤེས་ཐུབ། ང་ཚོས་གོང་གསལ་གྱི་གཞུང་དེ་དག་ལས་བསྟན་པའི་ཚད་མའི་གོ་དོན་དང་རབ་དབྱེ་སོགས་ལ་ཅུང་ཞིབ་ཏུ་བརྟག་ན།   ནང་པའི་ཚད་མ་རིག་པའི་གཞུང་སྟེ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དང་གོང་གསལ་གྱི་ཚད་གཞུང་གཉིས་ནི་བརྗོད་སྙིང་མི་འདྲ་བ་ཙམ་མ་གཏོགས་རྗོད་བྱེད་ཚིག་དང་རིགས་ལམ་གྱི་ཆ་ནས་ཕལ་ཆེར་འདྲ་མཚུངས་ཡིན་པས་དེ་གཉིས་བར་མ་བུ་ལྟ་བུའི་འབྲེལ་བ་ཆགས་ཡོད།   དེ་བཞིན་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དང་བོད་ཀྱི་ཚད་མ་རིག་པའི་གཞུང་བར་དུའང་ཕུ་ནུ་ལྟ་བུའི་འབྲེལ་བ་ཆགས་ཡོད་པ་གསལ་པོ་མཐོང་ཐུབ།  
གཉིས་པ།  གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ།
          གོང་དུ་ཞུས་པ་བཞིན་ཚད་མ་ཞེས་པའི་ཐ་སྙད་ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་དགུ་པ་ནས་བདུན་པའི་བར་ལ་གནའ་བོའི་རྒྱ་གར་དུ་བྱུང་ཡོད་པ་དང་།   སྐབས་དེར་བློ་ཡང་དག་པ་ལ་ཚད་མ་ཞེས་མིང་བརྡ་སྦྱར་བ་ཙམ་ལས་བྱེ་བྲག་གི་ཚད་མའི་དབྱེ་བ་སོགས་བྱུང་མེད།  ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པར་སླེབས་དུས་མངོན་རྗེས་ལུང་གསུམ་གྱི་ཚད་མ་སོགས་བྱེ་བྲག་གི་དབྱེ་བ་འགའ་ཆོས་ལུགས་དང་སྨན་སོགས་རིག་གཞུང་གཞན་དང་བསྲེས་ནས་བརྗོད་དེ་ཚད་མའི་རྣམ་གཞག་ཙམ་བྱུང་འདུག་མོད།  ཚད་མའི་རྣམ་གཞག་དེ་ཉིད་རང་རྐྱ་ཐུབ་པའི་གཞུང་ལུགས་ཤིག་ཏུ་གྱུར་མེད་གཤིས་སྐབས་དེར་ཚད་མ་རིག་པ་བྱུང་བར་མི་འཇུག་གོ།  སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་ནང་བྱུང་བའི་ཚད་མའི་རྣམ་གཞག་དེ་དག་མདོར་བསྡུས་ན། མངོན་སུམ་གྱི་ཚད་མ་དང་། རྗེས་དཔག་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ། སྒྲ་བྱུང་ཚད་མ་དང་བཞི་རུ་འདུ་ལ།  རྣམ་གཞག་དེ་དག《རིགས་པའི་མདོ》ཡིས་ཕྱེས་པ་མིན་པ་ཙ་ར་ཀའི་སྨན་གཞུང་དུ་གསལ་ལོ། །  
          དེང་སྐབས་ཀྱི་དཔྱོད་ལྡན་འགས།  ཚད་མ་ནི་ཕྱི་ནང་ཐུན་མོང་གི་རིག་གནས་ཡིན་པ་དང་།  ཚད་མ་རིག་པ་ནི་ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་ཟེར།  ལ་ལས་གཉིས་ཀ་ཕྱི་ནང་ཐུན་མོང་བའི་རིག་གནས་ཡིན་ཟེར།  ཁ་ཅིག་གིས་ཚད་མ་རིག་པའི་གཞུང་ལུགས་ནང་པར་མ་གཏོགས་མེད་པར་བཤད་པ་སོགས་ལྟ་ཚུལ་སྣ་ཚོགས་བྱུང་འདུག    ཁོ་བོས་བལྟས་ན་གནད་དོན་གཅིག་ལ་ཐུག་འདུག་སྟེ། ནང་པའི་ཚད་མ་རིག་པའི་གཞུང་ལུགས་མ་བྱུང་གོང་གནའ་བོའི་རྒྱ་གར་དུ་རང་རྐྱ་བའི་ཚད་མ་རིག་པའི་གཞུང་ལུགས་ཤིག་བྱུང་ཡོད་མེད་ལ་ཐུག་འདུག     འོ་ན་དེ་ལྟ་བུའི་གཞུང་ལུགས་ཤིག་ཡོད་དམ་མེད་ཅེ་ན།  ཡོད་དེ་རིག་པ་ཅན་པའི་སྟོན་པ་དྲང་སྲོང་རྐང་མིག་གིས་བརྩམས་པའི་《རིགས་པའི་མདོ》ཡིན་ནོ། ། གཞུང་དེ་ནི“ཚད་མའི་གཞུང་ལུགས་རང་བཙན་པའི་སྲོལ་ཐོག་མ་ཡིན་པར་རྩོད་པ་མེད”⑦པར་བཤད་ཅིང་།  མ་མཐའ་ཡང་ནང་པའི་“ཚད་མ་རིག་པའི་གཞུང་ལས་སྔ་བ་ཤེས་ཐུབ།   རྒྱུ་མཚན་ནི། 《རིགས་པའི་མདོ》ཡི་ལེའུ་དང་པོར་གསལ་བའི་རྟོག་གེའི་ཚིག་དོན་བཅུ་དྲུག་ནི་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་གི་ནང་ཚན《ཞིབ་མོ་རྣམ་འཐག》ཏུ་ཕྱོགས་སྔ་བཀོད་ནས་དགག་པ་གནང་འདུག་སྟེ།  “དམ་བཅའ་དང་གཏན་ཚིགས་མེད་པའི་ཕྱིར་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་དག་མེད་པ་ཡིན་ནོ”⑧ཞེས་གསུངས་ཏེ།  《རིགས་པའི་མདོ》ལས་བསྟན་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་གི་བདུན་པ་ཡན་ལག་ཅེས་པའི་ནང་ཚན་བཞི་སྟེ། དམ་བཅའ་དང་།གཏན་ཚིགས། དཔེ་ཉེ་བར་སྦྱར་བ། མཇུག་བསྡུ་བ་སོགས་ཚིག་ཟིན་ལ་དངོས་སུ་བཀག་འདུག་པ་དང་།“གཞན་དང་གཞན་མ་ཡིན་པ་གཉིས་ཀ་མི་འཐད་པའི་ཕྱིར་གཏན་ལ་དབབ་པ་མེད་དོ། ། རྩོད་པ་ནི་ཡོད་པ་མ་ཡིན་ཏེ།  བརྗོད་པ་དང་བརྗོད་པར་བྱ་བ་དག་མེད་པའི་ཕྱིར་རོ”⑨ཅེས་གསུངས་ཏེ་རྟོག་གེའི་ཚིག་དོན་བཅུ་དྲུག་གི་དགུ་པ་གཏན་ལ་དབབ་པ་དང་།  བཅུ་པ་རྩོད་པ་གཉིས་ཚིག་ཟིན་ལ་དངོས་སུ་བཀག་འདུག་པ་དང་། “ཁྱོད་ཀྱིས་ཐམས་ཅད་ཚིག་ཏུ་བརྗོད་པ་ཡིན་གྱི།    དོན་དམ་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཡིན་ཏེ། ལན་ཐམས་ཅད་ལ་ཐལ་བར་འགྱུར་བའི་ཕྱིར་རོ། ། སྐྱེས་པ་དང་མ་སྐྱེས་པ་དང་།  གཉིས་ཀ་མེད་པའི་ཕྱིར་ལྟག་ཆོད་ནི་མེད་དེ། མ་ཡིན་ཏེ། སྔ་མ་དང་ཕྱི་མ་གཅིག་དང་གཞན་ཉིད་ལ་མེད་པའི་ཕྱིར་རོ། །  ཚར་གཅད་པའི་གནས་ཀྱང་དེ་བཞིན་ནོ། །  ཚར་གཅད་པའི་གནས་ལ་ནི།  ཚར་གཅད་པ་མེད་པ་དེ་བཅིངས་པ་བཞིན་ནོ།། གཉིས་ཀ་ཁས་མ་བླངས་པའི་ཕྱིར་རོ།།   དེ་མ་གྲུབ་ན་མ་གྲུབ་ཏུ་ཟད་དོ། །  དེ་ཁོ་ན་བཞིན་དུ་བརྗོད་པ་མ་ཡིན་ཏེ།  མངོན་པར་བརྗོད་པ་ནི་མེད་པ་ཉིད་ཡིན་ནོ”⑩ཞེས་གསུངས་ཏེ།  《རིག་པའི་མདོ》རུ་གལ་ཆེན་དུ་བརྩི་བའི་རྟོག་གེའི་ཚིག་དོན་བཅུ་དྲུག་གི་བཅོ་ལྔ་པ་ལྟག་ཆོད་ལས་གཞན།   ད་དུང་བཅུ་པ་བརྗོད་པ་དང་།  བཅུ་དྲུག་པ་ཚར་གཅོད་སོགས་ཀྱང་ཚིག་ཟིན་ལ་དངོས་སུ་བཀག་འདུག་གོ།  མདོར་ན་《ཞིབ་མོ་རྣམ་འཐག》ཏུ་རྟོག་གེའི་ཚིག་དོན་བཅུ་དྲུག་པོ་རེ་རེ་ནས་ཚིག་ཟིན་ལ་དངོས་སུ་བཀག་འདུག་པ་འདི་ལས།  《རིགས་པའི་མདོ》ནི་ཀླུ་སྒྲུབ་ཀྱི་ཡར་སྔོན་དུ་ཡོད་པ་ཤེས་ནུས་པར་མ་ཟད།  《རིགས་པའི་མདོ》ཡི་བམ་པོ་ཕྱི་མ་རྣམས་སུ་ཀླུ་སྒྲུབ་ཀྱི་དགོངས་པའང་བཀོད་དེ་བཀག་འདུག་པ་སོགས་ལ་བརྟག་ན།  དེ་དག་ནི《ཞིབ་མོ་རྣམ་འཐག》གི་བརྒལ་ལན་དུ་གསལ་ལོ། །འདིར་གསལ་བཤད་དགོས་པ་ཞིག་ལ།  《རིགས་པའི་མདོ》ལ་བསྡོམས་པའི་བམ་པོ་ལྔ་དང་ལེའུ་བཅུ་ཡོད་པ་ལས་བམ་པོ་དང་པོ་དྲང་སྲོང་རྐང་མིག་གིས་བརྩམས་ལ།   བམ་པོ་ཕྱི་མ་རྣམས་ནི་བམ་པོ་དང་པོའི་རྒྱས་འགྲེལ་དང་ནང་པའི་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱི་བརྒལ་ལན་ཡིན་པས།  དེ་དག་དྲང་སྲོང་རྐང་མིག་གི་སློབ་མ་རྣམས་ཀྱིས་ཕྱིས་སུ་ཁ་བསྐངས་པར་ངེས་ཤིང་།   ཕལ་ཆེར་དུས་རབས་གསུམ་པར་སླེབས་དུས་གཞུང་ཆ་ཚང་གྲུབ་ཡོད།  
 གསུམ་པ།  ནང་པའི་ཚད་མ་རིག་པའི་གཞུང་གི་རྨང་གཞི།   
          སྟོན་པ་སངས་རྒྱས་ནས་བཟུང་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་བར་ནང་པར་རང་རྐྱ་ཐུབ་པའི་ཚད་མ་རིག་པའི་གཞུང་ལུགས་ཤིག་མ་བྱུང་མོད། ཡིན་ནའང་། དམ་པ་དེ་དག་གིས་གསུངས་པའི་བཀའ་དང་བསྟན་བཅོས་རྣམས་སུ་ཚད་མའི་རྣམ་གཞག་འགའ་ཐར་ཐོར་གྱི་ཚུལ་དུ་བསྟན་འདུག་སྟེ།  《ཏིང་ངེ་འཛིན་གྱི་མདོ》ལས།  “མིག་དང་རྣ་བ་སྣ་ཡང་ཚད་མ་མིན”ཞེས་གསུངས་ཏེ་གནའ་བོའི་རྒྱ་གར་གྱི་ཚད་མ་“་རིག་པའི་གཞུང་ལས་མི་བསླུ་བའི་རིག་པ་ཚད་མའི་གོ་དོན་དུ་བསྟན་པ་བཞིན་སྟོན་པས་ཀྱང་གཞུང་དེ་དག་ལས་བསྟན་པའི་ཚད་མ་ཞེས་པའི་ཐ་སྙད་དང་གོ་དོན་བེད་སྤྱོད་བྱས་ནས་སེམས་ཅན་གྱི་དབང་ཤེས་ལ་དབྱེ་ཞིབ་བྱས་འདུག 《ཆོས་མངོན་པའི་མདོ》ལས། “མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ”ཞེས་གསུངས་ཏེ་དབང་པོའི་མངོན་སུམ་རྐྱེན་གསུམ་དང་བཅས་པ་གསལ་བར་གསུངས་འདུག་པ་དང་། 《ཆོས་བཅུ་པའི་མདོ》ལས།“དུ་བ་ལས་ནི་མེ་ཤེས་དང་།  །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས”ཞེས་གསུངས་ཏེ་རྟགས་ཡང་དག་ལ་བརྟེན་པའི་རྗེས་དཔག་བསྟན་ཞིང་།  “སེན་རིངས་ཀྱིས་བཅོམ་ལྡན་འདས་ལ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་གསོལ་བ་ལ།  བཅོམ་ལྡན་འདས་ཀྱིས་གང་མི་བཟོད་པ་དེ་ཡང་མི་བཟོད་དམ”ཞེས་གསུངས་ཏེ་ཐལ་བ་དང་སུན་འབྱིན་དངོས་སུ་བསྟན་འདུག་གོ།   དེ་བཞིན་ཀླུ་སྒྲུབ་ཀྱིས་མཛད་པའི་《ཞིབ་མོ་རྣམ་འཐག》ཏུ་ཚད་མའི་རྣམ་གཞག་སྐོར་བསྟན་པ་ཞུས་ཟིན་པ་དང་ཐོགས་མེད་ཀྱིས་《ས་སྡེ་ལྔ》དང་།  《མངོན་པ་ཀུན་བཏུས》སོགས་སུ་མངོན་སུམ་ཚད་མ་དང་།   རྗེས་དཔག་ཚད་མ། ལུང་ཚད་མ་སྟེ་གསུམ་བསྟན་ཡོད་པས་གནའ་བོའི་རྒྱ་གར་གྱི་ཚད་མའི་དབྱེ་སྒོ་དང་ཕལ་ཆེར་མཐུན་མོད།  《རིགས་པའི་མདོ》རུ་གསལ་བའི་དཔེ་ཉེར་མཇལ་དང་། ལྟག་ཆོད་ཀྱི་ཐ་སྙད་མེད་དོ། །ད་དུང་《སའི་དངོས་གཞི》རུ་མངོན་སུམ་ལ་དབང་པོ་གཟུགས་ཅན་པའི་མངོན་སུམ་དང་།  ཡིད་ཀྱིས་མྱོང་པའི་མངོན་སུམ། འཇིག་རྟེན་གྱི་མངོན་སུམ། དག་པའི་མངོན་སུམ་དང་བཞི་གསུངས་འདུག་ཀྱང་།《མངོན་པ་ཀུན་བཏུས》སུ་མངོན་སུམ་ལ་དབྱེ་བ་ཕྱེ་མེད།   གང་ལྟར་རང་རིག་མངོན་སུམ་མ་བཤད་པ་ཙམ་ལས་ཕྱོགས་གླང་གིས་བཤད་པའི་མངོན་སུམ་ཚད་མའི་དབྱེ་བ་དང་མཐུན་ནོ། །  གཞན་ཡང་《སའི་དངོས་གཞི》དང་《མངོན་པ་ཀུན་བཏུས》གཉིས་སུ་འབྲས་རང་མ་དམིགས་པའི་རྟགས་ཀྱི་ཐ་སྙད་མི་གསལ་རུང་དོན་གྱིས་ཡོད་དེ་《སའི་དངོས་གཞི》ལས།   “དུ་བ་ལས་མེ”⑾ཞེས་དང་། “ནོག་དང་རྭ་ལས་བ་ལང”⑿ཞེས་དང་།“རྒོད་པ་དང་། འབྱར་བ་དང་། ཅོ་འདྲི་བ་དང་། རྩེ་བ་དང་། ཅ་ཅོ་ཆེ་བ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ”⒀ཞེས་སོགས་ཀྱིས་རིམ་པ་ལྟར་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་བསྟན་འདུག་གོ །གོང་གསལ་གྱི་གཞུང་ཚིག་དེ་དག་སྦྱོར་འགོད་བྱེད་ན།  མེ་ཡོད་དེ།  དུ་བ་ཡོད་པའི་ཕྱིར (འབྲས་རྟགས་ཡང་དག) བ་ལང་ཡིན་ཏེ། ནོག་སོགས་འདུས་པའི་གོང་བུ་ཡིན་པའི་ཕྱིར    (རང་བཞིན་གྱི་རྟགས་ཡང་དག)འདོད་ཆགས་དང་བྲལ་བ་མ་ཡིན་ཏེ།  རྒོད་པ་ཡོད་པའི་ཕྱིར (མ་དམིགས་པའི་རྟགས་ཡང་དག) སོགས་ལས་གསལ་པོར་མཐོང་ཐུབ་བོ།   གཞན་ཡང་《ཉན་ས》དང《མངོན་པ་ཀུན་བཏུས》གཉིས་སུ་རིགས་པ་བཞི་བསྟན་འདུག་སྟེ《ཉན་ས》ལས།  “རིགས་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་།  འཐད་པ་སྒྲུབ་པའི་རིགས་པ་དང་།  ཆོས་ཉིད་ཀྱི་རིགས་པས་སོ”⒁ ཞེས་དང་།《མངོན་པ་ཀུན་བཏུས》ལས།  “ཆོས་ལ་བརྩོན་པ་ཆོས་ལ་རྣམ་པར་དཔྱོད་པ་ན་རིགས་པ་དུ་ཞིག་གིས་རྣམ་པར་དཔྱོད་ཅེ་ན། བཞིས་དཔྱོད་དེ། ལྟོས་པའི་རིགས་པ་དང་།  བྱ་བ་བྱེད་པའི་རིགས་པ་དང་།  གཏན་ཚིགས་སྒྲུབ་པའི་རིགས་པ་དང་།  ཆོས་ཉིད་ཀྱི་རིགས་པའོ་⒂ཞེས་གསུངས་ཤིང་། དེ་དང་ཆ་འདྲ་བར《མདོ་སྡེ་དགོངས་འགྲེལ》ལེའུ་བཅུ་པ་ལས་ཀྱང་བཤད་དོ།།   
          གོང་གསལ་གྱི་གཞུང་དེ་དག་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་གཉིས་པ་དང་གསུམ་པའི་ནང་བརྩམས་པ་དང་།  གཞུང་དེ་དག་ལས་ཚད་མའི་སྐོར་ཐར་ཐོར་གྱི་ཚུལ་དུ་མང་དུ་བསྟན་འདུག་ཀྱང་།  ཚད་མའི་གོ་དོན་དང་རབ་དབྱེ་སོགས་ཆ་ཚང་བར་སྟོན་པའི་གཞུང་མིན་པས་དེ་དག་ཚད་མ་རིགས་པའི་གཞུང་དུ་བརྩི་མི་རིགས་ཀྱང་།  ཕྱིས་ཀྱི་ནང་པའི་ཚད་མ་རིག་པའི་གཞུང་གི་རྨང་གཞི་ཡིན་པ་ཤེས་ཐུབ།  དེས་ན་སྟོན་པ་སངས་རྒྱས་ནས་བཟུང་ཕྱོགས་གླང་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་བར་ལ་ཁོ་ཚོས་མཛད་པའི་བཀའ་དང་བསྟན་བཅོས་རྣམས་སུ་ཚད་མའི་རྣམ་གཞག་འགའ་ཐར་ཐོར་གྱི་ཚུལ་དུ་བསྟན་པ་ཙམ་ལས་རང་རྐྱ་ཐུབ་པའི་ཚད་མ་རིག་པའི་གཞུང་ཞིག་བྱུང་མེད་པས། ནང་པའི་ཚད་མ་རིག་པའི་ལོ་རྒྱུས་ཀྱི་ཆ་ནས་བལྟས་ན་དུས་སྐབས་དེའི་ནང་པའི་ཚད་མ་ལ་སྔ་དར་ནང་པའི་ཚད་མ་ཞེས་བརྗོད་ཆོག་པར་སྙམ་མོ། ། 
བཞི་པ།  ནང་པའི་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཐོག་མ།
          ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་“ནང་པའི་ཚད་གཞུང་རྣམས་ཀྱི་ཐོག་མ་རྩོད་གྲུབ་སྟེ་⒃ཞེས།《རྩོད་གྲུབ》ནང་པའི་ཚད་གཞུང་རྣམས་ཀྱི་ཐོག་མ་རུ་བཞེད།  ཡོངས་གྲགས་སུ་གཞུང་འདིའི་བྱེད་པོ་སློབ་དཔོན་དབྱིག་གཉེན་ཡིན་པར་བཤད་ཀྱང་།   སློབ་དཔོན་ཕྱོགས་གླང་གིས་མཛད་པའི་《ཚད་མ་ཀུན་བཏུས་རང་འགྲེལ》དུ་དགག་པ་རྒྱ་ཆེར་གནང་ཡོད་པས་གཅུང་དབྱིག་གཉེན་གྱིས་མ་མཛད་པ་གསལ།  སྤྱིར་རྒྱ་གར་རང་དུ་དབྱིག་གཉེན་ཞེས་པའི་མིང་ཅན་གྱིས་བརྩམས་པའི་བསྟན་བཅོས་ཤིན་ཏུ་མང་།  དཔེར་ན་བོད་དུ་མ་འགྱུར་བའི་སྐོར་ལ་《རྩོད་ཆོག》དང་《རྩོད་གྲུབ》 《རྩོད་པའི་སྙིང་པོ》 《རྟོག་གེའི་བསྟན་བཅོས》སོགས་ཤིན་ཏུ་མང་།  བོད་ཀྱི་བསྟན་བཅོས་རྣམས་སུ་གཞུང་དེ་དག་གཅུང་དབྱིག་གཉེན་གྱིས་མཛད་པའི་གསལ་ཁ་མེད་ཅིང་།  ད་དུང་དབྱིག་གཉེན་ཞེས་པའི་མཁས་པ་སྔ་ཕྱི་གཉིས་བྱུང་བ་གྲགས་ཡོད་དེ། 《དུང་དཀར་ཚིག་མཛོད་ཆེན་མོ》རུ་“གཞན་ཡང་སློབ་དཔོན་འདི་ལ་སྔ་ཕྱི་གཉིས་བྱུང་སྐོར།  《དེབ་ཐེར་སེར་པོ》ལས་གསལ”⒄ཞེས་གསུངས་པ་ལྟར་རོ། །  《རྩོད་ཆོག》ནི་ནང་པའི་ཚད་མའི་གཞུང་ཞིག་ཡིན་པ་གདོན་མི་ཟ་ཞིང་།  བྲམ་ཟེ་རྐང་མིག་གིས་བྱས་པའི《རིགས་པའི་མདོ》རུ་མང་དུ་བཀག་ཡོད་པར་བརྟག་ན་མ་མཐའ་ཡང་དུས་རབས་གསུམ་པའི་སྐབས་ལ་བརྩམས་པར་ཚོད་དཔག་བྱེད་ཐུབ།    དེར་མ་ཟད《རྩོད་གྲུབ》དང་《རྩོད་ཆོག》གཉིས་སློབ་དཔོན་ཕྱོགས་གླང་སོགས་ཀྱི་གཞུང་དུའང་མང་དུ་ལུང་འདྲེན་བྱས་ཡོད་པས་སློབ་དཔོན་ཕྱོགས་གླང་སོགས་ཀྱི་གཞུང་ལས་སྔ་བ་ཤེས་ཐུབ།  གང་ལྟར་ཡང་དབྱིག་གཉེན་ཞེས་པའི་མིང་ཅན་གྱིས་མཛད་པའི་《རྩོད་གྲུབ》དང་《རྩོད་ཆོག》གཉིས་ནི་ནང་པའི་ཚད་མ་རིག་པའི་གཞུང་གི་ཐོག་མ་རུ་ངོས་འཛིན་མཁན་སྣང་མོད། ནང་པའི་ཚད་མ་རིག་པའི་ལོ་རྒྱུས་ཀྱི་ཆ་ནས་བལྟས་ན།    གཞུང་དེ་གཉིས་ནི་ནང་པའི་ཚད་མ་རིག་པའི་གཞུང་དོན་ཆ་ཚང་བར་སྟོན་པའི་རང་རྐྱ་བའི་གཞུང་ཞིག་ཏུ་གྱུར་མེད་དོ། །  དེས་ན་ནང་པའི་ཚད་མ་རིག་པའི་གཞུང་གི་ཐོག་མ་གང་ཞེ་ན། སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་ཚད་མ་རང་ལས་མཁས་པ་ཕྱོགས་གླང་480-540གིས་མཛད་པའི《ཚད་མའི་མདོ་ཀུན་ལས་བཏུས་པ》ཞུ་བ་འདི་ཡིན།  སློབ་དཔོན་ཕྱོགས་གླང་དང་འབྲེལ་བ་ཡོད་པའི་རྒྱ་བོད་ཀྱི་ཡིག་ཆ་དུ་མར།   སློབ་དཔོན་ཕྱོགས་གླང་གིས་《དམིགས་པ་བརྟག་པ》ལ་སོགས་པའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྩམས་པར་གྲགས་པ་དང་། དེ་དག་གི་དོན་གཅིག་ཏུ་བསྡུས་པ《ཚད་མའི་མདོ་ཀུན་ལས་བཏུས་པ》བརྩམས་པར་བཤད་པ་སོགས་ལ་བརྟག་ནའང《ཚད་མའི་མདོ་ཀུན་ལས་བཏུས་པ》མ་བརྩམས་གོང་ནང་པའི་ཚད་གཞུང《རྩོད་ཆོག》སོགས་ཡོད་ཀྱང་དེ་དག་གཞུང་དོན་མི་ཚང་བས་ཐོར་བུར་སྣང་ཞིང་།  ནང་པའི་ཚད་མ་རིག་པའི་གཞུང་གི་ཐོག་མ་རུ་མི་བརྩིའོ། །  ནང་པའི་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཐོག་མ《ཚད་མའི་མདོ་ཀུན་ལས་བཏུས་པ》འདི་ལ་བསྡོམས་པའི་ལེའུ་དྲུག་ཡོད་དེ།   མངོན་སུམ་གྱི་ལེའུ་དང་། རང་དོན་རྗེས་དཔག་གི་ལེའུ།    གཞན་དོན་རྗེས་དཔག་གི་ལེའུ། དཔེ་བརྟག་པའི་ལེའུ།   གཞན་སེལ་གྱི་ལེའུ། ལྟག་ཆོད་ཀྱི་ལེའུ་དང་བཅས་སོ། །    གཞུང་འདིའི་ལེའུ་རེ་རེའི་སྐབས་ཀྱི་བརྡ་ཆད་དང་གོ་རིམ། རིགས་ལམ་གྱི་འགྲོས་སོགས་ཆ་གང་ནས་བལྟས་ཀྱང་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པའི་གཞུང་སྟེ་ཕྱི་རོལ་བའི་གཞུང་ནས་བསྟན་པའི་ཚད་མའི་རྣམ་གཞག་དང་གཅིག་མཚུངས་སུ་འདུག་མོད།  བརྗོད་བྱའི་སྙིང་པོ་ནི། དངོས་སྟོབས་ཀྱི་རིགས་པའི་ལམ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྒྱུ་དེ་ཡིན་པས་གཞུང་འདི་ནང་པའི་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའི་གཞུང་དུ་གྱུར་བ་རེད།  ཕྱོགས་གླང་གི་ཚད་གཞུང་འདི་གཞུང་སྔ་མ་རྣམས་དང་བསྡུར་ན་ཁྱད་ཆོས་ཤིན་ཏུ་མང་།   དེའི་ནང་གཙོ་བོ་འགའ་བརྗོད་ན།  མངོན་སུམ་བཞི་ལས་རང་རིག་མངོན་སུམ་གྱི་སྲོལ་ནི་སློབ་དཔོན་ཕྱོགས་གླང་གིས་ཕྱེས་པ་ཡིན་ཏེ།《ཚད་མའི་མདོ་ཀུན་ལས་བཏུས་པ》ལས།  རང་རེའི་རིག་བྱ་ཐ་སྙད་ཀྱིས།  །བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཡིད་ཀྱང་དོན་དང་ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཡིན། །”⒅ཞེས་གསུངས་ཏེ་རང་རིག་གི་རྣམ་གཞག་གསལ་བར་བཏོན་པ་དང་།  ཀླུ་སྒྲུབ་ཀྱིས་མཛད་པའི《རྩ་ཤེས》ལས། “མར་མེས་རང་དང་གཞན་གྱི་དངོས།  །གལ་ཏེ་སྣང་པར་བྱེད་འགྱུར་ན། །མུན་པས་རང་དང་གཞན་གྱི་དངོས། །  སྒྲིབ་པར་འགྱུར་བ་ཐེ་ཚོམ་མེད།།”⒆ཅེས་གསུངས་ཏེ་རང་རིག་དང་ཆ་འདྲ་བ་བསྟན་འདུག་མོད།  རང་རིག་ཅེས་པའི་བརྡ་ཆད་དང་ངོ་བོ་རབ་དབྱེ་སོགས་ཀྱི་དཔྱད་པ་མི་སྣང་ངོ་། ། རྗེས་སུ་དཔལ་ལྡན་ཆོས་ཀྱི་གྲགས་པས“གང་གིས་མཐོང་བ་འདྲ་བ་ནི།  །སེམས་གཞན་གྱིས་ནི་མཐོང་གྱུར་པ། །དེ་ལ་མཐོང་ཅེས་བརྗོད་ཅེ་ན།  །འདི་འདྲ་བས་ན་རང་རིག་གྲུབ།།”⑩ཅེས་དང་།  “དྲན་པ་ལས་ཀྱང་བདག་རིག་གྲུབ། །ཤེས་པ་གཞན་གྱིས་རིག་ན་ནི།  །རིང་སོགས་འཛིན་པར་མི་འགྱུར་ཏེ།  །ཡུན་རིང་གནས་པ་མེད་ཕྱིར་རོ།།”(21)ཞེས་གསུངས་ཏེ་རང་རིག་ཡོད་པའི་སྒྲུབ་བྱེད་མང་དུ་བཀོད་ནས་རང་རིག་མངོན་སུམ་ཚད་མའི་ལམ་སྲོལ་རྒྱས་པར་ཕྱེས་འདུག  གྲུབ་མཐའི་དབང་དུ་བཏང་ན་རང་རིག་མངོན་སུམ་ནི་མདོ་སྡེ་བ་དང་སེམས་ཙམ་པ་ཁོ་ནས་ཁས་ལེན་པ་དང་།  ཕྱོགས་གླང་ཡབ་སྲས་ཀྱིས་ཚད་གཞུང་རྩོམ་སྐབས་གཙོ་བོ་སེམས་ཙམ་པའི་ལྟ་བ་གཞིར་བཟུང་ནས་བརྩམས་པའང་ཤིན་ཏུ་གསལ་ཞིང་། གཞུང་ལ་ལར་དཔལ་ལྡན་ཆོས་གྲགས་ནི་སེམས་ཙམ་པའི་ལྟ་བ་ཁོ་ན་རང་ལུགས་སུ་འཛིན་མཁན་ཞིག་ཡིན་པར་བཤད་འདུག་གོ །  
          གཞན་སེལ་གྱི་རྣམ་གཞག་འདི་ཡང་སློབ་དཔོན་ཕྱོགས་གླང་གིས་གསར་དུ་བཏོད་པ་དང་།  ཁོང་གིས་བརྩམས་པའི《ཚད་མའི་མདོ་ཀུན་ལས་བཏུས་པ》ཡི་ཁྱད་ཆོས་གཙོ་བོ་ཞིག་ཏུ་འཁུམས་ཏེ། རྒྱལ་ཚབ་རྗེས་“གཞན་སེལ་བའི་རྣམ་གཞག་འདི་ཕྱོགས་གླང་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་རིགས་པའི་གསང་བ་ཡིན་ཏེ།འདི་མ་ཤེས་པར་སྒྲོ་འདོགས་མ་ཆོད་པ་ལ་ཆོད་སྙམ་པ་དང་། ཆོད་པ་ལ་མ་ཆོད་སྙམ་ནས་གཞི་དང་། ལམ་དང་། འབྲས་བུའི་རྣམ་གཞག་ཐམས་ཅད་ཕྱིན་ཅི་ལོག་ཏུ་གོ་བར་འགྱུར་བའི་ཕྱིར་རོ།  །འདི་མ་གོ་བར་རྟོག་པས་གཟུང་བ་དངོས་པོ་ཡིན་པར་བཀག་ན།  སྒྲ་བུམ་སོགས་ཀྱང་དངོས་པོ་མིན་པ་མཚུངས་པར་མཐོང་ནས་བུམ་པ་དངོས་པོ་མིན་པར་འདོད་པ་སོགས།  ལུགས་འདི་ལ་གནས་མིན་པའི་ལོག་རྟོག་རྣམས་འབྱུང་བ་ཡིན་ནོ།།”(22)ཞེས་གསུངས་པ་འདི་ལས་གཞན་སེལ་གྱི་དོན་སྙིང་དང་གལ་ཆེན་རང་བཞིན་མཐོང་ཐུབ། མདོར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་《ཚད་མའི་མདོ་ཀུན་ལས་བཏུས་པ》རུ།  རིག་པ་ཅན་པས་འདོད་པའི་སྒྲུབ་ངག་ཡན་ལག་ལྔ་ལེགས་པར་སུན་ཕྱུང་ནས་རང་ལུགས་ལ་སྒྲུབ་ངག་ཡན་ལག་གསུམ་དང་། གཏན་ཚིགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་དུ་ངེས་པ་དང་།  ཚུལ་གསུམ་སོ་སོའི་མཚན་ཉིད་གཏན་ལ་ཕབ་སྟེ་ནང་པའི་ཚད་མ་རིག་པའི་ལམ་སྲོལ་རྒྱ་ཆེར་ཕྱེས་པ་ཡིན་ནོ།།   
ལྔ་པ།  ཚད་མའི་གོ་དོན།
          ཚད་མ་ཞེས་པའི་ཐ་སྙད་འདི་ཐོག་མར་གནའ་བོའི་རྒྱ་གར་ནས་བྱུང་ཞིང་། སྐད་དོན་ནི་པྲ་མཱ་ཎ་ཞེས་པ་འདི་ཡིན།  དོན་བསྒྱུར་བྱས་ན་པྲ་ནི་རབ་ཏུ་དང་མཱ་ཎ་ནི་འཇལ་བ་ལ་འཇུག་པས་ཚིག་ངོས་ཀྱི་གོ་དོན་ནི་རབ་ཏུ་འཇལ་བ་ལ་འཇུག་གོ །  དེ་བས་ཚད་མ་ཡིན་ན་རང་གི་གཞལ་བ་གཞལ་བ་ལྟར་གྲུབ་པའི་རིག་པ་སྟེ་བློ་ཡང་དག་པ་ཞིག་ལ་གོ་དགོས་པ་ནི་ཚད་མ་རིག་པ་སྨྲ་བ་སྤྱིའི་བཞེད་པ་ཡིན།  ཚད་མ་རིག་པའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཚད་མ་རིག་པ་སྨྲ་བའི་སློབ་དཔོན་སོ་སོའི་དད་ཡུལ་གྱི་ཆོས་དང་།  རིག་གཞུང་མི་འདྲ་བའི་ཤུགས་རྐྱེན་འོག་ཚད་མའི་དོན་ལ་གོ་བ་ལེན་སྟངས་མི་འདྲ་བ་འགའ་བྱུང་འདུག་སྟེ། རྒྱང་འཕེན་པ་དང་དེའི་རྗེས་འབྲངས་ཀྱི་མཚན་ཉིད་པས་ཚད་མ་ཡིན་ན་ཡུལ་གྱི་རང་མཚན་གསལ་བར་སྣང་བའི་ཤེས་པ་མ་འཁྲུལ་པ་ཞིག་ལ་འདོད་པས་ཚད་མ་ལ་མངོན་སུམ་གཅིག་པུ་བཞེད་པ་དང་།  གྲངས་ཅན་པ་སོགས་གནའ་བོའི་རྒྱ་གར་གྱི་མཚན་ཉིད་སྨྲ་བ་མང་ཤོས་ཀྱིས་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བཞེད་པས་ཚད་མ་ཡིན་ན་ཡུལ་གྱི་རང་མཚན་བསལ་བར་སྣང་བའི་མངོན་སུམ་གྱིས་མ་ཁྱབ་པ་དང་།  རྟགས་ཡང་དག་ལ་བརྟེན་པའི་རྗེས་དཔག་ཀྱང་ཚད་མར་བཞེད་དོ། །  
          ནང་པ་ལ་མཚོན་ན་སློབ་དཔོན་ཕྱོགས་གླང་གིས་མཛད་པའི《ཚད་མའི་མདོ་ཀུན་ལས་བཏུས་པ》རུ།“མངོན་སུམ་དང་ནི་རྗེས་སུ་དཔག ། ཚད་མའོ་མཚན་ཉིད་གཉིས་གཞལ་བ། །དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །”ཞེས་གསུངས་ཏེ་ཚད་མ་དང་གཞལ་བའི་གྲངས་ངེས། །གྲངས་དེ་ལས་གཞན་དུ་རྟོག་པ་འགོག་པའི་ཚུལ་མདོ་ཙམ་ཞིག་མ་གཏོགས་ཚད་མ་སྤྱིའི་མཚན་ཉིད་དངོས་སུ་མ་གསུངས་མོད།  མངོན་རྗེས་ཀྱི་མཚན་ཉིད་དངོས་སུ་བསྟན་འདུག་སྟེ།  “མིང་དང་རིགས་སོགས་སྦྱོར་བ་ཡི།   །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པས་མངོན་སུམ་ཚད་མ་དང་།“རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན།  །”ཞེས་པས་རྗེས་དཔག་ཚད་མའི་མཚན་ཉིད་དངོས་སུ་བསྟན་ཅིང་། །ནང་པའི་ཚད་མ་རིག་པའི་རྗེས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་མངོན་རྗེས་གཉིས་ཀྱི་ཚད་མའི་མཚན་ཉིད་ཀྱང་དྲངས་མ་ཐག་པའི་ལུང་སྒྲ་ཇི་བཞིན་ཡིན་ནོ།  །ཕྱོགས་གླང་གི་རྗེས་སུ་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་གྲགས་600—660བྱོན་ནས་ཁོང་གིས་《ཚད་མ་སྡེ་བདུན》བརྩམས་པ་དང་།  ལྷག་པར་ཚད་མ་རིག་པའི་གཞུང་དོན་ཆ་ཚང་བར་སྟོན་པའི་《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》གྱི་ལེའུ་གཉིས་པ་ཚད་མ་གྲུབ་པའི་ལེའུ་རུ“ཚད་མ་བསླུ་མེད་ཅན་ཤེས་པ”ཞེས་གསུངས་ནས་ཚད་མའི་མཚན་ཉིད་གསལ་བར་གསུངས་འདུག་པ་དང་།  ལུང་ཚིག་དེ་ནི་ནང་པའི་ཚད་མ་རིག་པའི་རྗེས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་ཚད་མའི་མཚན་ཉིད་ཀྱི་ཁུངས་གཏུགས་ས་ཞིག་ཏུ་གྱུར་ཡོད།  ནང་པའི་ཚད་མ་རིག་པའི་ལོ་རྒྱུས་ངོས་ནས་བལྟས་ན་སློབ་དཔོན་གླང་གིས་མཛད་པའི་《ཚད་མའི་མདོ་ཀུན་ལས་བཏུས་པ》ནི་ནང་པའི་ཚད་མ་རིག་པའི་གཞུང་གི་ཁུངས་གཏུགས་ས་གཙོ་བོ་དང་།  དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》ནི་བསླབ་གཞི་གཙོ་བོ་རུ་གྱུར་འདུག་པས།  རྒྱ་བོད་གཉིས་སུ་གཞུང་འདི་གཉིས་ཀྱི་འགྲེལ་བ་ཤིན་ཏུ་མང་།  《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》གྱི་གཞུང་འགྲེལ་གྱི་གོ་རིམ་ཁྲོད་ཚད་མའི་མཚན་ཉིད་ངོས་འཛིན་ཚུལ་ལ་ལྟ་བ་མི་མཐུན་པ་འགའ་བྱུང་ཡོད། དཔེར་ན། “མ་ཤེས་དོན་གྱི་གསལ་བྱེད་ཀྱང་།”(23)ཞེས་པའི་ལུང་ཚིག་འདི་ལ་བརྟེན་ནས་ཚད་མ་ཡིན་ན་མི་བསླུ་བའི་ཤེས་པ་ཡིན་དགོས་པར་མ་ཟད།  གསར་རྟོགས་ཀྱི་ཤེས་པའང་ཡིན་དགོས་པའི་ཞིབ་ཆ་བཏོན་འདུག འདིར་ཤེས་དགོས་པ་ཞིག་ལ།  “ཚད་མ་བསླུ་མེད་ཅན་ཤེས་པ”ཞེས་པའི་ལུང་ཚིག་འདི་ནི《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》གྱི་ལེའུ་གཉིས་པ་ཚད་གྲུབ་ཀྱི་ལེའུ་ཡི་ཤོ་ལོ་ཀ་དང་པོའི་རྐང་པ་དང་པོ་ཡིན་པ་དང་།  “མ་ཤེས་དོན་གྱི་གསལ་བྱེད་ཀྱང”ཞེས་པའི་ལུང་ཚིག་འདི་ནི་ཤོ་ལོ་ཀ་ལྔ་པའི་རྐང་པ་གསུམ་པ་ཡིན།  ཕྱིས་ཀྱི་འགྲེལ་མཛད་འགས་ལུང་ཚིག་གཉིས་ཀ་ཤོ་ལོ་ཀ་གཅིག་ཏུ་བརྩིས་ནས་གཉིས་ཀས་ཚད་མའི་མཚན་ཉིད་ཆ་ཚང་ཞིག་བསྟན་པར་འདོད་པ་ནི་ཅུང་མི་བདེ་བར་སྣང་ངོ་། །  
          ས་པཎ་གྱི་《ཚད་མ་རིགས་གཏེར་གྱི་རང་འགྲེལ》དུ།“སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞུང་གི་ཆ་འགའ་ཞིག་ཏུ་མི་བསླུ་བ་དང་འགའ་ཞིག་ཏུ་མ་ཤེས་དོན་གསལ་དུ་གསུངས་ལ།  དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་གཉིས་དགོངས་པ་གཅིག་ཏུ་མཛད་ནས་བློ་དེ་དོན་དེ་ལ་མི་བསླུ་བའི་ནུས་པ་ཉིད་ལ་བཞེད”(24)ཅེས་གསུངས་པ་འདི་ལ་དཔྱད་ན། ནང་པའི་ཚད་མའི་ལོ་རྒྱུས་སུ་སློབ་དཔོན་ཕྱོགས་གླང་གིས་《ཚད་མའི་མདོ་ཀུན་ལས་བཏུས་པ》མ་བརྩམས་གོང་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་མཛད་པར་གསུངས་པ་དེ་དག་ཏུ་ཚད་མའི་མཚན་ཉིད་མི་བསླུ་བ་དང་མ་ཤེས་དོན་གསལ་སོགས་གསུངས་ཡོད་ལས་ཆེ་ཟེར་རྒྱུ་མ་གཏོགས《ཚད་མའི་མདོ་ཀུན་ལས་བཏུས་པ》རུ་ཚད་མའི་མཚན་ཉིད་གསུངས་མི་འདུག་པ་དང་།  དཔལ་ལྡན་ཆོས་ཀྱི་གྲགས་པས་ལུང་ཚིག་དེ་གཉིས་ཀྱིས་ཚད་མའི་མཚན་ཉིད་ཆ་ཚང་བར་བསྟན་པར་བཞེད་མིན་ལ་ཕྱིས་ཀྱི་མཁས་པ་རྣམས་ཞལ་མི་མཚུངས་སོ། །  གང་ལྟར་ཡང་ས་པཎ་གྱིས་བློ་དེ་དོན་དེ་ལ་མི་བསླུ་བའི་ནུས་པ་ཚད་མའི་མཚན་ཉིད་དུ་འདོད་པ་ཞུས་ཟིན་པ་དང་།  ཚད་མ་དང་ཡང་དག་པའི་ཤེས་པ་གཉིས་མིང་གི་རྣམ་གྲངས་སུ་བཞེད་དེ།《ཚད་མ་རིགས་གཏེར་གྱི་རང་འགྲེལ》དུ་“ཚད་མ་དང་ཡང་དག་པའི་ཤེས་པ་གཉིས་མིང་གི་རྣམ་གྲངས་ཡིན་པས་ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ”(25)ཞེས་གསུངས་པས་སོ། །
དྲུག་པ།  ཚད་མ་རིག་པའི་འཕེལ་འགྱུར།
          གོང་དུ་ཞུས་པ་བཞིན་སྤྱི་ལོའི་སྔོན་གྱི་དུས་རབས་དགུ་པ་ནས་བཟུང་གནའ་བོའི་རྒྱ་གར་དུ་ཚད་མ་ཞེས་པའི་ཐ་སྙད་དང་རྣམ་གཞག་བྱུང་འདུག་པ་དང་། སྤྱི་ལོའི་དུས་རབས་གཉིས་པར་སླེབས་དུས་རིགས་པ་ཅན་གྱི་སྟོན་པ་དྲང་སྲོང་རྐང་མིག་གིས་སྔོན་གྱི་ཚད་མའི་རྣམ་གཞག་ལས་བྱུང་བའི་རིགས་ལམ་མཐའ་དག་ཕྱོགས་སྡོམ་བགྱིས་ཏེ《རིགས་པའི་མདོ》བརྩམས་པ་ནས་བཟུང་གཞུང་དེ་ཉིད་རང་རྐྱ་ཐུབ་པའི་རིག་གཞུང་གསར་པ་ཞིག་ཏུ་གྱུར་པར་མ་ཟད།  གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པའི་གཞུང་གི་ཐོག་མ་རུའང་གྱུར་འདུག  《རིགས་པའི་མདོ》ཡི་ཁྱད་ཆོས་གཙོ་བོ་ནི།  གཞུང་དེ་ལས་ཚད་མ་བཞི་དང་སྒྲུབ་ངག་ཡན་ལག་ལྔ་ལེགས་པར་གཏན་ལ་ཕབ་ཡོད་པ་དེ་ཡིན། དུས་རབས་ལྔ་པར་སླེབས་དུས་སློབ་དཔོན་ཕྱོགས་ཀྱི་གླང་པོས་《རིགས་པའི་མདོ》ལས་བསྟན་པའི་སྒྲུབ་ངག་ཡན་ལག་ལྔ་རྣམ་པར་བཀག་སྟེ་སྒྲབ་ངག་ཡན་ལག་གསུམ་(ཕྱོགས་ཆོས་བརྗོད་པའི་ཡན་ལག   ཁྱབ་པ་བརྗོད་པའི་ཡན་ལག  མཐུན་དཔེ་བརྗོད་པའི་ཡན་ལག)དང་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་གཏན་ལ་ཕབ།  དེ་རྗེས་དཔལ་ལྡན་ཆོས་ཀྱི་གྲགས་པས་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་དུ་ངེས་པའི་རྒྱུ་མཚན་ལ།  རྟགས་ཆོས་ཀྱི་འབྲེལ་བ་གསལ་བར་བྱེད་པའི་བདག་གཅིག་འབྲེལ་དང་།   རྟེན་བྱུང་འབྲེལ་གཉིས་སུ་ངེས་པ་དང་། སྒྲུབ་ངག་ཡན་ལག་གཉིས་(འབྲེལ་བ་བརྗོད་པ།  ཕྱོགས་ཆོས་བརྗོད་པ)སུ་ངེས་པའི་ལམ་སྲོལ་རྒྱ་ཆེར་ཕྱེས།  བོད་དུ་ཆ་པ་ཆོས་ཀྱི་སེང་གེ་“ཆྭ་པའི་ལུགས་ཀྱི་རྫ་ས་ལྡོག”དང་།  “དགག་གཞི་རྐྱང་རྩིས” “ཁས་ལེན་སོང་ཚུལ”སོགས་སྔར་རྒྱ་གར་དུའང་བྱུང་མ་མྱོང་བའི་རིགས་ལམ་གྱི་གསང་བ་མང་པོ་གསར་གཏོད་གནང་།  གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་བོ་དོང་པཎ་གྱིས“ཚད་མ་རིག་སྣང་བ་བའི་ལུགས་སྲོལ་ཟུར་དུ་དབྱེ”(26)བར་གསུངས་མོད་དཔེ་རྒྱུན་བཀོད་པས་མཇལ་མ་ཐུབ་བོ། ། 
བདུན་པ།  ཆོས་གྲགས་རྗེས་འབྲངས་ཀྱི《ཚད་མ་རྣམ་འགྲེལ》ལས་བསྟན་པའི་ཚད་མའི་མཚན་ཉིད་ཀྱི་གོ་བ་ལེན་སྟངས་སྣ་ཚོགས།
          དུས་རབས་བདུན་པའི་སྐབས་དཔལ་ལྡན་ཆོས་ཀྱི་གྲགས་པ་བྱོན་ཏེ་ཁོང་གིས་《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》བརྩམས་པ་ནས་བཟུང་ནང་པ་ཕལ་ཆེར་གྱིས་བསྟན་བཅོས་དེ་ཚད་མ་རིག་པའི་ཚད་ཐུབ་ཀྱི་གཞུང་དུ་བརྩི། དེ་བས་རྒྱ་བོད་གཉིས་སུ་བསྟན་བཅོས་དེའི་འགྲེལ་བ་ཤིན་ཏུ་མང་།  འདིར་བསྟན་བཅོས་དེ་དག་ཏུ་ཚད་མའི་གོ་དོན་ལ་གོ་བ་ལེན་ཚུལ་མི་གཅིག་པ་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བཀོད་ནས་དབྱེ་ཞིབ་བྱས་ན། 《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》དུ་“ཚད་མ་བསླུ་མེད་ཅན་ཤེས་པ”ཞེས་དང་།  ཤེས་དོན་གྱི་གསལ་བྱེད་ཀྱང”ཞེས་པའི་ལུང་ཚིག་མི་འདྲ་བ་བྱུང་བ་ཡོད་པ་ལ་བརྟེན་ནས་ཚད་མའི་གོ་དོན་འཇོག་ཚུལ་མི་མཐུན་པ་བྱུང་། དེ་དག་བསྡུ་ན། གོང་གི་ལུང་ཚིག་རེ་རེས་ཚད་མའི་མཚན་ཉིད་ཆ་ཚང་རེ་སྟོན་པར་འདོད་པ་དང་།  གཉིས་ཀ་ཚོགས་ནས་ཚད་མའི་མཚན་ཉིད་ཆ་ཚང་གཅིག་སྟོན་པར་འདོད་པ་དང་།  ལུང་ཚིག་དང་པོ་ཁོ་ནས་ཚད་མའི་མཚན་ཉིད་ཆ་ཚང་ཞིག་སྟོན་པར་འདོད་པ་དང་གསུམ་དུ་འདུ།  
          དང་པོ་ནི་རྒྱ་གར་གྱི་སློབ་དཔོན་ལྷ་དབང་བློ་དང་ཤཱཀྱ་བློ་གཉིས་ཡིན་ཏེ།   དེ་གཉིས་ཀྱིས་ལུང་ཚིག”སྔ་མ་ནི་འཇིག་རྟེན་ལ་གྲགས་པ་དང་།  ཕྱི་མ་ནི་བསྟན་བཅོས་ལ་གྲགས་པའི་མཚན་ཉིད་དུ་འདོད”(22)པར་གསུངས་ཏེ་འཇིག་རྟེན་ལ་གྲགས་པ་དང་བསྟན་བཅོས་ལ་གྲགས་པའི་ཚད་མའི་མཚན་ཉིད་རིགས་གཉིས་བཏོན་པ་དང་།  དེ་དང་འདྲ་བར་རྒྱ་གར་གྱི་སློབ་དཔོན་རྒྱན་མཁན་པོས་ཀྱང“སྔ་མ་ནི་ཐ་སྙད་པའི་ཚད་མའི་མཚན་ཉིད།   ཕྱི་མ་ནི་དོན་དམ་པའི་ཚད་མའི་མཚན་ཉིད་དུ་འདོད”(23)པར་གསུངས་སོ། །  འོ་ན་ཁོ་ཚོས་བཤད་པའི་དོན་དམ་པའི་ཚད་མ་དང་ཐ་སྙད་པའི་ཚད་མའི་དོན་ཇི་ཡིན་ཞེ་ན།  འཕགས་པའི་གང་ཟག་གི་རྒྱུད་ཀྱི་རང་ཡུལ་མངོན་སུམ་དུ་རྟོགས་པའི་གསལ་སྣང་གི་མྱོང་བ་དེ་དོན་དམ་པའི་ཚད་མ་དང་།  སོ་སོ་སྐྱེ་བོའི་རྒྱུད་ཀྱི་གཟུང་འཛིན་གཉིས་སྣང་གི་མི་བསླུ་བའི་རིག་པ་ཐ་སྙད་པའི་ཚད་མའི་དོན་དུ་བཞེད།  ལྟ་བ་འདི་ནི་རྗེས་ཀྱི་ནང་པའི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་ཁས་མི་ལེན་ཞིང་ལྷག་པར་བོད་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་དགག་པ་གནང་འདུག་སྟེ།    ས་པཎ་གྱིས་“མཚན་ཉིད་གཉིས་ཀྱིས་འཇོག་ན་ནི།    །མཚོན་བྱ་དེ་ཡང་གཉིས་སུ་འགྱུར།།”(29)ཞེས་གསུངས་ཏེ་དགག་པ་གནང་འདུག་གོ །  
          གཉིས་པ་ནི་རྒྱ་གར་གྱི་སློབ་དཔོན་ཆོས་མཆོག་རྗེས་འབྲངས་དང་བཅས་པས་བཞེད་དེ། 《འཐད་ལྡན་ཆུང་བ》ལས།  “མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་སྐད་ཅིག་མ་དང་པོ་ཉིད་ནི་ཚད་མ་ཡིན་ལ། དེ་དག་གི་རྒྱུན་དུ་གྱུར་བའི་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ནི་ཚད་མ་ཡིན་པ་སྤངས་པའོ།”(30)ཞེས་གསུངས་ཏེ་ཚད་མ་ཡིན་ན་མི་བསླུ་བ་ཡིན་དགོས་པར་མ་ཟད། གསར་རྟོགས་ཀྱི་ཤེས་པའང་ཡིན་དགོས་པར་བསྟན་ཡོད། དེ་བཞིན་རྗེ་ཐམས་ཅད་མཁྱེན་པས་ཀྱང་“དེས་ན་ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་པའི་དོན་མི་བསླུ་བ་ཙམ་མིན། གསར་དུ་རྟོགས་པ་འདི་ལྟ་བུ་ཡིན་ཞེས་ཤེས་ཕྱིར་དུ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གཞུང་སྔ་མའི་དོན་གསལ་དུ་བཏང་བ་ཡིན་ནོ།”(31)ཞེས་གསུངས།  དྲངས་མ་ཐག་པའི་ལུང་དེ་དག་ལ་བརྟེན་ནས་དགེ་ལུགས་པའི་མཁས་པ་མང་ཤོས་ཀྱིས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འཇོག  །བོད་ཀྱི་ཚད་མ་རིག་པའི་གཞུང་ལ་ལར་ཚད་མའི་མཚན་ཉིད་འཇོག་སྐབས།  《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》ཁུངས་སུ་དྲངས་ནས“ཚད་མ་བསླུ་མེད་ཅན་ཤེས་པ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །”ཞེས་གསུངས་ཏེ་ལུང་ཚིག་སྔ་ཕྱི་གཉིས་ཤོ་ལོ་ཀ་གཅིག་ནང་བརྩི་བ་ནི་རྩ་བའི་གཞུང་དང་མི་མཐུན་ནོ། །དགེ་ལུགས་པའི་མཁས་པ་མང་ཤས་ཀྱིས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འཇོག་པའི་རྒྱུ་མཚན་གཙོ་བོ་དྲངས་མ་ཐག་པའི་ལུང་དེ་དག་ཏུ་མ་ཟད།  བཅད་ཤེས་ཚད་མིན་ཏུ་འཇོག་པ་འདི་ཡང་གཙོ་བོ་ཞིག་ཡིན། ས་པཎ1182 —1251གྱི《ཚད་མ་རིག་གཏེར》དུ།  མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ།  ཚད་མའི་འགལ་ཟླ་རྣམ་པ་གསུམ།  །ཞེས་གསུངས་ནས་ཚད་མིན་གྱི་བློ་གསུམ་གཏན་ལ་ཕབ།  དེའི་ཁོངས་སུ་བཅད་ཤེས་མེད་པ་ཧ་ཅང་གསལ་ཞིང་།  ད་དུང་“བོད་པ་རྣམས་ཡང་དག་ཤེས་པ་ཙམ་དབྱེ་གཞི་མ་ཡིན་ཏེ།  བཅད་ཤེས་དང་ཡིད་དཔྱོད་ཚད་མ་མ་ཡིན་ལ་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་ཟེར་བ་ནི།  དངོས་པོ་སྟོབས་ཞུགས་དང་གཞུང་གི་དགོངས་པ་མ་ཤེས་པར་ཟད་པས་བཀག་ཟིན་ཏེ”(32)ཞེས་གསུངས་པ་འདི་ལས་ས་པཎ་ཡར་སྔོན་གྱི་བོད་སྔ་རབས་པའི་མཁས་པའི་ཁྲོད་དུའང་བཅད“་ཤེས་ཚད་མ་མིན་པར་འདོད་པའི་ལྟ་བ་ཡོད་པ་དང་།  ས་པཎ་རང་ཉིད་ལྟ་བ་དེར་མི་འཐད་པར་མ་ཟད།  བློ་ཡང་དག་པ་དང་ཚད་མ་དོན་གཅིག་ཏུ་འདོད་པ་སོགས་ཤེས་ཐུབ།  ས་པཎ་གྱིས་བཞེད་པའི་ཚད་མའི་མཚན་ཉིད་དང་ཐལ་འགྱུར་བས་བཞེད་པའི་ཚད་མའི་མཚན་ཉིད་དོན་གཅིག་ཏུ་འདུག་གོ །  
           རྗེ་ཙོང་ཁ་པའི(1357  —1419)《སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ》དུ་ཚད་མིན་གྱི་བློ་ལ་བཅད་ཤེས་དང་། ལོག་ཤེས། ཐེ་ཚོ། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ་དང་ལྔ་རུ་དབྱེ་ཡོད་ཅིང་།  དགེ་ལུགས་པའི་རིགས་པ་སྨྲ་བ་མང་ཤོས་ལྟ་བ་འདིའི་རྗེས་འབྲངས་པ་ཡིན་པས་བཅད་ཤེས་ཚད་མར་མི་འདོད་ལ། བཅད་ཤེས་ཀྱི་མཚན་ཉིད་ལ་རྟོགས་ཟིན་རྟོགས་པའི་རིག་པ་འཇོག་པ་དང་།   ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་སྨྲས་པའི་དོན་སྔར་རྟོགས་མ་མྱོང་བ་ཞིག་གསར་དུ་རྟོགས་པའི་དོན་ལ་བཀྲལ་ཏེ་བཅད་ཤེས་ཚད་མར་མི་བཞེད། ཡིན་ནའང་། དགེ་ལུགས་པའི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་བཅད་ཤེས་ཚད་མ་ཡིན་མིན་ཐད་དོགས་སློང་མང་དུ་འདུག  དཔེར་ན།  རྣམ་མཁྱེན་སྐད་ཅིག་གཉིས་པ་ཚད་མ་ཡིན་ནམ་མིན། གལ་ཏེ་ཡིན་ན་གསར་རྟོགས་ཀྱི་བློ་ཡིན་དགོས་པ་དང་།   གསར་རྟོགས་ཀྱི་བློ་ཡིན་ན་རྣམ་མཁྱེན་སྐད་ཅིག་དང་པོའི་མ་རྟོགས་པའི་དོན་གསར་དུ་རྟོགས་པའི་བློ་ཡིན་པར་ཐལ་བ་སོགས་ཀྱི་སྐྱོན་འཕེན་ནོ། །  གལ་ཏེ་མིན་ཞེ་ན། བློ་གྲོས་ཆེན་པོས་མཐོང་ཉིད་ལས། རྣམ་པ་ཐམས་ཅད་ངེས་པར་བྱེད། །སོགས་ཀྱི་ལུང་ལ་བརྟེན་ནས་རྣམ་མཁྱེན་ཡིན་ན་ཚད་མ་ཡིན་པའི་ཁྱབ་པ་སྒྲུབ་པར་བྱེད། ཡང་ལ་ལས་རྣམ་མཁྱེན་སྐད་ཅིག་གཉིས་པ་ནི་གསར་སྐྱེས་ཡིན་པས་དེའི་རྟོགས་པ་ནའང་གསར་རྟོགས་ཡིན་དགོས་པ་སོགས་ཀྱི་སྒྲུབ་བྱེད་འཕེན་ནོ། །   
          གསུམ་པ་ནི་དབུ་མ་ཐལ་འགྱུར་པ་དང་། ས་པཎ།  བཅོམ་ལྡན་རིགས་པའི་རལ་གྲི། འཇུ་མི་ཕམ། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཀྱིས་བཞེད།  ས་པཎ་གྱིས་མཛད་པའི་《ཚད་མ་རིགས་གཏེར》དུ་མི་བསླུ་བའི་ནུས་པ་ཉིད་ཚད་མའི་མཚན་ཉིད་དུ་བཞེད་པ་དང་།བཅོམ་ལྡན་རིགས་རལ་གྱིས་མཛད་པའི《ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག》ཏུ“ཚད་མའི་མཚན་ཉིད་ནི་མི་བསླུ་བ་ཡིན་པའི་ཕྱིར་རོ”(33)ཞེས་གསུངས་པ་དང་།འཇུ་མི་ཕམ་གྱིས་མཛད་པའི《ཚད་མ་རྣམ་འགྲེལ་གྱི་གཞུང་དོན་གསལ་བར་བཤད་པ་ལེགས་བཤད་སྣང་བའི་གཏེར》དུ“ཚད་མ་ནི་བསླུ་བ་མེད་པ་ཅན་གྱི་ཤེས་པ་ལ་བྱའོ”(34)ཞེས་གསུངས་པ་དང་།  མཁས་གྲུབ་རྗེས་མཛད་པའི《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》དུ“རང་དབང་དུ་རང་གིས་ཡོངས་སུ་བཅད་པའི་གཞལ་བྱ་ལ་བསླུ་བ་མེད་པའི་ཤེས་པ”(35)ཚད་མའི་མཚན་ཉིད་དུ་བཞག་འདུག་པ་དང་།  ད་དུང་མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པའི་དོན་མ་ཤེས་པའི་ཤེས་པར་བྱེད་པའི་ནུས་པ་ཡོད་པ་ཙམ་ལ་བཀྲལ་འདུག་པར་མ་ཟད། “གཞུང་དེ་ཚད་མའི་མཚན་ཉིད་སྟོན་བྱེད་མ་ཡིན་ནོ”(36)ཞེས་གསུངས་ཏེ།  《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ》དུ“ཚད་མ་བསླུ་མེད་ཅན་ཤེས་པ།  །མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །”ཞེས་པའི་ལུང་ཚིག་གཉིས་ཀྱིས་ཚད་མའི་མཚན་ཉིད་ཆ་ཚང་ཞིག་སྟོན་པར་འདོད་པ་ལ་དགག་པ་བརྒྱབ་འདུག་གོ ། ཚད་མ་རིག་པ་དང་གཏན་ཚིགས་རིག་པ་གཉིས་ལ་ཁྱད་པར་ཡོད་དམ་ཞེ་ན། ཡོད་དེ། ཚད་མ་རིག་པ་ནི་སྤྱི་དང་གཏན་ཚིགས་རིག་པ་ནི་དེའི་ཁོངས་གཏོགས་ཏེ་བྱེ་བྲག་ཡིན།   རྒྱུ་མཚན་ནི་ཚད་མ་རིག་པའི་ཁོངས་སུ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་འདུ་བ་དང་།   གཏན་ཚིགས་རིག་པ་ནི་རྗེས་དཔག་ཚད་མ་སྟོན་བྱེད་ཀྱི་གཞུང་ཁོ་ན་ཡིན་ཏེ།  ཚུལ་གསུམ་གྱི་རྟགས་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་གཏན་ལ་འབེབས་བྱེད་ཀྱི་ཐབས་ནི་གཏན་ཚིགས་ཡིན་ལ། ཐབས་དེ་ཆ་ཚང་བར་སྟོན་བྱེད་ཀྱི་གཞུང་ལ་གཏན་ཚིགས་རིག་པ་ཟེར། དེས་ན་གཏན་ཚིགས་རིག་པ་ནི་ཚད་མ་རིག་པའི་བྱེ་བྲག་ཡིན་ནོ། །  ཚད་མ་རིག་པའི་གཞུང་གི་ཁྱད་ཆོས་གཙོ་བོ་ནི་གཏན་ཚིགས་རིག་པ་ཡིན་པས་རྗེས་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་གཏན་ཚིགས་རིག་པ་ཟུར་དུ་ཕྱེས་པ་དང་།  བོད་དུའང་《རྟགས་རིག》ཅེས་པའི་གཏན་ཚིགས་རིག་པའི་གཞུང་རང་རྐྱ་བ་བྱུང་ཡོད།   མཁས་པའི་ཞལ་རྒྱུན་དུའང་གཏན་ཚིགས་རིག་པ་དེ་ཚད་མ་རིག་པའི་ཚབ་བྱེད་ལྟ་བུར་འདུག་སྟེ།  རིག་གནས་ཆེ་བ་ལྔ་འདྲེན་སྐབས་སྤྱིར་སྒྲ་རིག་པ་ཚད་མ་རིག་པ་ཞེས་བགྲངས་པ་ཡིན་མོད།  ལ་ལར་ཚད་མ་རིག་པའི་ཚབ་ཏུ་གཏན་ཚིགས་རིག་པ་བགྲངས་པ་འདིས་ཀྱང་བོད་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་ཚད་མ་རིག་པ་ཞེས་པ་གཏན་ཚིགས་རིག་པ་ལ་གོ་བའི་སྣང་ཚུལ་ཡོད་པ་ཤེས་ཐུབ་བོ། །
མཆན་འགྲེལ།
①③འཇམ་བཞད་ཀྱིས་མཛད་པའི《གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ》ཡི་ཤོག་ངོས་102.141ན་གསལ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་1992ལོའི་ཟླ་8པར་བསྐྲུན།   
②④སྟག་ཚང་ལོ་ཙ་བས་མཛད་པའི་《གྲུབ་མཐའ་ཀུན་ཤེས་རྩ་འགྲེལ》གྱི་ཤོག་ངོས་45.53ན་གསལ།   མི་རིགས་དཔེ་སྐྲུན་ཁང་ནས་1999ལོའི་ཟླ་10བསྐྲུན།   
⑤⑦⑾⑿⒀ཁང་དཀར་བས་མཛད་པའི་《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས་493.515.515.515ན་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་1999ལོའི་ཟླ་1བསྐྲུན།   
⑥ལྕང་སྐྱ་རོལ་རྡོས་མཛད་པའི་《གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》གྱི་ཤོག་ངོས་33ན་གསལ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་1989ལོའི་ཟླ་6པར་བསྐྲུན།   
⑧⑨⑩⒆ཀླུ་སྒྲུབ་ཀྱིས་མཛད་པའི་《དབུ་མ་རིགས་ཚོགས་དྲུག》གི་ཤོག་ངོས་71.71.9ན་གསལ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་1996ལོའི་ཟླ་7པར་སྐྲུན།   
⒁《ཉན་ས》ཡི་ཤོག་ངོས57ན་གསལ།  སྡེ་དགེའི་ཤིང་དཔར།   
⒂《ཆོས་མངོན་པ་ཀུན་ལས་བཏུས་པ་བཞུགས་སོ》ཡི་ཤོག་ངོས་7ན་གསལ། སྡེ་དགེའི་ཤིང་དཔར།   
⒄དུང་དཀར་བས་མཛད་པའི.《དུང་དཀར་ཚིག་མཛོད་ཆེན་མོ》ཡི་ཤོག་ངོས་1541ན་གསལ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་2002ལོའི་ཟླ་4པར་བསྐྲུན།   
⒃(26)ཀོང་སྤྲུལ་གྱིས་མཛད་པའི་《ཤེས་བྱ་ཀུན་ཁྱབ》(སྟོད་ཆ)གྱི་ཤོག་ངོས་562.567ན་གསལ།  མི་རིགས་དཔེ་སྐྲུན་ཁང་ནས་1982ལོའི་ཟླ་2པར་བསྐྲུན།   
(18)(20)(21)(23)《ཚད་མ་རིག་པའི་སྐོར་རྒྱ་གཞུང་ཕྱོགས་བསྒྲིགས》ཀྱི་ཤོག་ངོས་306.310.243ན་གསལ།  མི་རིགས་དཔེ་སྐྲུན་ཁང་ནས་1989ལོའི་ཟླ་9པར་བསྐྲུན།   
(22)《གངས་ལྗོངས་རིག་བཅུའི་སྙིང་བཅུད》ཀྱི་ཤོག་ངོས་184ན་གསལ།  མི་རིགས་དཔེ་སྐྲུན་ཁང་ནས་2003ལོའི་ཟླ་1བསྐྲུན།   
(24)(25)(28)(29)(32)ས་པཎ་གྱིས་མཛད་པའི་《ཚད་མ་རིགས་གཏེར་གྱི་རང་འགྲེལ》གྱི་ཤོག་ངོས་213.220.310.23.219ན་གསལ།  མི་རིགས་དཔེ་སྐྲུན་ཁང་ནས་1989ལོའི་ཟླ་3པར་བསྐྲུན།   
(27)(35)(36)མཁས་གྲུབ་རྗེས་མཛད་པའི་《ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ》གྱི་ཤོག་ངོས་108.117ན་གསལ། མི་རིགས་དཔེ་སྐྲུན་ཁང་ནས་1984ལོའི་ཟླ་10པར་བསྐྲུན།   
(30)《སྐལ་བཟང་དཔེ་ཚོགས་གནའ་རྩོམ་སྤྱི་དེབ་ལྔ་པ》ཡི་ཤོག་ངོས་403ན་གསལ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་1999ལོའི་ཟླ་5བསྐྲུན།   
(31)རྗེ་ཙོང་ཁ་པས་མཛད་པའི་《ལེགས་བཤད་གསེར་ཕྲེང》གི་ཤོག་ངོས་1213ན་གསལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་1986ལོའི་ཟླ་12བསྐྲུན།   
(33)བཅོམ་ལྡན་རིགས་རལ་གྱིས་མཛད་པའི་《ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག》གི་ཤོག་ངོས་15ན་གསལ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་1991ལོའི་ཟླ་1oཔར་བསྐྲུན།   
(34)འཇུ་མི་ཕམ་གྱིས་མཛད་པའི་《ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར》གྱི་ཤོག་ངོས་37ན་གསལ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་1984ལོའི་ཟླ་10པར་བསྐྲུན།  
སྙན་བཟང་པ་དགེ་འདུན།  མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཡིག་སྡེ་ཁག་ཏུ་ཕྱག་ལས་གནང་བཞིན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1