༄༅།། དུས་སྐབས་གསར་པའི་དུས་མགོའི་བོད་ཀྱི་རྩོམ་རིག་བསྟན་བཅོས་འགའི་ཁྱད་ཆོས་བརྗོད་པ།

ཆབ་འགག་རྟ་མགྲིན། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-05


 ཆབ་འགག་རྟ་མགྲིན།
             དེ་ཡང“རིག་གནས་གསར་བརྗེ་ཆེན་པོའི”ཟིང་ཟིང་གི་ལོ་ཟླའི་ནང་དུ་གཡོན་ཐལ་ཆེ་བའི་བསམ་བློའི་ཤུགས་རྐྱེན་འོག  བོད་ཀྱི་རྩོམ་རིག་སོགས་རིག་གནས་སྤྱི་ལ་གནོད་པ་ཚབས་ཆེན་ཐེབས་རུང་།  1978ལོར་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ནས་གཡོན་ཐལ་ཆེ་བའི་ནོར་འཁྲུལ་བསམ་བློ་ཡོ་བསྲང་བྱས་པ་དང་།  ཏང་གི་ལས་དོན་གྱི་ལྟེ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་བྱ་བར་བསྒྱུར་ཞིང་།   ལག་ལེན་ནི་བདེན་དོན་ཚོད་འགམ་བྱེད་པའི་ཚད་གཞི་ཉག་གཅིག་ཡིན་པའི་ཁ་ཕྱོགས་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སྐྱར་དུ་གཏན་ལ་ཕབ་པའི་དུས་མཚུངས་སུ་བོད་ཀྱི་ལས་དོན་ཐམས་ཅད་བོད་ཀྱི་དོན་དངོས་དང་བསྟུན་དགོས་པའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་གཏན་ལ་ཕབ།  དེ་དང་ཆབས་ཅིག་ཏང་ཀི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་སྐྱར་གསོའམ་དངོས་འབེབ་བྱས་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེའི་ཕྱོགས་ཀྱི་མཁས་པ་རྣམས་ལ་ལྟ་སྟངས་ཡང་དག་བཅངས་ནས“ལྷ་འདྲེ་གདོན་བགེགས”དང“རྗེས་ལུས”“རྨོངས་དད”ཀྱི་བཙན་འགེལ་འོག་ནས་དཀར་པར་གྱུར་པས།  སླར་ཡང་རྩོམ་རིག་གསར་རྩོམ་ལ་འཇུག་པའི་རང་དབང་ཐོབ་ཅིང་རྩོམ་པའི་ཐུགས་འདུན་དྲག་ཏུ་བརྡོལ་བ། ཁྱད་པར་དུ་སློབ་གསོ་ལམ་ལུགས་ལེགས་བཅོས་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་སློབ་གྲྭ་ཆེན་མོ་སོ་སོའི་བོད་སྐད་སྡེ་ཁག་ཏུ་ཆེད་ལས་ཉམས་པ་སྐྱར་གསོ་དང་མེད་པ་གསར་འཛུགས་བྱས་པ་དང་།  བོད་ཀྱི་རིག་གནས་ལ་མཁྱེན་པ་ཡངས་པའི་བླ་སྤྲུལ་དང་དགེ་བཤེས་རྒན་པ་དུང་“་དཀར་བློ་བཟང་འཕྲིན་ལས་དང་ཚེ་ཏན་ཞབས་དྲུང་།   དམུ་དགེ་བསམ་གཏན།  ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། དོར་ཞི་གདོང་དྲུག་སྙེམས་བློ། བསེ་ཚང་བློ་བཟང་དཔལ་ལྡན་སོགས་སོ་སོར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།  ཀན་སུའུ་ཞིང་ཆེན་གཙོད་མི་རིགས་ཆེད་སྦྱོང་སློབ་གྲྭ་ཆེན་མོ་སོགས་སུ་གདན་དྲངས་ཤིང་། ཁོང་རྣམ་པས་བོད་ཀྱི་རིག་གནས་སྣ་ཚོགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་སྒོས་སུ་མི་རབས་རྗེས་མའི་ཤེས་བའི་ཁོ་ལག་རྒྱས་པའི་ཆེད་དུ།   ཐུགས་ངལ་བརྒྱ་ཕྲག་མང་པོ་ཁྱད་བསལ་གྱིས་སྐབས་བབ་སློབ་མའི་ཡོན་ཏན་དང་དགོས་མཁོ་ལྟར་རྩོམ་རིག་བསྟན་བཅོས་དང་གནའ་རབས་རྩོམ་རིག སུམ་རྟགས་དག་གསུམ་བཅས་ཀྱི་སློབ་དེབ་རྒྱས་འབྲིང་བསྡུས་གསུམ་གང་ལ་གང་འོས་སུ་བརྩམས་པར་མ་ཟད། ཞིབ་འཇུག་སློབ་མ་དང་སློབ་གྲྭ་ཆེན་མོ་བ།  མཐོ་རིམ་ཆེད་སྦྱོང་སློབ་མ།  སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བཅས་ལ་མཛུབ་ཁྲིད་མཛད་པས། བོད་ཀྱི་གནའ་རབས་རྩོམ་རིག་ཉམས་པ་སླར་གསོའི་སྨན་དུ་གྱུར་ལ།   དེའི་མཚུངས་སུ་སློབ་གྲྭ་ཆེན་མོ་སོ་སོའི་བོད་སྐད་སྡེ་ཁག་ཏུ་རྩོམ་འཇུག་དང་རྩོམ་རིག་རྣམ་བཤད་སོགས་དེང་རབས་རྩོམ་རིག་ཤེས་བྱའི་ཁྲིད་རྒྱུན་ཡང་སྤེལ་བས།   གནའ་དེང་གཉིས་ཀྱི་རྩོམ་པའི་ལུགས་ལ་གོམས་པའི་རྩོམ་པ་པོའི་དཔུང་སྡེ་གསར་པ་ཞིག་འཚར་ལོངས་བྱུང་།   དེའི་སྟེང་དུ་1980ལོར་བོད་ཀྱི་རྩོམ་རིག་དུས་དེབ་དང་པོ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གསར་གཏོད་བྱས་པའི་ཚུན་ལ《སྦྲང་ཆར》《མང་ཚོགས་སྒྱུ་རྩལ》《ཟླ་ཟེར》《སྤང་རྒྱན་མེ་ཏོག》 《གངས་ལྗོངས་རིག་གནས》《གངས་དཀར་རི་བོ》 《ལྷོ་ཁའི་རྩོམ་རིག》 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》སོགས་རིམ་བཞིན་གསར་གཏོད་བྱས་ཐོག  《བོད་ལྗོངས་ཉིན་རེའི་ཚགས་པར》དང《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དུའང་རྩོམ་རིག་གི་པར་ངོས་བཏོད་པས། བོད་ཀྱི་བརྩམས་ཆོས་སྣ་ཚོགས་རྩ་བ་ཟུག་ཅིང་ཡལ་འདབ་རྒྱས་ལ་མེ་ཏོག་རྣམ་པར་བཞད་པའི་ས་ཞིང་གཤིན་པོར་གྱུར།  བོད་རང་སྐྱོང་ལྗོངས་དང་ཞིང་ཆེན།  ཁུལ་སོ་སོར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་རྩོམ་རིག་སྒྱུ་རྩལ་ལས་དོན་ཆེད་དུ་གཉེར་ཞིང་དེར་དོ་དམ་དང་ཁྲིད་སྟོན་བྱས།  དེ་ལྟར་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་རྩོམ་པ་པོ། བརྩམས་ཆོས་འགོད་ཡུལ། རྩོམ་རིག་སྒྱུ་རྩལ་ལས་དོན་གཉེར་བའི་ལས་ཁུངས་བཅས་ཕྱོགས་བཞིའི་མཐུན་རྐྱེན་མངོན་པར་འཛོམས་པ་ལ་བརྟེན་ནས།   བོད་ཀྱི་རྩོམ་རིག་དེ་ཆབ་སྲིད་ཅན་ནས་སྤྱི་ཚོགས་ཅན་དང་བོད་ཅན་དུ་འགྱུར་ཞིང་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་བྱུང་།  དེ་ཡང་རྩོམ་པ་པོའི་ངོས་ནས་བལྟས་ན་རྒན་དར་གཞོན་གསུམ་ཟུང་དུ་འབྲེལ་བའི་རྩོམ་པ་པོའི་དཔུང་སྡེ་ཞིག་ཆགས་པ་དང་།  བརྗོད་བྱའི་བསྟན་དོན་གྱི་ངོས་ནས་བལྟས་ན་རྨ་བརྗོད་རྩོམ་རིག་དང་ཕྱི་འདང་རྩོམ་རིག    བཅོས་སྒྱུར་སྒོ་འབྱེད་དང་ན་གཞོན་ཕོ་མོའི་བརྩེ་དུང་།   འཇིག་རྟེན་མི་ཆོས་སོགས་གཙོར་སྟོན་པ་ཤས་ཆེ་བ།   རྩོམ་གྱི་རྣམ་པའི་ངོས་ནས་བལྟས་ན་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། ཟློས་གར། དཔྱད་བརྗོད་བཅས་མཉམ་དུ་འཕེལ་བ། རྩོམ་གྱི་རིགས་ཀྱི་ངོས་ནས་བལྟས་ན་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་མཉམ་དུ་འཕེལ་བ།  སྒྱུ་རྩལ་རྩོམ་སྟངས་ཀྱི་ངོས་ནས་བལྟས་ན་རང་གི་དམངས་ཁྲོད་རྩོམ་རིག་གི་རྩོམ་སྟངས་དང་གནའ་བོའི་རྒྱ་གར་མཁས་པའི་རྩོམ་སྟངས། དེང་གི་འཛམ་གླིང་སྤྱི་ལ་ཁྱབ་པའི་རྩོམ་སྟངས་བཅས་ཟུང་དུ་འབྲེལ་བའི་ཁྱད་ཆོས་ཡོད་པ་ཡིན།  དེས་ན་གཤམ་དུ་བོད་ཀྱི་དེང་རབས་རྩོམ་རིག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཏེ།  རྩོམ་རིག་བསྟན་བཅོས་འགའི་ཡོན་ཏན་དང་ཕན་ནུས་བརྗོད་པ་ལ། 
དང་པོ།  《སྙན་ངག་ལ་འཇུག་ཚུལ་རྒྱན་རིག་པའི་སྒོ་འབྱེད》བཤད་པ།  
             གཅིག  རྩོམ་པ་པོ་དང་རྩོམ་པའི་དགོས་པ་བཤད་པ།  
             བསྟན་བཅོས་འདིའི་རྩོམ་པ་པོ་ནི་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ཡིན་ཞིང་།   ཁོང་ནི་1927ལོར་བོད་ལྗོངས་ཀོང་པོ་ཉིང་ཁྲིའི་ཁོངས་གཏོགས་ཇོ་མོ་ཤང་དུ་སྐུ་འཁྲུངས་པ་དང་།  1934ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དུང་དཀར་སྤྲུལ་སྐུར་ངོས་འཛིན་གནང་།  ཁོང་སྐུ་ན་ཕྲ་བའི་དུས་ནས་སེ་ར་དགོན་པར་འགྲིམས་ནས་མདོ་སྔགས་གཞུང་ལ་ཐོས་བསམ་རྒྱ་ཆེར་མཛད་དེ་དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་ཐོབ།  1956ལོར་རྒྱལ་ཁབ་གཞུང་གི་ལས་བྱེད་པའི་གྲས་སུ་ཞུགས་ཤིང་ཉིང་ཁྲི་ཀྲོན་ཆུས་ཀྱི་ཨུ་ཡོན་དང་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བསྐོ་བཞག་གནང་།  དེ་ནས་མི་རིང་བར་པེ་ཅིང་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་།  “རིག་གནས་གསར་བརྗེའི”སྐབས་སུ་ལྷ་ས་གྲོང་ཁྱེར་གྲོང་མི་ཨུ་ཡོན་ལྷན་ཁང་གཉིས་པའི་ཁོངས་སུ་ངལ་རྩོལ་བསྒྱུར་བཀོད་ལ་ཞུགས་སུ་བཅུག  1975ལོ་ནས་བཟུང་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་ཡིག་ཚགས་བདག་གཉེར་ཁང་།བོད་ལྗོངས་གསར་བརྗེ་འགྲེམ་སྟོན་ཁང་།  བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་བཅས་སུ་དཀར་ཆག་དང་ལོ་རྒྱུས་རྩོམ་སྒྲིག་གི་ཕྱག་ལས་གནང་ཞིང་།1978ལོ་ནས་བཟུང་སླར་ཡང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་།དགེ་རྒན་ཆེན་མོ་བའི་གོ་མིང་ཐོབ་པའི་ཐོག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཕུལ་བྱུང་དགེ་རྒན་གྱི་གཟེངས་བསྟོད་ལག་འཁྱེར་དང་།  བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རྩལ་ཨུ་ཡོན་ལྷན་ཁང་ནས་བོད་ལྗོངས་སློབ་གསོའི་ཕུལ་བྱུང་བས་རྗེས་ཅན་གྱི་གཟེངས་བསྟོད་ལག་འཁྱེར་ཐོབ།  1993ལོ་ནས་ད་བར་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་སྐབས་བདུན་པ་དང་སྐབས་བརྒྱད་པའི་ཨུ་ཡོན་དུ་འདེམ་བསྐོ་བྱུང་བ་དང་།  གཞན་ཡང་ཀྲུང་གོ་རྒྱལ་ཡོངས་ལོ་རྒྱུས་ཞིབ་འཇུག་ཚོགས་པ་དང་ཀྲུང་གོ་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཚོགས་པ།  ཀྲུང་གོ་གྲངས་ཉུང་མི་རིགས་ཞིབ་འཇུག་ཚོགས་པ།  ཀྲུང་གོ་རྒྱལ་ཡོངས་ནང་བསྟན་ཆོས་ཚོགས་བཅས་ཀྱི་ཨུ་ཡོན་དང་འཐབ་ཇུས་འདྲི་ཡུལ།   ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་དབུ་འཛིན་གཞོན་པ་དང་།  རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ལྷན་ཚོགས་ཀྱི་ལས་འཛིན་བཅས་ཀྱི་འགན་བཞེས་གནང་ལ། སྔ་རྗེས་སུ་འཇར་མན་དང་ནོར་ཝི།   དབྱི་ཏ་ལི། ཨོ་ཏི་ལི། ཧྥ་རན་སི། དབྱིན་ཇི་བཅས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་གྲོས་ཚོགས་སུ་ཕེབས་མྱོང་བ་བཅས་མདོར་ན་ཁོང་ཉིད་ནི་རྒྱལ་ཁབ་ཕྱི་ནང་དུ་མཁས་པའི་གྲགས་པ་རབ་ཏུ་འབར་བར་མངོན།①  
             གསུང་རྩོམ་ལ《ཚིག་རྒྱན་རིག་པའི་སྒོ་འབྱེད》དང་།《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》 《དེབ་ཐེར་དམར་པོའི་མཆན་འགྲེལ》 《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》སོགས་ཤིན་ཏུ་མང་པ་ལས《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》ནི་ཁོང་གིས་ལོ་རབས་དྲུག་ཅུ་པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་སློབ་ཁྲིད་ཀྱི་ཟིན་བྲིས་གཞིར་བཟུང་ནས་བརྩམས་ཤིང་།   དེ་1962ལོར་སྣུམ་པར་དུ་བཏབ་ནས་ནང་ཁུལ་དཔྱད་གཞིའི་ཡིག་ཆར་ཕུལ་བ་ལགས། རྗེས་སུ་རང་རིགས་ཀྱི་མི་རབས་རྗེས་མ་རྣམས་ཀྱི་བློ་གྲོས་ཀྱི་མིག་རྒྱ་ཆེ་རུ་གཏོང་ཆེད། བསྐྱར་དུ་ལེགས་བཅོས་དང་ཁ་སྣོན་བྱས་ཏེ་གཞུང་ཆ་ཚང་བའི་སློབ་དེབ་དེ་བརྩམས་པ་རེད། 
             གཉིས།  རྩོམ་རིག་བསྟན་བཅོས་དེའི་ཁྱད་ཆོས་བཤད་པ།  
             བསྟན་བཅོས་དེ་ནི་ལོ་བཅུའི་ཟིང་ཟིང་སྔོན་དང་ཁྱད་པར་དུ་ལོ་བཅུའི་གོད་ཆག་བྱུང་བའི་རྗེས་སུ་བོད་ཀྱི་རིག་གནས་ལ་སྐྱ་ཟད་སྔོ་སྟོང་བྱུང་བའི་དུས་ཀྱི་ཞིབ་འཇུག་སློབ་མ་དང་སློབ་གྲྭ་ཆེན་མོ་བ།  མཐོ་རིམ་ཆེད་སྦྱོང་སློབ་མ་བཅས་ཀྱི་རིག་གནས་ཆུ་ཚད་དང་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་ནས་བརྩམས་པས།  དུས་རབས་ཀྱི་ཁྱད་ཆོས་མངོན་པར་ཐོན་ཡོད། དེ་ཡང་ཉིད་ཀྱི་ཞལ་ནས།  སྙན་ངག་གི་འགྲེལ་བཤད་སྔ་མ་རྣམས་སུ་རྩ་བའི་ཚིག་འགྲེལ་དང་དཔེར་བརྗོད་ཀྱི་འགྲེལ་བཤད་མཛད་དེ། དེའི་སྟེང་དུ་གཞུང་གཞན་གྱི་དཔེར་བརྗོད་དྲངས་ནས། ད་དུང་དཔེར་བརྗོད་གསར་པ་རེ་བཀོད་འདུག་པ་ལྟར་འདིར་ཡང་རྩ་བའི་སྡོམ་ཚིག་དང་།  རྒྱན་སོ་སོའི་ངོས་འཛིན། དཔེར་བརྗོད་རྙིང་བ་རེ་དང་།ད་ལྟའི་དུས་སྐབས་དང་སྦྱར་བའི་དཔེར་བརྗོད་གསར་པ་རེ་བཅས་སྦྲགས་ནས་རང་གི་བློ་ངོར་འཆར་བདེ་བར་བྱ་བའི་ཕྱིར་དེ་ཙམ་གྱིས་འཐུས་པར་བྱ་རྒྱུ་ཡིན་ནོ།།ཞེས་པ་ལྟར།  སྙན་འགྲེལ་སྔོན་མ་རྣམས་ཀྱི་རྩོམ་པའི་སྲོལ་གྱི་རྒྱུན་བསྐྱངས་པ་ལྟར་སྣང་ཡང་།  ཞིབ་ཏུ་དཔྱད་ན་སྙན་འགྲེལ་སྔོན་མ་རྣམས་དང་མི་འདྲ་བའི་ཁྱད་ཆོས་འདི་འདྲ་ཡོད་པར་སྙམ།   
             1.བརྗོད་བྱའི་ནང་དོན་དང་གོ་རིམ《སྙན་ངག་མེ་ལོང་མའི》སྒོ་དང་བསྟུན་ཡོད་ཀྱང་སྙན་འགྲེལ་སྔོན་མ་ལྟར་དེའི་རྩ་བའི་ཚིག་ཇི་བཞིན་དུ་དྲངས་ནས་འགྲེལ་བ་མི་མཛད་པར་རྩོམ་པ་པོས་རང་གི་མཁྱེན་རབ་ལ་བརྟེན་ནས་གཞུང་དེའི་གོ་དོན་རེ་རེ་ཕྱོགས་བསྡུས་དང་གོ་སླ་བའི་ངག་གིས་ཐད་ཀར་གསལ་པོར་བསྟན་པ་སྟེ།   ཚིགས་བཅད་རྩོམ་ཡིག་གི་ཚིག་རྐང་མང་ཉུང་སྐོར་བཤད་སྐབས།  
             ཚིགས་བཅད་རྐང་བཞི་པ་དེ་ཡང་། །  བྲྀ་ཏྟ་ཛཱ་ཞེས་རྣམ་གཉིས། །  དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །  ཞེས་པ་དེ་དྲངས་ནས་འགྲེལ་བ་མི་བྱེད་པར།  རྒྱ་སྐད་ཚིགས་བཅད་རྩོམ་ཡིག་གི །  འབྲི་ཚུལ་སྡེབ་སྦྱོར་གཞུང་དུ་གསལ། ། བོད་སྐད་ཚིགས་བཅད་རྐང་པ་བཞིར། །ཚེག་བར་གྲངས་ནི་ཆ་མཉམ་ཞིང་། །  ཚིག་རྐང་རེ་རེའི་ཚེག་བར་གྲངས། །  ལྔ་ནས་སོ་གསུམ་བར་དུ་བཤད། ། ཞེས་པ་དང་། ལེའུ་གསུམ་པ་སྒྲ་རྒྱན་སྤྱིའི་མཚན་ཉིད་ཡང་།  རྗོད་བྱེད་ཚིག་གང་ཡིག་གཟུགས་དང་། ། སྒྲ་དང་མཚུངས་པར་སྦྱར་བ་ལས། ། ཚིག་སྦྱོར་མཛེས་ཤིང་བརྗོད་དོན་ཀྱང་། ། ལེགས་པར་སྟོན་ནུས་སྒྲ་ཡི་རྒྱན། །  ཞེས་རྩ་བ་ལས་དོན་འདུས་ཤིང་ཁ་གསལ་བ་ཞིག་འཁོད་ཅིང་དེའི་སྟེང་ནས་རྒྱས་པར་སྤྲོས་པས།  སྐབས་སུ་བབ་པའི་སློབ་གཉེར་པ་རྣམས་ཀྱིས་ཚིག་རྒྱན་སོ་སོའི་མཚན་ཉིད་སོགས་གཞུང་དོན་མ་ལུས་ངེས་སླ་བར་མ་ཟད།  བློ་ངོར་འཛིན་བདེ་བའི་ཡོན་ཏན་མངའ་བ་ལྟར་རེད།   
             2.ཚིག་རྒྱན་སོ་སོའི་དཔེར་བརྗོད་དུ་ཐོག་མར་《སྙན་ངག་མེ་ལོང་མའི》རྩ་བ་བཀོད་ནས་གོ་སླ་བའི་ཚིག་གིས་ཞིབ་འགྲེལ་བྱས་པས་ཁུངས་དང་ལྡན་ལ། དེ་ནས་བོད་མཁས་སྔོན་མ་རྣམས་ཀྱི་དཔེར་བརྗོད་ལས་རྒྱན་གྱི་མཚན་ཉིད་ཚང་ཞིང་གོ་བདེ་ལ།  སྡེབ་སྦྱོར་ལེགས་ཤིང་ཉམས་ཆེ་བ་གང་ལ་གང་འོས་བཀོད་པས།བོད་མཁས་སྔོན་མ་རྣམས་ཀྱི་རྩོམ་པའི་ཉིང་བཅུད་འདུས་པ།  མཐའ་མར་སྐབས་དེའི་སློབ་མའི་ཤེས་རྒྱ་དང་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ཆེད་སྐབས་དེའི་སློབ་མ་རྣམས་ལ་ཆ་རྒྱུས་ཡོད་པའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། རིག་གནས་སོགས་འཐབ་ཕྱོགས་སོ་སོའི་གསར་བྱུང་བ་དངོས་དང་འཚོ་བ་དངོས་ལས་བརྩམས་པའི་དཔེར་བརྗོད་གསར་པ་རེ་བཀོད་པ་སྟེ། དཔེར་ན། 
             དོན་རྒྱན་སོ་གཉིས་ལས་ཟླ་བོ་དངོས་པོའི་དཔེར་བརྗོད་ལ།  སྲིད་འདིར་རིགས་པའི་གཞུང་ལུགས་སྣ་མང་ཡང་། །  བདེན་དོན་དངོས་སྟོན་མར་ལེ་རིང་ལུགས་ཏེ། །  རྣོ་ངར་མཚོན་ཆའི་བྱེ་བྲག་མཐའ་ཡས་ཀྱང་། །  གནད་དུ་མི་འཆོར་མེ་ཤུགས་འཕུར་མདའ་ཙམ། ། ཞེས་བཀོད་པས། རྒྱ་གར་གྱི་གནའ་བོའི་རིག་གནས་དང་ཆོས་ལུགས།  བོད་ཀྱི་གནའ་རབས་ལོ་རྒྱུས་དང་བརྡ་རྙིང་སོགས་ཀྱི་རྨང་གཞི་ཞན་པའི་སློབ་མ་ཡིན་ཡང་སུམ་རྟགས་དག་གསུམ་ལ་བྱང་ཆ་ཅུང་ཟད་ཡོད་པ་ཞིག་ཡིན་ཕྱིན།  སྙན་ངག་གི་གཞུང་དོན་མ་ལུས་ངེས་ཐུབ་པ་ཡིན།  མདོར་ན་སློབ་དེབ་དེ་ནི་མི་རིགས་ཀྱི་དབང་དུ་བྱས་ན་རྒྱ་བོད་མི་རིགས་གཉིས་དང་།  དུས་ཀྱི་དབང་དུ་བྱས་ན་གནའ་ཉེ་དེང་གསུམ་གྱི་ཚིག་རྒྱན་རིག་པའི་དཔེར་བརྗོད་འཛོམས་པའི་བསྟན་བཅོས་ཤིག་རེད།  
             3.གསར་བྱུང་བྱ་དངོས་སོགས་སྤྱི་ཚོགས་འཚོ་བ་དངོས་ལས་བརྩམས་པའི་དཔེར་བརྗོད་གསར་པའི་སྒོ་ནས་ཚིག་རྒྱན་རིག་པའི་གཞུང་དོན་གསལ་པོར་བསྟན་པར་མ་ཟད།  སྙན་ངག་གི་སྲོག་བཤད་སྐབས་ད་ལྟའི་དུས་རབས་དང་སྦྱར་ན་གོང་གི་བརྗོད་དོན་རྣམས་ཀྱི་ནང་ནས་རེ་གཉིས་མ་གཏོགས་གཞན་རྣམས་ཀྱི་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་དང་།  རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་མཆོག་གི་དཔའ་མཛངས་ཐབས་མཁས་ཀྱི་དབུ་འཁྲིད་ཡང་དག་པ་དང་།  ཀྲུང་གོའི་མི་རིགས་ཡོངས་རྫོགས་འཆིང་འགྲོལ་ཐོབ་པ་དང་།  རིག་གནས་དང་དཔལ་འབྱོར་འཛུགས་སྐྲུན་སོགས་ཡར་རྒྱས་མདུན་མཆོངས་ཆེན་པོ་བྱུང་བ་དང་།  མང་ཚོགས་ཀྱི་རིག་རྩལ་ལས་འགུལ་གྱི་ངོ་མཚར་བའི་ཁྱད་ཆོས་གང་ཡོད་དང་།   མི་དམངས་བཅིངས་འགྲོལ་དམག་དང་།   གསར་བརྗེའི་དོན་དུ་གཤེགས་པའི་དཔའ་བོ་རྣམས་ཀྱི་དཔའ་ངར་ཞུམ་པ་མེད་པའི་སྙིང་སྟོབས་དང་།   ཁེ་སི་ལེ་ཉིན་རིང་ལུགས་དང་།  དེང་རབས་ཆབ་སྲིད་ཀྱི་ནང་དོན་སོགས་སྐབས་སུ་བབ་པའི་བརྗོད་དོན་རྣམས་འོས་ཤིང་འཚམ་པའི་སྙན་ངག་གི་རྒྱན་དང་སྦྱར་ན་ཆེས་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །ཞེས《སྙན་ངག་མེ་ལོང》ལས་དངོས་སུ་བསྟན་པའི་སྙན་ངག་རྩོམ་གཞི་བཅོ་བརྒྱད་ཀྱི་ཚོད་འཛིན་ཐེབས་མི་ཉན་པ་བསྟན་པར་མ་ཟད།   དེ་དག་མང་ཆེ་བ་ལས་ཀྱང་གསར་བྱུང་བ་དངོས་དང་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པར་བྱེད་ཅིང་། སྙན་ངག་གི་རྩོམ་གཞིར་སྐབས་སུ་བབ་པའི་སྤྱི་ཚོགས་ཀྱི་བྱ་དངོས་གསར་པ་བཀོད་ནས་བརྩམས་ན་སྙན་ངག་ཕུན་སུམ་ཚོགས་པོར་འགྱུར་བ་གསལ་པོར་བསྟན།  འདི་ནི་སྙན་འགྲེལ་སྔོན་མ་རྣམས་ལས་མ་ཐོན་པའམ་ཡང་ན་གསལ་པོར་བརྗོད་མེད་པའི་ཆའོ། །  
             4.ལེའུ་གསུམ་གྱི་བརྗོད་དོན་ཡོངས་སུ་རྫོགས་རྗེས་གོ་བདེ་བའི་ཚིགས་བཅད་ཀྱི་སྡོམ་ཚིག་བརྐོད་ཅིང་།   དེ་ནི་རྩོམ་པ་པོས་ཨ་ཀྱཱ་ཡོངས་འཛིན་དང་།  དངུལ་ཆུ་དྷརྨ་བྷ་དྲའི《སྙན་ངག་མེ་ལོང》གི་སྡོམ་ཚིག་གཉིས་གཙོ་བོར་བཟུང་། དེར་མ་ཚང་བ་མེ་ལོང་མ་རང་གི་རྩ་ཚིག་གལ་ཆེ་བ་རྣམས་དང་།  ས་པཎ་གྱི《མཁས་པ་འཇུག་པའི་སྒོ》གཉིས་ནས་ལེགས་པའི་ཆ་རྣམས་བླངས། དེའི་སྟེང་བར་སྐབས་སུ་གོ་བདེ་བའི་ཚིགས་བཅད་གསར་རྩོམ་འགའ་ཞིག་ཀྱང་བསྣན་ནས་གྲུབ་པ་ཡིན་པས་གཞུང་དོན་ཚང་ཞིང་རྒྱས་བསྡུས་རན་དང་།  བརྟེན་སའི་ཁུངས་བཙུན་ཞིང་ཉེར་མཁོའི་གཞུང་དག་པ།  བློ་ལ་ངེས་སླ་ཞིང་ཡིད་ལ་འཛིན་བདེ་བ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ《སྙན་ངག་མེ་ལོང》བོད་ཅན་དུ་གྱུར་པའི་མཚོན་རྟགས་ཤིག་ཀྱང་རེད།  5.སློབ་གཉེར་པ་རྣམས་ཀྱི་རིག་གཞུང་གི་ཆུ་ཚད་མཐོ་དམན་དང་བསྟུན་ཞིང་སྦྱངས་བྱའི་བེད་སྤྱོད་རིན་ཐང་གི་ཆེ་ཆུང་ལ་དམིགས་ནས་སྙན་ངག་གི་སློབ་ཁྲིད་རྒྱས་འབྲིང་བསྡུས་གསུམ་ཇི་ལྟར་བ་ཚུལ་གྱི་དཔེ་མཚོན་དཔྱད་གཞིར་འཁོད་པས།  སྙན་ངག་འཁྲིད་མཁན་རྣམས་ལ་སྟབས་བདེ་བཟོས་པ་དང་།  ཁྱད་པར་དུ་སྦྱངས་བྱའི་བེད་སྤྱོད་ཀྱི་རིན་ཐང་ལ་དམིགས་ནས་ས་བཅད་དང་ཚན་པའམ་རྒྱན་ཁ་ཤས་དེང་སྐབས་བེད་སྤྱོད་ཀྱི་རིན་ཐང་ཆེར་མེད་པས་འཁྲིད་མི་དགོས་པར་གསུངས་པ་དང་།  ས་བཅད་དང་ཚན་པའམ་རྒྱན་ཁ་ཤས་བོད་ཀྱི་སྐད་ལ་རྒྱུགས་ཆེ་ཞིང་བཀོལ་སྤྱོད་ཀྱི་རིན་ཐང་དང་ལྡན་པས་དམིགས་སུ་བཟུང་ནས་འཁྲིད་དགོས་པར་བསྟན་པ་དེས་སློབ་མ་རྣམས་ལ་སྦྱངས་བྱའི་གནད་གང་ཡིན་པ་གསལ་པོར་བསྟན་པར་མ་ཟད།  དོན་ལ《སྙན་ངག་མེ་ལོང》གི་དངོས་བསྟན་གྱི་ནང་དོན་ལ་དཔྱད་བརྗོད་ཐེངས་ཤིག་ཀྱང་མཛད་པ་ལགས།   
             6.སྙན་ངག་གི་གཞུང་དངོས་མ་བརྗོད་པའི་སྔོན་དུ་ཚིག་སྦྱོར་ཁ་གསལ་ཞིང་དོན་འདུས་པའི་སྒོ་ནས་གཞུང་དེའི་རྩོམ་པ་པོ་དང་ནང་དོན།  གྲངས་ཚད་བཅས་མདོར་བསྟན་པ་དང་།  སྙན་ངག་གི་གཞུང་དེ་བོད་ལ་ཇི་ལྟར་འགྱུར་བ་དང་དེ་གཞུང་གང་ལ་བརྟེན་ནས་སྦྱོང་དགོས་པ་སོགས་ངོ་སྤྲོད་མཛད་ཅིང་། གཞུང་དེ་བོད་ལ་མ་འགྱུར་བའི་སྔོན་ལ་བོད་དུ་སྙན་ངག་གི་གཞུང་མེད་ཀྱང་སྙན་ངག་ཡོད་པ་ལུང་རིགས་རྣམ་དག་གི་སྒོ་ནས་བསྟན་པས།  སྙན་ངག་གི་གཞུང་གཞན་ན་མེད་པའི་ཁྱད་ཆོས་ལྡན་ཞིང་སྙན་ངག་ལ་འཇུག་པའི་ལས་དང་པོ་པ་རྣམས་ཀྱིས《སྙན་ངག་མེ་ལོང》གི་རྩོམ་པ་པོའི་ལོ་རྒྱུས་དང་དེ་རྩོམ་པའི་སྐབས་བབ་དང་དགོས་པ།《སྙན་ངག་མེ་ལོང》དང་འབྲེལ་བའི་སྙན་ངག་གི་གཞུང་དོན་གཙོ་བོ་གང་དག་ཡོད་པ་བཅས་རྒྱུས་ལོན་བྱེད་པར་ཁྲིད་སྟོན་གྱི་ནུས་པ་ཆེན་པོ་ཐོན་པ་དང་། བོད་ཀྱི་སྙན་ངག་དང་དེའི་སྐོར་གྱི་གཞུང་ལུགས་བྱུང་འཕེལ་ལ་ཞིབ་འཇུག་བྱེད་པར་ལུང་ཚད་མ་དང་ལྟ་བ་རྣམ་དག་འདོན་སྤྲོད་མཛད་པ་ཡིན།   
             གསུམ།  རྩོམ་རིག་བསྟན་བཅོས་དེའི་ཕན་ནུས་བརྗོད་པ།   
             ལོ་བཅུའི་ཟིང་ཟིང་གི་ཁྲོད་དུ་བོད་ཀྱི་རིག་གནས་ལ་གོད་ཆག་ཚབས་ཆེན་བྱུང་ནས་སྙན་ངག་གི་གཞུང་རྙིང་པ་རྣམས་མེད་བརླག་ཏུ་གྱུར་པ་དང་གསར་པ་ད་དུང་མ་ཐོན་པའི་དུས་སྐབས་དེར་ཁྱད་ཆོས་དྲུག་དང་ལྡན་པའི་སྙན་ངག་གི་གཞུང་དེ་བརྩམས་པ་དང་ཁྱད་པར་དུ.1982ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་རྗེས་རིམ་བཞིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།  བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ཀྱི་བོད་སྐད་སྡེ་ཁག་གི་སྙན་ངག་སློབ་དེབ་ཏུ་གྱུར་པས།  སྐབས་དེར་སྙན་ངག་སློབ་དེབ་མེད་པའི་སྟོང་ཆ་བསྐངས་ཤིང་།  གཞུང་དེའི་བླང་བྱ་ལྟར་ཞིབ་འཇུག་སློབ་མ་དང་སློབ་གྲྭ་ཆེན་མོ་བ།  ཆེད་སྦྱོང་སློབ་གྲྭ་ཆེན་མོ་བ་སོགས་ལ་གང་ལ་གང་འཚམ་དུ་སློབ་ཁྲིད་བྱས་པ་དེས་བློ་གསལ་སློབ་གཉེར་པ་རྣམས་ཀྱིས་དུས་ཡུན་ཐུང་ངུའི་ནང་དུ་སྙན་ངག་གི་གཞུང་དོན་ཕལ་ཆེར་ཁོང་དུ་ཆུད་ཅིང་།   གཞུང་དེའི་ཁྲིད་སྟོན་འོག་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་གསར་བྱུང་བ་དངོས་རྣམས་ཚིག་རྒྱན་སྣ་ཚོགས་དང་སྦྱར་ནས་སྙན་ངག་རྩོམཔའི་བློ་སྒོ་ཆེ་རུ་ཕྱེ་ཞིང་སྤོབས་པ་ཆེ་རུ་བསྐྱེད་པས།   སྐབས་བབ་དང་མཐུན་པའི་སྙན་ངག་མང་པོ་ཕན་ཚུནའགྲན་པ་ཇི་བཞིན་གསར་རྩོམ་འགྲེམ་སྤེལ་བྱས་ནས་བོད་ཀྱི་རྩོམ་རིག་ཉམས་པ་སྐྱར་གསོ་དང་།   དུས་རབས་དང་མཐུན་པའི་རྩོམ་པ་པོ་ཁག་ཅིག་བསྐྱེད་སྲིང་བྱེད་པར་བསྙོན་དུ་མེད་པའི་ནུས་པ་ཐོན་པ་རེད། 
གཉིས་པ། 《སྙན་ངག་སྤྱི་དོན》བཤད་པ།  
             《སྙན་ངག་སྤྱི་དོན》ནི་བོད་ཀྱི་རིག་གནས་ཀུན་མ་ལ་ནང་བྱན་ཆུད་ཅིང་མཁས་པའི་སྙན་པ་འཛིན་མའི་རྒྱན་དུ་ཁྱབ་པའི་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ཀྱིས་ལོ་རབས་ལྔ་བཅུ་པའི་འགོར་བརྩམས། དེ་ཡང་སྤྱི་ལོ་1959ཙམ་ལ་སྲིད་གཞུང་གིས་གདན་འདྲེན་ཞུས་པ་ལྟར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་སྡེ་ཁག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་།   སྐབས་དེའི་སློབ་མ་མང་ཆེ་བ་ནི་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་ལྟར་སྤྱི་ཚོགས་སྟེང་བསྡུས་པ་ཡིན་པས།  རྒྱ་བོད་གཉིས་ཀ་ཡོད་ཅིང་རྒྱ་ཡིག་ལ་བྱང་ཆ་ཡོད་པའི་སློབ་མའང་མི་ཉུང་བ་དང་།བོད་ཡིག་གི་རྨང་གཞི་ཞན་པ།  སློབ་ཡུན་ཐུང་བ།   བླང་བྱ་མཐོ་བས་སྔར་ཡོད་ཚིག་རྒྱན་རིག་པའི་བསྟན་བཅོས་རྣམས་སློབ་མའི་ཆུ་ཚད་དང་མི་རན་ལ།  རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་བསྐྱེད་སྲིང་བྱེད་པའི་བླང་བྱ་དང་ཡང་མི་འཚམ་པར་གྱུར།  གནས་ཚུལ་དེ་ལྟ་བུའི་འོག་ཏུ་རྩོམ་པ་པོས་སློབ་མའི་རིག་གནས་ཆུ་ཚད་དང་སྤྱི་ཚོགས་ཀྱི་དགོས་མཁོ། བསྐྱེད་སྲིང་གི་བླང་བྱ་སོགས་ལ་དམིགས་ནས་རྫོགས་པར་བརྩམས་ཤིང་སྣུམ་པར་དུ་བཏབ་ནས་ཁྲིད་གཞི་བྱས་པ་དང་།  ལོ་ངོ་ཉི་ཤུ་འགའ་ལ་བཀོལ་སྤྱོད་དང་ཞིབ་འཇུག  ཕྱོགས་སྡོམ་བཅས་བས་པའི་རྨང་གཞིའི་སྟེང་ནུབ་བང་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་སློབ་ཆེན་སློབ་མ་དང་ཞིབ་འཇུག་སློབ་མ་སོགས་དོན་གཉེར་ཅན་སྐོར་ཞིག་ལ་ཁྲིད་གཞི་མཁོ་བ་རྐྱེན་དུ་བྱས་ནས་སྔར་བརྩམས་ཀྱི་སྤྱི་དོན་དེ་ལ་སྣོན་འཕྲི་ཅི་རིགས་ཀྱིས་ཅུང་ཟད་ཇེ་རྒྱས་སུ་བཏང་སྟེ་ཁྲིད་པ་དང་ཆབས་ཅིག་སྤྱི་ལོ་1981ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས།  《སྙན་ངག་སྤྱི་དོན》དེ་རྩོམ་པའི་དུས་དང་དགོས་པ་མི་འདྲ་བའི་དབང་གིས་ཁྱད་ཆོས་ཀྱང་གཞན་དང་མི་འདྲ་བ་འགའ་རེ་ཡོད་པ་འདི་ལྟར།   
             གཅིག  བརྗོད་བྱའི་དོན་བསྡུས་ཤིང་སྤྱོད་གོ་ཆེ་བ།  
             བསྟན་བཅོས་དེའི་བརྗོད་བྱའི་ནང་དོན་རྒྱ་གར་གྱི་《སྙན་ངག་མེ་ལོང》གི་བརྗོད་དོན་དང་དེའི་གོ་རིམ་ཇི་བཞིན་བརྩམས་པ་མ་ཡིན་ཏེ།  བོད་ཀྱི་སྐད་ལ་རྒྱུགས་ཆུང་ཞིང་སྤྱོད་གོ་མི་ཆེ་བའི་ཐུན་མོང་མ་ཡིན་པའི་རྒྱན་བཅུ་ལྟ་བུར་མཚོན་ན།   གོ་སླ་བའི་ཚིག་གིས་དེའི་མཚན་ཉིད་ཙམ་འགྲེལ་བ་ལས་རེ་རེ་བཞིན་དཔེར་བརྗོད་བཀོལ་ནས་རྒྱས་པར་སྤྲོས་མེད་པ་དང་།  བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན་སོ་གཉིས་དཔྱིས་ཕྱིན་པ་ཞིག་ངེས་ན་དོན་རྒྱན་སོ་ལྔ་ལས་མང་པོ་ཞིག་གཅིག་ཤེས་ཀུན་གྲོལ་དུ་འགྱུར་སྲིད་པས། རང་བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན་སོ་གཉིས་གོ་སླ་བའི་ཚིག་གི་སྦྱོར་བ་དང་རྒྱུས་ཆེ་བའི་ནང་དོན་ཅན་གྱི་དཔེར་བརྗོད་ལ་བརྟེན་ནས་གསལ་པོར་བསྟན་པ་ལས།  དོན་རྒྱན་གཞན་པ་དང་སྒྲ་རྒྱན།  གབ་ཚིག་གི་རྒྱན་མང་ཆེ་བ་སྤྱིའི་འགྲོ་ཕྱོགས་ཙམ་བསྟན་པས་འཐུས་པར་མཛད་ཅིང་སྐྱོན་བསལ་ཡང་རྒྱས་པར་མ་བསྟན་པས། བརྗོད་བྱའི་དོན་བསྡུས་ཤིང་སྤྱོད་གོ་ཆེ་ལ་སྐབས་དེའི་སློབ་ཡུན་དང་སློབ་མའི་དགོས་མཁོ་དང་མཐུན་པ་ཡིན།  
             གཉིས།  དཔེར་བརྗོད་ཀྱི་ནང་དོན་ཕལ་ཆེ་བ་ཀུན་ལ་ཆ་རྒྱུས་ཡོད་པའི་གསར་བྱུང་གི་བྱ་དངོས་ཡིན་པ།  
             སྐབས་དེའི་སློབ་མའི་བོད་ཡིག་གི་ཆུ་ཚད་ཅུང་ཞན་པ་དང་རྒྱ་གར་རིག་གནས་ལ་རྒྱུས་ཆུང་བར་དམིགས་ནས། སྐབས་དེའི་སློབ་གཉེར་པ་རྣམས་ལ་ཆ་རྒྱུས་གསལ་པོ་ཡོད་པའི་རང་བྱུང་ཡུལ་ལྗོངས་དང་བྱུང་བ་གསར་པ། དངོས་རྫས་གསར་པ། དུས་ཚིགས་ཀྱི་ཁྱད་ཆོས།  སྲོག་ཆགས་ཀྱི་རང་བཞིན་སོགས་ལ་སྦྱར་བའི་དཔེར་བརྗོད་ཀྱི་སྒོ་ནས་ཚིག་རྒྱན་སོ་སོ་གསལ་བར་བསྟན་པས།  དུས་རབས་ཀྱི་བླང་བྱ་དང་མཐུན་པ་མ་ཟད།  སློབ་གཉེར་པ་རྣམས་ཀྱིས་དུས་ཡུན་ཐུང་ཐུང་ནང་དུ་ཚེགས་ཆེན་པོ་མ་བྱས་པར་སྙན་ངག་གི་སྤྱི་ཁོག་ལོན་པའི་ཁྱད་ཆོས་ལྡན།   
             གསུམ།  དཔེར་བརྗོད་ཀྱི་ནང་དོན་གཞན་རིགས་སློབ་མར་འཚམ་པ།  
             སྐབས་དེའི་སློབ་མའི་ཁྲོད་ན་རྒྱ་སོགས་མི་རིགས་གཞན་པའང་མི་ཉུང་བ་ཞིག་ཡོད་ཅིང་།  ཁོ་ཚོར་བོད་ཡིག་གི་ཆུ་ཚད་མཐོན་པོ་མེད་ཀྱང་རྒྱ་ཡིག་གི་རྨང་གཞི་ཅུང་བཟང་པོ་ཞིག་ཡོད་པས།  རྩོམ་པ་པོས་སྙན་ངག་གི་སྤྱི་དོན་བདེ་བླག་གིས་རྟོགས་པར་བྱ་ཆེད།  ཉིད་ཀྱི་ཞལ་ནས། རྒྱ་གར་མཁས་པའི་གཞུང་ལུགས་དྲི་མ་མེད།།རྒྱ་ཆེན་རིག་པའི་བང་མཛོད་ལྟར་གང་མོད། ། རྒྱ་མཚོ་ལས་འོངས་ཆུ་ཡི་ཐིགས་པ་བཞིན། །  རྒྱ་བོད་གཞོན་ནུ་དགྱེས་པའི་སྐྱེས་སུ་སྤེལ། །②ཞེས་པ་ལྟར།  དཔེར་བརྗོད་ཀྱི་ནང་དོན་རྒྱ་མི་རིགས་ཀྱི་གནའ་གཏམ་གྲགས་ཅན་དང་རྒྱ་ཡུལ་གྱི་རང་བྱུང་ཡུལ་ལྗོངས།  གྲོང་ཁྱེར་གྱི་ཁྱད་ཆོས་སོགས་ལ་སྦྱར་བས།  རྒྱ་དང་རྒྱའི་རིག་གནས་ལ་ཆ་རྒྱུས་ཡོད་པའི་སློབ་གཉེར་པ་རྣམས་ཀྱིས་སྙན་ངག་གི་སྤྱི་ཁོག་ལོན་པའི་སྨན་དུ་གྱུར་པ་ཡིན།   
             བཞི། ཚིག་སྦྱོར་སྙན་ཞིང་གོ་སླ་བ།  
             གཞུང་དེའི་དཔེར་བརྗོད་ཀྱི་ནང་དོན་སྐབས་དེའི་སློབ་གཉེར་པ་རྣམས་ལ་རྒྱུས་ཡོད་པའི་བྱ་དངོས་འགོད་པ་དང་ཆབས་ཅིག་བརྡ་རྙིང་པ་དང་མངོན་བརྗོད།   ཆོས་ལུགས་ཀྱི་ཐ་སྙད་སོགས་མང་པོ་མ་བཀོལ་པ་དང་།  ཚིག་གི་སྦྱོར་བ་ཅུང་ཟད་ལྷོད་པས་བཀླགས་མ་ཐག་སྙན་ཞིང་གོ་སླ་བའི་སྙམ་པ་བསྐྱེད་ངེས་རེད།  
             ལྔ། བོད་ཀྱི་ཚིག་རྒྱན་རིག་པ་འཐུས་ཚང་དུ་བཏང་བ།  
             བོད་ལ་རྔོག་ལེགས་པའི་ཤེས་རབ་ཀྱི་རིང་ནས་ཚིགས་སུ་བཅད་པ་གཅིག་གི་ནང་དུ་ཀ་མད་སུམ་ཅུ་འདུ་བར་བྱེད་པའི་ཀ་རྩོམ་དང་། འགྲོ་མགོན་འཕགས་པའི་སྐུ་རིང་ནས་ཀ་མད་སུམ་ཅུའི་གོ་རིམ་དང་ཡང་ན་གསལ་བྱེད་སྡེ་པ་སོ་སོའི་ནང་གསེས་ཀྱི་གོ་རིམ་ལྟར་རྩོམ་པ་མཛད་པའི་སྲོལ་ཡོད་པ་མགྲིན་པ་གཟེངས་སུ་བསྟོད་ནས་བརྗོད་ཕོད་ཅིང་།  བོད་མཁས་རིམ་བྱོན་རྣམས་ཀྱིས་རྩོམ་སྲོལ་དེ་དག་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཀ་རྩོམ་སྣ་ཚོགས་གྲངས་ལས་འདས་པ་བརྩམས་ཡོད་པ་ཀུན་གྱི་མཐོང་སྣང་དུ་གྱུར།  ཡིན་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་སྲོལ་དེ་དག་གཞུང་ལུགས་སུ་གཏན་ལ་ཕབ་ཅིང་བོད་ཀྱི་ཚིག་རྒྱན་རིག་པའི་གཞུང་དུ་འགོད་མཁན་ཆེར་མ་བྱུང་བས།  རྩོམ་པ་པོས་བོད་ཀྱི་ཀ་རྩོམ་གྱི་ལུགས་དང《སྙན་ངག་མེ་ལོང》གི་དངོས་བསྟན་གྱི་རྒྱན་བྱ་དཀའ་བའི་སྒྲ་རྒྱན་གཉིས་ཟུང་དུ་སྦྲེལ་ནས་ཚིག་རྒྱན་རིག་པའི་གཞུང་དུ་འཁོད་པ་ནི།  བོད་ཀྱི་ལོ་རྒྱུས་སྟེང་སྔ་ན་མེད་པའི་གསར་གཏོད་ཅིག་ཡིན་ལ་བོད་ཀྱི་ཚིག་རྒྱན་རིག་པ་འཐུས་ཚང་དུ་གཏོང་བའི་ལྷན་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་ངེས།   
             དྲུག  ཐུན་མིན་གྱི་དཔེར་བརྗོང་དྲངས་ནས་གབ་ཚིག་གི་རིག་པ་བསྟན་པ།  
             གབ་ཚིག་ནི་ཚིག་རྒྱན་གྱི་ངོས་ནས་བལྟས་ན་བོད་ཀྱི་དམངས་ཁྲོད་བརྩམས་ཆོས་ཁེད་དང་ཀུན་ནས་མཚུངས་མོད།  སྔོན་གྱི་ཚིག་རྒྱན་རིག་པའི་གཞུང་རྣམས་སུ《སྙན་ངག་མེ་ལོང》ལས་བསྟན་པའི་དཔེར་བརྗོད་འགྱུར་མ་འདྲེན་པ་དང་ཡང་ན་དེར་དཔེ་ལྟོས་ནས་བརྩམས་པའི་གབ་ཚིག་སྙན་ངག་གི་སྒོ་ནས་ངོ་སྤྲོད་པ་ཡིན་ཡང་།  རྩོམ་པ་པོས་སྐབས་དེའི་སློབ་མའི་བབ་དང་བསྟུན་ཆེད།  བོད་ཀྱི་དམངས་ཁྲོད་བརྩམས་ཆོས་ཁེད་དང་དེ་ལས་བརྩམས་པའི་གབ་ཚིག་གི་དཔེར་བརྗོད་ཐུན་མོང་མ་ཡིན་པ་དྲངས་ནས་བསྟན་པས།   གབ་ཚིག་གི་རྒྱན་རྣམས་རྩེད་མཚར་དང་ལས་སླ་མོའི་སྒོ་ནས་ངེས་ཐུབ་པ་ཡིན།  དེས་ན་བོད་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་ཁེད་དང་དེ་བརྗོད་བྱ་བྱས་པའི་གབ་ཚིག་སྙན་ངག་ལ་བརྟེན་ནས་གབ་ཚིག་གི་རྒྱན་ངོ་སྤྲོད་པ་ནི་བོད་མཁས་སྔོན་མ་རྣམས་ཀྱི་ཐུགས་ལ་མ་ཤར་པ་དང་།     ཐུགས་སུ་ཤར་རུང་ཞལ་ནས་མ་གསུངས་པ།  ཞལ་ནས་གསུངས་ཀྱང་སྙན་ངག་གི་གཞུང་དུ་འགོད་མ་མྱོང་བའི་ཐབས་དམ་པ་ཞིག་ཡིན་ནོ།། 
གསུམ་པ། 《ཚངས་སྲས་བཞད་པའི་སྒྲ་དབྱངས》བཤད་པ།  
             སྙན་ངག་ལ་འཇུག་པའི་ཚུལ་རྒྱ་ཆེར་བཤད་པའི་བསྟན་བཅོས་དེའི་རྩོམ་པ་པོ་ནི།  ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐུགས་སྲས་བསེ་ཁྲི་ཆེན་ངག་དབང་བཀྲ་ཤིས་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ཡིན་ཞིང་།  ཁོང་ཉིད་སྐུ་ན་ཕྲ་བའི་དུས་ནས་བསྟན་པའི་སྒོར་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མི་ཉུང་བ་མཛད་པ་དང་།  ཁྱད་པར་དུ་མཁས་པའི་དབང་པོ་ཀུན་དཀའ་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་སྙན་ངག་རྩ་འགྲེལ་གྱི་མཛུབ་ཁྲིད་དང་དཔེར་བརྗོད་རྒྱུགས་འབུལ་བཅས་ཞིབ་མོར་སྦྱངས་པར་བརྟེན་སྙན་ངག་ཕྱོགས་ལ་སྐྱེས་སྦྱངས་ཀྱི་མཁྱེན་དཔྱོད་རབ་ཏུ་ཡངས་པ་ཞིག་ཡིན་ཐོག⑨1980ལོར་ཀན་ལྷོ་མི་རིགས་སློབ་གྲྭའི་དགེ་རྒན་རྣམས་ལ་སྙན་ངག་གི་སློབ་ཁྲིད་བྱེད་སྐབས།  དབྱངས་ཅན་དགྱེས་གླུ་དང་། བོད་མཁས་པའི་དཔེར་བརྗོད་རྩ་བ་དང་སྦྲགས་པའི་འགྲེལ་བཤད་གོ་བདེ་ཅན་གྱི་བསླབ་དེབ་ཅིག་དགོས་པར་དགེ་སློབ་ཀུན་གྱིས་རེ་བ་ཡང་ཡང་ཞུས་པས།  མི་རིགས་རང་གི་རིག་གནས་འཕེལ་རྒྱས་དང་།  བློ་གསལ་གཞོན་ནུ་དོན་གཉེར་ཅན་རྣམས་ལ་ཕན་པའི་ཆེད་དུ།  རྒྱལ་དབང་ལྔ་བ་ཆེན་པོའི《སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》ཀྱི་དགོངས་དོན་ཁྲིད་རྒྱུན་དང་དུས་ཡུན་རིང་བའི་སློབ་ཁྲིད་ཀྱི་ཉམས་མྱོང་གཞིར་བཟུང་སྟེ།1982ལོར་སྙན་འགྲེལ《ཚངས་སྲས་བཞད་སྒྲ》མཇུག་རྫོགས་པར་བརྩམས་ཤིང་།  1984ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་ཀུན་གྱི་སྤྱན་ལམ་དུ་དངོས་སུ་འགྲེམ་སྤེལ་བྱས་པ་ལགས།    གཞུང་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞི་ཐོན་པ་འདི་ལྟར།  
             གཅིག  བསྟན་བཅོས་ཀྱི་ཁུངས་བཙུན་ཞིང་བརྗོད་དོན་ངེས་སླ་བ།  
             བསྟན་བཅོས་དེའི་ཞུ་པ་པོ་ནི་བོད་ཡིག་གི་རྨང་གཞི་བཟང་བ་དང་ཡང་ན་སྙན་ངག་ལའང་གོ་བ་ངེས་ཅན་ཡོད་པའི་ཀན་ལྷོ་མི་རིགས་སློབ་གྲྭའི་དགེ་རྒན་དག་ཡིན་པས།  དེ་དག་ལ་སྙན་ངག་ཇི་ལྟར་སྦྱོར་བའི་ཚུལ་རྒྱས་པར་སྟོན་ཆེད་ཐོག་མར《སྙན་ངག་མེ་ལོང》གི་རྩ་བ་ཇི་བཞིན་བཀོད་ནས་རང་སྟོབས་ཀྱིས་ཚིག་སྦྱོར་བདེ་མོའི་སྒོ་ནས་ཞིབ་འགྲེལ་མཛད་པས།  བསྟན་བཅོས་ཁུངས་དང་ལྡན་ཞིང་ཚིག་རྒྱན་སོ་སོའི་གནད་ཀྱི་དམ་པ་ངེས་སླ་བ་ཡིན།   
             གཉིས།  གྲགས་ཅན་མཁས་པའི་ཚད་ལྡན་དཔེར་བརྗོད་བདམས་ནས་བཀྲལ་པས་སྙན་ངག་གི་གཞུང་འགྲེལ་མང་པོ་གཅིག་ཆོག་ཏུ་གྱུར་པ།   
             གཞུང་དེར《དབྱངས་ཅན་དགྱེས་གླུའི》དཔེར་བརྗོད་ཆ་ཚང་བ་དང་།  བོད་མཁས་དང་རྗེ་ཞྭ་དམར་པཎྜི་ཏའི་དཔེར་བརྗོད་གཉིས་ལས་སྐབས་དེར་གང་འོས་ཆ་ཚང་བ་བཀོད་དེ་ཞིབ་འགྲེལ་བྱས་པའི་མཐར་རང་ཉིད་ཀྱི་དཔེར་བརྗོད་ཆ་ཚང་བ་རེ་བཀོད་པས་ན། དཔེ་མང་ཀློག་མི་དགོས་པའི་སྙན་ངག་གི་གཞུང་འགྲེལ་གཅིག་ཆོག་ཏུ་གྱུར་པར་མ་ཟད། སློབ་གཉེར་པ་རྣམས་ཀྱིས་སྙན་ངག་གི་གཞུང་ཆ་ཚང་ཞིང་ཡང་དག་པ་ཞིག་ངེས་པར་བྱེད་པ་དང་།  ཚད་དང་ལྡན་པའི་སྙན་ངག་རྩོམ་པ་ལ་གཞལ་མཐའ་བྲལ་བའི་ནུས་པ་རྒྱ་ཆེན་པོ་ཐོན་ལ། མཁས་པ་གསར་རྙིང་གི་དཔེར་བརྗོད་ཟུང་དུ་སྦྲེལ་ནས་བཀོད་པ་དེས་ཚིག་རྒྱན་སོ་སོའི་གནད་ཀྱི་དམ་པ་རྟོགས་པར་བྱེད་པ་དང་།  མཁས་པ་སོ་སོའི་རྩོམ་རྩལ་འདོན་སྟངས་དང་བརྗོད་བྱ་འདེམ་ཚུལ།  ཐུགས་ཀྱི་འཆར་སྲོལ་སོགས་ངེས་པར་ཡང་སྨན་གྱི་ནུས་པ་བསྐྱེད་པ་རེད།  
             གསུམ།  རྒྱན་གྱི་ངོ་བོའི་ཁྱད་པར་ཕྱེ་བས་དེའི་གནད་ཀྱི་དམ་པ་ངོས་འཛིན་བྱེད་བདེ་བ།  
             རྒྱན་གོང་འོག་གི་ཁྱད་པར་ཉེ་བའི་རིགས་ཏེ།  དཔེར་ན།  ལེའུ་དང་པོའི་ལྷོ་བའི་ལུགས་ཀྱི་སྦྱར་བ་དང་གཞོན་པའི་ཁྱད་པར།  དོན་རྒྱན་སོ་ལྔ་ལས་རྨད་བྱུང་གི་དཔེ་དང་གཏན་འབེབས་ཀྱི་དཔེའི་ཁྱད་པར།  སྨད་པའི་དཔེ་དང་དགག་པའི་དཔེ་གཉིས་ཀྱི་ཁྱད་པར།  དཔེ་རྒྱན་དང་གཟུགས་རྒྱན་གྱི་ཁྱད་པར། རིགས་རང་བཞིན་བརྗོད་པ་དང་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་ཁྱད་པར།  ལེའུ་དང་པོའི་རྒྱ་ཆེའི་ཡོན་ཏན་དང་དོན་རྒྱན་སོ་ལྔའི་ཉེར་གཉིས་པ་འབྱོར་བ་རྒྱ་ཆེའི་རྒྱན་གྱི་ཁྱད་པར།  མཉམ་ཉིད་ཀྱི་དཔེ་དང་ཐ་དད་ཚིག་འདྲའི་སྦྱར་རྒྱན་གྱི་ཁྱད་པར། ལེའུ་དང་པོའི་རྗེས་ཁྲིད་གྱི་རྒྱན་དང་ལེའུ་གསུམ་པའི་ཟུང་ལྡན་གྱི་རྒྱན་གྱི་ཁྱད་པར་སོགས་ཆ་འདྲ་བའི་རྒྱན་རྣམས་དམིགས་སུ་བཀར་ནས། དེ་དག་གི་ཁྱད་པར་གསལ་པོར་ཕྱེ་པས། སློབ་གཉེར་པ་རྣམས་ཀྱིས་རྒྱན་སོ་སོའི་ངོ་བོ་མ་འདྲེས་པར་ངོས་འཛིན་བྱེད་བདེ་བའི་ཡོན་ཏན་དང་ལྡན་པ་ནི་ སྙན་གཞུང་སྔོན་མ་རྣམས་ལ་མེད་པའི་ལེགས་བཤད་དུ་ འཁུམས་སོ། །   
             བཞི།   རིགས་པ་ཡང་དག་གིས་གཞན་ལུགས་དགག་ཅིང་འཐད་ལྡན་བཀོད་པས་སློབ་མཁན་ལ་དོགས་གཞི་མེད་པ།   
             སྙན་ངག་སྐབས་ཀྱི་ཡི་གེ་ལྕི་ཡང་ཇི་ལྟར་འཇོག་པའི་ཐད་སྡེ་བ་རིན་སྤུངས་སོགས་ཀྱིས་རྒྱ་གར་གྱི་ཡི་གེ་ལྕི་ཡང་གི་རིགས་པས་བོད་ཡིག་ལ་འགེབས་པ་མཛད་ནས། བོད་ཡིག་ལའང་བརྩེགས་པ་དང་། འགྲེང་བུ་ཅན་དང་། ན་རོ་ཅན། མཐའ་རྟེན་ཅན་རྣམས་ལྕི་བ་དང་།  དེ་ལས་ལྡོག་པ་རྣམས་ཡང་བའི་ཡི་གེ་ལ་འཇོག་པར་བཞེད་པ་དང་།  བོད་ཀྱི་མཁས་པ་སྔ་མ་རྣམས་དང་འབྲུག་སྤྲུལ་སོགས་ཀྱིས་རྒྱ་གར་བའི་སྲོལ་ལྟར་བོད་ཡིག་ལ་ཡི་གེ་ལྕི་ཡང་གི་བརྡ་ཆད་བཙན་གྱིས་སྦྱར་དུ་མེད་ཅིང་།  བོད་སྐད་ལ་སུམ་རྟགས་ཀྱི་གཞུང་དང་བསྟུན་ནས་ཚིག་སྡུད་དང་།  ཡི་གེ་ཕོ་མོ་མ་ནིང་སོགས་ཀྱི་དབྱེ་བས་སྒྲ་གདངས་དྲག་ཞན་དང་།  བྱེད་རྩོལ་ཆེ་ཆུང་གི་ཁྱད་པར་ལ་ཁུངས་བཅོལ་ནས།  ལྕི་ཡང་མཐོ་དམན་སོགས་མ་འཁྲུགས་པ་བྱས་ན་མི་རུང་བ་མེད་པར་གསུངས་པ་ལས་ཕྱི་མ་ལེགས་པར་བཞེད་པ་དང་།   དོན་རྒྱན་སོ་ལྔ་ལས་སུམ་ཅུ་བ་ངེས་བསྟན་གྱི་རྒྱན་ལ་ས་སྐྱའི་མཁས་པ་ངག་ཆོས་ཀྱིས།  རྒྱན་འདི་ནི་དཔེ་རང་དང་ཆོས་མཚུངས་པའི་དོན་ངེས་བསྟན་གྱི་རྒྱན་ཡིན་པས་ན་དཔེ་རྒྱན་སོ་གཉིས་ཀྱི་ནང་ཚན་མ་ཡིན་ཡང་དཔེ་རྒྱན་དུ་སོང་ཞེས་བཤད་པ་མི་འཐད་པར་བཀག་ནས་རང་ལུགས་འཐད་ལྡན་པ་བཞག་པ་ལྟ་བུས་མཚོན་མཁས་པ་སོ་སོའི་བཞེད་དགོངས་མི་འདྲ་བ་དང་ཕན་ཚུན་འགལ་བར་གྱུར་པ།  ཡང་ན་རང་ཉིད་ཀྱི་ལྟ་བ་དང་མི་མཐུན་པའི་རིགས་ལ་རང་སྟོབས་ཀྱིས་བརྟག་ཅིང་དཔྱད་པ་ཞིབ་མོ་མཛད་ནས་རང་ལུགས་འཐད་ལྡན་བཞག་པ་དེ་སློབ་གཉེར་པ་རྣམས་ཀྱི་ཤེས་བྱ་རྒྱ་བསྐྱེད་པ་དང་དོགས་གཞི་མེད་པའི་སྐོ་ནས་ཤེས་བྱ་ཚད་མ་ངོས་འཛིན་པར་ཕན་པ་ཆེན་པོ་ཡོད་པ་རེད། 
བཞི་པ།  《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ》བཤད་པ།   
             《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས》ནི་རྒན་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་སྤྱི་ལོ་1985ལོའི་དབྱར་ཁ་མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་དུ་ཞིང་ཆེན་གྱིབོད་ཡིག་ལས་ཁུངས་དང་།  རོང་འབྲོག་ཁུལ་གྱི་རྩོམ་སྒྱུར་པ་དང་བོད་ཡིག་གི་དགེ་རྒན་བརྒྱ་ཕྲག་ལྷག་བསྡུསནས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་ཚུགས་སྐབས།  རྩོམ་རིག་ཤེས་བའི་སློབ་དེབ་ཏུ་སྒྱུ་རྩོམ་རིགས་སྤྱི་ལ་ཁྱབ་པའི་ཤེས་བྱའི་གལ་གནད་མང་པོ་ཞིག་རྩ་ཚིག་གི་ཚུལ་དུ་བརྩམས་ཤིང་།  དཔེ་ཁྲིད་བྱེད་པ་བརྒྱུད་ནས《རྩོམ་རིག་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་བསྡུས》བརྩམས་ནས།  སྤྱི་ལོ་1986ལོའི《མཚོ་སྔོན་སློབ་གསོ》དེབ་དང་པོ་ནས་བཞི་པའི་སྟེང་དུ་མུ་འགོད་བྱས་པ་དང་།  སྤྱི་ལོ་1990ལོའི་ཟླ་8པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས》སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་རྗེས།  རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་ལ་བློ་ཕྱོགས་མཁན་རྣམས་ཀྱི་ཁྲིད་སྟོན་གཞུང་ལུགས་སུ་གྱུར་པ་ཡིན།    
             གཅིག  བསྟན་བཅོས་དེའི་བརྗོད་བྱའི་ནང་དོན་བཤད་པ།  རྩོམ་རིག་བསྟན་བཅོས་དེའི་བརྗོད་བྱའི་ནང་དོན་བྱེ་བྲག་ཏུ་ཤིན་ཏུ་མང་ཡང་གཙོ་བོར་གཤམ་གསལ་གྱི་ཕྱོགས་བཞིར་འདུས་པ་འདི་ལྟར།  
             1.བསྟན་བཅོས་དེའི་བརྗོད་བྱ་གཙོ་ཤོས་ནི་སྒྱུ་རྩལ་རྩོམ་རིག་གི་ཤེས་བྱ་ཡིན་པས།  ཐོག་མར་སྒྱུ་རྩལ་རྩོམ་རིག་དང་སྒྱུ་རྩལ་རྩོམ་རིག་མ་ཡིན་པའི་དབྱེ་བ་རྣམ་པར་ཕྱེ་བ་སྟེ།  བརྗོད་བྱ་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། བདེན་དོན་བརྗོད་པ་དང་། དྲང་བོ་བརྗོད་པ་གཙོ་བོར་བྱེད་པའི་རྩོམ་ནི་སྒྱུ་རྩོམ་མ་ཡིན་པའམ་དངོས་པོའི་གནས་ལུགས་བརྗོད་པའི་རྩོམ་དུ་བཤད་ཅིང་། བརྗོད་བྱ་མངོན་སུམ་གྱི་ཚུལ་དུ་རྟོགས་པ་དང་།   རྟོག་བཏགས་བརྗོད་པ་དང་།  འཁྱོག་བརྗོད་གཙོ་བོར་བརྗོད་པའི་རྩོམ་ནི་སྒྱུ་རྩོམ་དུ་བཤད་པ་ཡིན།  སྤྱིར་རྩོམ་གྱི་རིགས་ལ“དངོས་པོའི་གནས་ལུགས་འཆད་པ་དང་།  སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད”ཅེས་ས་སྐྱ་པཎྜི་ཏས《སྡོམ་གསུམ་རབ་དབྱེ》སོགས་སུ་བསྟན་རུང་།  རྩོམ་གྱི་རིགས་དབྱེ་བའི་ཚད་གཞི་ཆ་ཚང་ཞིང་མངོན་པར་གསལ་བ་ཞིག་ཐོན་མེད་ལ། བསྟན་བཅོས་དེ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་མེད་པས། དོན་གཉེར་པ་རྣམས་ཀྱིས་བཀླག་པར་དེ་འདྲའི་སྟབས་བདེ་པོའང་མ་རེད། དེས་ན་རྒན་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་རྒྱ་གར་གྱི་སྙན་གཞུང་དང་བོད་མཁས་སྔོན་མ་རྣམས་ཀྱི་གསུང་སྒྲོས་ལ་གཞི་བྱས།  དེང་གི་རྩོམ་རིག་གཞུང་ལུགས་ལ་ཟུར་ལྟ་མཛད་ནས་རྟོགས་རིགས་དང་བརྗོད་དོན།  ཚིག་སྦྱོར་བཅས་གསུམ་གྱི་ངོས་ནས་སྒྱུ་རྩོམ་དང་སྒྱུ་རྩོམ་མ་ཡིན་པའི་དབྱེ་བ་གསལ་པོར་ཕྱེ་བ་དེས་རྩོམ་རིག་གསར་རྩོམ་པ་དང་།  རྩོམ་རིག་དཔྱད་བརྗོད་པ།  རྩོམ་རིག་ཞིབ་འཇུག་པ་སོགས་ལ་རྩོམ་གྱི་རིགས་འཇལ་བའི་ཡོ་བྱད་ཚད་མ་ཞིག་གནང་བ་སུ་ཞིག་གིས་བསྙོན་པར་ནུས།   
             2.《སྙན་ངག་མེ་ལོང》གི་གདེང་འཇོག་བཤད་པ།   དེ་ཡང་རྩོམ་པ་པོས《སྙང་ངག་མེ་ལོང》གི་རྣམ་བཤད་སོགས་ལ་རྒྱན་གྱི་བསྟན་བཅོས་དང་ཚིག་རྒྱན་གྱི་བསྟན་བཅོས་འབོད་པ་ལ་བརྟེན་ནས་དེ་ཚིག་རྒྱན་ཁོ་ན་ཡིན་པར་བསམ་པ་དང་།  ཚིག་རྒྱན་སྦྱོར་ཚུལ་ཙམ་ཤེས་ན་སྙན་ངག་ཤེས་པར་རློམ་ནས་ཚིག་འདོན་ཚུལ་ལ་དོ་སྣང་ཆེར་བྱེད་པ་ལས།  རྩོམ་གྱི་ལུས་དང་སྲོག་དང་ནང་དོན། རྩོམ་སྟངས། རྩོམ་གཤིས། རྩོམ་གྱི་རྒྱུ་དང་དགོས་པ་སོགས་རྩོམ་གྱི་གནད་དོན་གཞན་དག་ལ་དོ་སྣང་མི་བྱེད་པ་ལ་སོགས་པའི་སྣང་ཚུལ་ལ་དམིགས་ནས།《སྙན་ངག་མེ་ལོང》གི་བསྟན་དོན་དང་དེང་གི་རྩོམ་རིག་གཞུང་ལུགས་ཀྱི་ནང་དོན་གཉིས་ཞིབ་བསྡུར་གྱིས《སྙན་ངག་མེ་ལོང》དེ་ཚིག་རྒྱན་གྱི་བསྟན་བཅོས་ཙམ་མིན་པར།  རྩོམ་ལུས་ཀྱི་རྣམ་པ་དང་། བརྗོད་བྱའི་དོན། བརྗོད་དོན་བསམ་བློ། རྩོམ་སྟངས། རྩོམ་གཤིས། རྩོམ་གྱི་རྒྱུ་ཆ།  རྩོམ་སྐྱོན་སྤོང་ཚུལ་སོགས་རྩོམ་རིག་གི་གཞུང་ལུགས་ཆ་ཚང་ཞིག་ཡིན་ཞེས་གདེང་འཇོག་བྱེད་པའི་ཞོར་དུ་སྙན་ངག་སོགས་སྒྱུ་རྩོམ་ལེགས་པོ་ཞིག་རྩོམ་དགོས་ན་ཚིག་རྒྱན་སྦྱོར་ཚུལ་ཙམ་ཤེས་པས་མི་ཆོག་པར།  རྩོམ་རིག་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་རྣམས་ཀྱང་ངེས་པར་ཤེས་དགོས་པ་ནན་གྱིས་བསྟན་ཡོད།  
             3.《སྙན་ངག་མེ་ལོང》དུ་མ་འདུས་པའི་རྩོམ་རིག་ཤེས་བྱ་བསྟན་པ།  དེ་ཡང་རྩོམ་པ་པོས་ཐོག་མར《སྙན་ངག་མེ་ལོང》གིས་ཟིན་པའི་རྩོམ་རིག་ཤེས་བྱ་རྣམས་གཤིབ་སྡུར་དང་དཔྱད་བརྗོད་ཡོད་པའི་སྒོ་ནས་གསལ་པོར་བསྟན་རྗེས།  དེར་མ་འདུས་པའི་དེང་རབས་སྒྱུ་རྩོམ་གཞུང་ལུགས་ཀྱི་ཤེས་བྱ་སྟེ།  སྒྱུ་རྩོམ་གྱི་མཚན་ཉིད་དང་རང་བཞིན།  སྙན་ངག་གི་མཚན་ཉིད་དང་ཁྱད་ཆོས། སྒྲུང་གཏམ་གྱི་མཚན་ཉིད་དང་ཁྱད་ཆོས།  ཟློས་གར་གྱི་མཚན་ཉིད་དང་ཁྱད་ཆོས།  ལྷུག་རྩོམ་གྱི་མཚན་ཉིད་དང་། ཁྱད་ཆོས། སྒྱུ་རྩོམ་གྱི་བརྗོད་བྱ་དང་དགོངས་པའི་འབྲེལ་བ།  རྩོམ་པ་པོའི་ལངས་ཕྱོགས་དང་ལྟ་ཕྱོགས།  བསམ་པའི་དམིགས་ཡུལ་སོགས་ཀྱི་ཁྱད་པར།  རྩོམ་གྱི་རང་བཞིན་མཆོག་དམན་གྱི་ཁྱད་པར། མཛེས་སྡུག་རིག་པའི་ལྟ་བ། རྩོམ་གྱི་བརྗོད་བའི་ནང་དོན་དང་།  རྗོད་བྱེད་ཀྱི་ཚིག་སྦྱོར།  རྩོམ་གྱི་བཟོ་བཀོད་སོགས་ཕྱི་ཚུལ་བར་གྱི་འབྲེལ་བ།  སྙན་རྩོམ་གྱི་བྱེད་ལས་དང་དགོས་པའི་སྒྲུབ་ཕྱོགས།  རྩོམ་མཁན་གྱིས་ཤེས་རྒྱ་བསྐྱེད་དགོས་པའི་རྒྱུ་མཚན།  རྩོམ་གྱི་བརྗོད་བྱ་གསལ་འདོན་བྱེད་ཚུལ།  སྒྱུ་རྩོམ་གྱི་རང་བཞིན།   བརྗོད་བྱ་གཟུགས་དབྱིབས་ཀྱི་སྣང་བཪྙན་དང་།  མངོན་སུམ་གྱི་ཡུལ་དུ་གཏད་པའི་རྩོམ་སྟངས། མངོན་འགྱུར་དུ་ཡོད་པའི་འཚོ་བའི་བདེན་པ་དང་། སྒྱུ་རྩོམ་གྱིས་མཚོན་པའི་བདེན་པའི་ཁྱད་པར།  སྒྱུ་རྩོམ་གྱི་དོན་སྟོན་སྟངས།  སྒྱུ་རྩལ་ལ་མི་རིགས་ཀྱི་ཁྱད་ཆོས་དགོས་ཚུལ། སྙན་རྩོམ་ཚིག་སྦྱོར་གྱི་བླང་བྱ།རྩོམ་མཁན་བཟང་པོ་ཞིག་ལ་འཛོམ་དགོས་པའི་ཡོན་ཏན། རྩོམ་གཤིས། ཚིག་དང་དོན་གྱི་འབྲེལ་བ། རྩོམ་གྱི་བཟང་ངན་འབྱེད་པའི་ཚད་གཞི་སོགས་གང་ལ་གང་མཁོ་རྣམས་ཁ་གསབ་མཛད་པས་བརྗོད་བའི་ཁྱབ་རྒྱ་ཆེ་བ་ཡིན།  
             4.བོད་ཀྱི་སྐད་ལ་རྒྱུགས་དང་མཁོ་བའི་ཚིག་རྒྱན་བཤད་པ། 《སྙན་ངག་མེ་ལོང》དུ་དངོས་སུ་བསྟན་ཞིང་བོད་ཀྱི་སྐད་ལའང་རྒྱུགས་དང་མཁོ་ཆེ་བའི་ཚིག་རྒྱན་ཏེ།  དཔེ་རྒྱན་དང་གཟུགས་རྒྱན།  དོན་གཞན་བཀོད་པའི་རྒྱན།  ལྡོག་པ་ཅན་གྱི་རྒྱན།  ཕུལ་བྱུང་གི་རྒྱན།  བསྙོན་དོར་གྱི་རྒྱན། བསྡུས་བརྗོད་གྱི་རྒྱན། ཕྲ་མོའི་རྒྱན། ཆའི་རྒྱན། རབ་རྟོག་གི་རྒྱན། ཉམས་ལྡན་གྱི་རྒྱན།  སྲིད་པ་ཅན་གྱི་རྒྱན།  རིམ་པ་ཅན་གྱི་རྒྱན།  དགའ་བའི་རྒྱན། རྒྱ་ཆེ་བའི་རྒྱན། སྦྱར་རྒྱན། ཁྱད་པར་བརྗོད་པའི་རྒྱན། མཚུངས་སྦྱོར་གྱི་རྒྱན། སྐབས་མིན་བསྟོད་པའི་རྒྱན།  ཟོལ་བསྟོད་ཀྱི་རྒྱན།  ངེས་བསྟན་གྱི་རྒྱན་སོགས་དམིགས་སུ་བཀར་ནས་མཚན་ཉིད་གསལ་པོར་བསྟན་པར་མ་ཟད།  ཕུལ་བྱུང་རྒྱན་དང་བསྙོན་དོར་རྒྱན་གཉིས་ཀྱི་རང་བཞིན་དང་བྱེད་ལས། བསྡུས་རྒྱན་གྱི་ཁྱད་ཆོས། ཆ་རྒྱན་གྱི་ངོ་བོ་དང་ཁྱད་ཆོས།  སྒྲ་རྒྱན་གྱི་རང་བཞིན་དང་ཉམས་འདོན་ཚུལ་སོགས་ཀྱང་འབུར་དུ་བརྗོད་ཡོད། དེ་ཡང་རྒྱན་དེ་དག་རྩོམ་པ་པོས་རྩོམ་རིག་སྤྱིའི་སྐད་ཆའི་སྒྱུ་རྩལ་དུ་ངེས་པས།  དེ་དག་གསལ་བར་བཤད་པར་ཡང་མཁས་པའི་སྙན་ཚིག་འབའ་ཞིག་སྟེང་ནས་མི་བརྗོད་པར་ཁ་སྐད་དང་། དམངས་ཁྲོད་གཏམ་རྒྱུད། གླུ་དང་གཞས་ཤགས།   ཡང་ན་འཛམ་གླིང་མི་རིགས་གཞན་གྱི་བརྩམས་ཆོས་སམ་རི་མོ་འབྲི་སྟངས་སོགས་ཀྱང་གང་ལ་གང་འཚམ་བདམས་ཐོག  རང་གི་ཤེས་རབ་སྟོབས་ལས་ཐོན་པའི་ཁ་གསལ་དོན་འདུས་ཀྱི་ཚིག་སྦྱོར་ཁྱད་པར་ཅན་གྱིས་སྤྲོས་པས།  བཀླགས་མ་ཐག་ཚིག་ཉམས་གྱི་གནད་འདོན་ཚུལ་ངེས་སླ་བ་ཡིན།  དེའི་ཞོར་དུ་ད་དུང་སྙན་ཚིག་ལ་དཔེ་དང་ཉམས་གསར་པ་དགོས་ཚུལ་དང་དོན་ལ་མི་འབྱོར་བ་དང་གནད་ལ་མི་འཁེལ་བའི་ཚིག་སྐྱོན་སྤེལ་དགོས་ཚུལ།  ཚིག་གིས་དོན་སྟོན་ཚུལ་དང་དོན་སྟོན་ཚུལ་གྱི་ཐབས།  རང་ཕྱོགས་དང་ལྡོག་ཕྱོགས་ནས་ཡོན་ཏན་སྟོན་ཐབས།  སྙན་རྩོམ་གྱིས་བརྗོད་བྱའི་དངོས་པོའི་རང་བཞིན་མཚོན་ཚུལ།  རྩོམ་རིག་སྒྱུ་རྩལ་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རྒྱུ་མཚན་སོགས་རྩོམ་རིག་གསར་རྩོམ་ལ་མཁོ་ཆེ་བའམ་རྩོམ་རིག་གསར་རྩོམ་ཐད་མཉམ་འཇོག་དགོས་པའི་ཤེས་བྱའི་གལ་གནད་ཀྱང་མང་དུ་བསྟན་ཡོད།   
             གཉིས།  བསྟན་བཅོས་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་བཤད་པ།  
             དེ་ཡང་གོང་གསལ་གྱི་ཕྱོགས་བཞིའི་ངོས་ནས་བརྟག་ཅིང་དཔྱད་ན།  རྩོམ་རིག་བསྟན་བཅོས་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡོན་ཏན་ཤིན་ཏུ་མང་ཡང་།  ཕྱོགས་གཅིག་ཏུ་བསྡུས་ན་གཤམ་གསལ་གྱི་ཕྱོགས་བཞིར་འདུས་པར་སྙམ།  
             1.བརྗོད་བྱའི་དོན་གྱིས་ཕྱུག་པས་སྦྱངས་པའི་ཕན་ནུས་ཆེ་བ། རྩོམ་པ་པོའི་ཞལ་ནས།  
             གནའ་ནས་དར་བའི་མི་རིགས་རང་གི་རྩོམ་སྲོལ་གཟུགས་མཛེས་གཞོན་ནུ་དང་། །  དེང་དུས་གྲགས་པའི་འཇིག་རྟེན་སྤྱི་ལུགས་རྩོམ་རིག་མཚར་སྡུག་བུ་མོ་གཉིས། །  རྣམ་དཔྱོད་ཁྱིམ་དུ་མཛའ་བོར་བསྡེབས་ལ་ལེགས་འཁྲུངས་རྩོམ་གཞུང་བུ་ཆུང་འདི། །  ཆུང་ཡང་གསར་སྐྱེས་ཁྱད་ཆོས་ལྡན་པས་རྒས་འཁོགས་དག་གིས་འགྲན་ནུས་མིན། །  
ཞེས་གསུངས་པ་བཞིན་བསྟན་བཅོས་དེ་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་གཞུང་དང་དེང་རབས་སྒྱུ་རྩོམ་སྤྱི་ལ་ཁྱབ་པའི་ཤེས་བྱའི་གལ་གནད་ཟུང་དུ་སྦྲེལ་བའི་རྩོམ་རིག་གཞུང་ལུགས་ཤིག་དང་།  བོད་ཀྱི་སྐད་ལ་རྒྱུགས་དང་མཁོ་ཆེ་བའི་ཚིག་རྒྱན་རིག་པ་དང་རྩོམ་རིག་གཞུང་ལུགས་ལྷན་དུ་འདྲེས་པའི་ཕྱོགས་བསྡུས་རང་བཞིན་གྱི་བསྟན་བཅོས་རྩ་ཆེན་ཞིག་རེད། སྔ་ན་མེད་པའི་བསྟན་བཅོས་གལ་ཆེན་དེས་རྩོམ་པའི་ལས་ཀྱི་བཞི་མདོར་རྨོངས་པའི་གཞོན་ནུ་གསར་རྩོམ་པ་རྣམས་ཀྱིས་ཚིག་ཉམས་འདོན་ཚུལ་ཁོ་ནར་འབད་ནས་རྩོམ་རིག་ཤེས་བྱ་གཞན་ལ་དོ་སྣང་མི་བྱེད་པའི་སྣང་ཚུལ་བསྒྱུར་ནས།《སྙན་ངག་མེ་ལོང》དང་དེང་རབས་སྒྱུ་རྩོམ་སྐོར་གྱི་ཤེས་བྱའི་གལ་གནད་མང་པོར་ཕྱོགས་ཡོངས་ནས་སྦྱངས་པ་ལེགས་པོ་བྱས་ཏེ། རྩོམ་རིག་གཞུང་ལུགས་དང་རོ་མྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་།  རྩོམ་རིག་གསར་རྩོམ་གྱི་ལས་ལ་ཚུལ་ཇི་ལྟར་འཇུག་པར་ས་པཎ《མཁས་འཇུག》ལྟ་བུའི་ཕན་ནུས་བསམ་གྱིས་མི་ཁྱབ་པ་བསྐྱེད་ཅིང་།  《སྙན་ངག་མེ་ལོང》གིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ཟིན་པའི་ཕན་ནུས་དང་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ཟིན་པའི་གོ་གནས་ལ་ཞིབ་འཇུག་བྱེད་པར་གཞུང་ལུགས་ཀྱི་ཁོངས་བཅོལ་ས་ལེགས་པོ་ཞིག་ཀྱང་འདོན་སྤྲོད་མཛད་པ་རེད།  
             2.བོད་སྐད་རྣལ་མའི་ཚིག་སྦྱོར་སྤེལ་བས།    
             བརྗོད་དོན་ཐམས་ཅད་བདེ་བླག་ཏུ་གོ་བ།  རྩོམ་པ་པོ་བོད་ཀྱི་ཚིག་རྒྱན་རིག་པ་དང་འཛམ་གླིང་སྤྱི་ཁྱབ་ཀྱི་དེང་རབས་རྩོམ་རིག་གཞུང་ལུགས་ལ་མཁྱེན་པ་རབ་ཏུ་རྒྱས་ཤིང་ཚིག་སྦྱོར་ཚུལ་ལ་ཁྱད་དུ་འཕགས་པའི་རྩལ་དང་ལྡན་པས།  རྗོད་བྱེད་ཚིག་ལ་བོད་སྐད་རྣལ་མའི་ཚིག་སྦྱོར་ཚུལ་དང་ཤོད་སྟངས། དོན་སྟོན་ཚུལ་སོགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་བརྗོད་དོན་གོ་བདེ་བ་ཡིན། དཔེར་ན། འོ་མའི་ཁ་ལས་འོ་ཞག་བཅད་པ་བཞིན། །  ཞག་དེ་བསྲུབས་ནས་ཉིང་བཅུད་ལེན་པ་བཞིན།། བརྗོད་བྱར་བླངས་པའི་དོན་གྱི་འོ་མཚོ་ལས།།དོན་གནད་ཉིང་བཅུད་མར་གསར་ལེན་པར་བྱ།།  
             ཞེས་བོད་ལ་ཤིན་ཏུ་གོམས་ཤིང་རྒྱུས་ཆེ་བའི་གཟུགས་རྒྱན་ལ་སྦྱར་ནས་བསྟན་པས།  འགྱུར་མ་དང་བཤུས་མའི་སླད་ཅུང་ཟད་ཀྱང་མ་འདྲེས་ཤིང་། བརྗོད་དོན་གཟུགས་སྣང་ལྡན་པའི་སྒོ་ནས་ངེས་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་པ་ལྟར་རོ། །    
             3.སྣ་ཚོགས་ལུང་གིས་བསྟན་པས་བརྗོད་བྱ་རྣམ་པར་རྟོགས་པ།  རྩོམ་པ་པོས་བོད་ཡིག་དང་རྒྱ་  ཡིག་སོགས་སྐད་རིགས་གསུམ་མཁྱེན་ཞིང་གཟིགས་རྒྱ་ཤིན་ཏུ་ཡངས་པས། བརྗོད་བྱའི་ལྟ་བ་གང་ཞིག་སྒྲུབ་པའི་ལུང་དང་བསྟན་བྱའི་ཤེས་བྱ་གང་ཞིག་མཚོན་པའི་དཔེར་འཛམ་གླིང་མི་རིགས་སོ་སོའི་མཁས་པའི་གསུང་སྒྲོས་ཁྱད་པར་ཅན་གང་ལ་གང་འཚམ་དྲངས་ནས་བརྗོད་པར་མ་ཟད།  ཉིད་ཀྱི་ཞལ་ནས།  དཔེ་སྦྱོར་ཚུལ་སྙན་ཚིག་རིག་པའི་གཞུང་གི་དཔེར་བརྗོད་སོགས་དང་།  མཁས་པའི་གསུང་རྩོམ་སོགས་ལས་ཤེས་དགོས་པར་མ་ཟད། ཁ་སྐད་དང་། དམངས་ཁྲོད་ཀྱི་སྒྲུང་གཏམ།  གླུ་དང་གཞས་ཤགས་དཔེ་འཐེན་གྱི་ནང་ན་དོན་ཟབ་ཅིང་།  ཉམས་མཚར་བའི་དཔེ་མང་དུ་ཡོད་པས་དེ་དག་སྦྱངས་ནས་བེད་སྤྱད་ན་རྩོམ་ཉམས་ལེགས་པོ་ཐོན་པར་གསུངས་པ་བཞིན།  ཚིག་རྒྱན་མཚོན་བྱེད་ཀྱི་དཔེར་ད་དུང་དམངས་ཁྲོད་ཀྱི་སྐད་ཆ་དང་གླུ་གཞས་ཉམས་མཚར་བའང་དྲངས་པས་ཤེས་བྱའི་གལ་གནད་རྟོགས་སླ་ཞིང་ཀློག་མཁན་གྱི་ཤེས་རྒྱ་བསྐྱེད་པར་ཕན་ནུས་ཆེན་པོ་ལྡན་པ་རེད།  
             4. དེང་རབས་བོད་ཀྱི་རྩོམ་རིག་ལ་འཕེལ་ཕྱོགས་གསལ་བའི་སྒྲོན་མེ་སྦར།  སྔོན་ཆད་གཞན་གྱིས་གསུང་མ་མྱོང་བ་སྟོན་པ་དང་།  གཞན་གྱིས་གསུང་མྱོང་བ་ཇེ་གསལ་དུ་གཏོང་བ་ནི་བསྟན་བཅོས་དེའི་ཁྱད་ཆོས་གཙོ་ཤོས་ཤིག་རེད། རྩོམ་པ་པོས་སྒྱུ་རྩོམ་གཞུང་ལུགས་དང་ཚིག་རྒྱན་སྟོན་པ་མང་དུ་གསུངས་པས།  བོད་ཀྱི་རྩོམ་རིག་གསར་རྩོམ་པ་རྣམས་ཀྱི་བློ་མིག་ཆེས་ཆེར་ཕྱེ་བ་རེད།  དེ་ཡང་སྒྱུ་རྩོམ་གྱི་ངོ་བོ་ལ། སྒྱུ་རྩོམ་གྱིས་དུས་གསུམ་གྱི་བེམ་ཤེས་དངོས་པོའི་སྣང་ཚུལ་གང་རུང་ཞིག་མཚོན་ཕྱིར།  རྩོམ་པ་པོས་རང་གི་དགའ་སྡུག་ཆགས་སྡང་གི་ཡིད་འགྱུར་ཉམས་སྣང་དང་།   དྲན་པའི་མཁའ་དབྱིངས་སུ་རང་དགར་རྒྱུ་བའི་འཆར་སྣང་སྣ་ཚོགས་ལས་བྲིས་པའི་རྟོག་བཏགས་ཀྱི་སྣང་བཪྙན་རྗོད་བྱེད་ཚིག་གི་ལམ་ནས་སྟོན། ཞེས་བོད་མཁས་སྔོན་མ་རྣམས་ཀྱིས་གསུང་མ་མྱོང་བ་གསར་དུ་བསྟན་པ་དང་།  སྙན་རྩོམ་གྱི་དགོངས་གཞི་བརྗོད་སྐབས།  
             རྨོངས་པའི་གཉིད་ལས་སད་བྱེད་འབྲུག་གི་སྒྲ། །
             གཤིས་ངན་དུག་སྦྲུལ་ཚང་གཏོར་གནམ་ལྕགས་ཐོག །
             ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར།  །
             དགོངས་གཞིར་བྱས་པ་སྙན་རྩོམ་མཆོག་ཏུ་བསྔགས། །  
             ཞེས་སྙན་རྩོམ་གྱི་དགོངས་གཞིར་མི་རྣམས་རྨོངས་པ་ལས་སློང་པ་དང་།  སྤྱི་ཚོགས་ཀྱི་གཤིས་ངན་ཡོ་སྲང་བྱེད་པ།  བསམ་པ་རྒྱ་ཆེ་ཞིང་ཀུན་སྤྱོད་མཛེས་པ།  ཤེས་རིག་ལྡན་ཞིང་སྤྱོད་པ་ཡག་པའི་མི་སྐྱེད་སྲིང་བྱེད་པ།  སྤྱི་ཚོགས་ཡར་རྒྱས་ཀྱི་མདུན་ལམ་གསལ་བར་བྱེད་པ་བརྗོད་དོན་བྱེད་དགོས་པར་གདམས་པ་དང་།  སྙན་རྩོམ་གྱི་དགོས་པའི་དགག་ཕྱོགས་སྟོན་པ་ལ།    “བཟང་ངན་གོ་བཟློག་དང་། མ་རབས་གཟེངས་བསྟོད་བྱེད་པ་དང་།  སྤྱོད་ངན་རྒྱུན་འབྱམས་དང་ཡར་སྐྱེད་སྟོབས་ཤུགས་ཉམས་པའི་རྒྱུར་འགྲོ་བའི་རྩོམ་རིགས་ནི་དུག་ཏུ་བལྟ་ཞིང་མི་གཙང་ཕྱག་ལུད་བཞིན་དུ་སྤང་དགོས”ཞེས་གསུངས། རྩོམ་གཤིས་སྟོན་སྐབས།  
             ལ་ལའི་ཚིག་སྦྱོར་ཆུ་དྭངས་ཉ་མོ་བཞིན། །  ལ་ལའི་ཚིག་སྦྱོར་ཆུ་རྙོག་རྡོ་མི་མཐོང་། །  གབ་ཚིག་ལྟ་བུའི་དགོས་པ་གཞན་མེད་ན། །  སྔ་མ་ཡོན་ཏན་ཕྱི་མ་སྐྱོན་དུ་བལྟ། ། 
             ཞེས་རྒྱུན་སྤྱོད་མིན་པའི་བརྡ་རྙིང་མངོན་བརྗོད་དང་།  བསྡུས་ཆེ་ཞིང་འཁྱོག་རྒྱན་གྱིས་སྤྲས་པའི་ཚིག་སོགས་ནན་གྱིས་སྦྱར་ནས་དོན་བསྒྲིབས་པའི་རྩོམ་གཤིས་འགོག་ཅིང་ཚིག་དོན་གསལ་ཞིང་གོ་བདེ་བའི་རྩོམ་གཤིས་ལ་བསྔགས་པ་བརྗོད་ནས་འབད་པར་སྐུལ་བ།  རྩོམ་མཁན་གྱིས་ཤེས་རྒྱ་བསྐྱེད་དགོས་ཚུལ་སྟོན་སྐབས།  སྤྱིར་ཕྱོགས་གང་ཐད་ནས་ཀྱང་ཤེས་རྒྱ་ལྟ་རྒྱ་ཆེ་བར་གཏོང་བ་དང་།  འཇིག་རྟེན་གྱི་རིག་གནས་གསལ་བ་ལེན་པ་གལ་ཆེ་ཞིང་།  ལྷག་པར་རྩོམ་རིག་ཕྱོགས་ནས་གཞན་གྱི་ལེགས་ཆ་བླངས་ནས་རྩོམ་རིག་སྒྱུ་རྩལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་གལ་ཆེ་ཞིང་།  དེ་ལྟར་མ་བྱས་ན་རང་རེའི་གནའ་ལུགས་ཀྱི་ཁང་བརྩེགས་ཉིས་ཐོག་སུམ་ཐོག་ཅིག་ལས།  བརྩེགས་ཐོག་བརྒྱ་ལྷག་ཡོད་པའི་དེང་རབས་ཀྱི་མཁའ་བསྙེགས་ཁང་བརྩེགས་མཐོན་པོ་ནམ་ཡང་བཟོ་བར་མི་ནུས་སོ། །  ཞེས་རྩོམ་པ་པོ་རྣམས་ཤེས་རྒྱ་ཇེ་ཆེར་གཏོང་བ་དང་།  འཛམ་གླིང་མི་རིགས་གཞན་གྱི་རིག་གནས་ལེགས་ཆ་བླངས་ནས་རང་གི་རྩོམ་རིག་སྒྱུ་རྩལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་གདམས་པ་སོགས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་བརྗོད་བྱ་སྤྱི་ཚོགས་ཅན།  སྒྱུ་རྩལ་ཚད་མཐོ་ཅན། དགོངས་གཞི་ཡར་སྐྱེད་ཅན། ཁྱད་ཆོས་མི་རིགས་ཅན། སྐད་ཆ་སྤྱི་མཐུན་ཅན། རྩོམ་གཤིས་གོ་བདེ་ཅན་དུ་འཕེལ་བར་ཁྲིད་སྟོན་གྱི་ནུས་པ་ཐོན་ངེས་རེད།    
མཇུག་སྡུད་པའི་གཏམ།  
             “རིག་གནས་གསར་བརྗེ་ཆེན་པོའི”ཟིང་ཟིང་དུས་ཀྱི་མཐའ་ལ་བོད་ཀྱི་རྩོམ་པ་པོ་རྒན་རབས་རྒྱུན་ཆད་ལ་ཉེ་བ་དང་།  གཞོན་པ་འཚར་ལོངས་མ་བྱུང་བའི་སྐྱ་ཟད་སྔོ་སྟོང་གི་དུས་བབ་དེ་འདྲ་ཞིག་ལ་བསྟན་བཅོས་དེ་དག་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེས་རྩོམ་རིག་གསར་རྩོམ་པ་རྣམས་ལ་རྩོམ་པ་ཚུལ་ཇི་ལྟར་འཇུག་པའི་སློབ་རྟེན་ཡོད་པ་དང་།  རྩོམ་རིག་དཔྱད་བརྗོད་པ་རྣམས་ལ་དཔྱད་བརྗོད་ཀྱི་ཚད་གཞི་ཡོད་པ།  བོད་ཀྱི་དེང་རབས་རྩོམ་རིག་ལ་དེ་ཉིད་ཕྱོགས་གང་ལ་འཕེལ་བའི་ལམ་སྟོན་སྒྲོན་མེ་ཡོད་པར་གྱུར། བསྟན་བཅོས་དེ་དག་ཁྲིད་སྦྱོང་བྱས་པ་ལ་བརྟེན་ནས་གཞོན་པ་གསར་སྐྱེ་རྣམས་ཀྱི་རྩོམ་རིག་གཞུང་ལུགས་དང་རོ་མྱོང་གི་ཆུ་ཚད་ཇེ་མཐོར་འགྲོ་བ་དང་རྩོམ་པ་ལ་འཇུག་པའི་བློ་མིག་ཆེས་ཆེར་ཕྱེ་ཞིང་རྩོམ་རྩལ་ཇེ་མཐོར་ཕྱིན་པས།  སྔོན་ན་མེད་པའི་སྙན་ངག་དང་སྒྲུང་གཏམ།  ལྷུག་རྩོམ།  འཁྲབ་གཞུང་སོགས་རྩོམ་རིག་རྣམ་གྲངས་གསར་པ་ཆར་རྗེས་ཤ་མོ་རྡོལ་བ་བཞིན་ཐོན་ནས་བོད་ཀྱི་རྩོམ་རིག་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ལ་སླེབས་པ་རེད།   
             ཟུར་ལྟའི་དཔྱད་གཞི།
             ①ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་གསལ་བཤད་དུ་འཁོད་ཡོད།
             ②ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《སྙན་ངག་སྤྱི་དོན》གྱི་ཤོག་ངོས་123ན་གསལ།
             ③ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ཚངས་སྲས་བཞད་པའི་སྒྲ་དབྱངས》ཀྱི་ཐོག་མའི་གླེང་བསླང་བ་ལས་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1