གཙོ་ངོས།>> གླིང་སྒྲུང་།>>དཔྱད་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༠༥ཉིན།

༄༅།། གླིང་གི་ཁྲ་གླག་སྤྱང་གསུམ་བཤད་པ།

གཅོད་པ་དོན་གྲུབ།
དང་པོ། དཔའ་འགྲན་མེད་སེང་སྟག་ཨ་དོམ།
             དེ་ཡང་ཁྲ་མོ་གླིང་གི་ཡང་རྟུལ་དམ་པའི་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཏེ། གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་འབྲིང་རྒྱུད་ཀྱི་གདུང་རྒྱུད། དཔའ་འགྲན་མེད་སེང་སྟག་ཨ་དོམ་ནི། གླིང་དཀར་ཕུ་ནུ་སུམ་ཅུ་ལས་དཔའ་བོ་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་མཚན་སྙན་ཕྱོགས་ཀྱི་སྒེག་མོའི་རྣ་བའི་རྒྱན་དུ་གྱུར་ཡོད། སྒྲུང་རྙིང་རྩ་ཆེན་རེ་ཟུང་ལས་བཀོད་པ་ལྟར་ན། ལྷོ་འཛམ་བུ་གླིང་གི་ས་ཆ་ན་སེང་ཨ་དོམ་མི་ཡི་སྤྱང་ཁུ་ཡིན། མཚོན་ལེབ་ཆེན་མི་ཡི་བཤའ་གྲི་ཡིན། རྟ་སྟོང་རི་ནོར་གྱི་བང་མཛོད་ཡིན། སེང་དོམ་བུས་མ་ཐུབ་དགྲ་སྐད་མེད།  མཚོན་ལེབ་ཆེན་མ་ཆོད་ལས་གཅིག་མེད།  རྟ་སྟོང་རིས་མ་ཟིན་སུ་ཡང་མེད་ཅེས་མི་རྟ་མཚོན་གསུམ་གྱི་ཁྱད་ཆོས་བརྗོད་ཡོད་པ་དང་།   ད་དུང་དང་པོ་རྟིང་མ་མདའ་ལ་འགྲན་པའི་ཉིན། ཉག་ཕྲན་ནི་འཇག་སྐྱ་ཡར་ཡར་གྱིས།   ཕྱི་དགྲ་བོ་ཤིང་སྡོང་འགྱེལ་འགྱེལ་བྱོས།  དེ་ནས་བ་དན་མདུང་ལ་འགྲན་པའི་ཉིན། བ་དན་ནི་མེ་སྟག་འཚུབ་འཚུབ་གྱིས། སྡང་དགྲ་བོ་མེ་ལྕེ་སྲེག་སྲེག་བྱོས།  དེ་ནས་སྔོན་མོ་མཚོན་ལ་འགྲན་པའི་ཉིན།  རལ་གྲི་ནི་འཁོར་ལོ་བསྐོར་བསྐོར་གྱིས། ཕྱི་དགྲ་བོ་ཟོར་བས་འབྲེག་འབྲེག་བྱོས་ཞེས་དཔའ་རྒོད་ཀྱི་ཁྱད་ཆོས་བླ་ན་མ་མཆིས་པ་ཞིག་ཀྱང་བསྟན་ཡོད་པ་ལགས།  
             ཁོང་གི་མཚན་ལ་དཔའ་མི་འགྱུར་སེང་སྟག་ཨ་དོམ་ཞེས་པ་འདི་ཅི་ལྟར་འབྱོར་བ་རགས་ཙམ་བརྗོད་ན།  དེ་ཡང་གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁྲུངས་ཏོ་ཤར་རྨ་རྒྱལ་སྦོམ་རའི་གཏེར་སྒོ་འབྱེད་པའི་སྐབས་སུ། གླིང་གི་ཕུ་ནུ་ཐམས་ཅད་ལྷན་ཏུ་འཛོམས་ཏེ་ཤེད་ཆེན་གྱིས་ཤེད་ངོམ་ཞིང་། སྟོབས་ཆེན་གྱིས་སྟོབས་ངོམ་པ། འདོ་བ་ཡིས་རྒྱུག་ངོམ་པ། ཁ་བདེ་ཡིས་གཏམ་ངོམ་པ། ད་དུང་སྐོར་ཞིག་གིས་གྲི་མདའ་མདུང་གསུམ་གྱི་ལྟད་མོ་བསྟན་ཏེ།  དཔའ་རྟུལ་སོ་སོས་རང་ལ་ཡོད་པའི་རྩལ་དྲུག་ངོ་མཚར་བ་དག་ངོམ་པའི་དུས་སུ།  སེང་སྟག་ཨ་དོམ་ཉིད་སྔ་དྲོ་གངས་དཀར་སྟོད་ལ་སོང་། སེང་དཀར་མོ་ལག་པ་གཡོན་གྱིས་བཟུང་། ཕྱི་དྲོ་རྒྱ་རྫོང་ནགས་སུ་སོང་། སྟག་དམར་ཡག་ལག་པ་གཡས་ཀྱིས་བཟུང་། དེ་ནས་སྟག་སེང་གཉིས་ཀ་ཁ་སྤྲོད་བྱས་ནས་གླིང་གི་གུར་ཆེན་གྱི་སྒོ་ཁར་བཏགས་པ་ན།  གླིང་དཀར་ལྷ་སྡེ་ཡོངས་ཀྱི་སྐྱེས་ཕོ་མོ་ཐམས་ཅད་ཧ་ལས་དེ། བསྔགས་བརྗོད་ཀྱི་མེ་ཏོག་འཇིག་རྟེན་བུ་མོའི་མགྲིན་རྒྱན་དུ་གྱུར་ཅིག  དུས་སྐབས་དེ་ནས་བཟུང་སེང་སྟག་ཨ་དོམ་ལ་སེང་སྟག་ཟེར་བའི་མཚན་རང་ཤུགས་སུ་འབྱོར་བ་ལགས་ཤིང་།  དེར་ཡང་ཨ་དོམ་ཞེས་པ་ལའང་བཞེད་པ་མི་འདྲ་བ་གཉིས་ཡོད་པ་སྟེ།  ཁ་ཅིག་གིས་སེང་སྟག་ཨ་དོམ་ནི་ཨ་ལྡོམ་དགུང་ནས་མཆོངས་པ་ལྟ་བུའི་རྒོད་པོ་དོམ་ཞིག་དང་མཚུངས་ཞེས་དཔེ་མིང་མཚན་ལ་འབྱོར་སྐད།    སྒྲུང་པ་སྐད་གྲགས་ཅན་ལ་ལས་བཤད་པ་ལྟར་ན།   སེང་སྟག་དེ་ནི་ཕྱི་ནས་ལྡོམ་ཡོང་བའི་སྐྱེས་བུ་ཞིག་ཡིན་པས་ཨ་ལྡོམ་ཟེར་བ་མ་གཏོགས་ཨ་དོམ་ཞེས་པ་འཁྲུལ་སོང་བ་ཡིན་གསུངས་ཀྱང་བརྟག་དགོས།     
             ཡང་《སྨུག་པོ་ལྡོང་གི་རྒྱལ་རབས་》ལས། དཔའ་འགྲན་མེད་སེང་སྟག་ཨ་དོམ་གྱི་སྐྱེ་ཁུངས་ཀྱི་ལོ་རྒྱུས་བཀོད་པ་ལྟར་ན། དེ་ཡང་ཤིང་འབྲུག་གི་ལོར། ཡབ་ཆེན་སེང་བློན་ཀ་མ་རི་སྐྱེས་ཀྱི་མཆོད་ཁང་དྲི་མེད་ཆོས་མཛོད་ཀྱི་མཆོད་ཁྲིའི་སྟེང་དུ།  བྱ་ག་རུ་ཊ་ཡི་སྒོ་ང་དང་མཚུངས་པའི་དུང་སྦུབས་ཤིག་སྨིན་ནོ།།  དེར་སེང་བློན་གྱིས་སྐྱོང་སྙོར་ཡག་པོ་བྱས་པས་ན། ཅང་མ་འགྱངས་པར་དེའི་ཁ་གས་ཏེ་ནང་དུ་ཁྱེའུ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ་ཞིག་འཁྲུངས།  སྐབས་དེར་རྔམ་བརྗིད་དཔལ་གྱི་རི་བོ། པདྨ་འོད་ཀྱི་གཞལ་ཡས་ནས་སློབ་དཔོན་པདྨ་ཀ་ར་མངོན་སུམ་དུ་སྤྲིན་དཀར་པོ་ཞོ་གསེར་སྤུངས་པ་འདྲ་བའི་སྟེང་ན།  པདྨ་ཉི་ཟླ་བརྩེགས་པའི་ཁྲི་ཡི་ཁར།  འཇའ་ཚོན་སྣ་ལྔའི་གུར་ཀློང་དུ་བྱོན་ཏེ་མགུར་གླུ་རྡོ་རྗེ་རང་སྒྲར་དྲངས་ཏེ་ཁྱེའུ་དེའི་ལོ་རྒྱུས་འབྱུང་ཁུངས་ངོ་སྤྲོད་ལེགས་པར་མཛད་ཅིང་། དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ལྷ་ལྕམ་མན་ངྷ་ར་བ། རྒོད་ལྕེ་དཀར་མོ།  འཕགས་མ་འོད་ཟེར་ཅན་མ་སོགས་མཁའ་འགྲོ་འབུམ་ཕྲག་གིས་ཁྲུས་གསོལ་བ་དང་བྱིན་གྱིས་བརླབས་པས་མེ་ཏོག་གི་ཆར་བ་དང་ལྟས་བཟང་གི་འཇའ་ཚོན་སོགས་སྣང་སྟེ།  དཔའ་མི་འགྱུར་སེང་སྟག་ཨ་དོམ་ཞེས་སྙན་གྲགས་སྲིད་པའི་རྩེ་ན་ལྡིར། ཁོང་ན་སོ་དར་ལ་བབ་པའི་དུས། ལྷོ་བཟའ་བཻཊཱརྱ་སྒྲོལ་མ་ཁབ་ཏུ་བཞེས་ཏེ་དགྱེས་སྟོན་རྒྱ་ཆེན་པོ་མཛད་པ་བཀོད་ཡོད།   
             མཚོ་སྔོན་ཞིང་ཆེན་གྱི་སྒྲུང་པ་མིང་གྲགས་ཅན་ཚེ་རིང་དབང་འདུས་ཀྱིས་གསུངས་པ་ལྟར་ན།   སེང་སྟག་ཨ་དོམ་ནི་ཡབ་ཆེན་རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་རྣམ་སྤྲུལ་དཔལ་མཆོག་བཟང་པོའི་རྒྱུད་ལས་སྐུ་འཁྲུངས་ཏེ།  དགུང་ལོ་བརྒྱད་བཞེས་པའི་དུས་སུ།   ལྷ་ཆེན་ཚངས་པ་དཀར་པོའི་ལུང་བསྟན་བབ་སྟེ།  དཔལ་མཆོག་བཟང་པོ་ཁྱོད་ཀྱི་བྱིས་པ་དེ་ནི་སེམས་ཅན་འགྲོ་བ་ཀུན་གྱི་འགྲོ་དོན་སྒྲུབ་མཁས་ཤིག་ཡིན་པས།  ཤར་ཁྲ་མོ་གླིང་ལ་བསྐྱལ་ཏེ་གླིང་གི་སྤྱི་དཔོན་ཁྲ་རྒན་ལ་སྤྲད་ན་ཕྱིས་སུ་ལེགས་པོ་ཡོང་ཞེས་གསུང་འདུག་པ་ན།   ཡབ་ཆེན་དཔལ་མཆོག་གིས་ཡར་ལྷ་ཆེན་ལ་ཞུ་དོན།  ཕྲན་གྱིས་ཁྱེད་ཀྱི་གསུང་ལྟར་སྒྲུབ་ཆོག་མོད། ཡིན་ནའང་ཁྲ་མོ་གླིང་གི་བྱང་ཕྱོགས་ན་འཇང་ས་དམ་རྒྱལ་པོའི་ལས་དམག་འབུམ་ཚོ་མང་པོས་རུ་མཚོན་ཕར་བཞིན་ཡོད་ཅིང་།   འཇང་དུག་མཚོ་འཁོལ་མས་ལམ་བཀག་འདུག་པ་དང་།   ནུབ་ཕྱོགས་ན་མི་ཤ་རྔམ་ཟ་མི་ཁྲག་རྔམ་འཐུང་བྱེད་པའི་བདུད་ཀླུ་བཙན་རྒྱལ་པོ་དང་བཅས་པའི་བདུད་དམག་ཁྲི་ཁྲི་འབུམ་འབུམ་གྱིས་བསྐོར་འདུག་པ།  ལྷོ་ཕྱོགས་ན་མོན་ཤིང་ཁྲི་རྒྱལ་པོའི་ཕྱི་བློན་བརྒྱ་དང་བརྒྱད་ཅུ་ནང་བློན་སྟོང་དང་ལྔ་བརྒྱ།   བློན་པོ་སུམ་སྟོང་བཞི་བརྒྱས་ལམ་བཀག་ཡོད་པ། བར་ལྷོ་ནུབ་གཉིས་ཀྱི་མཚམས་སུ་སོང་ན་ཧོར་གུར་དཀར་གྱི་ལས་དམག་བྱེ་མ་འབབ་འབབ་ཀྱིས་བཀག་འདུག་པས་འགྲོ་བའི་ཐབས་ཤེས་ལེགས་པོ་ཞིག་མི་གདའ་ཞེས་ཞུས་པའི་ཚེ། ལྷ་ཆེན་གྱིས་ཀྱང་གཤམ་ཡིག་ཕབ་སྟེ་གསུང་དོན།   དཔལ་མཆོག་ཁྱོད་ནི་གྲུབ་ཆེན་བརྒྱད་ཅུའི་སྤྲུལ་བ་ཡིན་པས་དེ་འདྲ་ལ་ཐབས་ཤེས་ཡོད་ཆོག་མོད། ཐབས་ཤེས་མེད་ན་ངས་བཤད་ཆོག ཁྱོད་ནི་རྒྱབ་ལ་ཁྲེས་བོ་འཁུར་ལག་ལ་འཁར་རྟེན་བཟུང་། ཁ་མིག་དབང་པོ་མི་ཚང་བའི་རྒན་པོ་ཞིག་ཏུ་སྤྲུལ་བ་དང་། བྱིས་པ་སྤྲང་བོའི་སྤྲང་ཕྲུག་ཅིག་ཏུ་བརྫུས་ཏེ། དཔོན་བཙན་པོས་མཐོང་ན་ཡ་ང་བ། སྡང་དགྲ་བོས་རིག་ན་ཡི་མུག་པ། སྲོག་གཅོད་ཤན་པས་མཐོང་ན་སྙིང་རྗེ་བའི་ཚུལ་ཡང་དག་ཅིག་བསྟན་ཏེ་ཁྲ་མོ་གླིང་དུ་སོང་དང་འགྲོ་ཐུབ་ཅེས་བཀོད་འདུག་པ་ན།    དཔལ་མཆོག་གིས་ལེགས་སོ་ཞེས་ཞུས་ཏེ་ལྷ་ཆེན་གྱི་གསུང་ཡིག་ལྟར་ལེགས་པོར་སྤྲུལ་ཏེ་གླིང་བཞི་གླིང་ཕྲན་བརྒྱུད་ནས་སོང་བ་ན།    ཕྱོགས་བཞིའི་དགྲ་བཞི་ཐམས་ཅད་ཀྱིས་མཛུབ་མོས་ཀྱང་མ་བཙུགས་པར་བདེ་བླག་ངང་ཁྲ་མོ་གླིང་ལ་ཕེབས་ཏེ་བྱིས་པ་ངོ་མཚར་ཅན་དེ་གླིང་སྤྱི་དཔོན་རྒྱལ་པོར་སྤྲད་པ་ལ།  ཁྲ་རྒན་གྱིས་དེ་རིང་གོང་མ་ལྷའི་ལུང་བསྟན་བཞིན་དོན་ཐམས་ཅད་གྲུབ་སོང་ཞེས་གསུངས་ཏེ།  བྱིས་པ་ཁོང་གི་གཟིམ་ཁང་དུ་སྣེ་ལེན་བྱས་སྐད། དུས་དེར་དཔལ་མཆོག་བཟང་པོ་དེ་གློ་བུར་དུ་བྱ་ཐང་དཀར་ཞིག་ཏུ་སྤྲུལ་ནས་ཤར་རྒྱ་གར་ཡུལ་དུ་འཕུར་སོང་ཞེས་བརྗོད་ཡོད་པ་ཡིན།   ཕྱིས་སུ་སེང་སྟག་ཨ་དོམ་དར་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་དཔོན་པོར་བསྐོས་ཏེ་ཁྲ་མོ་གླིང་གི་འགྲོ་དོན་བསྐྱངས་ཟེར།  མཚན་ལ་ཨ་ལྡོམ་ཞེས་ན་འགྲིག་ཀྱང་རྟེན་འབྲེལ་གྱི་ཆ་ནས་ཨ་དོམ་ཞེས་འབྱོར་བ་ཡིན།  
             གོང་གསལ་དུ་ལྷ་སྒྲུང་དང་མཚུངས་པའི་བདེན་ལུགས་ཀྱི་གཏམ་རྒྱུད་མི་འདྲ་བ་གཉིས་མཆིས་ཀྱང་།   འདིར་བློ་གཏོད་ཆོག་པའི་དཔྱད་གཞིའི་ཡིག་ཆ་ཡང་དག་པ་ཞིག་མེད་པས། བདེན་མིན་གྱི་ཤན་འབྱེད་དཀའ་མོ་འདུག  ཡིན་ནའང་སྒྲུང་རྙིང་རྩ་ཆེན་ཁ་ཅིག་ལས། དཔའ་མི་འགྱུར་སེང་སྟག་ཨ་དོམ་ནི་གླིང་འབྲིང་རྒྱུད་ཀྱི་གདུང་རྒྱུད་ལས་འཁྲུངས་ཞེས་བཀོད་ཡོད་པ་བློ་རིག་བསྒྲིམས་ནས་དཔྱད་པ་བཏང་ན། ཁོང་ནི་སྒོང་སྐྱེས་དང་ཕྱི་འོངས་ཤིག་ཡིན་ནམ། ཡང་ན་ཤར་ཁྲ་མོ་གླིང་གི་གདུང་རྒྱུད་ལས་འཁྲུངས་པ་ཤིག་ཡིན་ནམ།  སྨུག་པོ་ལྡོང་གི་རྒྱུད་ལས་སྐྱེས་པ་ཡིན་ན་ཁོང་གི་ཡབ་ཡུམ་གྱི་མཚན་ལ་ཅི་ཟེར། ཡུལ་གང་དུ་སྐྱེས་པ་ཡིན། འདིའི་ཕྱོགས་ལ་དཔྱད་པ་གང་ལེགས་གཏོང་དགོས་པ་རེད།  
             སེང་སྟག་ཨ་དོམ་ཁོང་གི་རྫོང་མཁར་གྱི་མིང་ལ་མཁར་མི་འགྱུར་སྨུག་པོ་བཅུག་དཀྲིས་ཟེར། མོན་འཇང་གཉིས་ཀྱི་ས་མཚམས་ན། དར་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་དབུས་སུ་མངོན་པར་ཆགས་ཡོད་པ་རེད།   ཁོང་གི་ཁྲབ་རྨོག་འཁོར་གསུམ་དང་མཚོན་ལེབ་ཆེན་མི་ཡི་བཤའ་གྲི་ནི་རྨ་ཤེལ་བྲག་གི་གཏེར་སྒོ་གོང་མ་འབྱེད་པའི་སྐབས་སུ། གོང་མ་ལྷའི་ལུང་བཞིན་ལག་ཏུ་ཐོབ་པ་ཡིན་ཟེར།   
             གཞན་ཡང་དཔའ་མི་འགྱུར་སེང་སྟག་ཨ་དོམ་ཉིད་ཀྱིས་གླིང་གེ་སར་རྒྱལ་པོ་དང་མཉམ་དུ་ཕྱོགས་བཞིའི་དགྲ་བཞི་བཏུལ་ཏེ།  རྫོང་ཆེན་བཅོ་བརྒྱད་ཆམ་དུ་ཕབ་པའི་རླབས་ཆེན་གྱི་ཕྱག་རྗེས་ཁྱད་པར་དུ་འཕགས་པ་ཞིག་བཞག་ཡོད་པ་ལས།  ཧོར་གླིང་གཡུལ་འགྱེད་སྐབས་སུ་གཞན་ཕན་གྱི་འཕྲིན་ལས་བསྒྲུབས་པ་དང་།  ཕུལ་བྱུང་གི་མཛད་རྗེས་བཞག་པའི་ལོ་རྒྱུས་རགས་ཙམ་བརྗོད་ན།  དེ་ཡང་ཐེངས་ཤིག་ཧོར་གྱི་པཱ་དུར་ཐམས་ཅད་དང་འབངས་མི་རྣམས་ཀྱིས་མི་རེས་རྡོ་ཆེ་བ་ལྔ་རེ་དང་།    སྤང་གྲུ་བཞི་གསུམ་རེ་བསགས་ནས་ལྕགས་རི་འདོམ་གསུམ་མཐོ་བ་དང་།  ཞེང་ལ་འདོམ་གང་ཡོད་པ་ཞིག་བརྩིགས་ནས་ཤར་ནུབ་གཉིས་སུ་སྒོ་ཆེན་གཉིས་བཏོད་དེ་ཧོར་དམག་བྱིངས་རྣམས་ཀྱིས་ལྕགས་རི་འདིར་གླིང་པ་རྣམས་མི་ཐར་ཁོ་ཐག་ཡིན་ཞེས་བློ་ལྷོད་ཆགས་ཀྱི་ངང་ནས་བསྡད་ཡོད་པའི་དུས་དེར།   དཔའ་ཡ་མེད་སེང་སྟག་ཨ་དོམ་དེ་ཉིད་རྟ་སྟོང་རི་དུང་དཀར་གྱི་སྟེང་དུ་ཞོན་ནས།  རྨོག་དཀར་གྱི་འདབ་ར་ཕབ།  ཁྲབ་དཀར་པོའི་རྒྱུན་ཐག་བསྡམས་ཏེ།  གོ་བཀྲག་འཇའ་ཚོན་འཁྱིལ་འདྲ།  དཔའ་རྒོད་ཀྱི་དགྲ་དར་སྤངས་སེ་ཤར་སྒོ་ནས་ཐེ་ཚོམ་མེད་པར་རྔམ་སྟབས་སུ་མཆོངས་ཏེ་གྲི་ལེབ་ཆེན་འཁོར་ལོ་སྐོར་སྐོར་ལྟར་གཡུགས་པས་ན།   ཤར་སྒོའི་ནང་དུ་མགར་བའི་ཤོག་གི་པཱ་དུར་དགྲ་འདུལ་རྒྱལ་པོ་གཙོས་དམག་བརྒྱ་སྟོང་ལྷག་ཤི་རྨས་གཉིས་ཅི་འཁྱོལ་བྱུང་བར་གདའ།  བསད་བསད་ཀྱི་ཁྲག་དབྱར་ཁའི་ཆར་བབས་དུས་ཀྱི་ཆུ་ལྟར་སྣང་ངོ་།  །དེར་སྟོབས་ཆེན་ཁྲ་འབར་དེས་འཆོར་མེད་འཕྲུལ་གྱི་ཞགས་པ་དེ་ཀླད་ལ་བསྐོར་ནས་འཕངས་ཞིང་དཔུང་ཟུར་ལ་ལྕགས་ཀྱུས་བཏབ་པར་གྲི་གཡུག་ཏེ་ཞགས་པ་བཅད་ནས་ཤར་སྒོ་ཉིད་ནས་ཚུར་ཐོན་ལ་ཁད་དེར།   སླར་ཡང་ཕྱིར་ལོག་སྟེ་ནུབ་སྒོའི་ཕྱི་ལ་མདའ་འཕངས་པ་ལྟར་ཐོན་པ་རྨ་ཆུ་ནས་བཅད་དེ་ཚུར་ཕྱོགས་ཀྱི་གླིང་སྒར་དུ་སླེབས།   
             ཡང་ཐེངས་ཤིག་ལ་ཧོར་ཤན་པའི་དམག་རྣམས་ཁྲག་ཁོལ་ཁོལ་བྱུང་བ་དང་། དམག་སྣེ་པཱ་དུར་ཉི་ཁྲི་སུམ་སྟོང་དེ་གཡག་ལ་སེར་པོའི་ལ་མགོ་ལ་སླེབས་བྱུང་བའི་སྐབས་དེར་དཔའ་ཡ་མེད་སེང་སྟག་ཨ་དོམ་རྟ་སྟོང་རིའི་གོང་དུ་ཞོན་ནས་ཤན་པའི་དམག་སྣེ་ལ་མདའ་རྒྱང་གང་གིས་སླེབས་ཙམ་དུ་ཀྲོང་ངེར་བྱུང་བ་ལ། ཧོར་དམག་རྣམས་ཁྲིག་གེར་འཐེན་ནས་འདུག་པ་ལས་ཡོང་མ་ནུས། དུས་དེར་སེང་སྟག་ཨ་དོམ་གྱིས་མཚོན་ལེབ་ཆེན་དེ་ཕྱིར་བཏོན་ནས་རྦད་ཀྱིས་མཆོང་སོང་བ་ན། ཧོར་དམག་དེ་རྣམས་འུར་ཏི་རེ་བྲོས་སོང་། དེར་སེང་སྟག་ཨ་དོམ་གྱིས་འཕྲལ་དུ་མདའ་གཅིག་བརྫངས་བྱུང་བས་ཧོར་གྱི་རུ་སྣེར་དམག་དར་ཕར་བའི་མི་དམར་རྟ་དམར་ཅན་ཞིག་འདུག་པ་བསྒྲིལ་ཅིང་།  དམག་དར་དེ་ལིང་ངེར་འགྱེལ་སོང་བ་ལ།  འགྲམ་གཞན་ཞིག་ནས་དམག་སྐོར་ཞིག་ལམ་སང་ཚུར་ཡོང་ཞིང་དམག་དར་ཚུར་བླངས་ཏེ་དམར་ཟིང་ངེར་ལངས་བྱུང་།  དེར་སེང་སྟག་ཨ་དོམ་གྱིས་གྲི་ལེབ་ཆེན་ཕྱིར་བཏོན་ནས་བཤགས་པ་ན། མི་སྔོན་མའི་གྲལ་ནས་ཤི་རྨས་བརྒྱ་ཚོ་བདུན་བཟོས།  མགོ་རྔ་འཕྲུ་དམར་ཟིང་ངེ་བ་འགའ་ཞིག་བྲེགས་ཏེ་ཤ་ཐག་ལ་བཏགས་ནས་ཡར་བྱོན་བྱུང་བ་ན།  ཁོང་གི་ཁྲབ་ཀྱི་སྟེང་ན་མདའ་བཅུ་སྐོར་དང་། གྲི་མང་པོ་ཕོག་འདུག་ཀྱང་སྐྱོན་མ་བྱུང་བ་ཡིན།  
             ད་དུང་སྒྲུང་པ་རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན།   མོན་གླིང་གཡུལ་འགྱེད་ཀྱི་སྐབས་སུ།   ཚ་ཞང་འདན་མ་བྱང་ཁྲ་དང་སེང་སྟག་ཨ་དོམ་གཉིས་དམག་ལ་ཆས་ཏེ།   མོན་དམག་བསད་བསད་ཀྱི་མི་རོའི་མཐེ་བོང་གཡས་པ་གཅིག་ཀྱང་མ་ལུས་པར་བྲེགས་ཏེ་སྟག་དོང་ནང་བཀང་སོང་ཞེས་དཔའ་བོའི་གཏམ་རྒྱུད་བོད་ལ་བཞག་ཡོད་ཟེར།   
             སྤྱིར་སེང་སྟག་ཨ་དོམ་ལགས་ཀྱིས་གཡུལ་འགྱེད་མང་པོའི་སྐབས་སུ།  རླབས་ཆེན་གྱི་ཕྱག་རྗེས་འཛད་མེད་བཞག་ཡོད་ཀྱང་འདིར་ཞིབ་ཏུ་བརྗོད་རྒྱུ་མིན་པས།  བལྟ་འདོད་ཀྱི་བློ་ལྡན་རྣམས་ཀྱིས་འབྲེལ་ཡོད་ཀྱི་ལྗགས་རྩོམ་དང་དཔེ་ཆ་གཞན་ལས་གོ་བར་གྱིས།       
གཉིས་པ། ཚ་ཞང་འདན་མ་བྱང་ཁྲ།
             དེ་ཡང་སྲིད་གསུམ་ཁམས་སུ་འགྲན་ཟླ་བྲལ་བའི་གླིང་གི་ཡང་རྟུལ་དམ་པ་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་གླིང་ཚ་ཞང་འདན་མ་བྱང་ཁྲ་ནི།  དགྲ་སྡེ་མ་ལུས་ཟིལ་གྱིས་གནོན་པའི་ཕུལ་བྱུང་དཔའ་བོ་ཞིག་ཡིན་ཞིང་། གླིང་རྗེ་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་དམག་དཔོན་ཞིག་ཀྱང་ཡིན།  ཁོང་གཞོན་པའི་དུས་ནས་ཞེ་རྒྱུད་འཇམ་ཞིང་གཞུང་དྲང་བ།  བློ་རིག་རྒོད་ཅིང་སྙིང་སྟོབས་ལྡན་པ།  དྲག་པའི་མཚོན་ཆ་སྤྱོད་པར་རབ་ཏུ་མཁས་པ།  ད་དུང་དཔུང་རྒོད་ཁེར་ངོམ་དང་རྟ་རྒོད་ཁེར་རྒྱུགས་བྱེད་པའི་མི་ཞིག་ཀྱང་ཡིན།  ཁོང་གི་སྐྱེས་རབས་ལོ་རྒྱུས་ལ་བཤད་ཚུལ་མི་འདྲ་བ་འགའ་ཡོད་པ་སྟེ། འགའ་ཞིག་གིས་ཚ་ཞང་འདན་མ་བྱང་ཁྲ་དང་ཐོག་སྐྱེས་ཡུལ་ནི་འདན་ཁྲི་དཀར་རྒྱལ་པོའི་རིགས་རྒྱུད་ཡིན་ཞིང་། ཕྱིས་སུ་གླིང་ལ་མགོ་བཏགས་ཤིང་གླིང་དང་ཉེ་འབྲེལ་ཆགས་པའི་ཆ་ནས་ཚ་ཞང་འདན་མ་ཞེས་མིང་ཐོགས་ཟེར། སྔ་མོར་ཁོང་གི་མཚན་ལ་ཚ་རྒྱལ་ཞེས་གྲགས་པ་ཡིན་སྐད།  ཡང་ཁ་ཅིག་གིས་ཁོང་ནི་གླིང་གི་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་གླིང་ཆུང་རྒྱུད་ཀྱི་གདུང་རྒྱུད་ལས་སྐྱེ་བ་ཡིན་ལ། ནམ་མཁའ་སེན་ཞལ་གྱི་སྲས་ཡིན་ཞེས་གླེང་། ཡང་ཁ་ཅིག་གིས་བཤད་པ་ལྟར་ན།  གླིང་གི་གདུང་རྒྱུད་འཇིག་རྟེན་དུ་ཐོག་མར་ཆགས་པའི་སྐབས་སུ། གླིང་གི་སྤྱི་དཔོན་ཁྲ་རྒན་གྱིས་དགོངས་པར་བོད་གངས་ཅན་ཡོངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ལྷག་པར་དར་རྒྱས་དང་།  དགྲ་སྡེ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞིག་ཡོང་དགོས་ན་གླིང་རྗེ་གེ་སར་རྒྱལ་པོར་ལག་རོགས་ཕུལ་དུ་བྱུང་བ་ཞིག་མེད་ན་མི་ཆོག་སྙམ་ནས་གོང་མ་ལྷ་ཡུལ་ཁམས་སུ་ཕྱག་ཕེབས་ཏེ།    ལྷ་ཆེན་ཚངས་པ་དཀར་པོར་དགོངས་དོན་ཡར་ཞུ་མཛད་པ་ལ། གོང་མ་ལྷ་ཆེན་ཚངས་པ་དཀར་པོས་ཀྱང་ཐུགས་སུ་སྔོན་དུ་མཁྱེན་ཡོད་པ་ལྟར་གླིང་གི་སྤྱི་དཔོན་ཁྲ་རྒན་ལགས།   ཁྱོད་རང་གིས་ཞུས་པའི་གཏམ་གྱི་དོན་སྙིང་ཐམས་ཅད་ལེགས་པར་ཐོས་ཡོད་པས།  ཁྱོད་རང་ཕྱིར་ཕེབས་དང་། ཕྱིས་སུ་གླིང་རྗེ་གེ་སར་རྒྱལ་པོར་ལག་རོགས་ལེགས་པོ་ཞིག་མངགས་ཡོང་ངེས་ཡིན་ཞེས་གསུངས།  དེར་སྤྱི་དཔོན་ཁྲ་རྒན་ཐུགས་དགྱེས་ནས་ཕྱིར་གླིང་ཡུལ་དུ་ལོག  དེ་ནས་ལྷ་ཆེན་ཚངས་པ་དཀར་པོས་ཀླུ་ཡུལ་མི་མགོན་དཀར་པོར་བཀའ་ཕབ་སྟེ། ཁྱོད་ཀྱི་བུ་གསུམ་པ་དེ་གླིང་དཀར་སྟོད་ལ་ཕན་བདེའི་ལས་དོན་རླབས་ཆེན་བསྒྲུབ་ཏུ་འགྲོ་དགོས་ཞེས་གསུངས་པ་ལ། ཀླུ་ཡུལ་མི་མགོན་དཀར་པོར་ཡང་མངོན་ཤེས་ཡོད་པས་ལྷ་ཆེན་ཚངས་པ་དཀར་པོའི་བཀའ་གཅོག་མ་ཐུབ་པར་གསུང་དང་དུ་བླངས་ཏེ།  ཁོང་གི་བུ་གསུམ་པ་མི་ཡུལ་གླིང་དཀར་སྟོད་ལ་འགྲོ་རྒྱུ་ཐག་གིས་བཅད།  ཡིན་ནའང་མི་ཡུལ་ལ་ཕེབས་ལ་ཉེ་བའི་སྐབས་དེར་བུས་རང་གི་ཡབ་མི་མགོན་དཀར་པོར་ཕྲན་ནི་ཁྱོད་རྣམས་ཀྱི་ཐུགས་འདུན་ལྟར་དུ་མི་ཡུལ་ལ་སོང་ཆོག་མོད། ཡིན་ནའང་ང་ལ་རེ་འདུན་ཞིག་ཡོད་པ་སྟེ།   སྙན་པ་འཕུར་བའི་ཚྭ་མཚོ་བསྟན་མ་བཅུ་གཉིས་དང་ནོར་བུ་གཏེར་ཁ་བཅུ་དྲུག་དེ་ཀླུ་ཡི་གན་མཛོད་ན་མ་གཏོགས་མེད་པས་མིའི་ཡུལ་ཁམས་སུ་གནང་བ་ན།  ཕྲན་ཉིད་འཕྲལ་དུ་སོང་ཆོག་ཅེས་ཞུས་མ་ཐག་ཡབ་མི་མགོན་དཀར་པོས་ཐུགས་འདང་ཅུང་ཙམ་ཞིག་བཏང་སྟེ།  བུ་ཁྱོད་ཀྱི་རེ་འདུན་བདག་གིས་སྐང་ཆོག་མོད།   འོན་ཏེ་ཁྱོད་ཉིད་མིའི་ཡུལ་ཁམས་སུ་ཕེབས་ན་ཐབས་ཤེས་ཅི་ཡོད་ཅེས་དྲིས་པ་ལ། ཡབ་ཆེན་ལགས། དེར་ཁྱོད་ཀྱིས་ཐུགས་ཁུར་བཞེས་མི་དགོས། ཕྲན་ནི་སྐྱེས་པ་སྔོན་མ་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་སྤྲུལ་བ་ཡིན་པས། ཚྭ་མཚོའི་དབུས་སུ་མེ་ཏོག་པད་མ་ཞིག་འཁྲུངས་པ་ལས་ཕྲན་ཉིད་དེ་ལས་སྐྱེས་ཀྱང་ཆོག་ཅེས་ལན་བཏབ་པ་ན།   ཡབ་ཐུགས་དགྱེས་ཏེ།    བུ་ཁྱོད་ཀྱི་ཡིད་ལ་ཤར་བ་དང་བདག་གི་ཡིད་ལ་དྲན་པ་གཅིག་མཚུངས་ཡིན་པས་ཤིན་ཏུ་ལེགས་སོ་གསུངས་པ་ཡིན།  དེ་ནས་མ་འགྱངས་པར་ལོ་དེའི་དབྱར་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཉིན་ལ་ཚྭ་མཚོའི་བསྟན་མ་བཅུ་གཉིས་དེ་མིའི་ཡུལ་ཁམས་སུ་མངོན་སུམ་དུ་ཤར་ཏེ་ཚྭ་མཚོའི་དབུས་སུ་སྔར་མཐོང་མ་མྱོང་བའི་མེ་ཏོག་པད་མ་ཞིག་སྐྱེས་པ་ལས་ཚ་ཞང་འདན་མ་དངོས་སུ་སྐུ་འཁྲུངས་པའི་དུས་དེར།  གླིང་གི་སྤྱི་དཔོན་ཁྲ་རྒན་ཁོང་སྔར་བཞིན་ཨ་མྱེས་རྨ་ཆེན་སྦོམ་རའི་རྩེར་བསང་ཕུལ་བར་ཕེབས་ཏེ་རྒྱང་རིང་འདན་ཁོག་ཕྱུག་རྭ་གོང་མའི་ས་ཆར་གཟིགས་པའི་ཚེ།  འདན་ཁོག་ཡོངས་སུ་དཀར་པོ་གངས་དཀར་ས་ལ་བབས་པ་ལྟར་འདུག་ཅིང་། གངས་དཀར་པོའི་དབུས་སུ་སེར་པོ་གསེར་གྱི་ཀ་བ་དགུང་ལ་ཟུག་པ་ལྟར་ཡོད་པ་མཐོང་སྟེ།  ཐུགས་སུ་གླིང་དཀར་སྟོད་ན་སྔར་མེད་ཀྱི་ལྟས་ཡ་མཚན་ཞིག་མངོན་པ་འདི་ཅི་ཡིན་སྙམ་ནས་འཕྲལ་དུ་འདན་ཁོག་ཡུལ་ལ་ཆས་པ་ན།  འདན་ཁོག་ཕྱུག་རྭ་བར་མའི་ས་ཆ་ཕལ་ཆེར་ཚྭ་མཚོར་གྱུར་འདུག་ཅིང་། ཚྭ་མཚོའི་དབུས་སུ་གསེར་གྱི་མེ་ཏོག་པད་མ་ཞིག་འཁྲུངས་པ་ལས་ལྷའི་བུ་དང་གཉིས་སུ་མ་མཆིས་པའི་ཁྱེའུ་ཞིག་སྐུ་བལྟམས་འདུག་པ་མཐོང་སྟེ། སྤྱི་དཔོན་གྱིས་ཁྱེའུ་དེ་ནི་ལྷ་ཆེན་ཚངས་པ་དཀར་པོས་གནང་བ་མཁྱེན་ནས་འཕྲལ་དུ་ཕྱག་གསུམ་ཕུལ་རྗེས་གླིང་དཀར་སྟོད་ལ་གདན་འདྲེན་ཞུས་ཏེ།  ཕྱིས་སུ་འདན་ཁོག་ཤོག་ཆེན་བཅུ་གཉིས་ཀྱི་བདག་པོར་དབང་བསྐུར་བ་ལགས། དེར་ཡང་ཚ་ཞང་ཞེས་པའི་ཚ་ནི་ཚྭ་མཚོ་ལས་སྐུ་འཁྲུངས་པས་ན་མཚན་ལ་ཚ་འབྱོར་ཞིང་། ཕྱིས་སུ་འདན་ཁོག་གི་བདག་པོར་གྱུར་པས་ན་འདན་མ་ཞེས་པའི་མིང་ཡང་འབྱོར་བ་ཡིན་ཞེས་གླེང་བ་དང་།  ཁོང་གི་ཇ་མར་འདན་བཟའ་ཆོས་ཀྱི་སྒྲོལ་མ་ཞེས་པ་དེ་བླངས།  འདན་མ་ལ་བུ་གཉིས་སྐྱེས་པ་ལས་ཆེ་བ་ཁྲི་ཐུབ་ཀྱིས་འདན་སྟོད་བཟུང་ཞིང་བུ་ཆུང་བ་སྟོང་ཐུབ་ཀྱིས་འདན་སྨད་ཀྱི་ས་ཆ་བཟུང་ཞེས་བཤད་ཚུལ་ཡང་ཡོད་པ་རེད།  གང་ལྟར་ཀྱང་ཚ་ཞང་འདན་མ་བྱང་ཁྲ་དེ་ཉིད་ས་ཁུལ་གཞན་ཞིག་ནས་གླིང་དཀར་སྟོད་ལ་ཡོང་སྟེ་ཉེ་འབྲེལ་ཆགས་ཤིང་འདན་ཁོག་བཟུང་བའི་ཆ་ནས་འདན་མ་ཞེས་ཐོགས་པ་ནི་གདོན་མི་ཟའོ། །   
             ཁོང་གི་རྫོང་མིང་ལ་འདན་བྱུ་རུའི་ལྷ་ཁང་རིང་མོ་ཟེར་ཞིང་། འདན་ཁ་ར་རྒྱལ་བོའི་འདན་ཁ་ར་གསེར་རྫོང་རིང་མོ་ཞེས་པའི་རྨང་གཞིའི་སྟེང་དུ་གསར་དུ་བཞེངས་པ་ཡིན་ཟེར་བ་དང་། འདན་མའི་ཆིབས་པའི་མིང་ལ་རྟ་འདོ་བ་དངོས་གྲུབ་ལྡན་པ་ཟེར།   སྒྲུང་པ་རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན་འཇང་ཉི་ཁྲི་རྒྱལ་པོའི་རྟ་མཆོག་འདོ་བ་འཆི་མེད་འཕུར་ཤེས་ཟེར་བའི་རྒྱུད་ལས་སྐྱེས་པ་ཡིན་སྐད། ཁོང་གི་རལ་གྲིའི་མིང་ལ་ལྗང་པ་ཡུ་དམར་ཟེར་ཞིང་། ལྗང་ཡུལ་མཚལ་ར་སྨུག་པོའི་གཏེར་ཁ་ལས་ཐོན་པ་ཡིན་ཟེར།  གཞུའི་མིང་ལ་མི་འགྱུར་དུང་གཞུ་དཀར་པོ་རང་འཁྱིལ་ཟེར་ཞིང་གཉན་ཆེན་ཐང་ལྷས་གནང་བ་ཡིན་ཟེར་བ་དང་།  མདའ་མི་འགྱུར་གནམ་ལྕགས་ཐོག་མདའ་ཟེར་བ་དགྲ་ལྷ་གཉན་སྟག་དམར་པོས་ཁོང་ལ་གནང་བ་ཡིན་ཟེར་བ་རེད།  ཁོང་གི་ཁྲབ་ཆེན་ཉི་མ་རང་ཤར་དང་རྨོག་ཆེན་བྱུ་རུ་མདངས་འཛིན་དང་བཅས་པ་རྨ་ཤེལ་བྲག་གཏེར་སྒོ་གོང་མ་འབྱེད་པའི་སྐབས་སུ་བླངས་པ་ཡིན་ཞེས་གླེང་བ་ལགས།    
             ཁོང་ཉིད་གླིང་དཀར་སྟོད་ལ་ཕེབས་པ་ནས་བཟུང་གླིང་རྗེ་གེ་སར་རྒྱལ་པོ་དང་ཆབས་ཅིག་ཕྱོགས་བཞིའི་དགྲ་བཞི་འདུལ་བ་དང་རྫོང་ཆེན་བཅོ་བརྒྱད་ཕབ་པའི་རླབས་ཆེན་གྱི་མཛད་རྗེས་བླ་ན་མ་མཆིས་བཞག་ཡོད་པ་རེད། འདིར་ཁོང་གི་མཛད་རྗེས་མཐའ་མེད་རྒྱ་མཚོ་ལས་རགས་རིམ་ཆུ་ཐིགས་ཙམ་ཞིག་བླངས་ཏེ་བརྗོད་པ་ནི་འདི་ལྟར།  དེ་ཡང་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ།ཐེངས་ཤིག་ལ་ཁོང་གིས་རྨོག་དཀར་གྱི་འདབ་རྭ་ཕབ། ཁྲབ་དཀར་གྱི་རྒྱུན་ཐག་འཐེན། མདོ་དྲུག་འཁོར་གསུམ་བསྡམས། རྟ་འདོ་བའི་གློ་རྨེད་འཐེན། ཆིབས་པ་དངོས་གྲུབ་ལྡན་པའི་གོང་ལ་བུད་ནས་ཧོར་དམག་གི་ནང་དུ་གློག་དམར་འཁྱུག་པ་བཞིན་གཤགས་ནས་ཤན་པའི་ཇ་ཐབ་བཅོ་བརྒྱད་རྫོགས། ཐབ་གསུར་གནམ་ནག་ལང་འདྲ་ཞིག་བྱས།  ཉིན་རྟ་ཉིན་ནས་བསྡུས།  སྲིབ་རྟ་སྲིབ་ནས་བསྡུས། ཀི་སཽ་ལན་གསུམ་གྱིས་གནམ་ས་བཀང་ནས་དེད་སོང་བ་ན། ཧོར་གུར་དཀར་རྒྱལ་པོས་ཤན་པ་རྨེ་རུ་རྩེ་ར་མདར་མངགས་ཤིང་གློག་འཁྱུག་པ་ལྟར་སླེབས་ཡོང་ནས་རྗེས་ཆོད་དེ། ཐོག་མར་ཕན་ཚུན་ལ་འགྱུར་བ་མེད་པའི་དཔའ་སྐད་བཙན་པོ་འཐེན་པའི་མཐའ་མར་ཚ་ཞང་འདན་མ་བྱང་ཁྲས་མདའ་གཅིག་འཕངས་པས་སྡིག་གཅོད་ཤན་པའི་རྨོག་ཁྱུང་གཏོར་རྩེ་ལྔ་དེའི་ཕོ་བྱང་ཟུར་ནས་ཕུད།    མོ་བྱང་གི་དཀྱིལ་ནས་བཏོན་ཏེ་མགོ་ཀ་ལི་ལག་མཐིལ་ཙམ་ཞིག་རྒྱ་མཐོངས་ཁ་ཕྱེས་འདྲ་ཞིག་བྱས།   དེར་ཤན་པ་ཡུད་ཙམ་ཞིག་ལ་དྲན་མེད་དུ་བརྒྱལ་ཞིང་། རྟ་ཐོག་ནས་སར་ལྷུང་ངོ་། །དེ་ནས་འདན་མར་ཁོང་གི་རྟས་ཟེར་བ་ལྟར་ཤན་པའི་སྲོག་མ་བཅད་པར་གཞུ་ཤུབས་ནང་དུ་ཀ་ལི་དེ་བཅུག་ནས་རང་ཡུལ་ལ་ལོག་པའི་དཔའ་བོའི་གཏམ་རྒྱུད་འཛམ་བུ་གླིང་ལ་གྲགས། ཐེངས་ཤིག་ལ་ཚ་ཞང་འདན་མས་རྨོག་དཀར་དར་འཕྲུས་ནམ་མཁའ་གང་།ཁྲབ་དཀར་སིལ་སྒྲས་བར་སྣང་ཁེངས། འདོ་བའི་རྨིག་སྒྲས་ས་གཞི་ཁྱབ་པ་ཞིག་བྱས་ཏེ།་ཧོར་སྒར་གྱི་འགྲམ་དུ་སླེབས་ནས་མདའ་རག་ལྟོང་མ་ལྔ་དང་། ཟངས་ལྟོང་མ་བདུན།  ལྕགས་ལྟོང་མ་དགུ་འཕངས་ཏེ།  ཧོར་སྒར་གྱི་ནང་དུ་ཐོག་བརྒྱབ་པ་བཞིན་མི་མང་པོ་ཟང་ཐལ་དུ་ཕུག་ནས་བསྒྲིལ་བྱུང་།   དེར་རལ་གྲི་ཕྱར་ནས་སྒར་ནང་དུ་འཚངས་ནས་ཕྱིན་ཏེ།    བསད་བསད་ཀྱི་དར་འཕྲུ་སྣ་ཚོགས་མང་དུ་ཁྱེར་ནས་ག་ལེར་ཕྱིར་སླེབས་པ་ན། གུར་དཀར་རྒྱལ་པོའི་སྲས་ཁྲི་བཙུན་རིག་ཡག་དེས་དུང་ཁྲབ་ཐོག་ཐུབ་གྱོན། དུང་རྨོག་འོད་འབར་དེ་ལ་འཕྲུ་དཀར་ཟླ་བ་ཤར་འདྲ་གཅིག་བཙུགས།    རྟ་དཀར་པོ་ལྡིང་ཤེས་ལ་ཞོན་ཞིང་མདུང་སྐྱ་རིང་ནམ་མཁའ་ལངས་འདྲ་ཞིག་ཐོགས་ཏེ་རྒྱབ་ནས་ཤོར་བྱུང་བ་ལ།  འདན་མ་བྱང་ཁྲས་རྨ་ཆུའི་འགྲམ་དུ་རྟ་ཁ་ཕྱིར་བསློགས་ནས་གཞུ་སྟེང་དུ་མདའ་དངུལ་ལྟོང་མ་གཅིག་བཞག་ནས་བསྡད་པ་ན།  སྲས་ཁྲི་བཙུན་མཆོངས་ཡོང་སྟེ་འདན་མའི་སྟེང་དུ་མདུང་བསྣུན་ཡང་། འདན་མས་གྲི་ལྗང་བ་ཡུ་རིང་གཡུགས་པས་མདུང་སྐེ་བཅད། དེར་སྲས་ཁྲི་བཙུན་བྲོས་བྱུང་བ་ན། འདན་མས་མདའ་དངུལ་ལྟོང་མ་གཅིག་བརྫངས་པས་ཁྲི་བཙུན་རིག་ཡག་གི་དཔྲལ་བའི་དཀྱིལ་དུ་ཕོག་སྟེ།  རྨོག་དང་སྦྲགས་ཏེ་མདེའུ་ལྟག་པའི་རྒྱབ་ཏུ་བཏོན་ནས་དེ་མ་ཐག་ཕྱི་མའི་ཡུལ་དུ་བསྐྱལ།  རྨ་ཤེལ་བྲག་གཏེར་སྒོ་འབྱེད་པའི་སྐབས་སུ་བདུད་ཀྱི་བླ་འབྲོང་རྒོད་པས་མི་གསོད་རྟ་འགྱེལ་ངན་པའི་བགེགས་སྐྱོན་བཟོད་མེད་བཟོས་པའི་དུས་དེར།   གླིང་གི་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཚ་ཞང་འདན་མ་བྱང་ཁྲས་གྲི་ལྗང་པ་ཡུ་རིང་དམར་འོག་ཏུ་བཅུག་པའི་སྙན་པ་ཀུན་དུ་འཕུར་བ་ལགས། ཡང་འཇང་གླིང་གཡུལ་འཁྲུག་གི་སྐབས་སུ། འཇིག་རྟེན་ཁམས་ན་ཡ་མེད་པའི་འཇང་མི་དུག་གསུམ་དེ་དཔའ་མི་འགྱུར་ཚ་ཞང་འདན་མའི་མདའ་མི་འགྱུར་གནམ་ལྕགས་ཐོག་མདས་བརྒྱབ་ནས་ལྔ་བའི་ལམ་དུ་དྲངས་པར་མ་ཟད།འཇང་ས་དམ་རྒྱལ་པོའི་བླ་ལྕགས་དུར་རུ་ཁམས་པ་ཟེར་བ་དེ་དུམ་གསུམ་དུ་བཅགས་ཉེ་མེད་པར་བཟོས།    མོན་གླིང་གཡུལ་འགྱེད་ཀྱི་སྐབས་སུ་མོན་གྱི་དཔའ་རྒོད་སྐུ་ལྷ་ཐོག་འགྱུར་ཟེར་བ་རལ་གྲི་སྔོན་མོའི་ཁ་རུ་དྲངས་པ་དང་། སྟག་གླིང་གཡུལ་འཁྲུག་གི་སྐབས་སུ།  སྟག་གཟིག་ནོར་གྱི་རྒྱལ་པོའི་སྲས་ཟླ་བ་ཁྲབ་བཙན་ཟེར་བ་སྐྱེན་པོ་མདའ་ཡིས་རྨེག་མེད་བཟོས།  ཁ་ཆེ་གཡུ་རྫོང་ཕབ་པའི་དུས་སུ།   ཁ་ཆེ་རྒྱལ་པོའི་དམག་སྟོང་ཕྲག་གསུམ་གྱི་དམག་དཔོན་རྡ་ར་ཐོགས་པའི་མི་གསུམ་དེ།   ཉིན་གཅིག་གི་སྔ་གཞུག་ལ་དམར་འཛིང་བྱས་ཏེ།མཐའ་མར་མེད་པར་བཏང་བར་མ་ཟད་དམག་མི་སྟོང་ཕྲག་གཅིག་གི་མགོ་སྐེ་སར་འཕངས་པ་ཡིན་ཟེར།  
             གཞན་ཡང་ཤན་འདན་ནང་འཁྲུག་གི་སྐབས་སུ།  ཧོར་གྱི་ཤན་པ་རྒྱལ་པོ་དང་གླིང་གི་དཔའ་རྟུལ་དམ་པ་འདན་མ་གཉིས་ལོ་འཁོར་གསུམ་ལ་ནང་འཁྲུག་ལངས་ཏེ་ཕན་ཚུན་གྱི་དམག་མིར་ཡང་གྱོང་གུད་ཆེན་པོ་བཟོས་པའི་མཐའ་མར་གླིང་རྗེ་གེ་སར་རྒྱལ་པོ་དང་སྤྱི་དཔོན་ཁྲ་རྒན་རྣམ་པས་བར་འདུམ་གྱི་ཞལ་ཏ་མང་པོ་མཛད་ཀྱང་མཐུན་ཐབས་མེད་པས་ན།  རྒྱ་ཚ་ལྷ་ནས་ཕེབས་ཏེ་འདུམ་གནང་བར་བརྟེན།   ཤན་འདན་སྟག་སེང་ཁ་སྤྲོད་ཅེས་མཐུན་པ་ལེགས་པར་ཡོང་སྟེ་བར་འདུམ་གྱི་རྡོ་རིང་ཡང་ཧོར་གླིང་གཉིས་ཀྱི་ས་མཚམས་སུ་བཙུགས་ཞེས་རྒྱལ་ཁམས་ཡོངས་ཀྱི་རྣ་བའི་རྒྱན་དུ་གྱུར་ཏོ། །  
སྤྱིར་ཚ་ཞང་འདན་མ་བྱང་ཁྲའི་རླབས་ཆེན་གྱི་མཛད་རྗེས་ནི་ཞིབ་ཏུ་བརྗོད་ན་འཛད་མཐའ་མེད་པ་ཞིག་ཡིན་པས་འདིར་རགས་ཙམ་ཞིག་བརྗོད་པ་ཡིན།      
གསུམ་པ། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག
             དེ་ཡང་ཁྲ་བོ་གླིང་གི་དཔལ་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ།  ཞེ་རྟུལ་ཁྲ་གླག་སྤྱང་གསུམ་ལས་གླག་དར་མ་འདྲ་བའི་དཔའ་ཆེན་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་མཆོག་ནི། གླིང་འབྲིང་རྒྱུད་ཀྱི་གདུང་ལས་སྐུ་འཁྲུངས་པ་དང་། ཕ་སྐལ་ཁྲག་འཐུང་མགོན་ལ་བྱས། མ་སྐལ་སྲིད་པའི་མ་མོ་ཡིན། གླིང་རྗེ་གེ་སར་རྒྱལ་པོའི་སྐུ་སྲུང་དང་། རྩལ་ཆེན་བྲག་དམར་ཁྱུང་དང་འདྲ། ཤེད་ཆེན་རི་བོ་དཔུང་བས་འཕེན་པ། ཐབས་མཁས་རླུང་ནག་སྤར་གྱིས་འཛིན་པ། ས་རྨུ་ཐག་ཞགས་པའི་བདག་པོ་ཡིན་ཞེས་བཤད་སྲོལ་གནའ་ནས་ད་ལྟའི་བར་དུ་ཉམས་མེད། ད་དུང་ཁོང་ནི་མེ་སྒྱོགས་འཕེན་མཁན་སྐད་གྲགས་ཅན་ཞིག་དང་བསྐྱེད་རྫོགས་ཀྱི་གྲུབ་པ་བརྙེས་པའི་གྲུབ་ཐོབ་ཆེན་པོ་ཞིག་ཀྱང་ཡིན།  གཞན་ཡང་ལྷོ་འཛམ་བུ་གླིང་གི་ས་ཆ་ན་རྩལ་ཆེན་ཐོགས་པའི་མི་གསུམ་ཡོད་པ་གཅིག་སྟེ་ཁྲ་མོ་གླིང་ན་ཡོད།  འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་ཡིན།  གཅིག་སྟེ་སེར་བོ་ཧོར་ན་ཡོད། ཧོར་རྩལ་ཆེན་ནམ་མཁའ་སྤར་འཛིན་ཡིན། གཅིག་སྟེ་རྒྱ་ནག་ཡུལ་ན་ཡོད། རྒྱ་ནག་རྩལ་ཆེན་ཐོག་ཕབ་ཡིན་ཞེས་རྩལ་ཆེན་ཐོགས་པའི་མི་གསུམ་གྱི་གྲས་སུ་ཡང་གཏོགས་སོ། །  
             སྒ་སྡེ་ཆོས་སྐྱོང་བེར་ནག་མཆོག་ལ་དཔའ་རྟུལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ལྡན་པ་ནི།  ནག་པོ་དགྲ་དང་ཐུག་པའི་ཉིན་མོར་ཁྲབ་འཁོར་གསུམ་དང་རྨོག་དར་འཕྲུ་མི་དགོས་ཤིང་། རང་གི་དཔའ་རྩལ་ཁོ་ནར་བརྟེན་ནས་ཕས་རྒོད་སྟོང་ཕྲག་ཐལ་བའི་རྡུལ་དུ་བརླག་ཐུབ་པར་བརྟེན།  སེམས་ཅན་ཀུན་གྱིས་རྩལ་ཆེན་ནང་གི་རྩལ་ཆེན་དང་།   རྩལ་ཆེན་སྒ་སྡེ་རྒྱལ་པོ་ཡིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་དབང་མེད་དུ་ཐོར་བྱུང་།  
             སྒ་སྡེ་ཆོས་སྐྱོང་བེར་ནག་གི་དབུ་ལ་ཞྭ་ནག་གྱོན་པ་དང་ལུས་ལ་རས་ནག་གི་བེར་ལྭ་མནབས་པ།  བྲང་དཀྱིལ་དུ་གསེར་གྱི་མེ་ལོང་ཞིག་བཏགས་ཡོད་པ་རེད།  ཁོང་གི་མཚན་ལ་བེར་ནག་ཟེར་དོན་ཡང་སྐུ་ལ་རས་ནག་གི་ལྭ་མནབས་པའི་རྒྱུ་མཚན་ཡིན་ཞེས་གླེང་ཞིང་།   ཆོས་སྐྱོང་ཞེས་མིང་འབྱོར་བ་ནི་ལྷ་ཆོས་སྐྱོང་མགོན་པོ་ཟེར་བའི་རྣམ་སྤྲུལ་ཡིན་པའི་རྒྱུ་མཚན་ཡིན་ཞེས་གླེང་ངོ་། །འབྲུ་སྒ་སྡེ་ཞེས་པའི་དོན་ནི། འབྲུ་ཞེས་པ་རུས་རྒྱུད་ཀྱི་སྤྱིའི་མིང་ཞིག་ཡིན་ཞིང་། སྒ་སྡེ་ཞེས་པ་ནང་གསེས་ཀྱི་རུས་མིང་དེ་མིང་ལ་འབྱོར་བ་ཡིན་སྙམ།  
             《སྨུག་པོ་ལྡོང་གི་རྒྱལ་རབས་》ཞེས་པའི་སྒྲུང་དཔེ་ནང་དུ་བཀོད་ཡོད་པ་ལྟར་ན། སྒ་སྡེ་ཆོས་སྐྱོང་བེར་ནག་ནི་སྒ་སྟོད་དར་གྱི་ལྷ་ལུང་ཆོས་འཕེལ་པད་མ་ལྷ་ཐང་གི་འགྲམ་དུ་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་།   མཚན་ལ་སྒ་སྡེ་མི་ཆེན་སེར་པོ་མངའ་གསོལ།   དགུང་ལོ་བརྒྱད་ཐོག་རྩལ་ཤུགས་སྤུར་རྒྱལ་བོད་དུ་གྲགས།  ལྟས་བཟང་རྟེན་འབྲེལ་ཁྱད་དུ་འཕགས་པར་གྱུར།  དགུང་ལོ་བཅུ་གཉིས་ཏེ་ཤིང་རྟ་ལོར་འབའ་སངས་རྒྱས་འཚོར་ཁྱིམ་ཐབ་བྱེད་དུ་བཅུག་སྟེ། དགྱེས་སྟོན་རྒྱ་ཆེན་མཛད། ས་གླང་ལོར་ཕོ་བྲང་མཆོང་མཁར་སྨུག་པོ་འབྲུ་སྟོད་ལྡང་ལ་གཡུ་ཐང་དུ་བཞེངས། དབྱིབས་མཛེས་ལྡན་ཡིད་དུ་འོང་བ་བཟོས། མུ་ཁྱུད་ཤེལ་དང་མུ་མེན་རིན་པོ་ཆེན་སྣ་ཚོགས་ཀྱིས་བརྒྱན།  དེ་ནས་སྒ་འབྲུ་སྟོད་སྨད་བར་གསུམ་གྱི་དཔོན་པོར་བསྐོས། ཞེས་བཀོད་འདུག  ཡིན་ནའང་འདིའི་ཕྱོགས་ཀྱི་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་པོ་མཐོང་དཀོན་པོ་འདུག་པར་ཚིག་ཐག་གཅོད་དཀའ་བས་དཔྱད་པར་མཛོད།   
             འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་མཆོག་གིས་མི་ཚེ་གང་ལ་སེམས་ཅན་གང་ཟག་མ་ལུས་པ་བདེ་བའི་གནས་སུ་བཀོད་པའི་སླད་དུ་བཞག་པའི་མཛད་རྗེས་ནི་མཐའ་ཡས་ཤིང་བརྗོད་པར་དཀའ་བ་ཞིག་ཡིན་ཀྱང་འདིར་རགས་བསྡུས་ཤིག་མ་བརྗོད་ན་མི་ཆོག་པའི་དབང་གིས་གཤམ་དུ་ཅུང་ཙམ་བརྗོད་པར་བྱ་སྟེ།  དེ་ཡང་ཧོར་གླིང་གཉིས་ཀྱི་གཡུལ་འཁྲུག་སྐབས་སུ། ཧོར་གྱི་རྩལ་ཆེན་ནམ་མཁའ་སྤར་འཛིན་གྱིས་མི་གསུམ་ཙམ་གྱིས་སྒུལ་མི་ཐུབ་པའི་ཕ་བོང་གཡག་རོ་སུམ་འགྱུར་ཙམ་གཉིས་བསྒྲིལ་བྱས་ཏེ་གླིང་གི་དམག་རྟ་མང་པོའི་དབུས་སུ་འཕངས་པའི་ཚེ། གླིང་གི་སྒ་སྡེ་ཆོས་སྐྱོང་བེར་ནག་གིས་ཀྱང་རྡོ་ཕ་བོང་ཉིས་འགྱུར་ཙམ་ཅིག་རྙེད་དེ་ཕྱག་གཡས་པ་སྒྲོག་ཐག་གི་སྣེ་ལ་འཆང་། གཡོན་པར་དར་ནག་གི་གཡབ་མོ་བྱེད་པ་དང་ཆབས་ཅིག་ཧོརོ་གྱི་དམག་སྒར་ནང་དུ་འཕངས་བྱུང་བ་ལ།  ཧོར་གླིང་གི་སྒྱོགས་གཉིས་དུས་མཉམ་དུ་འཕངས་ཤིང་། གནམ་ས་འགུལ་ཞིང་རི་བོ་ཐམས་ཅད་ཡོམ་ཡོམ་དུ་གྱུར།  དེའི་ངང་ནས་གླིང་གི་སྒྱོགས་རྡོ་དེས་ཧོར་གྱི་སྒྱོགས་དེ་དེད་ནས་ཧོར་གུར་དཀར། ཁྲི་ཤོང་དཀར་མོའི་སྟེང་ལ་འབབ་ལ་ཁད་དེ་ལ། ཟ་ཟ་འཆའ་འཆའ་ལྟར་རྡོ་གཉིས་ཡུན་རིང་དུ་བརྡབས་པས་ཧོར་རྡོ་དུམ་བུ་གཉིས་སུ་ཆག་ནས་དུམ་བུ་གཅིག་ཧོར་སྒར་གྱི་དཀྱིལ་ལ་རང་བཞིན་དུ་ལྷུང་ནས། མི་རྟ་བརྒྱ་ཕྲག་མང་པོ་ཤི་རྨས་སུ་བཏང་ཞིང་དམག་ཐམས་ཅད་དྲན་མེད་དུ་བརྒྱལ་ལོ།  །ཡང་དུམ་བུ་གཅིག་དེ་དང་གླིང་རྡོ་གཉིས་ཀ་ཚུར་གླིང་སྒར་བྱང་སྒོའི་ཐད་ཀྱི་བྲག་རིར་ཕོག་ནས་བྲག་རལ་བའི་འུར་སྒྲ་དང་ཐལ་འཚུབ་ཀྱིས་ཉི་མ་བསྒྲིབས་ཙམ་དུ་གདའ། དེ་ནས་སྒ་སྡེ་འཕྲལ་དུ་ཆས་ནས་ཧོར་སྒར་གྱི་གཡས་ཟུར་གུར་དཀར་ཤོག་གི་གུར་ཡོད་པའི་མཚམས་སུ།  རྩལ་ཆེན་ནམ་མཁའ་སྤར་འཛིན་གྱིས་དཔུང་འཛིན་བྱས་ཏེ།  ཁུ་ཚུར་གྱི་བརྡུངས། མགོ་མཇུག་བཟློགས་ནས་ཁོག་པའི་ནང་རོལ་དང་རུས་པ་ཐམས་ཅད་ཁ་ནས་འབུད་པ་ཞིག་བྱས། ལག་གཡས་མཐེབ་ཀོར་དང་བཅས་པ་ཤན་པ་རྨེ་རུ་རྩེའི་ཐད་དུ་འཕངས། ལག་གཡོན་ལྷམ་དང་བཅས་པ་སྟོབས་ཆེན་གྱི་ཐད་དུ་འཕངས།  གློ་མཆིན་དང་ནང་ཁྲོལ་རྣམས་ཤེད་ཆེན་གྱི་མདུན་དུ་འཕངས།  པགས་པ་མགོ་འབར་བ་དེ་གུར་དཀར་གྱི་ཁྲི་སྟེང་དུ་ལན་གསུམ་བརྡབས་ཏེ། ཕྱི་ཤ་ལ་བཏགས་ནས་ཚུར་གླིང་ལ་ག་ལེར་ཕེབས་སོ། །  
             སོག་གླིང་གཉིས་ཀ་འཁྲུག་པའི་སྐབས་སུ།  སོག་ཨ་ཆེན་རྒྱ་སྒོ་གོང་མ་ན་འབྲོང་རྒོད་པོ་འཇིགས་སུ་རུང་བ།  མགོ་ན་རྭ་བཅོ་བརྒྱད་ཅན་ཞིག་ཡོད་པ་དེ།དཔའ་རྒོད་སུས་ཀྱང་འདུལ་མ་ཐུབ་པའི་སྐབས་སུ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གིས་འབྲོང་གི་རྭ་རྩ་རུ་བཟུང་སྟེ།  མཐོན་པོ་བྲག་ངོས་སུ་བརྡབས་ཏེ་བསད་པ་དང་། དེ་ནས་ཉིན་མོ་གཅིག་གི་སྔ་དྲོ་ལ་བདུད་དམག་ཁྲི་ཚོ་བཅོ་བརྒྱད་ཀྱི་མགོ་སྐེ་བླངས་ཤིང་།  དམག་དཔོན་མདའ་ཁྲི་རྒྱལ་པོ་དེ་སྤར་འཛིན་བྱས་ཏེ་གློ་སྙིང་བཏོན་ནས་བསད་པའི་ལོ་རྒྱུས་ཕྱོགས་བཞི་ཀུན་ཏུ་ཁྱབ།  འཇང་གླིང་གཉིས་ཀ་འཁྲུག་པའི་དུས་སུ།  འཇང་གི་དུག་མཚོ་ནག་པོས་གླིང་དམག་གི་བགྲོད་ལམ་བཀག་པའི་སྐབས་སུ།   འབྲུ་སྒ་སྡེའི་མཐུ་ནུས་ཀྱིས་དུག་མཚོ་གར་ཁྲིད་རང་དབང་ཡོད་པ་ལྟར་དཀྱིལ་དབུས་སུ་ལམ་ཆེན་ཞིག་ཕྱེས་པ་དང་དེ་ནས་འཇང་གི་བྱེ་ཐང་ཆེན་པོ་དེས་གླིང་དམག་མདུན་དུ་སྐྱོད་པ་བགེགས་རྐྱེན་བཟོ་བའི་དུས་དེར། འབྲུ་སྒ་སྡེ་མཆོག་གིས་མཐུ་ནུས་ཀྱིས་མིག་རྡེབ་ཙམ་གྱིས་རྨེག་མེད་བཟོས་ཏེ་ལམ་ཕྱེས་པ་རེད། ཁ་གླིང་གཡུལ་འཁྲུག་བྱུང་བའི་སྐབས་སུ། ཁ་ཆེའི་བྲག་སྒོ་བཙན་པོ་ཞིག་གིས་གླིང་དམག་གི་བགྲོད་ལམ་བཀག་འདུག་པའི་སྐབས་དེར། སྒ་སྡེ་མཆོག་གིས་མདའ་གསེར་ལྟོང་མ་ཞིག་འཕངས་པས་བྲག་སྒོའི་ཕྱེད་ཀ་གཡས་སུ་འཕངས་ཤིང་། བྲག་སྒོའི་ཕྱེད་ཙམ་གཡོན་དུ་འཕངས་ཏེ། ལམ་མེད་སར་ལམ་བཏོད་དེ་གླིང་དམག་འཕྲལ་དུ་ཁ་ཆེའི་ཤིང་ཁྲི་བཙན་པོའི་མཁར་རྫོང་གི་འགྲམ་དུ་ཆས་པ་དང་། མ་འགྱངས་པར་དམག་དཔོན་བདུད་མགོན་ཆེན་པོ་དང་རྡ་ར་ཁྲ་མགོ་མིག་དམར་གཉིས་རལ་གྲི་ནག་པོ་ཐོག་ཆོད་ཀྱི་འོག་ཏུ་དྲངས་ཏེ།  གླིང་དཀར་དམག་དཔུང་རྣམ་པར་རྒྱལ་བའི་རྨང་གཞི་བརྟན་པོ་བཙུགས་པ་རེད། ཡང་ཐེངས་ཤིག་གི་གཡུལ་འཁྲུག་གི་སྐབས་སུ། སྒ་སྡེ་ཧོར་དམག་གི་དཀྱིལ་དུ་ཤོར་སོང་སྟེ། རི་རྩིབས་ན་ཕ་བོང་བང་བ་བཞི་རེ་ཙམ་གཉིས་ལ་རྡོག་ཐོས་བརྒྱབ་ནས་འཕྱོ་ཡ་འཕྱོ་ཡ་གསུངས་ནས་གཅིག་གཉིས་བསྟུད་མར་བསྒྲིལ་བྱུང་བ་ལ།  མི་རྟ་བརྒྱ་ཚོ་མང་པོ་ཤ་ཉོག་རུས་ཉོག་ཏུ་བཏང་སྟེ།  དཔའ་བོའི་མཚན་སྙན་སྐུ་རྒྱལ་བོད་དུ་ཁྱབ།  ད་དུང་འབྲུ་སྒ་སྡེ་ཁོང་ཉིད་གླིང་རྗེ་གེ་སར་རྒྱལ་པོ་དང་ལྷན་ཅིག་མོན་ཡུལ་དང་སུམ་པ་དང་། སྟག་གཟིག་སོགས་སུ་དཔུང་འཇུག་བྱེད་པའི་སྐབས་དགྲ་སྡེ་མ་ལུས་འཇོམས་པའི་ལོ་རྒྱུས་གང་མང་བརྗོད་རྒྱུ་མཆིས་ཀྱང་འདིར་ཞིབ་ཏུ་བརྗོད་རྒྱུ་མིན་ནོ། །  
             དམངས་ཁྲོད་ཀྱི་སྒྲུང་པ་ལ་ལས་བཤད་པ་ལྟར་ན།  ཁྲ་མོ་གླིང་ལ་འཆི་རྒྱུ་མེད་པའི་མི་གསུམ་ཡོད་པ་སྟེ།  གཅིག་ནི་གླིང་གི་སྤྱི་དཔོན་ཁྲ་རྒན་དང་གཉིས་ནི་དཔའ་མི་འགྱུར་ཚ་ཞང་འདན་མ་བྱང་ཁྲ།   གསུམ་ནི་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཡིན་ཟེར། གལ་ཏེ་འཆི་བའི་དུས་ཤིག་སླེབས་པའི་ཉིན་ལ་བོད་གངས་ཅན་གྱི་གངས་རི་མཐོན་པོ་རྣམས་ཀྱི་ལུས་སྟོད་ཐམས་ཅད་རྐང་བཞི་ནོར་དུ་འགྱུར་བ་དང་། ལུས་སྨད་ཐམས་ཅད་གཡང་དཀར་ལུག་ཏུ་འགྱུར་འགྲོ་བ་ཡིན་ཞེས་གླེང་བ་ཡིན་མོད། འོན་ཏེ་ངེད་ཅག་རྣམས་ཀྱིས་ལྷ་སྒྲུང་ལྟ་བུའི་བཤད་སྲོལ་འགྲིག་མིན་ཡོད་ཚད་ལ་དཔྱད་པ་ཞིབ་མོ་བཏང་སྟེ།  ཡང་དག་འཁྲུལ་མེད་ཀྱི་སྡོམ་ཚིག་འཇོག་རྒྱུ་ནི་གལ་ཆེའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1