༄༅།། སྨྱན་མང་གཟུགས་ཀྱི་ལམ་ནས་སློབ་ཆུང་གྲངས་རིག་ཁྲིད་པའི་སྐོར་རགས་ཙམ་སྒྲེང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-07


        སློབ་ཁང་དུ་སློབ་ཆུང་གྲངས་རིག་སློབ་ཁྲིད་བྱེད་སྐབས། སྨྱན་མང་གཟུགས་སྤྱད་ན། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དེ་དེང་རབས་ཀྱི་སྨྱན་མང་གཟུགས་དང་ཟུང་འབྲེལ་བྱེད་ཐུབ་ལ། སོ་སོའི་ལེགས་ཆ་ཡང་མངོན་པར་ཐོན་ཐུབ་པས་སློབ་ཁང་སློབ་ཁྲིད་ཀྱི་ཕན་འབྲས་ཆེས་ལེགས་པོ་ལེན་ཐུབ་པ་ཡིན།

དང་པོ། སྨྱན་མང་གཟུགས་སྤྱད་ན་སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་འདེགས་ཐུབ།
        སྲོལ་རྒྱུན་སློབ་ཁྲིད་ཁྲོད། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཡོང་ཆེད།དགེ་རྒན་གྱིས་སྔོན་ནས་ཁྲིད་ཆས་མང་པོ་གྲ་སྒྲིག་དང་ཡང་ན་སྤྱི་ཁོག་རིམ་པ་བཞིན་ནག་པང་ཆུང་བའི་སྟེང་འབྲི་བ་དང་སློབ་ཐུན་བསྐྱར་སྦྱང་མང་དུ་བྱེད་ཆེད་སྦྱང་གཞི་རིམ་པ་བཞིན་ནག་པང་དུ་བྲིས་ཏེ་གྲ་སྒྲིག་བྱེད་དགོས། འདི་ལྟར་བགྱིས་ན་དགེ་རྒན་གྱི་ལས་ཀ་ཇེ་མང་ལ་བཏང་བར་མ་ཟད།སློབ་ཁྲིད་དུས་ཚོད་ཀྱང་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད།སྨྱན་མང་གཟུགས་སྤྱད་ན་གོང་དུ་སྨྲས་པའི་གནད་དོན་དེ་དག་ཐག་གཅོད་བྱེད་ཐུབ། སྨྱན་གཟུགས་ལ་བརྡ་འཕྲིན་ཤོང་ཚད་ཆེ་བས།འཕྲིན་བརྡ་གཏོང་བ་དང་འཆར་བ།རིགས་གཞན་ལ་བསྒྱུར་བདེ་ཞིང་མྱུར་བའི་ཁྱད་ཆོས་ལྡན་པས།སློབ་ཁྲིད་དུས་ཚོད་ཀྱི་ཚགས་ཇེ་དམ་དུ་བཏང་སྟེ་སློབ་མའི་བསམ་གཞིག་ནུས་པ་ལ་སྦྱོང་བརྡར་ཡག་པོ་ཐོབ་ཐུབ།
        དཔེར་ན།ཀ་ཟླུམ་གྱི་བོངས་ཚད་སློབ་ཁྲིད་བྱེད་སྐབས།སྨྱན་མང་གཟུགས་སྤྱད་དེ་ཁ་ལོ་བསྒྱུར་ཆོག་པའི་ཀ་ཟླུམ་བོངས་ཚད་ཅིག་ཇུས་འགོད་བྱས་ཡོད་པ་དེར་ཙིག་མིག་སྡེབ་པ་ཙམ་གྱིས་ཀ་ཟླུམ་དེའི་གནས་ཚུལ་ཆ་ཚང་སོ་སོའི་རེ་བ་ལྟར་སློབ་མའི་མཐོང་ལམ་དུ་གསལ་པོར་བསྟར་ཐུབ།ཡང་ཞིག་སྡེབ་པ་ན་ཀ་ཟླུམ་དེ་གྲུ་བཞི་ནར་མོ་དང་ཉེ་བར་མཚུངས་པའི་རྣམ་པ་ཞིག་ཏུ་གྲུབ་པའི་ཚུལ་མངོན་སུམ་མཐོང་ལམ་དུ་འགྱུར་བ་དང་། དེ་ལས་གྲུ་བཞི་ནར་མོ་དང་ཉེ་བར་མཚུངས་པའི་བོངས་ཚད་དང་ཀ་ཟླུམ་གཟུགས་ཀྱི་བོངས་ཚད་བར་གྱི་འབྲེལ་བ་ཇི་ལྟར་ཆགས་པ་བདེ་བླག་ངང་རྟོགས་ཐུབ་པར་འགྱུར། དེ་བས་སློབ་མའི་བསམ་གཞིག་གི་རྒྱ་ཇེ་ཆེར་གཏོང་བ་ཡིན།

གཉིས་པ།སྨྱན་མང་གཟུགས་སྤྱད་དེ་སྦྱང་གཞིའི་ནང་དོན་ཇུས་འགོད་ལེགས་པོ་བྱས་ན།སློབ་ཁང་སློབ་ཁྲིད་ལ་མཐོ་རླབས་འཕྱུར་དུ་འཇུག་ཐུབ།
        དཔེ་ཁྲིད་མགོ་བརྩམས་རྗེས། ཐོག་མར་དགེ་རྒན་གྱིས་སྨྱན་མང་གཟུགས་བེད་སྤྱད་དེ་དམིགས་ཡུལ་ཡོད་པའི་སྒོ་ནས་གསོན་ཉམས་ལྡན་པའི་བརྩི་གཞིའི་འདྲི་ཚིག་གསར་པ་ཞིག་ཇུས་འགོད་བྱས་ཏེ།སློབ་མར་སློབ་སྦྱོང་གི་སྤྲོ་བ་བསྐྱེད་དུ་འཇུག་ཐུབ་དགོས།སློབ་མ“ཁྱོད་ཀྱིས་སློབ་ཅིག”ཟེར་བའི་གཞན་དབང་གི་རྣམ་པ་ལས“ང་ཡི་སློབ་རྒྱུ”ཟེར་བའི་རང་འགུལ་ཅན་གྱི་རྣམ་པར་བསྒྱུར་ཐུབ་ན། ད་གཟོད་འདྲི་གཞི་ཇུས་འགོད་གསར་རྐྱང་ཞིག་བྱས་པ་དེར་གྲུབ་འབྲས་ཐོབ་པ་ཡིན། དཔེར་ན་ངས་གོར་གོར་ངོས་འཛིན་གྱི་སློབ་ཁྲིད་ཁྲོད་སྣང་ཚུལ་འདི་འདྲ་ཞིག་ཇུས་འགོད་བྱས་མྱོང་སྟེ། རི་བོང་ཆུང་བ་ཞིག་འཁོར་ལོ་ལ་བསྡད་དེ་ཤིང་རྟ་མོ་ཚང་ལ་རྩེ་རུ་འགྲོ་འདོད།དེ་ཡང་ཐོག་མར་འཁོར་ལོ་གྲུ་བཞི་ནར་མོ་ཅན་ཞིག་ལ་བསྡད་དེ་འགྲོ་རྩིས་བྱས་པ་ན་གཏན་ནས་འགྲོ་མ་ཐུབ། དེ་ནས་འཁོར་ལོ་འཇོང་ཟླུམ་ཅན་ཞིག་ལ་བསྡད་དེ་སོང་མོད།འོན་ཀྱང་འདར་གསིག་དང་གཡོ་སྐྱོམ་ཆེ་བས་ཡང་འགྲོ་མ་ཐུབ། དེ་ནས་འཁོར་ལོ་གོར་གོར་ཡིན་པའི་རླངས་འཁོར་ལ་བསྡད་དེ་སོང་བས།བདེ་ཞིང་འཇམ་པའི་སྒོ་ནས་མདུན་དུ་སྐྱོད་ཐུབ་བྱུང་། དེ་ལ་བལྟས་ནས་གོར་གོར་དང་གྲུ་བཞི་ནར་མོ།འཇོང་ཟླུམ་དབྱིབས་ཀྱིས་ཁྱད་པར་ཅི་ཡོད་དང་།འཁོར་ལོ་གོར་གོར་ཡིན་ན་ཅིའི་ཕྱིར་འགྲོ་བདེ་བ་ཡིན་པའི་གནས་ལུགས་རི་མོའི་ལམ་ནས་མངོན་གསུམ་དུ་བསྟན་པས་སློབ་མ་རྣམས་ཡ་མཚན་ནས་ཤེས་འདོད་ཀྱི་འདུན་པ་ཇེ་ཆེར་གྱུར་ཏེ་ཚོད་ལྟ་དང་བསམ་ཚུལ་སྣ་ཚོགས་བཤད་སྐབས། དགེ་རྒན་གྱིས་དུས་བསྟུན་གོ་སྐབས་དམ་པོར་བཟུང་སྟེ་ཁྲིད་གཞི་གསར་པའི་ནང་བདེ་བླག་ངང་ཁྲིད་པ་ཡིན་ནོ། །

གསུམ་པ། སྨྱན་མང་གཟུགས་སྤྱད་དེ་སློབ་མའི་གྲངས་རིག་གི་བསམ་གཞིག་ནུས་པ་མཐོར་འདེགས་བྱེད་པ།
        སློབ་ཁང་སློབ་ཁྲིད་ཁྲོད་དུ་རྩིས་འཁོར་གྱིས་སློབ་ཆུང་གྲངས་རིག་ཁྲིད་གྲོགས་བྱེད་ཐབས་འཚོལ་ཞིབ་བྱས་ན་སྨྱན་མང་གཟུགས་སྤྱད་དེ་སློབ་ཁྲིད་བྱས་པའི་ཕན་འབྲས་ལེགས་ཤོས་དང་སློབ་གསོའི་ཁྱད་ཆོས་ལྷག་པར་མངོན་ཐུབ་ལ། སློབ་མའི་བསམ་གཞིག་གི་ནུས་པ་རྒྱུན་མི་འཆད་པར་མཐོ་རུ་འདེགས་ཐུབ་པའོ། །སློབ་ཆུང་གྲངས་རིག་སློབ་ཁྲིད་ལ་དམིགས་འབེན་གཙོ་བོ་ཞིག་ཡོད་པ་ནི་སློབ་མར་སྤྱི་མཚན་ནུས་པ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། སྨྱན་མང་གཟུགས་ཀྱི་སྣང་བརྙན་བྱེ་བྲག་པ་དེ་སྨྱན་གཟུགས་ལས་མངོན་པས་སློབ་མའི་སྣང་བརྙན་དང་སྤྱི་མཚན་བར་གྱི་འབྲེལ་བ་ཅི་འདྲ་ཡིན་པ་མངོན་སུམ་མྱོང་བར་གྲུབ་པས།གྲངས་རིག་གི་བསམ་གཞིག་ནུས་པ་ཡར་རྒྱས་སུ་འགྲོ་ཐུབ་པ་ཡིན། སློབ་ཆས་བཟོ་བཀོད་ཀྱི་སྐབས་སུ་འགུལ་རིས་དང་གཟུགས་བརྙན། སྐད་གདངས་སོགས་བེད་སྤྱད་དེ་སློབ་སྦྱོང་གི་སྣང་ཚུལ་སྡེབ་སྒྲིག་བྱས་ཆོག དཔེར་ན་སློབ་ཁྲིད་སྔོན་ལ་སྙན་ཞིང་འཇེབས་པའི་རོལ་དབྱངས་ཤིག་བཏང་ན་སློབ་མའི་རྣམ་རིག་གཅིག་དུ་བསྡུས་ཏེ་མྱོང་རོལ་བྱས་ན་སློབ་མའི་རིག་པ་ཇེ་གསལ་ཏུ་གཏོང་ཐུབ། སྨྱན་མང་གཟུགས་ཀྱི་སློབ་ཆས་བཟོ་སྐབས་དམིགས་འབེན་གསལ་པོ་ཡོང་བར་མཉམ་འཇོག་བྱས་ཏེ།གྲངས་རིག་སློབ་ཁྲིད་སྐབས་རྒྱུན་སྲོལ་གྱི་རེ་བ་དང་གཞི་རྩའི་ནུས་རྩལ།བསམ་བློ་གཏོང་སྟངས།གྲངས་བགྲང་གི་ནུས་པ།གནད་དོན་དབྱེ་ཞིབ་དང་།ཐག་གཅོད་བྱེད་པའི་ནུས་པ་སོགས་མཚོན་ཐབས་བྱེད་དགོས།འོད་ལྡན་བརྙན་རིས་ཁག་གི་འབྲེལ་མཐུད་འོས་འཚམ་ཡོང་བར་བྱས་ཏེ་མིས་ཁ་ལོ་བསྒྱུར་བའི་དུས་ཚོད་དང་འགྱུར་ལྡོག་ལ་མགོ་འཇུག་གོ་རིམ་མ་འཁྲུགས་པ་ཡིན་ཚེ།སློབ་བུ་རྣམས་ཅུང་ཟད་བདེ་བླག་ངང་སློབ་སྦྱོང་ལ་འཇུག་ཐུབ་བོ། །
        མདོར་ན།སྨྱན་མང་གཟུགས་སྤྱད་དེ་སློབ་ཁྲིད་ལ་རམ་འདེགས་བྱས་ན།སློབ་ཁྲིད་དེ་ཐད་མཐོང་རང་བཞིན་དང་སྣང་བརྙན་རང་བཞིན།མངོན་སུམ་གསལ་རྗེན་རང་བཞིན་ཅན་དུ་གྱུར་པས་སློབ་མའི་སྤྲོ་སེམས་རབ་ཏུ་བསྐྱེད་དེ་ཤེས་རབ་རྒྱས་པ་ལ་ཕན། སློབ་ཁྲིད་ཁྲོད་དུ། དགེ་རྒན་གྱིས་སློབ་ཁྲིད་ནང་དོན་ལྟར་སེམས་ཞིབ་མོའི་སྒོ་ནས་སྨྱན་མང་གཟུགས་ཀྱི་སློབ་ཆས་བཟོ་བ་དང་།སློབ་ཁྲིད་ཀྱི་བརྒྱུད་རིམ་སོ་སོར་སྐབས་བསྟུན་འཛོལ་བ་མེད་པར་སྤྱོད་པ་ལ་མཉམ་འཇོག་བྱས་ན། སློབ་ཁྲིད་གསར་པ་ལ་འཇུག་སྐབས་དང་། ཤེས་བྱ་གསར་པ་སློབ་པ་དང་བྱང་ཆ་ལྡན་པར་བྱེད་པའི་སྐབས། འདྲི་ཚིག་ལ་གོ་བ་ལོན་པའི་བསམ་གཞིག་སྤྱོང་བརྡར་གྱི་སྐབས་གང་ཡིན་རུང་བེད་སྤྱོད་བྱས་ཆོག དགེ་རྒན་གྱིས་སྨྱན་མང་གཟུགས་སྤྱོད་སྐབས་རྣམ་པ་དང་ནང་དོན་ལ་དམིགས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སློབ་ཁྲིད་ནང་དོན་དང་སློབ་མའི་ཤེས་རྟོགས་ཁྱད་ཆོས་ལ་དམིགས་ཏེ་ཇུས་འགོད་བྱས་ན།ད་གཟོད་སློབ་མའི་ཤེས་ཡོན་གྱི་རྒྱ་དང་གཏིང་ལོན་པའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་ཡོང་ཐུབ་པ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1