དམངས་ཕན་ཁྲིམས་ལུགས་དྲིལ་སྒྲོག་མཁན་འཇམ་དཔལ་སྐྱིད།

མགོན་པོ་ཚེ་བརྟན་གྱིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-10


---མཛོད་དགེ་རྫོང་ཐང་སྐོར་ཁྲིམས་འཛིན་ཁང་གི་འཇམ་དཔལ་སྐྱིད་ཀྱི་གནས་ཚུལ་རགས་བཀོད།

དལ་འབབ་རྨ་ཀླུང་རིང་མོའི་ཁུག་སོ་ན།།
ཐང་སྐོར་འབྲོག་དམངས་བདེ་བའི་དཔལ་ལ་རོལ།།
རྟ་ནོར་ལུག་གསུམ་ཤ་ཤེད་རབ་ཏུ་རྒྱས།།
འབྲས་ལྡན་སྟོན་གྱི་དགེ་མཚན་འདི་ན་ཤར།།
   ཕྱི་དྲོའི་ཉི་ཟེར་འཇམ་པོ་རྨ་ཁུག་དང་པོའི་ཁུག་མགོར་ལྷུང་དུས། ང་ཚོ་ཐང་སྐོར་གྲོང་རྡལ་མགོ་སེར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་དངོས་སུ་འབྱོར་བྱུང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་ནང་དུ་འབྲོག་པ་མང་བོ་མཉམ་དུ་འདུས་ནས། རྣ་བ་བླགས་ནས་བུད་མེད་ཅིག་གི་འཆད་ཁྲིད་ལ་ཉན་བཞིན་འདུག ང་ཚོ་ཕར་སོང་ནས་རྒྱུས་ལོན་བྱས་པ་ན། མོ་ནི་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་ཁྲིམས་འཛིན་ཁང་གི་འཇམ་དཔལ་སྐྱིད་ཟེར་བ་དེ་ཡིན་ལ། དེ་རིང་ནི་སྡེ་བ་འདིའི་གཟའ་རེའི་ཁྲིམས་ལུགས་དྲིལ་སྒྲོག་གི་ཉིན་མོ་ཡིན་པས། མོས་ནམ་རྒྱུན་ལྟར་ཁྲིམས་ལུགས་དྲིལ་སྒྲོག་བྱེད་ཀྱིན་འདུག
      འཇམ་དཔལ་སྐྱིད་ནི་མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཐང་སྐོར་ཁྲིམས་འཛིན་ཁང་གི་སའོ་ཀྲང་ཡིན་ལ།  2008ལོར་གཞི་རིམ་གྱི་ཁྲིམས་འཛིན་ལས་རོགས་པའི་བྱ་བར་ཞུགས་ནས། ལོ་དགུའི་རིང་ལ་སྔ་གཞུག་ཏུ་མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་རྐྱང་ཚ་ཡུལ་ཚོའི་ཁྲིམས་འཛིན་སའོ་དང་ཐང་སྐོར་གྲོང་རྡལ་ཁྲིམས་འཛིན་སའོ་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དང་དུ་བླངས་པ་རེད།  
       མོ་ནི་སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་གཞི་རིམ་གྱི་ཆེད་བསྐོས་ཁྲིམས་འཛིན་ལས་རོགས་པ་ཐོག་མ་ཡིན་པས། གཞི་རིམ་གྱི་ཁྲིམས་འཛིན་བྱ་བར་བློ་བརྟན་འགྱུར་མེད་ཡིན་ལ། མ་བསྐུལ་དང་བླངས་ཀྱིས་རང་འགན་ཕྲག་ཏུ་བླངས་ནས་འབྲོག་ཁུལ་གྱི་ཕོ་མཆོག་མོ་དམན་དང་ཕོ་མོ་འདྲ་མཉམ་མིན་པའི་ལྟ་བ་དང་གོམས་སྲོལ་རྩ་བ་ནས་བསྒྱུར་བའི་ལས་ལ་འབད་པར་མ་ཟད།  ཁྱིམ་མཚེས་ཕན་ཚུན་བར་རྩྭ་ས་རྩོད་གླེང་དང་སྐྱེད་མཐོ་དངུལ་བསྐྱི་སོགས་འབྲོག་ཁུལ་དུ་དར་ཆེ་བའི་ཁྲིམས་འགལ་བྱ་སྤྱོད་གཙོར་བཟུང་ནས་འབྲེལ་ཡོད་ཁྲིམས་ལུགས་དྲིལ་སྒྲོག་བྱས་ཏེ། ནུས་ཤུགས་ཡོད་དགུས་བཅའ་ཁྲིམས་ཤེས་བྱ་འབྲོག་ཁྱིམ་རེ་རེར་སྤེལ་ནས། འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་བཏང་དང་གཏོང་བཞིན་གདའ། དེ་མིན་མོས་ཉིན་རྒྱུན་འཚོ་བའི་ཁྲོད་སློབ་གྲྭ་དང་འཚམས་པའི་བཅའ་ཁྲིམས་ཤེས་བྱ་སྡུད་སྒྲིག་བྱས་ནས་སློབ་གྲྭར་ཁྱབ་གདལ་དུ་གཏོང་བཞིན་ཡོད།
      མོར་གཞི་རིམ་ཁྲིམས་འཛིན་བྱ་གཞག་ལ་བཅོས་མིན་གྱི་དགའ་ཞེན་ཆེ་བས། ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཁྲིམས་འཛིན་དང་ཁྲིམས་སྐྱོང་། ཁྲིམས་སྤེལ་ལ་བརྩོན་པའི་ཆོད་སེམས་གོར་མོ་རྡོ་བཞིན་འགྱུར་བ་མེད་པས། འབྲོག་པ་མང་ཚོགས་ཀྱིས་བསྟོད་པའི་མེ་ཏོག་ཡང་ནས་ཡང་དུ་གཏོར་བཞིན་གདའ་ཞེས་ཐང་སྐོར་གྲོང་རྡལ་མགོ་སེར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས་མོ་ལ་གདེང་འཇོག་བྱས་བྱུང་།
     གཞི་རིམ་མང་ཚོགས་ཀྱིས་མོས་ལས་གང་བྱས་ལ་བསྟོད་པའི་མཐེ་བོང་བསྒྲེངས་པར་མ་ཟད། གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་མོ་ལ་བྱ་དགའ་མང་དུ་སྟེར་ཡོད་དེ། 2013ལོར་རྔ་བ་ཁུལ་ཁྲིམས་འཛིན་སྲིད་སྐྱོང་མ་ལག་གི་ལས་སྒོའི་འཇོན་ཐང་མི་སྣ་བཅུ་ཡི་གྲས་སུ་བདམས།  2016ལོའི་ཟླ12བར2011ལོ་ནས་2015ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སྔོན་ཐོན་པ་རུ་བདམས།
ཕོ་མོ་འདྲ་མཉམ་ལག་ཏུ་བསྟར་བ་ལ།། སྡུམ་འགྲིག་ཚོགས་པ་རེ་ལ་བུད་མེད་ཡོད།། 
     ཉེ་བའི་ལོ་ཤས་རིང་། མོས་སློབ་སྦྱོང་གི་གོམ་ཁ་ལྷོད་མ་མྱོང་ལ། ནམ་རྒྱུན་ཁོམ་ལོང་ཅུང་ཙམ་ཡོད་དུས་ཏང་གི་སྒྲིག་སྲོལ་དང་རྒྱུན་སྤྱོད་བཅའ་ཁྲིམས་ཤེས་བྱ། ཏང་གི་གཞི་རྩའི་བྱེད་ཕྱོགས་སོགས་ལ་སློབ་སྦྱོང་དང་། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་ཆེད་སྤྱོད་མིང་ཚིག་བར་མེད་དུ་བསྡུ་ཉར་བྱས།  མོས་བཅའ་ཁྲིམས་ཀྱི་ཤེས་བྱ་མང་པོ་འབྲོག་ཁྱིམ་རེ་རེར་ཁྱབ་གདལ་དུ་བཏང་ནས། འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་རྨོངས་བ་སེལ་བར་ཉིན་མཚན་དུས་དྲུག་ཏུ་འབད་འབུངས་བྱེད་བཞིན་ཡོད། ད་ལོར་མོས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་སྒྲོག་འགྲེལ་ཐེངས160ལྷག་སྤེལ་ནས།《རྩ་ཁྲིམས》དང་《གཉེན་སྒྲིག་བཅའ་ཁྲིམས》《བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས》སོགས་ཁྱབ་གདལ་དུ་བཏང་། 
      བོད་ཁུལ་གྱི་སྡེ་བ་རིམ་པའི་མི་དམངས་སྡུམ་འགྲིག་ཚོགས་པར་བུད་མེད་ཨུ་ཡོན་མེད་པའི་གནས་བབ་ལ་དམིགས་ནས། མོས་《རྩ་ཁྲིམས》དང་《མི་དམངས་སྡུམ་འགྲིག་བཅའ་ཁྲིམས》ལ་བརྟེན་ནས།  སྡེ་བའི་མི་དམངས་སྡུམ་འགྲིག་ཨུ་ཡོན་ཚོགས་པར་ཆེས་ཉུང་ནའང་བུད་མེད་གཅིག་ཡོད་དགོས་པ་གཏན་ལ་ཕབ་པར་མ་ཟད། དངོས་སུ་ལག་ཏུ་བསྟར་བ་རེད། དེ་ལྟར་མོས་ཁྲིམས་ལུགས་སྒྲོག་འགྲེལ་དང་བཅའ་ཁྲིམས་ཀྱི་གཏན་འབེབ་ལག་ལེན་ཟུང་དུ་སྦྲེལ་ནས། འབྲོག་ཁུལ་གྱི་བུད་མེད་ཚོའི་ཁེ་དབང་སྲུང་སྐྱོང་བྱས་པ་རེད། 
ཉམ་ཞན་དམངས་ཀྱི་ཁེ་དབང་སྲུང་བ་ལ།།  ཁྲིམས་ཀྱི་རོགས་འདེགས་བརྩེ་བ་ཆེན་པོས་སྤེལ།།
      མོས་གཉེན་འཐོར་དང་གཉེན་སྒྲིག་མ་བྱས་པར་བྱིས་པ་བཙའ་བ་སོགས་ཀྱི་ཁྲིམས་ལུགས་འདྲི་རྟོག་དང་དུ་བླངས་ནས་ཁྲིམས་ལུགས་ཀྱི་འབྲེལ་ཡོད་གཏན་འབེབ་ལྟར། བུད་མེད་གཉོམ་ཆུང་རྣམས་ཀྱི་རྒྱབ་རྩར་ལངས་ནས་དེ་དག་གི་ཁེ་དབང་བསྲུངས་ཤིང་། ཕ་མེད་པ་དང་རང་གི་ཕ་སུ་ཡིན་མི་ཤེས་པའི་བྱིས་པ་རྣམས་ལ་ཁྲིམས་ལུགས་ཀྱི་རོགས་འདེགས་བྱས། ཉེ་བའི་ལོ་ཤས་རིང་། ཁྲིམས་ལུགས་འདྲི་རྟོག 230ལྷག་ལ་ལན་བཏབ་ཅིང་ཐག་བཅད་ཡོད་དེ། ཐང་སྐོར་གྲོང་རྡལ་གྱི་དབུལ་ཐར་ཁྱིམ་ཚང་པད་མ་སྐྱིད་ཚང་ལ་ཁྱིམ་ཐོ་མེད་པས་ལོ་མང་པོའི་རིང་སྟོན་ཡིག་ལེན་མ་ཐུབ་པར་ལུས། ཉིན་ཞིག པད་མ་སྐྱིད་ཁྲིམས་འཛིན་སའོ་རུ་ཐོན་ནས་འཇམ་དཔལ་སྐྱིད་ལ་གནད་དོན་དེ་དྲིས་པ་ན། མོས་འཕྲལ་མར་དང་དུ་བླངས་ནས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་ཡུན་རིང་ལ་ཁྱིམ་ཐོ་མེད་པའི་གནད་དོན་ཐག་བཅད་པ་རེད། ང་དང་འདྲ་བར་འབྲོག་པ་མང་བོར་ཁྲིམས་དང་འབྲེལ་བའི་གནད་དོན་མི་ཉུང་བ་ཡོད་ལ། སུ་ཞིག་གིས་མོ་བཙལ་ནས་ཐོན་ན་དུས་ཐོག་ཏུ་ཐག་གཅོད་རོགས་བྱེད་བཞིན་ཡོད་པས་ང་ཚོའི་དྲིན་ཅན་ཞིག་ཡིན་ཞེས་པད་མ་སྐྱིད་ཀྱིས་གསར་འགོད་པར་བཤད་བྱུང་།          
     མོ་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པས་འབྲོག་པ་མང་ཚོགས་ཀྱི་ཁྱིམ་ནང་དུ་སོང་སྟེ་བུད་མེད་དང་བྱིས་པ་ལ་ཁྲིམས་ལུགས་ཀྱི་རོགས་འདེགས་བྱེད་པ་དང་། ཤེས་བྱ་གསར་བར་སློབ་སྦྱོང་སོགས་ལ་གང་ནུས་སྒོས་མཐུན་རྐྱེན་བསྐྲུན་བཞིན་ཡོད། 
     འབྲོག་མོ་ཨ་གདུགས་ཀྱིས་མི་དམངས་ཀྱི་དཀའ་ངལ་དང་ལྷག་པར་དུ་བུད་མེད་དང་བྱིས་པའི་དཀའ་ངལ་མོའི་མིག་གིས་མཐོང་ཐུབ་པར་མ་ཟད། ཁྲིམས་ལ་བརྟེན་ནས་དཀའ་ངལ་སེལ་ཐུབ་པ་རེད་ཅེས་བཤད་པ་ལྟར། མི་དམངས་ཀྱི་ཡིད་ལ་ནམ་ཡང་བརྗེད་དུ་མེད་པའི་བདེ་སྐྱིད་ཀྱི་དར་ཆ་སྒྲེང་མཁན་ཞིག་ཡིན་པ་གསར་འགོད་པས་བཅར་འདྲི་བྱེད་སྐབས་མིག་གིས་མཐོང་ཐུབ་ལ་སེམས་ཀྱིས་ཚོར་ཐུབ་པ་ཞིག་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1