རྔ་བ་ཁུལ་བོད་ཀྱི་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-12


    ཟླ་12པའི་ཚེས་10ཉིན་ནས་ཚེས་11ཉིན་བར། རྔ་བ་ཁུལ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ཡོན་ལྷན་ཁང་དང་རྔ་བ་ཁུལ་ཀྲུང་བོད་ཆའང་སྨན་དོ་དམ་ཅུས་ཀྱིས་གཙོ་སྒྲུབ་མཛད་ཅིང་། ཁུལ་བོད་ལུགས་སྨན་རྩིས་ཁང་། ཁུལ་བོད་སྨན་ཞིབ་འཇུག་ཁང་གིས་འགན་སྒྲུབ་བྱས་པའི་2018ལོའི་རྔ་བ་ཁུལ་བོད་ཀྱི་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།
   རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་རུ་ཁུལ་ཡོངས་ཀྱི་བོད་ཀྱི་གསོ་རིག་རིག་གཞུང་ལས་རིགས་ཁྲོད་ཀྱི་ཆེད་མཁས་པ་དང་སྨན་བཅོས་མི་སྣ། བོད་ལུགས་གསོ་རིག་པའི་སློབ་གསོའི་མི་སྣ་སོགས་མི120ལྷག་ཞུགས་ཡོད་ལ། སྨན་པ་གྲགས་ཅན་གྱི་ཟིན་ཐོ་དང་སྨན་རྫས་ཞིབ་འཇུག རིགས་གཞུང་ཞིབ་དཔྱད། ནད་ཐོག་དབྱེ་ཞིབ། གསོ་རིག་སློབ་གསོ། ཡིག་ཆ་ཕྱོགས་སྒྲིག གཙོ་གནད་ཆེད་ཚན་འཛུགས་སྐྱོང་སོགས་ཀྱི་སྐོར་ལ་དཔྱད་རྩོམ་44བསྡུས་ཡོད། དེའི་ནང་ནས་དཔྱད་རྩོམ22ཕུལ་བྱུང་དཔྱད་རྩོམ་དུ་བདམ་ནས་བགྲོ་གླེང་བྱས། གཞན་ཐེངས་འདིར་ཆེད་དུ་བོད་ཀྱི་གསོ་རིག་གི་ཆེད་མཁས་པ་གྲགས་ཆེན་དྲུག་གདན་དྲངས་ཏེ་རིག་གཞུང་སྙན་ཞུ་ཕུལ་བ་རེད། བགྲོ་གླེང་ཚོགས་ཐོག་ཏུ་ཚོགས་ཞུགས་མི་སྣ་རྣམས་ཀྱིས་རང་གི་ལྟ་ཚུལ་ལྷུག་བརྗོད་དང་ཉམས་མྱོང་བརྗེ་རེས་བྱས་པས། ཕན་ཚུན་ལ་བློ་སྐྱེད་མི་དམན་པ་ཐོབ་ཅིང་ཕན་ཐོགས་ཆེ་བས། རང་དབང་བགྲོ་གླེང་དང་ལྷག་བསམ་དག་པའི་འབྲེལ་འདྲིས་ཀྱི་རིག་གཞུང་གོམས་སྲོལ་ཡག་པོ་ཆགས་ཡོད།
    ཐེངས་འདིའི་ཚོགས་འདི་རུ། རྔ་བ་ཁུལ་བོད་ཀྱི་གསོ་རིགས་སྨན་བཅོས་ཆེད་ལས་ཨུ་ཡོན་ཚོགས་པ་དང་། བོད་སྨན་ཆེད་ལས་ཨུ་ཡོན་ཚོགས་པ། བོད་ལུགས་གསོ་རིག་སྨན་བཅོས་ཀྱི་རྒྱུ་སྤུས་ཚོད་འཛིན་ལྟེ་གནས། བོད་སྨན་གྱི་རྒྱུ་སྤུས་ཚོད་འཛིན་ལྟེ་གནས་སོགས་གསར་དུ་འཛུགས་པའི་འབྲེལ་ཡོད་བྱ་བཞག་ལ་གྲོས་བསྡུར་རབ་དང་རིམ་པ་བྱས་མཐར། 2019ལོར་ལས་ཁུངས་རྩ་འཛུགས་ལེགས་འགྲུབ་བྱུང་བར་བྱས་ཏེ། རྔ་བ་ཁུལ་གྱི་བོད་ལུགས་གསོ་རིག་གི་བྱ་བཞག་འཕེལ་རྒྱས་འགྲོ་བར་ནུས་ཤུགས་འདོན་རྒྱུ་གཏན་འཁེལ་བྱས།
   ཐེངས་འདིའི་བོད་ཀྱི་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ་དེས་རྔ་བ་ཁུལ་དང་། ཐ་ན་སི་ཁྲོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ཆུ་ཚད་དང་། སྨན་སྣ་སྡེབ་སྦྱོར། ཆེད་ལས་ཚན་ཁག་གཙོ་གནད་འཛུགས་སྐྲུན། བོད་ལུགས་གསོ་རིག་གི་སློབ་ཁྲིད་སོགས་ཕྱོགས་མང་པོ་ཞིག་ལ་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན་ཡོད་ཅིང་།མི་དམངས་མང་ཚོགས་ཀྱི་བདེ་ཐང་བྱ་བཞག་གི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1