གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

འཇུ་སྐལ་བཟང་། རྩོམ་སྒྲིག་པ།ཡོང་ཁུངས། བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༡༣ཉིན།

༄༅།། དེང་རབས་སྙན་ངག་ངོ་སྤྲོད་རགས་བསྡུས་ལོག་རྟོག་མུན་པ་སེལ་བའི་སྐྱ་རེངས།


           དེ་ཡང་ས་ཆེན་པོའི་དཀྱིལ་འཁོར་དཔལ་ལྡན་འཛམ་བུ་གླིང་བའི་གནས་འདིར་བེམ་ཤེས་གཉིས་སུ་མི་ཕྱེད་པའི་དྭངས་མ་རྐང་བ་ཟུང་གིས་རྒྱུ་བ་དག་གི་ཐུན་མོང་མིན་པའི་ཤེས་བརྩོན་གྱི་དཔལ་ལས། ཤེས་རིག་གཉིས་ཆར་གྱི་དཔལ་དང་ཡོན་ཏན་གཅལ་དུ་བཀྲམ་པ་འཛིན་མ་ཡངས་པ་སྣོད་དུ་ཆུང་བའི་ཚོད་དུ་འདུག་ལ། ཁྱད་པར་ཉེ་བའི་དུས་འདིར་རིག་པའི་རྩལ་ལ་བོགས་ཐོན་ཅིང་ཤེས་རིག་གསར་བ་ཀློང་བརྡོལ་བས། རིག་པ་སྤྱི་དང་བྱེ་བྲག་བསམ་བློའི་འཚོ་བའི་དྭངས་མར་གྱུར་པ་རྩོམ་རིག་ལའང་རྩོམ་ལུས་དང་། རང་ལུགས། རྣམ་པ་སོགས་ཀྱི་རབ་དབྱེ་སྐྱེད་ཚལ་ཡངས་པའི་མེ་ཏོག་ཅིག་ཅར་བཞད་པ་བཞིན་བགྲང་དུ་མེད་པ་ཞིག་བྱུང་། འཕེལ་རྒྱས་ཀྱི་མྱུར་ཚད་ཀྱང་མཁའ་ལྡིང་དར་མས་གཤོག་རླབས་སྒྱུར་བ་བཞིན་དེ་རིང་གསར་དུ་རྟོགས་པ་སང་ཉིན་རྙིང་བར་གྱུར་པའི་ཚད་དུ་སླེབས། འཕེལ་ཚད་ཀྱི་འགྲོས་དེ་དང་བསྟུན་རང་རེའི་ཁ་བ་རི་བའི་གཙུག་ལག་རྩོམ་གྱི་རིག་པ་སྤྱི་དང་བྱེ་བྲག་སྙན་ངག་ལའང་ལྟོས་བཅས་ཀྱི་འཕོ་འགྱུར་གསར་བ་ཞིག་བྱུང་དང་འབྱུར་བཞིན་ཡོད་དེ། སྔར་ཡོད་གོང་སྤེལ་དང་སྔར་མེད་གསར་གཏོད་ཀྱི་ལྗགས་རྩོམ་མང་པོ་ཞིག་ལ་ངོ་མཚར་ཞིང་ཉམས་དགའ་བའི་ཁྱད་ཆོས་ལྡན་ཅིང་། རྩོམ་རིག་འཕེལ་རྒྱས་སྤྱི་ལ་ཕྱོགས་སྟོན་རང་བཞིན་གྱི་རིན་ཐང་ལྡན་པའི་གསར་རྩོམ་ཡང་མི་ཉུང་བ་ཙམ་ཞིག་སྣང་། དེ་ལྟ་ནའང་གསར་གཏོད་དམ་དེང་རབས་སྙན་ངག་ཅེས་པའི་ཚིག་རིས་ཀྱི་ཚོན་མདངས་ལ་ཞེན་མོས་བྱེད་པ་ཙམ་དུ་ལས་དོན་དུ་དེའི་རང་བཞིན་དང་། ཁྱད་ཆོས། ངོ་བོ། ཟབ་གནད་སོགས་ཀྱི་སྐོར་ལ་ཤ་ཟིན་སྤུ་ཟིན་ཙམ་ལས་མ་བྱུང་བའམ་ཐ་ན་ཉེ་ཕྱོགས་ཙམ་དུ་མ་སོང་བའང་མི་ཉུང་བར་སྣང་སྟེ། དཔེར་ན་འགའ་ཞིག་དེང་རབས་སྙན་ངག་ཅེས་པ་ཚིགས་བཅད་ཀྱི་རྐང་པར་རིང་ཐུང་བཏོད་པ་ཙམ་གྱིས་གྲུབ་པར་སྙམ་ནས་ཡིད་ལ་གང་དྲན་གྱི་ཚིག་ཐམས་ཅད་དབྱངས་ཀྱི་ཉམས་འགྱུར་དང་། དབུགས་ཀྱི་ངལ་གསོ། སེམས་ཁམས་ཀྱི་འདེགས་འཇོག་སོགས་ལ་ཅི་མི་སྙམ་པར་གྱོལ་བོའི་སུག་པ་ཇི་བཞིན་རང་དགར་རིང་ཐུང་སྡེབ་པ་ཁོ་ནས་དེང་རབས་སྙན་ངག་ཏུ་ངོམ་སོ་བྱེད།  དེ་དག་གི་གཟིགས་ངོར། 
          དབྱར་གྱི་དགའ་སྟོན་ཉེ་བར་གྱུར་མཐོང་ནས། ། 
          མྱུ་གུ་ཚོགས་ཀྱི་སྤུ་ལོང་རབ་རྒྱས་པའི། ། 
          ནོར་འཛིན་དགའ་མ་གདུང་བའི་དྲོད་འབར་ཞིང་། ། 
          ལུས་ཀྱི་རྔུལ་བཞིན་ཆབ་རོམ་བཞུ་བ་འབབ། (གཞོན་ནུ་དྲུག་གི་རྟོགས་བརྗོད་ལས་བཤུས)ཞེས་སྨྲ་བ་པོ་དེང་རབས་སྙན་ངག་པ་མིན(ཐ་ན་སྙན་ངག་པའང་མིན)ལ། 
          དབྱར་གྱི་དགའ་སྟོན་
          ཉེ་བར་གྱུར་པ་མཐོང་ནས
          མྱུ་གུའི་ཚོགས་ཀྱི་སྤུ་ལོང་རབ་ཏུ་རྒྱས་པའི
          ནོར་འཛིན་དགའ་མ་ནི
          ཤིན་ཏུ་གདུང་བའི་ལུས་དྲོད་འབར་ཞིང
          ལུས་ཀྱི་རྔུལ་ཆུ་ཇི་བཞིན་ཆབ་རོམ་བཞུ་བར་འབབ་བོ། ཞེས་སྨྲ་བ་བོ་ལ་དེང་རབས་སྙན་ངག་པ་རུ་འབོད། དེ་བཞིན། 
          མེ་ཏོག་སེར་ཆེན་ནང་ན། ། 
          འབྲི་མོའི་བེའུ་ཆུང་རྩེ་གི། 
          ཚུལ་གན་ན་འགྲན་པ་མིན་ཀྱང་། ། 
          དཔེ་གན་ན་བཞག་ནས་ཨེ་རྩེ། ། (ལ་གཞས)ཞེས་པ་དེང་རབས་སྙན་ངག་མིན་ལ། 
          མེ་ཏོག་སེར་ཆེན་བཞད་པའི། 
          ཁྲོད་ན། 
          འབྲི་མོའི་བེའུ་ཆུང་། 
          རབ་ཏུ་རྩེན་འདུག
          རྩེ་ཚུལ་དེ་ལ་འགྲན་པ་ནི། 
          མིན་ཀྱང་། 
          དེ་ཡི། 
          དཔེ་ལྟར་རྩེན་པར་བྱའོ། ། ཞེས་པ་དེང་རབས་སྙན་ངག་ཏུ་འབོད། དེས་ན་དེང་རབས་སྙན་ངག་ཤིན་ཏུ་སླ། ཁྱོད་ལོག་རྟོག་དེའི་དབང་གིས་ཤེས་ཡོན་གྱིས་དེང་རབས་སྙན་ངག་འབྲི།  ཤེས་ཡོན་མེད་པས་ཀྱང་“དེང་རབས་སྙན་ངག”འབྲི།  སློབ་གྲྭ་ཆེན་པོའི་སློབ་མས་དེང་རབས་སྙན་ངག་འབྲི། སློབ་གྲྭ་ཆུང་བའི་སློབ་མས་ཀྱང་“དེང་རབས་སྙན་ངག”འབྲི། ཆོས་དཔེ་དང་དངོས་དཔེའི་དབྱེ་བ་གསལ་བོ་མ་ཤེས་ཀྱང་བྱེད་སྒྲ་དང་འབྲེལ་སྒྲ་མ་ནོར་ན་སྙན་རྩོམ་གྱི་འཕྲང་ལ་འཇིགས་པ་མེད། ཨ་ཁ་ཁ། དེ་སྔོན་ཁ་བ་རི་བས་ཤོང་དཔང་རྣམ་གཉིས་ལ་དོན་མེད་ཀྱི་དཀའ་ལས་གཏད་སོང་། ཁྱོད་ཚོའི་དེང་རབས་སྙན་ངག་ཅེས་པ་ལ་“རྐང་བ་མི་སྙོམ་པར་ཚིགས་སུ་བཅད་པའི་རྩོམ”ཞེས་པའི་མཚན་ཉིད་འདིས་ཡོངས་སུ་ཁྱབ་པར་འདུག་པས། ད་ལྟ་འཛམ་གླིང་ཧྲིལ་བོའི་ཁྱོན་ན་དེང་རབས་སྙན་ངག་ལ་མཚན་ཉིད་ཐུན་མོང་གིས་ཁས་ལེན་པ་ཞིག་མེད་པ་ལ་འདི་འདྲ་ཁོ་བོ་ཅག་གི་རིག་པའི་རྩལ་ལས་འཁྲུངས་སོ་ཞེས་སྒྲོགས་དང་ནོ་འབེར་བྱ་དགའི་རྟགས་མ་ཐོབ་ཀྱང་སྲིད་དོ། ། 
          གསར་རྙིང་སྙན་ངག་དབྱེ་བའི་ཁྱད་ཆོས་དེ། ། 
          ཚིག་རྐང་སྙོམ་མིན་ཙམ་གྱིས་འབྱེད་བྱེད་ན། ། 
          མི་དང་དུད་འགྲོའི་རྩ་བའི་ཁྱད་པར་ཡང་། ། 
          བ་སྤུ་མང་ཉུང་ཙམ་གྱིས་ཅིས་མི་འཇོག། ཅེས་ཀྱང་ཐལ་ལོ། ། 
          ཡང་རྩོམ་རིག་གསར་བའི་གྲུ་ཆར་གྱིས་ཡོངས་སུ་མ་བརླན་པའི་རི་ཁུགས་འགའ་ཞིག་ན་རང་རློམ་གྱི་འཇག་སྐྱ་འདི་འདྲ་ཞིག་སྤུར་བཞིན་འདུག་སྟེ། བོད་ཀྱི་སྲོལ་རྒྱུན་སྙན་ངག་ནི་བརྡ་རྙིང་དང་། མངོན་བརྗོད། ཡིག་སྐད་སོགས་ཀྱིས་བཅིངས་པས་སྤྱི་ཚོགས་འཕེལ་བའི་འགྲོས་དང་མི་མཐུན་ཕྱིར། ད་ལྟ་རང་ཅག་ལ་དགོས་པ་ནི་མང་ཚོགས་ཀྱི་ཁ་སྐད་དངོས་ཀྱིས་བརྩམས་པའི་དེང་རབས་སྙན་ངག་ཡིན་ནོ་ཞེས་སྨྲ་ལ། གྲོང་སྐད་འབའ་ཞིག་གམ་ཡུམ་སྐད་ཕྱོགས་རེ་བ་དག་མདོག་མ་འགྱུར་བར་རྐང་བ་མི་སྙོམ་པའི་ཚིགས་བཅད་དུ་སྡེབ་ཅི་ཐུབ་བྱས་ཏེ་དེ་དག་དེང་རབས་སྙན་ངག་ཏུ་རློམས། དེས་ན་དེ་ཡང་ཤིན་ཏུ་སླ། ཁྱོད་ཀྱི་དེང་རབས་སྙན་ངག་ལ“སྙན་ངག་མཁན་པོའི་བརྡ་སྐད་མ་ཡིན་པའི་སྐད་ཀྱིས་བརྩམས་པའི་ཚིག་རྐང་མི་སྙོམ་པའི་རྩོམ”ཞེས་པའི་མཚན་ཉིད་ཀྱིས་ཁྱབ་པར་འདུག་པས། དབེར་ཧྰ་ལོན་(维尔哈仑)དང་པེ་ཏོ(北岛)སོགས་དེང་རབས་སྙན་ངག་སྨྲ་བའི་ཁྲི་འཕངས་ལས་ཕོབས་ལ།  “སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པའི་སྙན་ངག”ཧེ་ཀེར(黑格尔)ཞེས་པ་དང་།  “སྐད་ཆའི་བརྗོད་སྟངས་ཕལ་བའི་ཆོས་ཉིད་གཞིག་པའི་དེང་རབས་སྙན་ངག ”(徐敬亚)ཅེས་པ་སོགས་ལེགས་བཤད་ཀྱི་གྲལ་མགོ་ནས་ཕུད་དེ། ལ་ཁའི་ལུག་རྫི་དང་། ཆུ་ཁའི་ཆུ་ལེན།  ཐབ་ཁའི་ཇ་མ་སོགས་དང་མགྲིན་གཅིག་ཁོ་ན་གྱིས་དང་དེང་རབས་སྙན་ངག་གི་ལམ་མ་ནོར་བར་རྙེད་པར་འགྱུར་རོ། ། 
          རྒྱ་མཚོའི་ཤར་ནུབ་བར་ལ་རིང་བ་སྟེ། ། 
          མཁའ་དང་ས་གཞིའི་བར་ལ་ཤིན་ཏུ་རིང་། ། 
          དེང་རབས་སྙན་ངག་སྨྲ་བའི་བརྡ་སྐད་དང་། ། 
          ས་མཐའི་གྲོང་སྐད་བར་ལ་དེ་བས་རིང་། ། ཞེས་ཀྱང་སྨྲའོ། ། 
          ཡང་ལ་ལ་ཞིག་ལ་བོད་ཀྱི་སྲོལ་རྒྱུན་སྙན་ངག་ནི་ཆོས་ལུགས་འདུ་ཤེས་ཁོ་ན་བརྗོད་པའམ་ཡང་ན་དོན་མེད་ཀྱི་རི་ཆུ་སོགས་ལ་བསྔགས་པ་ཙམ་ལས་བསམ་བློའི་རང་བཞིན་ཆེར་མེད(སྲོལ་རྒྱན་སྙན་ངག་གི་ཤུགས་ན་སྟོན་པའི་སྐྱོ་ཤས་དང་ངེས་འབྱུང་འདྲེན་པའི་བསམ་བློ་ཤུགས་དྲག་པོ་སོགས་སྙན་རྩོམ་གྱི་བསམ་བློ་མིན་པ་མཚར་ཆེ)པས། ང་ཚོར་དགོས་པ་ནི་དེང་རབས་སྙན་ཁོ་ནའོ་ཞེས་སྨྲ་ཞིང་། དེང་རབས་སྙན་ངག་ཅེས་པ་གཙོ་བོ་བསམ་བློའི་རང་བཞིན་ཤུགས་དྲག་པའི་སྙན་ངག་ཙམ་ལ་ངོས་བཟུང་ནས། “རྙིང་ཞེན་བག་འཁུམས་ལ་ངོ་རྒོལ་གྱིས”“ད་ལྟ་འབད་འབུངས་ཧུར་བརྩོན་དགོས།  ” “མི་རིགས་ལ་རྒྱ་མ་ཤོར་ཅིག”སོགས་ཡིད་ལ་བརྣག་པའི་ཚོར་འདུ་ཚོགས་མདངས་མ་ཉམས་ཤིང་དྲི་མ་ཡལ་བར་ཐད་ཀར་བརྗོད་པ་དེ་དེང་རབས་སྙན་ངག་ཏུ་བརྩི། འདི་ཡང་གཡག་ཞར་གྱིས་རྩྭ་ཟོས་པ་བཞིན་ཕྱོགས་གཅིག་མཐོང་ཡང་གཉིས་མ་མཐོང་བའི་སྐྱོན་དུ་འདུག་སྟེ། དེ་ཙམ་གྱིས་ད་དུང་དེང་རབས་སྙན་ངག་གི་ངོ་བོ་དང་ཁྱད་ཆོས་མ་རྟོགས་པར་འདུག དེང་རབས་སྙན་ངག་གིས་སློབ་གསོའི་བྱེད་ནུས་ངེས་ཅན་ཞིག་ཐོན་དགོས་པ་ནི་སུས་ཀྱང་བསྙོན་དུ་མེད་ནའང་། “དེ་ཐོག་མར་སྙན་ངག་ཡིན་དགོས”ལ། ཕུལ་དུ་བྱུང་བའི་དེང་རབས་སྙན་ངག་ནི་དེ་བས་ཀྱང་“སྒྱུ་རྩལ་རང་བཞིན་ཚད་མཐོན་པོ་དང་བསམ་བློའི་རང་བཞིན་གཏིང་ཟབ་མོ ”གཉིས་ཆུ་ལ་ཆུ་བཞག་པ་ལྟར་ཟུང་འབྲེལ་རྨད་དུ་བྱུང་བ་ཞིག་ཡིན་དགོས་ཀྱི། དེ་ལས་སླ་བའི་དྲིལ་སྒྲོག་གི་ཡོ་བྱད་ཅིག་ཏུ་ངོས་འཛིན་ག་ལ་རུང་”ཕང་ཏི(庞德)དེ་ལྟར་མིན་ཚེ་དེང་རབས་སྙན་ངག་གི་ངོ་མཚར་རྨད་དུ་བྱུང་ཞིང་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པའི་སྒྱུ་རྩལ་རང་བཞིན་དེ་མི་དགོས་པར་ཐལ་ལ། དེའི་ལྟོས་བཅས་ཀྱི་མཛེས་སྡུག་རིན་ཐང་ཁས་མ་བླངས་པར་ཐལ་བས། ལང་ཚོས་དྲེགས་པའི་རྒྱལ་པོ་གོས་མེད་སྒྲེན་པར་རྒྱུ་ཡང་སྐྱེ་བོས་མི་གླེང་བར་ཐལ་ལོ། ། དེས་ན་མིའི་རིགས་ཀྱི་སྣང་ཁམས་སྤྲོ་བར་བྱེད་ཅིང་ཡིད་ཀྱི་དང་བ་འདྲེན་པའི་སྒྱུ་རྩལ་དང་མཛེས་ཚོར་གྱི་ཞེན་མོས་ཀྱང་དོན་གྱིས་བཀག་པས། ལྷགས་པ་ཁེགས་པ་ཙམ་གྱིས་གོས་ཀྱི་དགོས་པ་ཡོངས་སུ་འགྲུབ་པར་འགྱུར་ལ། “ལྡེབས་རིས་ངོས་སུ་ཞི་མིའི་རི་མོ་བྲིས་པའང་ཙི་གུ་འཛིན་པའི་ཆེད་དུ་ཡིན་པ”ཁས་ལེན་དགོས་སོ། ། 
          བསླབ་བྱ་འདོམས་ལ་ཕ་མ་ཡན་ན་མེད། ། 
          དེ་ཉིད་སྟོན་ལ་བླ་མའི་གོང་ན་མེད། ། 
          སྙིང་གཏམ་འཆད་ལ་གྲོགས་ལས་ལྷག་མེད་མོད། ། 
          སྙན་ངག་མཁན་པོ་ད་དུང་གཞན་དུ་ཚོལ། ། 
          དེ་དག་རེ་ཞིག་རྩེད་མཚར་གྱི་ཚུལ་གྱིས་ཐལ་མོད། ད་ནི་དེ་དང་དེ་འདྲའི་ལོག་རྟོག་སེལ་བ་དང་གཞན་ཡང་འདི་ཕྱོགས་ལ་མོས་པ་ཡོད་པའི་བོད་ཀྱི་གཞོན་ནུ་རང་སྐད་སྨྲ་ཞིང་རང་ཡིག་འབྲི་བ་དག་ལ་ཕན་སྙམ་གྱི་བློས་ཀུན་ནས་བསླངས་ཏེ། འདིར་དེང་རབས་སྙན་ངག་ཅེས་པར་རགས་བསྡུས་སུ་ངོ་སྤྲོད་པ་ལ།  ལར་དེང་རབས་ཞེས་པ་ནི་དུས་ཀྱི་ཆའི་དབྱེ་བའི་བརྡ་ཆད་དེ། གནའ་རབས་ལ་ལྟོས་ནས་བཞག་པ་ཡིན་པས་ཐོག་མཐའ་མེད་པའི་དུས་ཀྱི་བགྲོད་པ་སྤྱི་ལ་ལྟོས་ན་ནི་ཐ་སྙད་འདི་ལ་བརྟན་ཆགས་དང་ལྟོས་མེད་ཀྱི་རང་བཞིན་ཞིག་ག་ལ་ཡོད་དེ་མེད་དོ། ། རང་རེའི་ད་ལྟ་དེང་རབས་སྙན་ངག་ཅེས་པར་འབོད་པའི་དེང་རབས་ནི་དེང་ཐོག་ཕྱི་གླིང་པ་དག་གིས་སྦྱར་བའི་བརྡ་ཡིན་ཏེ། དཔྱད་པ་ལྟར་ན་སྤྱི་ལོའི་དུས་རབས་ལྔ་བའི་མཇུག་ཏུ་ལ་ཏེང་ཡི་གེར་བྱུང་བའི“modernus ”ཅེས་པའི་ཡི་གེའི་ཚོགས་པ་འདི་དེང་རབས་ཞེས་པའི་དོན་དང་ཅུང་མི་འདྲ།  དེ་ནས་རིམ་བཞིན་དེང་རབས་རང་བཞིན་དང་། དེང་རབས་རིང་ལུགས། དེང་རབས་རང་ལུགས་སོགས་ཀྱི་ཐ་སྙད་མང་དུ་བྱུང་ལ། རིམ་གྱིས་དུས་ཁོ་ནས་བཞག་པའི་དེང་རབས་ཏེ་གོ་དོན་གཉིས་སུ་གྱེས། སྔ་མ་ནི་ཡོངས་གྲགས་ལྟར་ན་ཕལ་ཆེར་དུས་རབས་བཅུ་དགུ་པའི་སྨད་ཙམ་ནས་ད་ལྟའི་བར་ལ་གོ་ཞིང་། ཕྱི་མ་ནི་དུས་ཀྱི་བསྐྱེད་པའི་འདུ་ཤེས་གསར་བའམ་དངོས་པོ་གསར་བ་རིགས་ཤིག་གི་སྤྱི་མར་གོ་དགོས་འདུགདེ་ཡང་ཡོངས་གྲགས་ལྟར་ན་སྒྲ་ཡངས་འཇུག་ཏུ་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྔ་གཞུག་ཙམ་ནས་རིམ་གྱིས་བྱུང་བའི་དངོས་ཡོད་རིང་ལུགས་དང་། འཆར་ཡན་རིང་ལུགས། དེང་རབས་རིང་ལུགས་བཅས་ཀྱི་རྩོམ་རིག་གི་སྤྱི་མིང་ལ་དེང་རབས་རྩོམ་རིག་ཏུ་འབོད་ཅིང་།   དོག་འཇུག་ཏུ་དེའི་ཡ་གྱལ་དེང་རབས་རིང་ལུགས་པ་ལ་དེང་རབས་རྩོམ་རིག་ཏུ་འབོད།  དེ་གཉིས་ གང་ལ་ངོས་བཟུང་བ་དེའི་ནང་གསེས་རྩོམ་ལུས་དག་ལ་དེང་རབས་སྒྲུང་རྩོམ་དང་། དེང་རབས་ཟློས་གར། དེང་རབས་སྙན་ངག་སོགས་ཀྱི་ཐ་སྙད་སྦྱར་བ་ཡིན་ནོ། གོང་སྨྲས་ངོས་འཛིན་སྟངས་མི་འདྲ་བ་གཉིས་ལས་གང་གི་དབང་དུ་བྱས་ཀྱང་རུང་མོད། སྤྱིར་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ལ་མཚོན་ན་ཀུན་ལ་རྒྱུས་ཆེ་བ་དང་། ཁྱད་པར་དུས་རབས་བཅུ་དགུ་བའི་སྨད་ཙམ་ནས་ད་ལྟའི་བར(དམར་པོའི་ལོ་རབས་སུམ་ཅུ་བར་གྲགས་པའི་དུས་རབས་འདིའི་ལོ་རབས་སུམ་ཅུ་བར་འབྱོར་མེད་གྲལ་རིམ་གྱི་དངོས་ཡོད་རིང་ལུགས་འཆར་ཡན་ལུགས་པའི་སྙན་ངག་དར་བ་ཕུད)ནུབ་གླིང་སྙན་ངག་རྩོམ་སྟེགས་ཀྱི་གཙོ་གནས་དེ་དེང་རབས་རིང་ལུགས་པས་བཟུང་ཡོད་ཕྱིར།  འདིར་ནི་དེ་ངོ་སྤྲོད་རགས་ཙམ་བྱེད་པར་འཇུག་གོ། ། 
          གཅིག དེང་རབས་རིང་ལུགས་པའི་སྙན་ངག་གི་བསམ་བློའི་ཁྱད་ཆོས། 
          སྤྱིར་དེང་རབས་རིང་ལུགས་པའི་སྙན་ངག་ནི་ནུབ་གླིང་སྒེར་སྡེམ་མ་རྩ་རིང་ལུགས་པའི་དུས་རབས་སུ་བྱུང་བ་ཡིན་པས་ཉེ་བའི་དུས་ཀྱི་ནུབ་གླིང་སྤྱི་ཚོགས་ཀྱི་གཡོ་སྐྱོམ་དང་། ཆབ་སྲིད་དོན་རྐྱེན། དཔལ་འབྱོར་འཕེལ་རིམ། རིག་གནས་སྒྱུ་རྩལ། མཚན་ཉིད་རིག་པའི་བསམ་བློའི་རླབས་རྒྱུན་གསར་བསམ་བློའི་རླབས་རྒྱུན་གསར་བ་སོགས་མཚོན་ཡོད་ནའང་། གཙོ་བོ་ནི་མི་དང་སྤྱི་ཚོགས་བར་གྱི་འབྲེལ་བ་དང་། མི་དང་མིའི་བར་གྱི་འབྲེལ་བ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ། མི་དང་དེའི་མ་བཅོས་རང་གཤིས་བར་གྱི་འབྲེལ་བ་སྟེ་རྩ་བའི་འབྲེལ་བ་བཞིའི་བར་གྱི་རྙོག་འཛིང་ཆེ་ཞིང་རྣོ་ངར་ལྡན་པའི་འགལ་བ་དང་། དེ་ལས་འཕྲོས་པའི་སེམས་ཀྱི་གདུང་བ་དང་། སེམས་ཁམས་ཀྱི་སྐྱོ་ཤས། ཡི་ཆད་ཀྱི་བློ་ཁ། སྟོང་མཐོང་རིང་ལུགས་པའི་བསམ་བློ་སོགས་མཚོན་པ་ཤུགས་ཆེ། དེ་ལས་དང་པོ་མི་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་ཐད། གཙོ་བོ་སྙན་ངག་པ་མི་སྒེར་གྱི་ལངས་ཕྱོགས་ནས་སྤྱི་ཚོགས་ཧྲིལ་བོར་འགྲན་རྒོལ་བྱེད་པའི་སྣང་ཚུལ་ཞིག་མངོན་འདུག་སྟེ། ཚད་ལྡན་གྱི་དེང་རབས་རིང་ལུགས་པ་དག་གིས་རང་ཉིད་སྤྱི་ཚོགས་དང་ཐད་ཀར་འགྲན་རྒོལ་དུ་གྱུར་པའི་ལངས་ཕྱོགས་ཏེ་འཁྱམ་པོ་དང་། ཁྲིམས་འགལ་ཉེས་ཅན་སོགས་ཀྱི་གནས་སུ་ལངས་ནས་ནུབ་གླིང་འབྱོར་འབྲིང་གྲལ་རིམ་སྤྱི་ཚོགས་ཀྱི་མི་ཆོས་ཀུན་སྤྱོད་དང་།  མཛེས་འཛིན་ལྟ་བ།  ཆོས་ལུགས་འདུ་ཤེས། དབང་པོའི་ཀུན་སྤྱོད་སོགས་སྲོལ་རྒྱུན་གྱི་རིན་ཐང་འདུ་ཤེས་ཐམས་ཅད་ལ་ཡོངས་ཁྱབ་ཏུ་རྒོལ་བར་བྱེད་ཅིང་། ཐ་ན་འགལ་ཞིག་གིས“སྤྱི་ཚོགས”ཞེས་པའི་ཚོགས་པའི་རྣམ་པ་སྤྱི་ལའང་སུན་འབྱིན་པར་བྱེད། དེའི་ཕྱིར་ཕྱོགས་གཅིག་ནས་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་ངོ་བོར་མཚང་འབྱིན་པའི་བསམ་བློ་དགེ་མཚན་ལྡན་པ་མཚོན་ཡོད་ལ། ཕྱོགས་གཞན་ཞིག་ནས་འདས་དང་མ་འོངས་ལ་མ་ལྟོས་པར་ལོ་རྒྱུས་སྟེང་གི་སྤྱི་ཚོགས་རྣམ་པ་ཡོད་ཚད་ལ་ངོ་རྒོལ་བྱེད་པའི་སྲིད་གཞུང་མེད་པའི་བསམ་བློ་ཕྱོགས་ལྷུང་ཅན་ཞིག་ཀྱང་མཚོན་འདུག 
          གཉིས་པ་མི་དང་མིའི་བར་གྱི་འབྲེལ་བའི་ཐད། གཙོ་བོ་ཕན་ཚུན་བརྩེ་བ་མེད་ཅིང་། གདུག་རྩུབ་ཆེ་ལ། རང་ཉིད་ཁོ་ན་དཀྱིལ་སྙིང་དུ་འཛིན་པས་མི་དང་མིའི་བར་བསམ་བློ་དང་བརྩེ་དུང་འདྲེས་ཐབས་མེད་པར་འདོད་པའི་བསམ་བློ་སྐྱི་གཡའ་བ་ཞིག་མཚོན་པ་ཤས་ཆེ། དེ་ཡང་བདག་གཞན་གཉིས་སུ་ཕྱེ་བའི་གཞན་ནི་བདག་གི“དགྲ་ཟླ”ཡིན་པར་སྨྲ་ཞིང་། མི་གཞན་ལ་ཡིད་ཆེས་པའམ་བློ་གཏོད་པ་ནི་རང་ཉིད་བརླག་པའི་ཕུང་གྲོལ་དུ་འདོད། ཐ་ན་གྲོགས་པོ་དང་ཉེ་འབྲེལ། ཕ་བུ་དང་ཁྱོ་ཤུག་སོགས་བར་གྱི་འབྲེལ་བའང་ཕྱི་ངོས་སུ་མཛའ་མཛའ་ལྟར་སྣང་ཡང་དོན་དམ་དུ་དགྲ་གཤེད་ལྟ་བུའི་འབྲེལ་བ་སྟེ། ཁ་ནས་“ཁྱོད་རང་བདེ་མོ་བྱོས”ཞེས་པའི་སྐད་ཅིག་ལ་ཁོག་ཏུ“ཁྱོད་ཉིད་ད་ལྟ་ཤི་ན་ཅི་མ་རུང”སྙམ་བཞིན་ཡོད་ཅེས་སྨྲ། དེའི་ཕྱིར་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་མ་རྩ་པ་དང་བཟོ་བ་གྲལ་རིམ་གྱི་བར་དང་། མི་བཟང་པོ་དང་ངན་པའི་བར། མ་རྩ་ཅན་ནང་ཁུལ་གྱི་བར་བཅས་ཀྱི་ཁྱོད་ཤི་ང་གསོན་གྱི་སྣང་ཚུལ་ལ་ཐེར་འདོད་དང་དགག་རྒྱག་བྱས་ཡོད་པའི་དུས་མཚུངས་སུ་མ་རུང་བའི་མཚན་ཉིད་རིག་པ་དང་གཏན་ཚིགས་ལ་བརྟེན་ནས་སྤྱི་མཚན་འཛིན་པའི་སྒོས་མི་དང་མིའི་བར་གྱི་འབྲེལ་བ་སྤྱི་ལ་ལོག་ལྟ་དང་སྙོན་འཛུགས་བྱེད་པའི་བསམ་བློ་ཡ་ང་བའང་མཚོན་ཡོད་པར་སྣང་། 
          གསུམ་པ་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བའི་ཐད། ཕལ་ཆེར་ཕྱོགས་སུ་ལྷུང་བའི་ལྟ་བ་རིགས་གཉིས་ཡོད་པར་སྣང་སྟེ། དེང་རབས་རིང་ལུགས་པའི་སྙན་ངག་སྨྲ་བའི་ཡབ་མེས་སུ་བརྩི་བ་འཇར་མན་གྱི་པོ་ཐྰ་ལེར(oscar)དང་དབྱིན་ཇིའི་ཏིས་ལན.ཐོ་མྰེ་སི(DylanThomas)སོགས་སྔ་རབས་པ་མང་པོ་ཞིག་གིས་རང་བྱུང་ཁམས་ནི་འཇིགས་ཤིང་སྐྱི་གཡའ་བའམ་ཉམས་མི་དགའ་ཞིང་ཞེ་མེར་བ་ཞིག་ཡིན་པར་འདོད་ཅིང་། ས་གཞི་དང་། རི་ཀླུང་། ནགས་ཚལ་ཕལ་ཆེར་ཡང་མི་ཤི་རོ་དང་འདྲ་བར་མཐོང་ཞེས་སྨྲ་བས། རྩོམ་རིག་ཏུའང་དེ་དང་དེ་འདྲའི་བསམ་བློ་སྐབས་སྐབས་སུ་མཚོན་པར་བཤད། ཉེ་བའི་དུས་སུ་སླེབས་ཚེ་རང་བྱུང་ཁམས་ཀྱི་མཛེས་པ་འཚོལ་ཅིང་མིའི་བསམ་བློ་རང་བྱུང་ཁམས་ཀྱི་ཕང་བར་སླར་ལོག་པར་སྐུལ་བའི་མཚན་ཉིད་རིག་པའི་བསམ་བློའི་རླབས་རྒྱུན་གྱི་ཤན་ཞུགས་འོག མི་ལུས་ལ་སྙིང་བོ་མེད་ཅིང་། མིའི་རིགས་ཀྱིས་རང་བཟོའི་སྒོས་མ་ཡིན་ཡིན་ཁུལ་བྱས་པའི་རྣམ་གཞག་དང་ཀུན་སྤྱོད་དུ་གྲགས་པ་དག་ལ་ཁུངས་དང་སྙིང་བོ་ཅི་ཡང་མེད་ཀྱི། དོན་དམ་གྱི་སྙིང་བོ་དང་མཛེས་པའི་དྭངས་མ་ནི་རང་བྱུང་ཁམས་ཆེན་པོ་མ་སྤྲོས་མ་བསྡུས་ཡེ་ནས་མ་བཅོས་པ་དེ་ཡིན་ནོ་ཞེས་པའི་བསམ་བློ་སྟོན་པའི་སྙན་རྩོམ་ཡང་མི་ཉུང་བར་སྣང་། 
          བཞི་བ་མི་དང་དེའི་མ་བཅོས་རང་གཤིས་བར་གྱི་འབྲེལ་བའི་ཐད། དེང་རབས་སེམས་རིག་པའི་ཤན་ཞུགས་ཀྱི་དབང་གིས་དེང་རབས་རིང་ལུགས་པར་གཞན་དང་མི་འདྲ་བའི་ལྟ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་དེ། དེང་རབས་སེམས་ཁམས་རིག་པ་སྨྲ་བ་མི་ཉུང་བ་ཞིག་གི་འདོད་ཚུལ་ལྟར་ན། རང་རེའི་སྤྱི་ཚོགས་སུ་འཚོ་བ་རོལ་བའི་མི་རྣམས་ཀྱི་གཤིས་སྤྱོད་དང་ཤེས་རྒྱུད་ལ་བཅོས་མ་ཁོ་ན་ཤས་ཆེ་བས་རང་གཤིས་རྣལ་མ་མངོན་མི་ཐུབ་པར་འདོད། དེ་ཡང་དྲན་ཤེས་དང་བག་ཡོད་ཀྱི་བརྫུ་བག་གི་གཞན་དབང་དུ་གྱུར་པས་མ་བཅོས་གཤིས་ཀྱིས་གྲུབ་པའི་མི་ཡི་ཤེས་རྒྱུད་རྣམ་མ་དེ་བག་ལ་ཞ་བའམ་ཁྱད་དུ་གསོད་ཀྱིན་ཡོད་པས་ཅིས་ཀྱང་དེ་ལ་གཙིགས་ཆེན་བྱེད་དགོས་པར་སྨྲ། ཤུགས་རྐྱེན་དེའི་དབང་གིས་ནུབ་གླིང་པ་རྣམས་ཀྱི་བསམ་པའི་འདུ་ཤེས་དང་། བསམ་གཞིགས་བྱེད་སྟངས། ཚོར་འདུའི་སྤྲོད་སྡུད་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་། འགྱུར་ལྡོག་དེ་དང་བསྟུན་ཏེ་དེང་རབས་རིང་ལུགས་པའི་སྙན་ངག་སྨྲ་བ་དག་གིས་ཀྱང་མིའི་རིགས་ཀྱི་ཤེས་རྒྱུད་བཅོས་མ་དང་རྣམ་མའི་ངོ་བོ་དང་དེའི་བར་གྱི་འགལ་འབྲེལ་སོགས་བརྗོད་བྱར་བྱས་ཐོག་རང་གཤིས་རྣལ་མ་ཁས་ལེན་དགོས་ཤིང་ཁྱད་དུ་གསོད་མི་རུང་བའི་བསམ་བློ་སྟོན་པ་མང་ཞིང་། ཐ་ན་སྐབས་འགར་བཅོས་མའི་ཆ་ལ་རྒོལ་བ་དང་སུན་འབྱིན་ཡང་བྱེད་ཀྱིན་ཡོད་པས། མི་དང་དེའི་མ་བཅོས་རང་གཤིས་གཉིས་སུ་དབྱེ་བ(འདིར་བཤད་པའི་མི་ཞེས་པ་ཁོ་ཚོས་སྐབས་འགར་བཅོས་མ་དང་སྐབས་འགར་བཅོས་རྣམ་གཉིས་ཀྱི་ཚོགས་པ་ཙམ་ལ་གོ་བ་ལེན་གྱིན་ཡོད་པ་འདྲ)ཕྱི་མ་གཙིགས་སུ་འཛིན་པའི་བསམ་བློ་ཤས་ཆེའོ། ། འདི་དག་ནི་གཙོ་ཆེ་ཤས་སམ་འབུར་དུ་ཐོན་པའི་བསམ་བློའི་ཁྱད་ཆོས་ཀྱི་དབང་དུ་བྱས་པ་ཡིན་གྱི་ཡོད་ཚད་འདི་འདྲ་གང་རུང་ཞིག་ཡིན་པར་མ་ངེས་ལ། ཐ་ན་དེ་དག་གི་ལྡོག་ཕྱོགས་སུ་གྱུར་པའང་ཡོད་པར་སྣང་བས་ཤེས་པར་བྱའོ། ། 
          རྒྱ་ཁབ་ཕྲ་མོའི་བུ་ག་ན། ། 
          དྲང་འཁྱོག་མང་པོའི་རྣམ་དབྱེ་མེད། ། 
          ཐོས་དཔྱོད་ནམ་མཁའི་སྒོ་ཡངས་ན། ། 
          སྒང་གཤོང་རི་མོ་ཅི་ཡང་མཐོང་། 
          གཉིས།   དེང་རབས་རིང་ལུགས་པའི་སྙན་ངག་གི་སྒྱུ་རྩལ་རྩ་དོན། 
          དེ་ཡང་མངོན་པར་མཚོན་པའམ་མཚོན་པར་བྱེད་པ་ནི་དེང་རབས་རིང་ལུགས་པའི་སྙན་ངག་སྨྲ་བ་དག་གིས་སྲུང་ཞིང་རྩི་བའི་རྩ་དོན་གཙོ་བོ་ཡིན། མངོན་པར་མཚོན་པ་ཤེས་པའང་སྔར་གྱི་དངོས་ཡོད་རིང་ལུགས་ལྟར་ཕྱི་ཡུལ་གྱི་བྱ་དངོས་ངོ་བཤུ་བྱེད་པའམ་གོ་རིམ་དུ་སྡེབ་པ་ཙམ་ཞིག་མིན་ཅིང་། འཆར་ཡན་རིང་ལུགས་ལྟར་ནང་ཡུལ་ཅན་གྱི་དགའ་སྐྱོ་སོགས་ཚོར་འདུ་རགས་པ་སྣ་ཚོགས་ཐད་ཀར་དུ་ཇི་བཞིན་བརྗོད་པ་ཞིག་ཀྱང་མིན་པར།  སྒྱུ་རྩལ་རྩ་དོན་འདིའི་ཁྱད་ཆོས་གཙོ་བོ་ནི་སྒྱུ་རྩལ་དང་དངོས་པོའི་གཤིས་ལུགས་བར་གྱི་འབྲེལ་བའི་སྐོར་ལ་འཛིན་པའི་མཚན་ཉིད་ལྟ་བ་ཁྱད་པར་ཅན་ཞིག་ལ་ཁུངས་བསྟུན་པ་སྟེ། ཐོག་མར་སྒྱུ་རྩལ་ནི་འཇིག་རྟེན་གྱི་གཤིས་ལུགས་འཚོལ་བྱེད་ཀྱི་ཐབས་ཤེས་ཤིག་ཏུ་འདོད། དེ་ཡང་རང་རེའི་དབང་པོའི་སྤྱོད་ཡུལ་རི་ར་བ་ཁང་ཁྱིམ་དང་བྱ་དངོས་རགས་པ་སོགས་དབང་ཡུལ་མངོན་སུམ་པ་དག་གི་རྣམ་པ་ལ“དངོས་ཡོད”དུ་འབོད་ཅིང་། དེ་ནི་ཕྱི་ཡུལ་གྱི་སྣང་ཚུལ་ཙམ་ཡིན་གྱི་ངོ་བོ་དངོས་སམ་རང་གཤིས་རྣམ་མ་མ་ཡིན་པས་གཤིས་ལུགས་མིན་ལ། དེ་བས་ཡུལ་ཅན་སེམས་ཁམས་ཀྱི་འཕྲོ་འདུ་རྙོག་འཛིང་ཅན་དེ་གཤིས་ལུགས་དང་ཐག་ཉེ་བར་འདོད། འོན་ཀྱང་ད་དུང་ལེགས་པར་གཞིགས་ན་སྤྱིར་བཏང་སེམས་ཁམས་ཀྱི་འཕྲོ་འདུ་རགས་པ་དག་ཀྱང་སྤྱི་ཚོགས་དང་ཀུན་སྤྱོད་སོགས་ཀྱི་གཞན་དབང་གི་རྐྱེན་གྱིས་ཕལ་ཆེར་བཅོས་མར་སོང་བའམ་ཡང་ན་གོམས་པའི་དབང་གིས་གོ་རིམ་ངེས་ཅན་ཞིག་ལྟར་དམིགས་བཅས་སུ་འགུལ་སྐྱོད་བྱེད་པས་གཤིས་ལུགས་དང་ཐག་ཅུང་རིང་མོད། སྐབས་སྐབས་སུ་དམིགས་པས་མ་བཟུང་བའམ་དྲན་ཤེས་ཀྱིས་བོར་པའི་ཚུལ་དུ་ཕྱིར་མངོན་པར་བྱེད་པའི་སེམས་ཀྱི་འགྱུ་ཆ་ཞིག་ཡོད་པ་དེ་ལ་འོག་འགྱུའམ་“འདུ་ཤེས་གཏིང་མར”འབོད་ཅིང་། གཤིས་ལུགས་སམ་བདེན་པ་དངོས་ནི་དེ་ཉིད་ཡིན་པར་འདོད། དེ་ལྟར་ན་དངོས་ཡོད་དམ་ཕྱིའི་སྣང་ཡུལ་ནི་གཤིས་ལུགས་མིན་ལ། དེ་དབྱིངས་བྲིས་སམ་ཟློས་བཤུ་ཙམ་བྱས་པ་ལ་ཚུར་སྣང་ཞེས་བྱ་སྟེ་དེ་ནི་དེ་བས་ཀྱང་གཤིས་ལུགས་དང་ཐག་རིང་དུ་སོང་བར་བརྟེན། སྒྱུ་རྩལ་གྱིས་གཤིས་ལུགས་མཚོན་དགོས་ན་ཅིས་ཀྱང་འོག་འགྱུ་སོགས་ཀྱིས་གཙོས་པའི་སེམས་ཁམས་ཀྱི་ཁྱབ་ཁོངས་སམ་རང་སྣང་ཡུལ་གྱི་ཚོར་བ་དག་སྒྱུ་རྩལ་སྣང་བརྙན་དུ་བསྐྲུན་དགོས་པར་བཤད། དེས་ན་བརྗོད་དུ་མེད་པའི་སེམས་ཁམས་ཀྱི་རྟོག་ཚོར་ཕྲ་ཞིང་ཕྲ་བ་དག་རྩོམ་རིག་ཏུ་བརྗོད་དགོས་ཚེ། སྣང་ཡུལ་མངོན་སུམ་དུ་གྱུར་པའི་བྱ་དངོས་དེའི་ཕྱི་ཚུལ་ཞིབ་འབྲི་བྱས་པས་གོ་མི་ཆོད། ཐ་སྙད་ཀྱི་གདོང་ཤུན་བརྗེ་བའམ་འགྲེལ་བཤད་ཚིག་རྫོབ་ཅན་དེས་ཀྱང་རྔོ་མི་ཐོགས་པས། ཇི་སྐད་དུ། “ཇི་ལྟར་དངོས་པོའི་གཤིས་ལ་ཉེ་བར་གྱུར། ། དེ་ལྟར་མཁས་པའི་ཚིག་ནི་ལྐུགས་པར་འགྱུར”ཞེས་པ་ལྟར། གོམས་སྲོལ་གྱི་གོ་བ་རགས་ཙམ་སྟོན་པའི་སྐད་ཆ་རེངས་པོ་དེས་ནུས་པ་ཆེར་མི་ཐོན་པའི་གནས་ཚུལ་འོག་སྒྱུ་རྩལ་མཁན་པོ་དག་གིས་དོན་སྤྱི་ཙམ་སྟོན་པ་ཤས་ཆེ་བའི་སྒྱུ་རྩལ་སྐད་ཆའི་བཟོ་བཀོད་ཅིག་ལ་བརྟེན་ནས། བརྗོད་དུ་མེད་པའི་མྱོང་སྣང་དེ་རྟོག་པའི་ཡུལ་དུ་གྱུར་པའི་སྣང་བརྙན་ཞིག་གམ་བློས་བསླངས་ཀྱི་རྟོག་ལྗོངས་དོན་སྤྱི་བ་ཞིག་ཏུ་བསྐྲུན་པ་ལ་མངོན་པར་མཚོན་པ་ཞེས་སུ་གྲགས། དེ་ལྟ་བུའི་སྙན་རྩོམ་དེས་ཀློག་པ་པོ་དག་གི་ཡིད་ལ་རྩོམ་པ་པོའི་ཡིད་ངོས་ཀྱི་སྣང་བྱའམ་དམིགས་བྱ་དེ་དང་མཐུན་མིན་གང་ཡང་རུང་གཙོ་བོ་རང་གི་མྱོང་བ་དང་འབྲེལ་བའི་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་སློང་བར་བྱེད་ཅིང་། སྒྱུ་རྩལ་མྱོང་སྟོབས་ཀྱི་ལྗགས་ལ་བྲོ་བ་ཁྱད་པར་ཅན་ཞིག་སྦྱིན་པར་བྱེད། དེ་དང་མཉམ་དུ་འདི་ནི་འདིའོ་ཞེས་ཤིག་ཐོག་འཛུབ་བཙུགས་ཀྱི་ཚུལ་དུ་དོན་ཐོག་གཅིག་ཏུ་གཏན་ལ་འབེབ་རྒྱུ་ལའང་ཚང་མ་ཐུན་མོང་དུ་ཞལ་འཆམ་དཀའ་བའི་ཁྱད་ཆོས་ཤིག་ཀྱང་ཡོད།  འདི་ལྟར་བཤད་ཚེ་མངོན་པར་མཚོན་པ་ཞེས་པ་དོན་དམ་དུ་སེམས་ཁམས་ཀྱི་འགུལ་སྐྱོད་གང་རུང་ཞིག་སྒྱུ་རྩལ་དུ་མཚོན་པ་ཡིན་པ་སྨོས་མ་དགོས་མོད། དེ་ཙམ་ལ་ཁག་དཀྲིས་ཏེ་དེང་རབས་རིང་ལུགས་པའི་སྙན་ངག་ཏུ་ནང་ཡུལ་ཅན་འབའ་ཞིག་ལས་ཕྱི་ཡུལ་གྱི་དངོས་པོ་ཞིག་མི་འབྱུང་སྙམ་པ་ནི་ལོག་པར་རྟོགས་པ་ཡིན་ཏེ། འདི་ལ་ཕྱི་ཡུལ་གྱི་དངོས་པོ་བརྗོད་པར་སྣང་བའང་མང་དུ་ཡོད། ། འོན་ཀྱང་དེ་ནི་གཙོ་བོ་ཡུལ་དང་ཡུལ་ཅན་གཉིས་སུ་མི་ཕྱེད་པའམ་ནང་སེམས་ཀྱི་རང་བཞིན་མཚོན་བྱེད་ཙམ་དུ་བཀོད་པ་ཞིག་ཡིན།  བརྗོད་སྟངས་ཀྱང་ “ཚོར་འདུ་གནས་སྤོ”ཞེས་པ་སྟེ། སེམས་ཁམས་ཀྱི་འགྱུར་བ་དོན་སྤྱི་བ་དེ་ཕྱི་རོལ་གྱི་དངོས་པོ་བྱེ་བྲག་པ་ཞིག་ལ་སྦྱར་ནས་གཟུགས་ཅན་བཞིན་དུ་བྱེད་པ་ལ་ཐབས་ལམ་གཉིས་ལས་དང་པོ་ཡུལ་གྱི་རྐྱེན་སྣང་གིས་ཡུལ་ཅན་གྱི་ཚོར་བ་སྐྱེད་པ་སྟེ་ཁུ་བྱུག་ལྷང་ལྷང་གྲགས་པས་ཡིད་ལ་སྐྱོ་བ་འདྲེན་པ་དང་། ཁྲུང་ཁྲུང་ལྷོ་རུ་འཕུར་བས་རྒྱང་རིང་གི་ཕ་ཡུལ་དྲན་པ་ལྟ་བུ་གཙོ་བོར་མི་སྟོན་པར། འདིར་ནི་གཉིས་པ་ཡུལ་ཅན་གྱི་ཚོན་མདོག་ཡུལ་ལ་སྒྱུར་བ་སྟེ་ངེས་འབྱུང་གོམས་པས་འཁོར་བ་མེ་འོབས་སུ་མཐོང་བ་དང་། མི་སྡུག་པ་བསྒོམས་པས་མཛེས་མའི་ལུས་ཞེན་ལོག་གི་རྒྱུ་རུ་མཐོང་བ་ལྟ་བུ་ཤུགས་ཆེ་བ་ཞིག་ཡིན་པར་སྣང་། སྒྱུ་རྩལ་རྩ་དོན་དེ་ལྟར་བརྩམས་པའི་སྙན་རྩོམ་དེ་སྔར་གྱི་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་སོགས་དང་ཁྱད་པར་ཆེ་སྟེ། དེང་རབས་རིང་ལུགས་པའི་གཞུང་ལུགས་སྨྲ་བ་དག་གི་ངག་སྒྲོས་ལྟར་ན། སྔ་མ་དག་གི་ལུགས་ཀྱི་རྩོམ་ནི། གཤིས་ལུགས_དངོས་ཡོད_སྒྱུ་རྩལ་ལས་སྣོན་ཏེ་གོ་རིམ་འདི་འདྲ་ཞིག་བརྒྱུད་ནས་བྱུང་བ་ཡིན་ལ། དེང་རབས་རིང་ལུགས་པའི་རྩོམ་ན། གཤིས་ལུགས_སྒྱུ་རྩལ་ལས་སྣོན_དངོས་ཡོད་དུ་བསྐྲུན་པའི་གོ་རིམ་ཞིག་ཡིན་པས། སྒྱུ་རྩལ་གྱིས་གཤིས་ལུགས་སྟོན་པ་ལ་ཐབས་ལམ་ཕྱི་མ་ཁོ་ན་ཁྱད་དུ་འཕགས་པར་སྨྲའོ། ། 
          རྟོགས་ལྡན་མ་ཡིན་སེམས་ཀྱི་གཤིས་ལུགས་འཚོལ། ། 
          དེ་ཉིད་མ་རྟོགས་བརྗོད་མེད་ས་རུ་ཕྱིན། ། 
          མཚན་ཉིད་རྒན་པོས་དཔྱོད་པས་མི་རྙེད་པ། 
          སྙན་ངག་མཁན་གྱིས་མྱོང་བས་རྙེད་འདི་མཚར། ། 
          གསུམ།  དེང་རབས་རིང་ལུགས་པའི་སྙན་ངག་གི་སྒྱུ་རྩལ་ཐབས་ལམ་གྱི་ཁྱད་ཆོས། 
          གོང་སྨྲས་སྒྱུ་རྩལ་རྩ་དོན་ནམ་གཞི་རྩའི་བསམ་བློ་དེ་དང་བསྟུན་དེང་རབས་རིང་ལུགས་པའི་སྙན་ངག་ཏུ་སྒྱུ་རྩལ་ཐབས་ལམ་ཡང་ཐུན་མོང་མ་ཡིན་པ་མང་དུ་ཡོད་ནའང་འདིར་རྟག་པར་རྒྱུགས་ཆེ་བའི་རྩ་བའི་ཁྱད་ཆོས་འགའ་ཞིག་འཆད་པར་བྱ་སྟེ། 
          དང་པོ། མཚོན་བྱེད་ཙམ་འགོད་པ།  སྤྱིར་དོན་དག་བྱེ་བྲག་པ་ཞིག་མཚོན་བྱེད་ཀྱི་ཐ་སྙད་འགའ་རེ་ནི་གནའ་དེང་ཀྲུང་ཕྱིའི་རྩོམ་རིག་ཏུ་ཡོད་དེ།  དཔེར་ན་མདོག་དཀར་པོས་གཙང་ཞིང་དྲི་མས་མ་གོས་པ་མཚོན་པ་དང་། ལྗང་གུས་ཚེ་སྲོག་དང་སྐྱེ་སྟོབས་མཚོན་པ། སྔོན་པོས་རེ་བ་མཚོན་པ། བྱ་ཕུག་རོན་གྱིས་ཞི་བདེ་མཚོན་པ། དབྱིམས་ཟླུམ་པོས་མངའ་ཐང་སོགས་ཡོངས་སུ་རྒྱས་པའམ་དོན་བྱ་སོགས་ལེགས་པར་གྲུབ་པ་མཚོན་པ། ཟུར་གསུམ་གྱིས་འཇིགས་ཉེན་སོགས་མཚོན་པ་ལྟ་བུ་དང་།  བོད་ལྟར་ནའང་བྱ་ཁྭ་ཏས་བཀྲ་མི་ཤིས་པ་དང་། ཆུ་སྐྱེས་ཀྱིས་དྲི་མས་མ་གོས་པ། དུང་དཀར་གྱིས་སྙན་གྲགས་སོགས་མཚོན་པ་དང་། མདོག་དཀར་སེར་དམར་སྔོ་(ནག)བཞིའམ་དབྱིབས་ཟླུམ་པོ། ཟླ་གམ། གྲུ་བཞི། ཟུར་གསུམ་བཞི་བོ་དེ་རིམ་པ་བཞིན་ཞི་རྒྱས་དབང་དྲག་གི་ལས་བཞི་ཡི་མཚོན་བྱེད་ཡིན་པ་ལྟ་བུའོ། ། དེང་རབས་རིང་ལུགས་པའི་སྙན་ངག་གི་མཚོན་བྱེད་ཅེས་པར་ཡང་འདི་ལྟ་བུ་འགའ་རེ་ཡོད་མོད། ཚད་ལྡན་གྱི་དེང་རབས་རིང་ལུགས་པ་དག་གིས་སྨྲ་བའི་སྒྱུ་རྩལ་ཐབས་ལམ་མཚོན་བྱེད་ཅེས་པ་ནི་འདི་དང་མི་འདྲ་སྟེ། གོང་དུ་བཀོད་པའི་མཚོན་བྱེད་དག་གིས་ནི་ཐད་ཀར་མཚོན་བྱ་བྱེ་བྲག་པ་ཆིག་རྐྱང་རེ་མཚོན་ཅིང་། ཕན་ཚུན་གྱི་འབྲེལ་བའང་སྤྱི་བཏང་དུ་འགྱུར་བ་མེད་པས་དེ་ལ་སྒྱུ་རྩལ་གྱི་ཉམས་འགྱུར་ཆེར་མེད་པར་སྨྲ་ཞིང་། ཁོང་ཚོས་བཀོལ་བའི་མཚོན་བྱེད་ཅེས་པ་ནི་མཚོན་བྱ་མཚོན་བྱེད་ཀྱི་བར་ངེས་གཏན་གྱི་རང་བཞིན་མེད་པར་སྐབས་ཀྱི་མཚོན་བྱེད་ཙམ་བཀོད་པ་ཡིན་པར་མ་ཟད། སྐབས་མང་པོ་ཞིག་ཏུ་སྙན་རྩོམ་ཧྲིལ་བོ་དེ་མཚོན་བྱ་ངེས་ཅན་ཞིག་གི་མཚོན་བྱེད་ཡིན་ཅིང་། ད་དུང་སྐབས་འགར་མཚོན་བྱེད་དེས་དོན་སྤྱི་ཙམ་ཞིག་སྟོན་པ་ལས་དེ་མཐའ་གཅིག་ཏུ་མཚོན་བྱ་བྱེ་བྲག་པ་ཞིག་ཏུ་ངེས་གཏན་བྱེད་དཀའ་བ་ཞིག་ཀྱང་ཡིན། དེས་ན་འདི་ནི་རང་རེའི་སྲོལ་རྒྱུན་སྙན་ངག་ལུགས་ཀྱི་ངེས་བསྟན་གྱི་རྒྱན་དང་ཅུང་འདྲ་བ་ལ་མཚོན་བྱ་དངོས་སུ་མ་སྨྲས་ཤིང་ངེས་བསྟན་གསལ་བྱེད་ཀྱི་སྒྲ་མེད་ཅིང་། བསྡུས་བརྗོད་ཀྱི་རྒྱན་དང་ཕྱོགས་ཙམ་མཚུངས་པ་ལ་སྐབས་མང་པོ་ཞིག་ཏུ་ཤུགས་བསྟན་འདི་ཡིན་གྱི་གསལ་ཁ་ངེས་ཅན་ཞིག་བརྗོད་དུ་མེད་པ་ཞིག་ཏུ་སྣང་། ཁྱད་པར་དུ་མཚོན་བྱེད་ཅེས་པའི་སྒྱུ་རྩལ་ཐབས་ལམ་འདི་བདེ་སྐྱིད་དམ། སྐྱོ་ཤས་སམ། དགའ་བའམ། དད་ཞེན་ལ་སོགས་པ་རྟོག་པའི་སྣང་ངོ་ཙམ་དུ་གྲུབ་པའི་ཆའམ་དོན་སྤྱི་ཙམ་དུ་གྱུར་པ་དག་དང་། རོ་མངར་བའམ། དྲི་ཞིམ་པ། གཞན་ཡང་སེམས་ཁམས་ཀྱི་འགུལ་སྐྱོད་ལས་བྱུང་བའི་ཚོར་བ་ཕྲ་རགས་སོགས་སོ་སོ་དབང་པོའི་སྤྱོད་ཡུལ་ན་ཐ་དད་པ་ཙམ་ལས་ཐ་སྙད་རགས་པས་བརྗོད་དུ་མེད་པ་དག་སྙན་ངག་ཏུ་མངོན་པར་མཚོན་པ་ལ་བྲིན་ཆེ་བས་ད་ལྟའི་སྙན་ངག་ཕལ་མོ་ཆེས་ཤིན་ཏུ་གཅེས་པར་འཛིན་པའི་སྒྱུ་རྩལ་ཐབས་ལམ་ཞིག་ཏུ་སྣང་། 
          གཉིས་པ།  དུས་དང་གནས་སོགས་ཀྱི་རྣམ་བཞག་ལ་ཅི་མི་སྙམ་པ། 
          དེ་ཡང་གཙོ་བོ་ཕྱི་རོལ་གྱི་ཆོས་ཉིད་གཙིགས་སུ་མ་བཟུང་བར་སེམས་ཁམས་ཀྱི་འགུལ་སྐྱོད་ཆོས་ཉིད་དང་བསྟུན་པ་ཤས་ཆེ་བར་བྱས་ཏེ། དུས་ལ་རིམ་ཅན་དང་ཅིག་ཅར་གང་རུང་ངམ་གནས་ལ་ཉེ་རིང་འཚམ་གསུམ་ཅི་དགར་འབྲི་བ་སྟེ་ཅུང་ཟད་འུད་དུ་བརྗོད་ན། རྟོག་པའི་རྐང་སྟབས་གང་དུ་བསྒྱུར་བ་དེ་གར་སྙུ་གུའི་རྩེ་ཡང་མཉམ་དུ་སླེབས་པར་བྱེད་པ་ཞིག་ཡིན་ཞེས་འཆད་ཆོག ཁོང་ཚོའི་འདོད་ཚུལ་ལྟར་ན་སྙན་ངག་ནི་མི་རིགས་པའི་ཁྱབ་ཁོངས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། དེ་ན་ནམ་རྒྱུན་གྱི་བག་ཆགས་རྒྱ་རལ་ཅིང་། ཐུན་མོང་གི་གཏན་ཚིགས་ཚགས་འཐོར་ལ། གོམས་སྲོལ་གྱིས་བཞག་པའི་རྣམ་གཞག་དང་དྲན་ཤེས་ཀྱིས་གཅུན་པའི་རྒྱལ་ཁམས་རང་ཞིག་ཏུ་སོང་ནས། གཟུགས་དང་སྒྲའམ་དྲི་རོ་དང་རེག་བྱ་སོགས་འདོད་ཡོན་གྱི་ཁྱད་པར་ཡང་རྒྱུན་གཅིག་ཏུ་འབྱམས་པ་ཞིག་ཏུ་འདོད་ཅིང་། དེ་ལྟར་ན་སྣང་བའི་རྟོག་པ་ཞིག་གི་ཀློང་ནས་སླར་ཡང་འཇིག་རྟེན་གསར་བ་ཞིག་བཞེངས་བཀོད་བྱེད་པ་ཡིན་པར་འདོད།  དེ་ཡང་སྤྱིར་སྣོད་བཅུད་འདི་དཔྱོད་པ་ལ་དང་པོ་འཇིག་རྟེན་རྒན་པོའི་རྣམ་བཞག་དང་།  དེ་ནས་མཚན་ཉིད་སྨྲ་བ་བའི་རིགས་གཞུང་། དེས་ཀྱང་རིགས་པས་མ་སླེབས་པའི་མཚམས་ནས་རྟོག་འཆར་གྱི་རྒྱུན་དང་འགྲོགས་པའི་སྙན་ངག་གི་རྒྱལ་ཁམས་ལ་སླེབས་པ་ཡིན་པས་དེ་ནི་གསང་བ་གསར་བ་ཞིག་རྟོགས་ཤིང་རྣམ་བཞག་གསར་བ་ཞིག་འཚོལ་བའི་ས་ཡིན་པར་སྨྲ། དེས་ན་དེ་ནི་རང་ཅག་གི་ད་ལྟའི་རྣམ་གཞག་འདི་རང་མལ་དུ་བཞག་པའི་རྟོག་འཆར་ཙམ་མིན་པ་ཤིན་ཏུ་གསལ་བས། སྙན་ངག་ཅེས་པ་ཚད་དེ་འདྲ་ཞིག་བཏེགས་ནས་བཤད་ན་ནི་ཤིན་ཏུ་རླབས་ཆེ་བ་ཞིག་ཡིན་ལ། དེར་གནས་ལུགས་ཀྱང་ངེས་ཅན་ཞིག་ཡོད་པར་སྣང་མོད། གང་ལྟར་དེང་རབས་སྙན་རྩོམ་ཕལ་མོ་ཆེ་བ་ཞིག་སེམས་ཁམས་ཀྱི་ཆོས་ཉིད་དང་བསྟུན་ཅིང་། འཚོ་བའི་རང་གཤིས་དེ་སྙན་ངག་པ་རང་རང་གི་ཚོར་བས་ཉམས་སུ་ལེན་སྟབས་ཁྱད་པར་ཅན་ཞིག་གི་དབང་དུ་བྱས་པས་གློ་བུར་གྱི་རྟོག་ཚོར་དང་། མྱུར་ཚད་སྐྱེན་པའི་རྟོག་འཆར། ངེས་པ་མེད་པའི་སེམས་ཀྱི་འགྱུ་ཆ། ཐ་ན་འོག་འགྱུ་དང་རྨི་ལམ་གྱི་སྣང་བ་སོགས་སེམས་ཁམས་ཀྱི་ངོ་བོ་མཚོན་བྱེད་ཅིག་ཏུ་བྱས་ཏེ་སྙན་ངག་ཏུ་སྡེབ་པས་སྔར་གྱི་སྲོལ་རྒྱུན་སྙན་ངག་དང་བསྡུར་ན་དུས་དང་གནས་སོགས་ཀྱི་རྣམ་བཞག་ལས་བརྒལ་བ་ཞིག་གོ་ཞེས་འཆད་ཆོག་པར་སྣང་། 
          གསུམ་པ།  ཟུར་དང་ངོས་དུ་མ་ནས་བརྗོད་པ། 
          རྩོམ་པ་པོས་གང་སྐབས་སུ་བབས་པའི་འབྲི་བྱ་དེ་ལ་ངོས་གང་ནས་ལྟ་དཔྱོད་བྱེད་པའམ་གཞོགས་གང་ནས་གླེང་བརྗོད་བྱེད་པའི་སྐོར་ལ། སྲོལ་རྒྱུན་སྙན་ངག་པ་དག་གིས་སྤྱིར་བཏང་དུ་ངོས་གཅིག་ནས་ལྟ་དཔྱོད་བྱས་པའི་ཤེས་ཚོར་དེ་གོ་རིམ་དུ་སྡེབ་ཅིང་མགོ་མཇུག་བར་གསུམ་ཚང་བར་བརྗོད་ལ། དེང་རབས་རིང་ལུགས་པ་དག་གིས་ནི་ངོས་དང་ཟུར་དུ་མ་ནས་ལྟ་དཔྱོད་བྱེད་ཅིང་། དེ་ལྟར་བྱས་པའི་ཤེས་ཚོར་རམ་མྱོང་བྱའང་དམ་དུམ་དང་ཐར་ཐོར་དུ་མའི་ཚུལ་དུ་སྡེབ་པར་བྱེད། དེ་ཡང་དོན་བརྗོད་དང་ཚོར་འདུ་བརྗོད་པ་གང་ཡང་རུང་བ་དེ་བརྗོད་པའི་ཚེ་མཐོང་ངོས་གཅིག་ནས་འབྲི་བའམ་འཆད་སྟངས་གཅིག་གིས་འཆད་པ་མིན་པར། ཟུར་མང་པོ་དང་གཞོགས་དུ་མ་ནས་གཏན་ཁེལ་མིན་ཅིང་། རིམ་པ་མང་ལ། འགྱུར་ལྡོག་ཆེ་བའི་ཚུལ་དུ་བརྗོད་པ་སྟེ། དཔེར་ན་མེ་ཏོག་ཚོམ་བུ་ཞིག་འབྲི་བ་ལ། དེ་གཡས་གཡོན་དང་མདུན་རྒྱབ་སྟེང་འོག་སོགས་ནས་མཐོང་བའི་རྣམ་པ་མི་འདྲ་བ་དག་སྤེལ་མར་བྱེད་ཆོག་པར་མ་ཟད། སྙན་ངག་མཁན་གྱི་སེམས་ཀྱི་ཚོར་འདུ་དང་། སེམས་ལྡན་དུ་བྱས་པའི་མེ་ཏོག་རང་གི་ཡིད་ཀྱི་འཆར་སྒོ། ད་དུང་དེའི་སྔ་ལོགས་དང་ཕྱི་ལོགས་ཀྱི་དུས་ཀྱི་ཆ་ལ་མཆེད་པའི་རྟོག་འཆར་སྣ་ཚོགས་སོགས་སྡེབ་ཅིང་སྤེལ་མར་བྱེད་ཆོག་པ་ཞིག་ཡིན། དེ་ལྟར་བྱས་ནས་རྟག་པར་སྙན་རྩོམ་ལ་དོན་ལ་མཆོང་སྟོབས་ཆེ་ཞིང་། བརྗོད་བྱ་ལ་གཟུགས་འགྱུར་མང་བ། རྗོད་བྱེད་ལ་གྲུང་ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོས་ཤིག་ཡོད་ཅིང་། སྙན་རྩོམ་ཧྲིལ་བོའི་རྩོམ་ཁོག་ཀྱང་སྲོལ་རྒྱུན་ལྟར་ཅིས་ཀྱང་མགོ་མཇུག་གཞུང་གསུམ་ཚང་དགོས་པའི་ངེས་པ་མེད་པར་སྐབས་བབ་ཀྱི་དགོས་མཁོ་ལྟར་རང་དགའ་མགོ་འཛིན་ཅིང་ཅི་དགར་མཇུག་སྒྲིལ་བ་ཞིག་ཏུ་སྣང་། ཁྱད་པར་དེ་ལྟར་ངོས་དང་ཟུར་དུ་མ་ནས་བརྗོད་བྱ་མཚོན་པར་བྱས་པས་གང་གསར་དུ་བསྐྲུན་པའི་སྒྱུ་རྩལ་སྣང་བརྙན་དེ་སྲོལ་རྒྱུན་བཞིན་འདྲ་པར་ལྟ་བུའི་སྙོམ་ངོས་རྐྱང་བ་ཞིག་མིན་པར། བརྐོ་བཟོའི་སྒྱུ་རྩལ་ལྟ་བུར་མངོན་པར་གསལ་ཞིང་གསོན་ཉམས་ལྡན་པའི་འབུར་གཟུགས་ཀྱི་རྣམ་པའི་ཉམས་འགྱུར་ཞིག་རྫོགས་པར་སྣང་ངོ་། ། 
          བཞི་བ།  སྐད་ཆའི་སྒྱུ་རྩལ་ཁྱད་པར་ཅན། 
          སྙན་ངག་གི་འདུ་ཤེས་མཚོན་བྱེད་ཅིག་ཡིན་ན། སྐད་ཆ་ནི་འདུ་ཤེས་དང་སྙན་ངག་བར་གྱི་མཚམས་སྦྱོར་འབྲེལ་ཐག་ཡིན་ཅིང་། འདུ་ཤེས་སྒྱུ་རྩལ་དུ་བསྐྲུན་པའི་ཐབས་ལམ་ཉག་གཅིག་ཡིན། དེའི་ཕྱིར་དེང་རབས་རིང་ལུགས་པའི་སྙན་ངག་ལའང་རང་གི་སྒྱུ་རྩལ་རྩ་དོན་དང་དེའི་དགོས་མཁོ་དང་བསྟུན་པའི་སྐད་ཆའི་སྒྱུ་རྩལ་ཁྱད་ཆོས་ཅན་ཡོད་པ་སྨོས་མི་དགོས། དེ་མདོར་བསྡུས་ན་ཕྱོགས་གཅིག་ནས་སྲོལ་རྒྱུན་གྱི་སྙན་ངག་གི་བརྡ་སྐད་རྨང་གཞི་བྱས་པའི་སྟེང་དེ་ལ་འདོར་ལེན་དང་ལེགས་བཅོས་བྱས་པ་སྟེ། ཚིག་ཚོགས་དང་ཚིག་ལྷག་བསྐྱུངས་ཤིང་། དགོས་པ་དངོས་མེད་པར་རང་བཞིན་གྱིས་ཚིག་ལ་རྒྱན་སྤྲས་པ་སོགས་ལ་ཞེན་པ་དང་སེར་སྣ་མེད་པར་འདོར་བྲབས་བྱས་པས། སྐད་ཆ་ཟོར་ཡང་ཞིང་སྤུས་དག་པར་བྱས་ཤིང་། དུས་མཚུངས་སུ་ཐ་སྙད་ཀྱི་གོ་དོན་ཀློངས་པོ་ཞིག་ཏུ་རྒྱ་སྐྱེད་པར་བྱེད། སྲོལ་རྒྱུན་སྙན་ངག་ཏུ་ཆོས་ཅན་གྱི་ཐ་སྙད་གཅིག་གིས་རྟག་པར་ཆོས་བརྗོད་པའི་ཐ་སྙད་དུ་མ་ལྷན་ཐབས་སུ་སྤེལ་བ་མཛེས་པར་འཛིན་པ་ལ། འདིར་ནི་ཆོས་བརྗོད་པའི་ཐ་སྙད་དང་ཁྱད་ཆོས་མང་དུ་འདོགས་པའི་ཚིག་ཚོགས་སྐྱུང་ཅི་ནུས་བྱས་ན་སྐབས་མང་པོ་ཞིག་ཏུ་གོ་དོན་གྱི་ཀློང་ཡངས་པར་ཕྱེ་བའི་སྒྱུ་རྩལ་ཕན་ནུས་ཐོན་པར་འདོད་དེ། དཔེར་ན། ཟླ་བས་སྤྲིན་པ་བརྟོལ་བས་མེ་ཏོག་གྲིབ་མ་མཐོང་ཞེས་བརྗོད་ཚེ་ཀློག་པ་པོས་རང་གི་མྱོང་བ་ཞིག་གམ།  སྣང་བའི་འཁྱེར་སོ་དང་བསམ་པའི་བག་ཆགས་གང་རུང་ཞིག་དང་བསྟུན་ཏེ་སྐྱིད་སྣང་ངམ།  སྐྱོ་བའམ།  གྱེས་གདུང་སོགས་གང་རུང་ཞིག་དང་བསྲེས་ནས་བྲོ་བ་མི་འདྲ་བ་དུ་མ་མྱོང་ཆོག་མོད། དཀར་ཞིང་གསལ་བའི་ཟླ་བའི་དཀྱིལ་འཁོར་གཡའ་དག་ཅིང་ཡིད་དུ་འོང་བ་ཞིག་གིས་དཀར་འཇམ་ཡང་ལ་དལ་བུར་སྐྱོད་པའི་སྤྲིན་ཕུང་ཆུང་ངུ་ཞིག་གི་དཀྱིལ་ནས་འོད་ཀྱི་ཕྲེང་བ་སྤྲོས་པས། མཛེས་ཤིང་ལྟ་ན་སྡུག་པའི་ཧ་ལོའི་མེ་ཏོག་དེའི་གྲིབ་མ་ཁྲུ་གང་དུ་ལོངས་པ་ཞིག་མདུན་གྱི་ས་ལ་མངོན་པར་གསལ་ཞེས་བརྗོད་པས་ཐམས་ཅད་ཁྱོད་ཁོ་ནས་གཏན་ཁེལ་བྱས་ཏེ་བཤད་ཚར་ཞིང་། བྲོ་བའང་གཞན་ཞིག་ཏུ་སོང་བས་མཛེས་སྡུག་གི་རིན་ཐང་ཆུང་ངུ་ཕྱིན་པར་སྙམ།  སྤྱིར་མངར་བོ་དང་ཞལ་རས་ཞེས་པ་ལས་ཤིན་ཏུ་མངར་བོ་དང་མཛེས་པའི་ཞལ་རས་ཞེས་པ་ཚིག་ཉམས་ཆེ་ཞིང་། དེ་བས་ཀྱང་སྦྲང་རྩིའི་རོ་ལྟར་ཤིན་ཏུ་མངར་དང་ཟླ་བ་བཞིན་དུ་མཛེས་པའི་ཞལ་ཞེས་པ་ཚིག་ཉམས་ཆེ་བའི་སྐབས་ཤིག་ཡོད་མོད། ཐ་སྙད་གོ་དོན་གྱི་རྒྱ་ཁྱོན་ནས་བཤད་ན་ནི་མངར་བོ་དང་ཞལ་རས་ཞེས་པ་ལས་ཤིན་ཏུ་མངར་བོ་དང་མཛེས་པའི་ཞལ་རས་ཞེས་པ་རྒྱ་ཆུང་དུ་ཕྱིན་ཅིང་། དེ་བས་ཀྱང་སྦྲང་རྩིའི་རོ་ལྟར་ཤིན་ཏུ་མངར་དང་ཟླ་བ་བཞིན་དུ་མཛེས་པའི་ཞལ་ཞེས་པ་རྒྱ་ཆུང་ཞིང་གུ་དོག་ཏུ་འགྲོ་བ་ནི་གནས་ལུགས་ཡང་དག་པ་ཞིག་གོ། །  དེའི་ཕྱིར་གཙོ་བོ་མིང་དང་ཚིག་གི་རྒྱུན་ཧྲིལ་བོ་རྫོབ་ཆུང་ཞིང་རྒྱན་ཉུང་ལ་དོན་གཞོལ་ཆེ་བ་དེང་རབས་ཀྱི་རྩིག་བཟོའི་བཀོད་པ་ལྟ་བུ་ཞིག་དགོས་པའི་ཁར་ད་དུང་ཚིག་རིས་ཀྱི་ཁོངས་ཡངས་ཤིང་གོ་དོན་གྱི་རྒྱ་ཆེ་བ་ཞིག་ལ་བརྩོན་པར་བྱེད། གཉིས་ཕྱོགས་ནས་སེམས་ཁམས་ཀྱི་འགུལ་སྐྱོད་དང་རྟོག་འཆར་གྱི་སྣང་ཡུལ་དང་བསྟུན་ཏེ། རང་སྣང་ཡུལ་གྱི་ཚོན་རིས་བྱུགས་ཤིང་རང་མོས་ཤུགས་ཆེ་བའི་ཐ་སྙད་དང་སྐད་ཆ་གསར་གཏོད་བྱེད། དེ་ལ་ནམ་རྒྱུན་གྱི་སྐད་ཆའམ་བརྡ་སྤྲོད་པའི་ཆོས་ཉིད་ལས་འདས་པའི་ཚིག་སྦྱོར་ཁྱད་པར་ཅན་སྤེལ་སྟངས་རང་རེའི་མེ་ལོང་ལུགས་ཀྱི་ཏིང་འཛིན་གྱི་རྒྱན་སོགས་ཀྱི་ཁྱད་ཆོས་དང་འདྲ་བ་ཡོད་ཅིང་། ཐ་སྙད་ཀྱི་འཇུག་སྒོ་ཡངས་པར་ཕྱེས་པ་སྦྱར་བའི་རྒྱན་སོགས་དང་འགྲོ་ཕྱོགས་མཚུངས་པའང་ཡོད་ལ། ཁྱད་པར་དུ་སྐབས་ཐོབ་ཀྱི་དབང་གིས་སེམས་ཀྱི་ཚོར་འདུ་དང་སྣང་ཡུལ་གྱི་རྣམ་པ་མཚོན་ནུས་ཤིང་། སྒྱུ་རྩལ་གྱི་བྲོ་བའང་ངེས་ཅན་ཞིག་ཡོད་པའི་མིང་ཚིག་སོགས་སྔར་མ་གྲགས་པ་གསར་དུ་སྦྱར་བ་ཅུང་མང་བ་དང་། ཐ་ན་དོན་སྤྱི་ཙམ་གྱི་རྟོག་པ་དོན་སྤྱི་ཙམ་དུ་སྟོན་པའི་སྐད་ཆ་གོ་དོན་ངེས་གཏན་དུ་ངོས་འཛིན་དཀའ་བའང་ཡོད་པར་སྣང་། གཞན་ཡང་སེམས་ཁམས་འགུལ་སྐྱོད་ཀྱི་འགྲོས་དང་བསྟུན་ཏེ། ཚིག་སྦྱོར་སྤེལ་སྟངས་ཀྱི་ཆ་ནས་དབྱངས་ཀྱི་འགྱུར་ཁུགས་ཁྱད་པར་བ་གཏོད་པ་དང་།  ཡི་གེའི་དབྱིབས་དང་རྐང་བའི་རྣམ་པ་སྒྲིག་སྟངས་ཐུན་མོང་མ་ཡིན་པར་སྤེལ་ཅིང་། ཐ་ན་ཚེག་ཤད་འཇོག་སྟངས་སོགས་ཀྱི་ཕྱོགས་ནས་ཀྱང་ཁྱད་ཆོས་ཐ་དད་དུ་འདོན་པར་བྱེད་དོ། ། 
          མཇུག་བསྡུ་བའི་གཏམ། 
          གོང་དུ་བསམ་བློ་དང་སྒྱུ་རྩལ་གྱི་ཆ་ནས་དེར་རབས་སྙན་ངག་སྤྱིའི་དཔེ་མཚོན་དང་སྙིང་བཅུད་ལྟ་བུར་གྱུར་པའི་དེང་རབས་རིང་ལུགས་པའི་སྙན་ངག་གི་ངོ་བོ་དང་ཁྱད་ཆོས་རགས་བསྡུས་བཤད་པའི་ཁུལ་བྱས། ད་དུང་དེའི་ནང་གསེས་ཀྱི་སྒྱུ་རྩལ་རང་ལུགས་བྱེ་བྲག་པ་དང་། ཁུངས་བཅོལ་སའི་མཚན་ཉིད་རིག་པའི་གཞུང་ལུགས། དཔེ་མཚོན་རང་བཞིན་གྱི་སྙན་ངག་པ་དང་སྙན་རྩོམ། འབྱུང་རྐྱེན་སྤྱི་ཚོགས་དང་དུས་རབས་ཀྱི་ཆ་རྐྱེན་སོགས་མང་པོ་ནས་ངོ་སྤྲོད་བྱེད་ཆོག་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུ་བར་བྱས། དེ་ལ་དགེ་སྐྱོན་བརྗོད་པའམ་གདེང་འཇོག་བྱེད་པའང་སྤྱིར་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་ལ། གཞན་ཡང་ཁོ་བོ་ནི་སྐྱེས་སྦྱངས་ཀྱི་ཤེས་རབ་དང་ལྡན་པའི་བོད་ཀྱི་སྙན་ངག་པ་དང་སྙན་རྩོམ་ཀློག་པ་པོ་དག་གི་ཤེས་དཔྱོད་ཀྱི་བློ་མིག་ལ་ཡིད་ཆེས་པས་བཏང་སྙོམས་སུ་བཞག་གོ། །  དེང་རབས་རིང་ལུགས་པའི་སྙན་ངག་གིས་རང་རྒྱལ་རྒྱ་རིགས་ཀྱི་སྙན་ངག་ལ་ཤུགས་རྐྱེན་ཐེབས་པ་ནི་དུས་རབས་ཉི་ཤུ་བ་འདིའི་ལོ་རབས་ཉི་ཤུའི་འགོ་ཙམ་ཡིན་ཏེ་སྙན་ངག་གསར་པའི་ཐོག་མ<<ཚོད་ལྟའི་སྙན་ངག་ཕྱོགས་བསྒྲིགས>>ལ་ཨ་མེ་རེ་ཀའི་དེང་རབས་རིང་ལུགས་པའི་ཤུགས་རྐྱེན་ཅུང་ཟད་ཐེབས་པས་འགོ་བྱས་ཏེ། རིམ་བཞིན་སྙན་ངག་སྨྲ་བ་ལི་ཅིན་ཧྥ་དང་། ཏེ་ཝང་ཧྲུའུ་སོགས་དེང་རབས་རིང་ལུགས་པའི་རྗེས་འབྲང་པ་ཤ་སྟག་ཏུ་བརྩི་ཤིང་། པེན་ཊི་ལེན་དང་། ཧྥིན་ཊི་སོགས་ནས་ལོ་རབས་བཞི་བཅུའི་“སྙན་ངག་སྨྲ་བ་མི་དགུར”གྲགས་སོགས་ལ་ཤན་ཞུགས་ཚབས་ཆེ་ཞིང་། ཐ་ན་ཨེ་ཆིང་སོགས་ཀྱི་སྙན་ངག་ལའང་དེང་རབས་རིང་ལུགས་པའི་ཤུགས་རྐྱེན་ངེས་ཅན་རེ་ཐེབས་ཡོད་པར་བཤད། ཁྱད་པར་ལོ་རབས་བདུན་ཅུ་པའི་སྨད་ཙམ་ནས་རིམ་ཤན་ཞུགས་ཚད་ཆེ་བ་ཙམ་དུ་མ་ཟད་སྙན་རྩོམ་མི་ཉུང་བ་ཞིག་ཐད་ཀར་དེང་རབས་རིང་ལུགས་པའི་སྙན་ངག་ཏུ་བགྲང་ཡང་འགལ་ཆ་ཆེར་མེད་པར་སྣང་། ད་ལྟ་རང་རེ་བོད་དུ་དར་བཞིན་པའི་སྙན་ངག་རང་མོས་ཅན་ནམ་སྙན་ངག་གསར་བའི་རིགས་འདི་ནི་སྤྱི་སྒོས་ནས་བཤད་ན་ལོ་རབས་ཉི་ཤུ་སུམ་ཅུ་བར་རྒྱལ་ནང་དུ་དར་བའི་སྙན་ངག་རང་མོས་ཅན་གྱི་རྗེས་སུ་འབྲང་བ་ཙམ་མིན་པར། ལོ་རབས་བདུན་ཅུ་བརྒྱད་ཅུ་པར་གསར་དུ་དར་བའི་སྙན་ངག་དང་། འཛམ་གླིང་སྤྱིའི་སྙན་ངག་འཕེལ་ཕྱོགས་ལ་དཔེ་སྟོན་གྱི་འོས་སུ་ཆེ་བའི་ཕྱི་གླིང་པའི་སྙན་ངག་སྨྲ་བ་མིང་དུ་གྲགས་པ་དག་གི་ཚད་ལྡན་སྙན་རྩོམ་ལ་མིག་དཔེ་བྱས་པ་གཙོ་ཆེ་ཞིང་། རང་གཞན་གཉིས་ཆར་གྱི་སྙན་ངག་གི་རིག་པ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་རང་རིགས་དཔྱོད་ལྡན་དུ་མའི་རིག་པའི་རྩལ་ལས་འདི་ལ་འཚམ་པའི་ཞིང་ས་ལེགས་པོ་ཞིག་ཀྱང་གངས་རིའི་ལྗོངས་སུ་རྙེད་ཟིན་པས། འདི་ལ་དེང་རབས་རིང་ལུགས་པའི་ཤན་ཞུགས་ངེས་ཅན་ཞིག་ཐེབས་ཡོད་པ་སྨོས་མ་དགོས་མོད། ཁྱད་ཆོས་འབུར་དུ་ཐོན་ཡོད་པ་ནི་ད་ལྟའི་བར་ཆེར་མ་མཐོང་། འོན་ཀྱང་སྙན་ངག་སྨྲ་བ་ལྗང་བུ་སོགས་ཉུང་ཤས་ཤིག་གི་སྙན་རྩོམ་ལ་དངོས་བརྒྱུད་གང་རུང་གི་སྒོ་ནས་དེང་རབས་རིང་ལུགས་པའི་ཤན་ཞུགས་ཅུང་ཆེ་བར་འདུག་ཅེས་བདག་གིས་སྙམ་མོ། ། གང་ལྟར་དེང་སང་འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་སུ་སྙན་ངག་ཙམ་དུ་མ་ཟད་རྩོམ་རིག་སྤྱི་དང་། རི་མོ་དང་བརྐོ་བཟོ། རོལ་མོ་དང་གློག་བརྙན་སོགས་སྒྱུ་རྩལ་གྱི་རིགས་སུ་གཏོགས་པ་ཕལ་མོ་ཆེར་དེང་རབས་རིང་ལུགས་པའི་རིགས་པ་འདི་དར་བར་སྣང་བས། རྩོམ་ཐུང་འདི་ཀ་འཕྲལ་མར་སུག་བྲིས་སུ་བགྱིས་པ་ལགས་པས་ནོངས་པ་ཅི་ཡོད་དཔྱོད་ལྡན་རྣམས་ལ་འཆགས་སོ། ། 
          སྨྲས་པ། 
          ཐོས་པའི་རྣ་གཤོགས་རིང་བསྲིངས་ཏེ། ། 
          རྒྱལ་ཁམས་མཐའ་ལ་འཕངས་ལགས་ཀྱེ། ། 
          ཐོལ་བྱུང་རིག་པའི་ཀློང་བརྡོལ་ནས། ། 
          སྔར་མེད་ལེགས་བཤད་བབས་པ་མིན། ། 
          དེ་ཡང་མ་བརྟགས་སོར་མོའི་འདབ། ། 
          དུས་ཀྱི་རླུང་བུས་བསྐྱོད་དེ་ཐལ། ། 
          ལེགས་ན་དགེ་མཚན་བོད་ལ་འབུལ། །
          ཉེས་ན་ཁག་ངན་བདག་ལ་དཀྲིས། །
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1