བུ་མོ་རྟ་གོའི་ཉིན་གཅིག

ཀླུ་འབུམ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        མོ་ད་དུང་གཉིད་ཀྱི་གཏིང་དུ་བྱིངས་ཡོད། ཨ་ཕས་ཀ་མགོར་བསྣར་བའི་གློག་སྒོའི་སྐུད་པ་ཐག་སེ་འཐེན་པ་ན། གདུང་མར་དཔྱངས་པའི་ཆེ་ཆུང་ཆང་བ་ལི་དང་མཉམ་པའི་གློག་?་རིལ་དེ་དུས་གཅིག་ཏུ་བཀར་བྱུང་།  དཀར་སིང་ངེར་འཕྲོས་པའི་གློག་འོད་རྣོན་པོས་གན་རྐྱལ་དུ་ཉལ་བའི་མོའི་མིག་ལྕིབས་ཀྱི་འདབ་མ་ལྷེམ་ལྷེམ་དུ་འདར་བར་བྱས་ན་ཡང་། མོ་འཕག་འཚག་དང་བཅས་ཁ་ཕར་ལ་འཁོར་བ་ན། མིག་ལྕིབས་ཀྱི་འདབ་མ་སླར་ཡང་ཟུམ་བྱུང་། ཨ་ཕ་མལ་ལས་ལྡང་བ་ན། ཨ་མས་ཀྱང"འགྲོ་རན་སོང་ངམ"ཞེས་སྐད་དམའ་མོས་སྨྲ་བཞིན་ཨ་ཕའི་རྗེས་མཐུད་དེ་མལ་ལས་ལང་འགོ་བརྩམས་ལ། ཁོ་གཉིས་ཀྱིས་གོན་པ་ཤག་ཤག་གྱོན་པའི་སྒྲ་ཆུང་ངུ་དེ་གཉིད་ཀྱི་སྒང་ན་ཡོད་པའི་བྱིས་པའི་རྣ་ལམ་དུ་བྱིའུ་ཆུང་ཞིག་གི་གཤོག་རྡེབ་བཞིན་ག་ལེར་འཛུལ། སྔ་མོར་ལངས་པ་དེ་ཚ་ཐབ་ཀྱི་སྔས་མགོ་ནས་མར་འབབ་ཞོར། རྐང་པ་ལྷམ་ལ་དྲངས་པ་དང་དྲ་མ་དྲུད་ཀྱིས་སྤོ་བཞིན་ཕར་སོང་སྟེ་ཁྱིམ་སྒོ་ཕྱེ། དེ་ནས་ཅང་མ་འགོར་བར་ལྷས་ནས"མཁར་བྷ། (མོའི་ཕུ་བོའི་མིང)ཡར་ལོངས། ཡར་ལོངས། ངེད་གཉིས་ལོག་རྒྱག་ཏུ་འགྲོ་རན་སོང"ཞེས་བྲེལ་སློང་བའི་འབོད་སྐད་དེ་གྲགས་ཡོང་། ཕ་མ་གཉིས་སྒོ་རུ་བུད་པ་ན། མི་ཁང་ཧྲིལ་པོ་དེ་མ་ཉིད་དུ་ལྷིང་འཇགས་སུ་གྱུར་ལ། མི་དྲུག་ཤོང་བའི་ཚ་ཐབ་ཆེན་པོ་འདི་ཡང་རླབས་འཇགས་པའི་རྫིང་བུ་ཞིག་དང་འདྲ་བར་དལ་ཅག་གེར་གྱུར། མུ་མཐུད་དུ་གཉིད་དུ་ཡུར་བའི་བྱིས་པ་ཁོས་རྫིང་བུ་འདིའི་འཇིངས་སུ་སྔུར་བ་ཡང་མོ་འཐེན་མོད། ལྷས་དང་ལྷས་འདབས་ན་ཕར་ཚུར་གོམ་པ་མྱུར་ལེན་གྱིས"ཁལ་མ་བཟུང་ལ་སྡོད"ཅེས་དང"ང་འགྲོ་ལ་གཉའ་ཤིང"ཞེས་ལས་ལ་བསྐུལ་བའི་ཤབ་ཤུབ་གཏམ་དང་། ནོར་ཁང་གི་སྒོ་དང་རྒྱ་སྒོ་སྐབས་སྐབས་སུ་ཙིར་སྒྲ་དང་བཅས་འབྱེད་པའི་བྲེལ་འཚུབ་ཀྱི་སྐད་སྒྲ་དང་། འུར་གྱིས་དཀྲོགས་པའི་མཁར་སྟེང་གི་ཆ་མའི་གསེང་གི་བྱིའུ་འགའ་རེ་གཤོག་རྡེབ་ཤུགས་ཀྱིས་བྱེད་བཞིན་གང་སར་འཕུར་ལྡིང་བྱས་པའི་སྒྲ་ཡང་མི་ཁང་འདི་རུ་མཆེད་ཡོང་མོད། མི་ཕྱུགས་དང་འདབ་ཆགས་ཀྱི་སྒྲ་སྦྲགས་མ་དེ་དག་རྒྱང་རིང་རྒྱང་རིང་ཞིག་ནས་མཆེད་འོངས་པ་ལྟར། གཉིད་ཀྱི་རྫིང་བུ་དེའི་ངོས་སུ་རླབས་རིས་ཕྲན་བུ་ཙམ་ལས་འགོད་མ་ཐུབ། དེ་རྗེས་ག་ཙམ་གཉིད་པ་མི་ཤེས་མོད། ཨ་མས་མལ་ལས་ལངས་དུས་ནམ་ཡོངས་སུ་གསལ་ཏེ་ཁང་བའི་ནང་དཀར་ཆིལ་ལེ་གྱུར་འདུག་ལ། ཟས་དྲི་ཞིམ་པོ་ཞིག་ཚ་ཐབ་ཐོག་གི་མོའི་སྣ་ཡི་དབང་བོར་སིམ་ནས་ཡོང་། "རྟ་གོ རེམ་མར་ཡར་ལ་ལོངས་ཤིག  གཉིས་ལ་ནངས་ཇ་ཁྱེར་ཅིག"ཐབ་ཁུང་ཁ་ཡི་ཨ་མས་དེ་ལྟར་བསྐུལ་བ་ན། མོས་ཀྱང"འོ་ཡ་ཨ་མ"ཞེས་ཟེར་བཞིན་ཡར་ལ་ལངས། སྒུར་སྒུར་ངང་ཐང་འཕྱག་བཞིན་པའི་རྨོ་མོས་ཚ་མོ་ཡར་ལ་ལང་བཞིན་པ་མཐོང་བ་ན"ངའི་གཅེས་ཕྲུག་ངར་བར་ལྟོས་དང་། ཟེད་སེ་ཡར་ལ་ལངས་བྱུང"ཞེས་གཉེར་རིས་ཤིག་ཤིག་གིས་བསྟོད་པ་བྱས། མོ་ལྷས་ལ་སོང་བ་ན། སྤོ་བོས་སྐས་མགོའི་གཡས་ཟུར་གྱི་ཁང་ཀླད་ན"བླ་མ་ཡི་དམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ས་འདིའི་ས་བདག གནས་འདིའི་གནས་བདག"ཅེས་སྟོད་ཀྱི་རི་ཚོགས་ཀྱི་གསེང་ན་འགྱིང་བའི་ཨ་མྱེས་དགྲ་རྒྱལ་ལ་གཏད་དེ། བསང་མགོ་ལ་ཆབ་ཀྱིས་བྲན་བཞིན་ཁ་ཏོན་བྱེད་ཀྱིན་གདའ། མོས་ཁ་ལག་བཀྲུས་ཚར་ཏེ། ཨ་མས་ཐབ་ཟངས་ནས་རླངས་འཁུར་དང་ཞོ་ཁོག་སོགས་སླེ་བོའི་ནང་དུ་འཐུ་བར་སྒུག་བཞིན་པའི་སྐབས་ལ། གདངས་དབྱངས་སྦོམ་པོ་ཟོག་འདྲེན་རླངས་འཁོར་ཞིག་གི་ལྡིར་སྒྲ་དང་མཚུངས་པའི་ཁ་ཏོན་དང་མཉམ་དུ། སྤོ་བོ་མི་ཁང་དུ་སླེབས་ཤིང་། ཁོས་ཚ་མོས་ཞིང་ཁའི་ལོག་རྒྱག་གཉིས་ལ་ནངས་ཇ་འཁྱེར་གྲབས་བྱེད་པ་མཐོང་བ་དང་། མོའི་ཕྱོགས་སུ་འཁོར་ཏེ"ད་ཨ་མའི་ལག་རོགས་ཀྱི་གོ་ཆོད་སོང"ཞེས་ཁ་ཏོན་འདོན་མཚམས་བཞག་སྟེ་བཤད་པ་ན།  མོ་དེའི་མུར་རང་ཉིད་ནི་དངོས་སུ་ཆེ་རུ་སོན་ལྟའི་སྤྲོ་སྣང་ཞིག་གིས་སེམས་ཁོང་མེར་གྱིས་གཏམས། ཡིན་ཡང་སྤོ་བོས་རྗེས་མཐུད་དེ"བྱིས་པ་འདི་ཚོ་སྙིང་རྗེ། ལག་མ་ཆགས་གོང་ནས་སྡུག་མྱོང་དགོས། ཚ་བོ་ཕོ་ལོ་བཅོ་བརྒྱད་ལ་མ་བུད་ཀྱང་ཙད་པའི་ནང་དུ་ལོག་རྒྱག་ཏུ་སོང་བ་གན་རེད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཟེར་བ་ཅིས་མ་བདེན"ཞེས་ཤུགས་རིང་འབྱིན་བཞིན་བཤད་པ་དང་། སླར་ཡང་སྐད་གདངས་མཐོན་པོས་འདོན་པ་བཏོན་བྱུང་། སྤོ་བོའི་སྐད་ཆའི་དོན་ཅུང་ཟབ་པས་མོས་མནོ་བསམ་ཇི་ལྟར་བཏང་ཡང་གོ་བ་གསལ་པོ་ཞིག་མ་ལོན། ཡང་ཡུད་ཙམ་འགོར་རྗེས་སྤོ་བོའི་ཕྱོགས་སུ་བལྟས་པ་ན། བགྲེས་པོ་ཁོ་ད་ནི་གོ་ཁའི་ཡར་སྒྱེད་ན་སྐྱིལ་ཀྲུང་གོར་གོར་ངང་འདུག་ཅིང་། གདོང་ན་བཏང་སྙོམས་བག་ཕེབས་ཀྱི་ཉམས་ཀྱིས་ཁེངས་བཞིན་མནའ་མས་དྲངས་པའི་ཇ་ཕུད་ལག་ཏུ་ལེན་བཞིན་འདུག ཚུལ་དེ་ལ་བལྟས་ན་ད་ཅིའི་ལེ་བདའི་ཚིག་དེ་ཁོའི་ངག་ནས་ཡེ་ནས་མ་བུད་པ་འདྲ། རྟ་གོའི་སེམས་སུ་བགྲེས་པོ་འདི་དག་གི་ཅི་བཤད་ལ་རྟག་རྒྱུ་དེ་འདྲ་མི་འདུག རང་དགར་སྨྲས་པ་རེད་ཅེས་སྙམ་བཞིན་ཁོང་དགོད་ཅིག་བྱས། ཨ་མས་རླངས་པ་ཐི་ལི་ལི་ཡི་ཐབ་ཟས་དང་མར་རྩམ། ད་དུང་ཙི་ཏྲ་ཀའི་ཁུ་བ་སོགས་སླེ་བོ་ཆུང་ངུ་ཞིག་ཏུ་བཅུག་ཅིང་། ཐོག་ཏུ་མགོ་དཀྲིས་དམར་ཁྲ་རྙིང་ཤས་ཤིག་གིས་གཡོགས་རྗེས། བྱིས་པའི་རྒྱབ་ལ་གཏད་ཅིང་། དེ་ནས་འོ་ཇ་བླུགས་པའི་ཚ་དེམ་ལག་ཁུག་ཏུ་འཇོག་བཞིན"འགྲོ་དུས་མིག་གཡེང་བྱས་ཏེ་མ་འགྲོ མགྱོགས་པོར་སོང་། གཞན་གྱི་རྗེས་སུ་ལུས་པར་མ་འཇུག"ཅེས་ནན་བཤད་བྱས་པ་ན། སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ཀྱང་མཐུད་དེ"ཐང་ལ་འགྱེལ་ཏུ་མ་འཇུག"ཅེས་གདམས་བྱུང་། 

 

        རྟ་གོ་རྒྱ་སྒོ་ནས་བུད་པ་ན། ཉི་མའི་ཟེར་ཕྲེང་ནི་མདུན་རིའི་སྤོ་དང་། ལྷོ་རྒྱུད་ཀྱི་རི་སྒང་དག་ལ་སེར་ལམ་ལམ་དུ་འཐེན་འདུག རུ་བར་ན་མོ་དང་མཉམ་པའི་ནེའུ་ལྡངས་ལས་གཞན། ན་ཚོད་མོ་ལས་བཅུ་ལྷག་གིས་ཆེ་བའི་བུད་མེད་དང་། ཐ་ན་ལོ་ཚོད་ཨ་མ་དང་མཉམ་པའི་ཨ་ནེ་འགའ་རེས་ཀྱང་། སླེ་བོ་རྒྱབ་ལ་ཁུར་ཞིང་ཚ་དེམ་པང་སྟེ་ཞིང་ཁའི་ཕྱོགས་སུ་སྐྱོད་ཀྱིན་འདུག ཡང་ཁྱིམ་ལས་གཞན་གྱིས་དལ་འགོར་བྱས་པའི་བུད་མེད་ཅིག་གིས་སྒོ་ཁ་ནས་ཇ་འཁྱེར་ཚོ་མཐོང་བ་དང"ཁྱོད་ཚོ་སྔ་བར་ལྟོས་དང་། ངའི་ནངས་ཇ་ད་དུང་ཁོལ་མེད"ཅེས་བཤད་པ་དང་ལྕེ་ནར་བྱུང་། རྟ་གོས་བྲེལ་འཚུབ་ངང་རྒྱ་སྒོ་རུ་འཛུལ་བའི་བུད་མེད་དེའི་རྒྱབ་གཟུགས་ལ་ལྟ་བཞིན"དེའི་འཕྲོར་རྗེས་སུ་ལུས་ན། མོའི་ཁྱོ་བོས་མོ་ལ་མི་སྡིགས་སམ"ཞེས་སེམས་ཁྲལ་རེ་བྱས་མོད། ཇ་ཁྱེར་གཞན་དག་སྔོན་ན་ཤོར་འདུག་པས། མོས་ཀྱང་ཇ་འཁྱེར་ཚོའི་རྗེས་སུ་ལུས་པའི་བུད་མེད་དེ་ལ་གདུང་སེམས་བྱེད་མཚམས་བཞག་ཅིང་། ཁ་ཕྱིར་འཁོར་ཏེ་གོམ་པ་མྱུར་དུ་སྤོས། ནས་ལུང་སྡེ་བ་འདི་གསེར་གཞོང་ཞེས་གྲགས་པའི་ལུང་ཁོག་རིང་མོ་འདིའི་ཉིན་དུ་ཆགས་ན་ཡང་། བྲག་རྩ་ཞིག་ཏུ་གནས་པས། ས་རྩུབ་པའི་ཁར་རུ་བར་གང་སར་?་ཡིས་ཁྱབ་ཡོད། གཡུལ་ཁ་ཕལ་ཆེ་བ་ས་དཀར་རྐྱང་རྐྱང་མིན་པར་རྡེའུ་ཡིས་ཁེངས་པར་མ་ཟད། མཐའ་བཞི་བོ་ཚང་མ་ལུག་རོ་དང་གཡག་རོ་དང་མཉམ་པའི་?་རྒན་གྱིས་བསྐོར་ཡོད། དེ་བས་སྲིབ་ཀྱི་སྡེ་བ་ཞིག་ནས་ས་འདིར་གནས་ལ་འོངས་པའི་བུ་མོ་ཞིག་ཕྱིར་ཕ་ཁྱིམ་དུ་འཁོར་ཞག་ཏུ་སོང་བ་དང་། ཡུལ་མི་ཚོས་སྡེ་བ་དེ་ཅི་འདྲ་རེད་ཅེས་དྲིས་པར། ང་སྡེ་བའི་ནང་དུ་ཐོན་པ་ན། ?་གསེང་ནས་མི་དག་ནི་འབུར་གྱིན་འབུར་གྱིན་མངོན་ཡོང་བས། ང་ཧ་ལས་དགོས་བྱུང་ཞེས་འུར་བརྗོད་བྱས་ཏེ་ཀུན་ལ་བཞད་གད་སློང་བ་དེ་བཤད་རྒྱུན་ལྟ་བུ་ཞིག་ཏུ་གྱུར་ཟིན་ན་ཡང་། ?་མང་བ་ནི་དངོས་ཡིན་ལ། འབྲུ་རིགས་ལས་ནས་མོད་པ་ཡང་བདེན་ཏེ། དེ་ལྟར་མིན་ཚེ་སྡེ་བའི་མིང་ལ་ནས་ལུང་ཞེས་འདོགས་དོན་མེད།  འཛིན་གྲྭ་གཅིག་གི་སློབ་གྲོགས་འགའ་རེས་རྟ་གོ་དང་སྡེ་བ་གཅིག་གི་སློབ་གྲོགས་ཚོར་མཐོང་ས་ཕྲད་ས་ནས་རི་ཞིང་གི་རི་ནག་གི་མི་ཞེས་འབོད་པ་དང་། སྐབས་རེར་བསམ་བཙུགས་ཏེ"ཁྱོད་ཚོ་ནས་ལུང་སྡེ་བར་ནས་ཕྱེ་མ་གཏོགས་བཟའ་རྒྱུ་གང་ན་ཡོད"ཅེས་འཕྱ་དགོད་བྱས་ཏེ་ཆུ་ཞིང་ནས་སིལ་ཏོག་སྣ་ཚོགས་སྨིན་ཐུབ་ཅེས་ངོམ་སོ་བྱེད་སྐབས། རྟ་གོས་ཕྱིར"ང་ཚོ་གྲོ་ནས་སྲན་གསུམ་གྱི་ཕ་ཡུལ་ཡིན། ཁྱོད་ཚོ་ཆུ་ཞིང་གི་མི་ཚོ་ངེད་ཅག་རི་མ་སྡེ་བར་གྲོ་ཕྱེ་ཁྱེར་ཡོང་སྟེ་ནས་ཕྱེ་ལ་བརྗེས་པ་མིན་ནམ། ཁྱོད་ཚོའི་རྩམ་པ་ཟ་སྤྱད་དེ་གང་ནས་ཡོང་བ་ཡིན། ང་ཚོའི་སྲན་ཕྱེ་མཐོང་ན་མཆིལ་མ་མིད་མཁན་དེ་ཁྱོད་ཚོ་ཆུ་ཞིང་གི་མི་མིན་ནམ"ཞེས་བཟློག་སྟེ་ཕ་རོལ་པོ་གྲགས་མེད་དུ་བཏང་ཞིང་རང་སྡེའི་ལ་རྒྱ་འཆོར་དུ་མ་བཅུག རུ་བར་དང་གཡུལ་ཁའི་སྒོ་ལམ་སོགས་སུ་?་འཛིང་དང་འབའ་འབུར་མང་ན་ཡང་། འདི་ནས་འཚར་ཞིང་རྩེད་འཇོར་རོལ་མྱངས་པའི་བུ་མོ་ཆུང་ཆུང་འདིར་སྔོན་ནས་གོམས་ལོབས་སུ་སོང་བས། མོ་བདེ་མྱུར་གྱིས་འགྲོ་བ་ནི་རི་དྭགས་གནའ་ཞིག་དང་འདྲ་ལ། ཡང་སྡེ་བ་ནས་བུད་དེ་འཕྲེད་དུ་འཐེན་པའི་རྐང་ལམ་བདེ་མོ་དེ་རུ་ཞུགས་པ་ན། ལན་བུ་ཐུང་ཐུང་གཉིས་པོ་གོམ་པའི་འགྲོས་དང་བསྟུན་ནས་སྐབས་རེར་ལྡེམ་ཞིང་སྐབས་རེར་གནམ་དུ་ཀེར་ཚུལ་ནི། ལུག་ཁྱུའི་རྗེས་སུ་ཨེ་ཆོད་ལ་བྲེལ་བའི་ལུ་གུ་ཞིག་དང་འདྲ། ཉག་གའི་ནང་ཐོན་པ་དང་། ས་དཀར་གྱི་རྐང་ལམ་དེ་མུ་ནས་མུ་རུ་སྒང་དེའི་ཕར་ནང་དུ་འཐེན་ཡོད་ན་ཡང་། ཉག་ག་བརྒལ་བ་དང་། ལམ་གྱི་གཡས་སུ་དཀྱོགས་ཏེ་གྱེན་དུ་འགྲོ་དགོས་ཏེ། ནས་ལུང་སྡེ་བས་ན་ནིང་ལོག་མར་བསྐྱུར་བའི་ཞིང་ཁ་ཤས་སྲུབ་ཀྱི་ངོས་འདི་རུ་ཡོད། མོ་ལ་ངོས་སུ་འགོས་ཤིང་། སྐེ་རགས་ཀྱི་ཞེང་ཙམ་ལས་མེད་པའི་ལམ་གྱ་གྱུ་དེ་རུ་ཞུགས། ད་ནི་ལོག་མའི་ཞིང་དག་ན་མཛོའམ་གཡག་དོར་སྦྲེལ་ཏེ་ལོག་རྒྱག་པའི་ཕོ་སྐྱེས་ཚོ་མཐོང་ལམ་དུ་མངོན་ཡོང་། ཐེམ་ཞིང་དག་མིག་གིས་བལྟས་ཚོད་ཀྱིས་ཐག་ཉེ་བར་སྣང་ན་ཡང་ཞིང་དང་ཞིང་བར་གྱི་ཐེམ་པ་མཐོ་བས་ད་དུང་བར་ཐག་ངེས་ཅན་ཞིག་ཡོད་ལ། ལ་ནས་ལ་བརྒྱུད་ན་ད་གཟོད་འཐོན་ཐུབ། ལོག་རྒྱག་ཚོས་ནངས་ཇ་ཁྱེར་ཡོང་བ་མཐོང་བ་ན། ཁ་ཤུ་འདེབས་པའི་སྐད་མགོ་ཇེ་མཐོར་གྱུར་ལ། གླང་ལྕག་ཀྱང་སྔར་བས་དགུང་ལ་འཕྱར་གྱིན་འདུག འོན་ཀྱང་དོར་དུ་སྦྲེལ་བའི་གཡག་དང་མཛོ་དག་གིས་སྔུན་ན་སྣ་ཕུ་རྒྱག་བཞིན་མགོ་གཡུག་གཡུག་བྱེད་པར་བལྟས་ན། གཞུག་ན་གླང་ལྕག་འཕྱར་བའི་བདག་པོ་ལ་ད་ནི་ངས་ཀྱང་ངལ་གསོ་བྱེད་རན་སོང་ཞེས་མ་རངས་པའི་འཁང་ར་བགྱིས་པ་དང་འདྲ། རྟ་གོ་ཡར་ལ་ཅུང་ཙམ་སོང་བ་ན། ཇ་འཁྱེར་འགའ་རེ་མོའི་སྔུན་ན་ཤོར་ཟིན་པ་དང་། འགའ་རེ་ལོག་རྒྱག་བཞིན་པའི་ཞིང་ཁར་ཐོན་པར་མ་ཟད། རྒྱབ་ཀྱི་སླེ་བོ་ཐང་ལ་འབོག་བཞིན་མཆི། གཞུག་ན་ལུས་པ་མི་གཅིག་དང་གཉིས་ལས་ལྷག་མི་འདུག ཉི་འོད་ཀྱི་ལྡ་ལྡི་འཐེན་པའི་ཞིང་ན་སྔ་གཞུག་བྱས་ཏེ་ཕྲུ་སློག་བྱེད་བཞིན་པའི་ཨ་ཕ་དང་ཕུ་བོ་གཉིས་ཀྱིས་སྐབས་སྐབས་སུ་མར་ཕྱོགས་སུ་མིག་ཞགས་འཕེན་གྱིན་འདུག་པས། བུ་མོ་རྟ་གོ་ལ་འཚུབ་ཆ་ཞིག་ངང་གིས་ལངས། མོས་རང་ཚང་གི་ཞིང་ཁར་མྱུར་དུ་ཐོན་ཆེད། གོམ་པ་སྔར་བས་ཤུགས་ཀྱིས་སྤོས། སྐབས་ཤིག་ལ་སོང་བ་མགྱོགས་དྲགས་པས། མོའི་ཞབས་མཐིལ་གྱི་རི་མོ་ཟད་པའི་རས་ལྷམ་དེ་སྔོ་རྩྭ་ཞིག་གི་སྟེང་ནས་ཤུད་པ་ན། མོ་རྒྱབ་ཀྱི་ཁུར་བོའི་ལྗིད་ཤུགས་ཀྱིས་དེད་དེ་ཁྱར་ཁྱོར་ངང་འགྱེལ་ལ་ཁད་ཀྱི་སྐད་ཅིག་མ་དེར། རིག་པ་སྐྱེན་པོ་དང་དངངས་འཚབ་འདྲེས་མ་ཞིག་གིས་མོའི་པུས་མོ་མདུན་དུ་བཙུགས། གོམས་ཤུགས་ཤིག་གིས་ཚ་དེམ་མྱུར་དུ་བྲང་དུ་སྦྱར་བ་ན། རྒྱབ་ནས་དཀར་ཡོལ་གྱི་ཁྲོག་སྒྲ་ཞིག་བསྟུད་མར་གྲགས་བྱུང་། ཏག་ཏག་སྐབས་འདིར་ལམ་འོག་གི་རྩྭ་གསེང་ནས་བྱ་སྲེག་པ་ཞིག་ཀྱང་འདྲོགས་ཏེ། རྣར་གཟན་པའི་ཕུ་ཐག་ཐག་གི་སྒྲ་དང་བཅས་འཕུར་སོང་བས། མོའི་སྙིང་ཆུང་སྔར་བས་ཀྱང་ཇེ་དྲག་ཏུ་ལྡིང་བྱུང་། མོ་ནི་སེམས་ཁྲལ་དང་སྐྲག་སྣང་གིས་མིག་ཆུ་འཆོར་ལ་ཁད་དུ་གྱུར་མོད། རྒྱབ་ཀྱི་ཁུར་པོ་ཐང་དུ་ལྷུང་མི་འདུག་ལ། ཚ་དེམ་ཡང་ལག་ནས་ཡལ་མི་འདུག ད་ཅིའི་གཡོ་འགུལ་དྲག་པོ་དེའི་དབང་གིས་ཚ་དེམ་གྱི་ཁ་གཅོད་རྩ་ན་ཇ་ཁུ་ཡར་འཕྱུར་ཏེ། ཚིར་ཚིར་གྱི་སྒྲ་ཡང་མོ་ཞིག་མཆེད་ཀྱིན་གདའ། མོས་ཁ་གཅོད་དེ་མཛུབ་གུས་མནན་མནན་ཞིག་བྱས་རྗེས་ཡར་ལ་ལངས། མོ་ཐང་ལ་འགྱེལ་རྩིས་བྱས་པ་མོའི་ཨ་ཕས་ཀྱང་མཐོང་སོང་བ་འདྲ། མོ་ཡར་ལ་འགྲེང་བ་མཐོང་བ་ན། སླར་ཡང་གླང་ལྕག་གནམ་དུ་ཕྱར་ཏེ་རྨོན་དོར་གཉིས་ལ་ཁ་ལོ་བསྒྱུར་བྱུང་། རྟ་གོ་དེ་ལྟར་གྱེན་འགྲོ་འགའ་དང་གསེག་འགྲོ་འགའ་བྱས་མཐར་གཞི་ནས་ཁོ་ཚང་གི་ཞིང་ཁར་སླེབས། ཨ་ཕ་དང་ཕུ་བོ་གཉི་གས་ལོག་ཕྱེད་ཀ་བརྒྱབ་ཟིན་འདུག བསློགས་ཟིན་པའི་ས་ནག་གི་ཕྲེང་བསྟར་དང་། འཕྲོ་ན་ལྷག་པའི་སྔོ་རྩྭ་དང་ལྡུམ་བུས་ཁྱབ་པའི་ས་ལྗང་སེར་གཉིས་མདོག་མི་གཅིག་ཁ་ཁར་སྣང་བ་ནི། སློབ་མ་ཞིག་གི་ཕྱེད་ཀ་ཡིག་འབྲུས་གང་ཞིང་། ཕྱེད་ཀ་སྟོང་བར་ལུས་པའི་འབྲི་ཤོག་ཅིག་དང་གཉིས་སུ་མ་མཆིས།  རྟ་གོས་དབུགས་ལྷོད་རྔུབ་འགའ་བྱས་རྗེས། ཨ་ཕ་དང་ཕུ་བོ་གཉིས་ཀྱི་སྐོམ་ཆུ་འཐུང་བྱེད་དམ་བེ་སོགས་བཅུག་པའི་ཁུག་མ་དང་། ཐོང་ལྕགས་འཇོག་ས་དེར་ཡོང་སྟེ། ཚ་དེམ་ཐང་ལ་བཞག་པ་དང་། རྒྱབ་ཀྱི་སླེ་བོ་ག་ལེར་ཕོག མོས་ཚ་ལམ་ལམ་གྱི་གདོང་གི་རྔུལ་ཆུ་འབྱིད་བཞིན"ཨ་ཕ། ཕུ་བོ་དང་ཁྱེད་གཉིས་ད་ཤོག་ལ་ངལ་གསོས་དང"ཞེས་བོས། རྟ་གོས་འགེབས་བྱེད་ཀྱི་མགོ་དཀྲིས་རྙིང་པ་དེ་ཕྱེས་ཤིང་། སུམ་བརྩེགས་བྱས་པའི་དཀར་ཡོལ་ལག་ཏུ་བླངས་པ་ན། སེར་ག་ཙམ་ཡང་བུད་མི་འདུག ལྕགས་ཕོར་ལས་ཙི་ཏྲ་ཀའི་ཁུ་བ་དཀྲུགས་ཏེ་ཕྱི་ངོས་སུ་ཅུང་ཙམ་ལས་འཛར་བ་ལས་འཕོ་ཡེ་ནས་མི་འདུག མོས་མགོ་དཀྲིས་དེ་སྡེར་གཞུང་ཞིག་གི་ཚུལ་དུ་ཐད་ཀྱིས་བརྒྱངས་ཏེ་ཐང་ལ་བཏིངས། དེའི་སྟེང་ལ་གྲོ་ནས་གཉིས་ཀྱི་རླངས་འཁུར་དང་མར་རྩམ། ཟས་ཀྱི་སྤོད་ཡ་སོགས་བསྒྲིགས། ཨ་ཕ་དང་ཕུ་བོ་གཉིས་ཀྱིས་རྨོན་དོར་ཟུང་ཞིང་གཉའ་ལ་བརྒྱབ་སྟེ་སྔོ་རྩྭ་ཟ་རུ་བཅུག་རྗེས། ནངས་ཟས་བཟའ་བར་སླེབས། ཨ་ཕས་ངལ་དུབ་ཀྱིས་ངོ་གདོང་དམར་པོར་གྱུར་པའི་བུ་མོར་ལྟ་བཞིན"རྔུལ་ཆུར་ལྟོས་དང་། ད་ཅི་ཨེན་ཙམ་མིན་ན་ཁྱོད་ཐང་ལ་འགྱེལ་སོང་། ཡར་མར་འགྲོ་དུས་སེམས་ཆུང་བྱ་དགོས་ཡ"ཞེས་འཆད་ཀྱིན་རང་གི་གདོང་གི་རྔུལ་ཆུ་ལག་པས་ཕྱིས་བྱུང་། ཕུ་བོས"ད་ངོ་མ་ལྟོགས་ནི་ཞིག་རེད"ཅེས་མིག་གཉིས་ཟས་ཀྱི་སྟེང་ལ་གདངས་ཏེ་བཟའ་བཏུང་ལ་རྔམ་པའི་ཚུལ་སྟོན་མོད། སྔོན་ན་མི་ཆེ་གྲས་ཀྱིས་བཟའ་དགོས་པ་སྲོལ་ཡིན་པས། ཕར་བསྲིངས་པའི་ལག་པ་ཕྱིར་བསྐུམས་བྱུང་། ཨ་ཕས་བུ་མོས་དྲངས་པའི་འོ་ཇ་མཆོད་གསུམ་འཕངས་ལ། ཕུ་འགའ་བཏབ་པ་དང་། སྒོག་སྒྲ་འབྱིན་བཞིན་ཧུབ་འགའ་འཐུངས་པ་ན། ཕུ་བོས་ཀྱང་གཞི་ནས་ཨ་ཕ་ལྟར་འོ་ཇ་བསྟུད་མར་ཧུབ་འགའ་འཐུངས། ཁོང་དུ་སོང་བའི་འོ་ཇ་ཁམ་འགའ་ཡིས་ཕ་བུ་གཉིས་ཀྱི་སྐོམ་གདུང་ཅུང་ཙམ་བསལ་སོང་བ་འདྲ། གཉིས་ཀའི་གདོང་ནས་བློ་བག་ཚིམས་པའི་བདེ་བ་ཞིག་འཁྱུགས་བྱུང་། དེ་ནས་ཕ་བུ་གསུམ་པོ་ཟས་ལ་རོལ་འགོ་བརྩམས། ཨ་ཕས"ཨུན། ཨ་མས་དངོས་གནས་ལོག་རྒྱག་ལ་ཁིས་གི་མ་བཅུག་པ་རེད"ཅེས་མདུན་ན་སྤུངས་པའི་ཟས་སྣ་དག་ལ་ཅེར་བཞིན།  ནས་ཕྱེ་རླངས་འཁུར་དུམ་བུ་ཞིག་ཙི་ཊ་ཀའི་ཁུ་བར་བསྒྲེས་ཏེ་ཁ་ནང་དུ་བརྫངས། ཕུ་བོས་ཟས་མངར་མོ་འགའ་ཁ་ལ་རེག་པ་ན། "ཨ་ཨ་དགེ་བ་ཞིག་རེད"ཅེས་མངར་མོ་ཟས་ཀྱི་བཅུད་དེ་གནད་ཐོག་ལ་ཁེལ་བ་བཞིན་བསྟོད་པའི་སྐད་ཕྱུང་ཞིང་ཅབ་ཅབ་སྒྲ་ཆེ་རུ་འབྱིན། ཡིན་ཡང་སྐབས་འདིར་ཕུ་བོས་གློ་བུར་དུ"ཨ་ཙི། ཕུ་བོ་གཅོད་པ་ལ་ནངས་ཇ་ད་དུང་ཁྱེར་མ་ཡོང་བ་རེད"ཅེས་ཁོ་ཚང་གི་ཞིང་རྒན་གྱི་ཕར་སྣེ་ན་ལོག་རྒྱག་བཞིན་པའི་སྐྱེས་པ་དར་མ་དེ་ལ་ལྟ་བཞིན་ཡར་ཏོག་སེ་ལངས་བྱུང་། "ཕུ་བོ་གཅོད་པ། འདིར་ཤོག་ལ་ནངས་ཇ་ཐུངས་ཡ"ཞེས་བོས་པ་ན། ཨ་ཕས་ཀྱང་ངས་མཉམ་མ་བཞག་པ་རེད་ཅེས་སྨྲ་བཞིན་ཁ་ཕར་འཁོར་ཏེ"གཅོད་པ་ཤོག འདི་ནས་འཐུངས་ན་གཅིག་ཡིན་པ་རེད"ཅེས་བཤད་མོད། གཅོད་པས"ཁྱོད་ཚོས་ཐུངས་ཤིག ད་འཐོན་ལ་ཁད་ཡོད"ཅེས་བཤད་དེ་ལས་མཚམས་འཇོག་པའི་ཚུགས་ཀ་བསྟན་མ་བྱུང་། ཨ་ཕ་དང་ཕུ་བོས་ཡང་བསྐྱར་སྔོན་ལྟར་བོས་མོད། གཅོད་པས་མི་ཡོང་བའི་ལག་བརྡ་བསྟན་པ་ན། ཁོ་ཚོ་ཡང་ཐབས་ཟད་དེ་མུ་མཐུད་དུ་ཟས་ལ་རོལ། ཡུད་ཙམ་འགོར་བ་ན། ཕར་སྣེའི་ཞིང་ཁ་རུ་བུད་མེད་ཅིག་མངོན་བྱུང་། བུད་མེད་དེ་གཞན་མ་ཡིན་པར་རྟ་གོ་ད་ནངས་ལམ་གར་ཕྲད་པའི"ངའི་ནངས་ཇ་ད་དུང་ཁོལ་མེད"ཅེས་བྲེལ་བ་ལངས་པའི་བུད་མེད་དེ་རེད"ཁྱོད་ཀྱིས་ད་རེག་ཏུ་ཅི་ཞིག་ལས་བསྡད་པ་ཡིན།  གཞན་ཚང་མས་སྔོན་ཞིག་ནས་འཐུང་གིན་པ་མ་མཐོང་ངམ། ཕྱིར་ཁྱེར་ཅིག"གཅོད་པས་དེ་ལྟར་སྡིགས་མོ་བྱས་པ་འདི་ཕྱོགས་ནས་ཀྱང་གསལ་པོར་གོ་ཡོང་། གཅོད་པས་ཆུང་མར་དེ་ལྟར་སྡིགས་དོན་ནི་ནངས་ཟས་གཞན་གྱི་རྗེས་སུ་ལུས་པར་ངོ་ཚ་སྟེ་མ་བཟོད་པ་ཡིན་ཤས་ཆེ། རྟ་གོ་ལོ་ན་དྲུག་ཡས་མས་ཀྱི་སྐབས་ལ་ཨ་མས་རྗེས་སུ་ཁྲིད་དེ། ལོག་རྒྱག་ཨ་ཕར་ནངས་ཇ་འཁྱེར་བ་ལ། ཅུང་ཟད་རྗེས་སུ་ལུས་ན། ཨ་ཕ་ཡང་ངོ་ཚ་སྟེ་ཨ་མ་ལ་འདི་ལྟར་སྡིགས་མོ་བྱས་པ་རེད། ད་ལྟ་ཨ་ཕས་ཀྱང་འདས་སོང་ཚན་པ་ཐུང་ཐུང་དེ་དྲན་པ་ལོས་ཡིན། ཁོས་མགོ་གཡུག་གཡུག་ཙམ་བྱས་རྗེས་གདོང་ལ་ཁྲེལ་འཛུམ་ཞིག་མངོན། གཅོད་པས་མུ་མཐུད་དུ་ཤབ་ཤུབ་ངང་ཅི་ཞིག་ཟློ་བཞིན་ཡོད་མོད། སྐབས་ཤིག་ལ་ཁོས་ཀྱང་ལོག་རྒྱག་མཚམས་བཞག་སྟེ། བཟའ་ཟླའི་སྒུག་སར་སོང་ནས་ནངས་ཟས་ལ་རོལ་བཞིན་འདུག  སྔ་དྲོའི་ཉི་འོད་དེ་འདྲ་མི་ཚ་ལ། བསེར་བུ་ཡང་འཇམ་པས་ཚང་མའི་ལུས་སྟེང་གི་རྔུལ་ཆུ་རིམ་གྱིས་སྲད་སོང་། རྟ་གོའི་ཨ་ཕས་ལོག་ཕྱེད་ཀ་བརྒྱབ་ཟིན་པའི་ཞིང་ནང་དུ་ཅེར་བཞིན"འུ་ཅག་རི་མ་ས་ཆར་བཟའ་རྒྱུ་འཐུང་རྒྱུ་མོད་ལ། ལས་ཀ་ཡང་ཆུ་མ་ལྟར་མི་མང་། ཆུ་གཏོང་བ་སོགས་ཀྱི་ལས་ཀ་དེ་རི་མ་ས་ཆས་ལས་མི་དགོས། འོན་ཀྱང་ལོག་མའི་ཞིང་ལ་ལྔ་བའི་ནང་ལ་ཁེར་སློག་དང་། དྲུག་པའི་ནང་ལ་གཉིས་སློག་བྱ་དགོས་པའི་སྡུག་འདི་ཆུ་མ་ས་ཆས་མྱང་མི་དགོས"ཞེས་ཁེར་བཤད་ལྟ་བུ་ཞིག་བྱས་པ་དང་། ཁ་ཚུར་འཁོར་ཏེ་ཁ་གཏད་ཀྱི་བུ་ལ"ཁྱོད་སློབ་གྲྭར་བསྐྱལ་ན།  ཕྱིར་ཡུལ་ལ་བྲོས་ཡོང་།  ད་ལོག་བརྒྱབ་ན་སྐྱིད་པོ་ཨེ་རེད། ཕྱིས་སུ་ཁྱོད་ལ་འགྱོད་པ་སྐྱེ་དུས་ཤིག་ཡོད"ཅེས་བཤད་པ་ན། བུ་དགོད་ཙམ་བྱས་པ་ལས་ཅི་ཡང་མི་ཟེར། ཁོས་མུ་མཐུད་དུ་ཧུབ་སྒྲ་དང་ཅབ་སྒྲས་བཟའ་བཏུང་ལ་རོལ་བར་བལྟས་ན། ད་ནི་བུ་ངས་གཤོལ་མདའ་ནས་བཟུང་སྟེ་ལོག་རྒྱག་ཐུབ་སོང་། ཕ་ཁྱོད་ལ་རོགས་བྱེད་ཐུབ་སོང་ན། འགྱོད་པ་སྐྱེ་རྒྱུ་ཅི་ཡོད་ཅེས་སྙམ་པ་འདྲ། ཨ་ཕས་ཀྱང་བུ་ཡི་སེམས་ཁྲལ་དང་འདང་རྒྱག་མེད་པའི་ལྷོད་བག་དེ་མཐོང་བ་དང་། གདོང་ནས་བློ་བདེ་བའི་འཛུམ་ཞིག་འགོག་མེད་དུ་མངོན་མོད། གོ་བ་མེད་པ་འདི་ཞེས་སྡིགས་ཁུལ་ཞིག་བགྱིས་པ་དང་། འཛུམ་བག་དེ་དེ་འཕྲལ་ཕྱིར་བསྡུས་ཤིང་།  ཚབ་ཏུ་གཟབ་ནན་གྱི་མདངས་ཤིག་འབྱིན་བཞིན་བུ་མོའི་ཕྱོགས་སུ་འཁོར་ཏེ"རྟ་གོ ཁྱོད་ཀྱིས་ཕུ་བོ་ལ་གཏན་ནས་སློབ་མི་རུང་། འཁོར་བའི་ནང་ན་སྐྱིད་ཉུང་། ཡི་གེ་ལ་འབད་པ་གྱིས"ཞེས་སྨྲས་པ་ན། རྟ་གོས་ཀྱང་འཛུམ་དམུལ་ལེར་མགོ་བོ་ལྡེམ་ལྡེམ་འགའ་བྱས། ཁོ་ཚོས་ནངས་ཟས་རོལ་ཏེ་ཡུད་ཙམ་ཕྱིན་པ་ན། ནངས་ཇ་ཁྱེར་ཡོང་མཁན་འགའ་རེ་ཕྱིར་ཁྱིམ་དུ་ཆས་བཞིན་འདུག་ལ། ལོག་རྒྱག་ཚོ་ཡང་ཡར་ལ་ལང་བཞིན་རྐུབ་ཐོག་གི་རྡུལ་ལག་པས་སྤྲུག་བཞིན་མཆི། བུ་མོ་རྟ་གོས་དཀར་ཡོལ་དང་སྣོད་དག་ཕྱིར་སླེ་བོ་རུ་བསྡུས། ཨ་ཕ་དང་ཕུ་བོ་གཉིས་ཀྱང་ངལ་གསོ་མཚམས་བཞག་སྟེ་ཡར་ལ་ལངས་བྱུང་། རྟ་གོ་ལྡོག་ལམ་དེད་དེ་ཕྱིར་ཡུལ་དུ་འགྲོ་དུས་སླེ་བོ་ལ་ལྗིད་ཅིག་མེད་པས། དཀར་ཡོལ་བརྡར་བའི་སྒྲ་ཙམ་ལས་རྒྱབ་ན་ཁུར་བོ་ཞིག་ཡོད་པའི་སྣང་བ་མི་འཆར་ལ། ཚ་དེམ་ཡང་སྟོང་བར་ཕུད་པས་ལག་ཡས་ཤིག་གིས་བཟུང་སྟེ་ཁྱེར་ཆོག མོ་གསེག་འགྲོ་འགའ་དང་ཐུར་འགྲོ་འགའ་བྱས་པ་ན། སྐད་ཅིག་ཙམ་ལ་ཞོལ་གྱི་ས་དཀར་གྱི་རྐང་ལམ་དུ་ཐོན། ཉག་ག་དེ་བརྒལ་བ་ན། རང་སྡེ་མིག་ལམ་དུ་མངོན་བྱུང་། མདུན་ན་འགྲོ་བའི་བུད་མེད་དེ་དག་གི་རྗེས་སུ་ཆོད་པ་དང་། ཁོ་ཚོའི་ལབ་གླེང་ལ་ཉན་ཞོར་སྐབས་རེར་རང་ཉིད་ཀྱང་དེའི་ཁྲོད་དུ་ཞུགས། ལབ་གླེང་དུ་འཁོར་ཏེ་སྡེ་བའི་ནང་དུ་ཇི་ལྟར་སླེབས་པའང་མ་ཚོར། རྟ་གོ་ཁྱིམ་དུ་སླེབས་པ་ན། ཨ་མས་ཁང་ཀླད་ན་ཨོང་ལེབ་སྐམ་པོ་འགའ་དང་ཆག་པ་ཞིག་ལག་ཏུ་འཆང་ཞིང་། སྐས་ཐོག་ནས་མར་འབབ་རྩིས་བྱེད་ཀྱིན་འདུག བུ་མོ་ཕྱིར་སླེབས་པ་མཐོང་བ་ན"ཁྱོད་ཡོང་བ་བཟང་། ཆུ་ལེན་དུ་འགྲོ་དགོས་འདུག   འུ་གཉིས་ཀྱིས་ལོག་རྒྱག་ལ་གུང་ཇ་སྐོལ་དགོས"ཞེས་ལས་ལ་བསྐུལ་བ་ན། རྟ་གོས"ང་ཡུལ་ལ་ཐོན་མ་ཐག ཁྱོད་ཀྱིས་ཀྱང"ཞེས་རྒྱབ་ཀྱི་སླེ་བོ་ཐང་དུ་མ་བཞག་གོང་ལ། ཡང་བསྐྱར་ལས་ཀར་བསྐུལ་སོང་ཞེས་ཨ་མར་འཁང་ར་བྱས་པ་ན། ཨ་མས"ཡ་ཡ། དེས་ན་ཁྱོད་ཀྱིས་ངལ་ཅུང་ཙམ་གསོས་དང་། ཨ་མ་སོང་ནས་ཁུར་ཡོང་ཆོག"ཅེས་སྐས་ཐོག་ནས་བྲེལ་འཚུབ་ཀྱིས་འབབ་ཞོར་དུ་བཤད་པ་ན། རྟ་གོ་སླར་ཡང་རང་གིས་ཨ་མའི་ཁ་མ་བླངས་པ་མ་འགྲིག་ཅེས་འགྱོད་པ་ཞིག་དང་ཁ་སྐྱེངས་རྒྱུ་ཞིག་བྱུང་། ཨ་མ་ལ་བུ་མོ་མོ་མ་གཏོགས་ལས་རོགས་ཤིག་གང་ན་ཡོད། ཨ་ཅེ་གཉིས་ཀ་གནས་ལ་སོང་ཟིན། ཕུ་བོ་ལ་ད་དུང་ཆུང་མ་བླངས་མེད། རྟ་གོས་སླེ་བོ་རྒྱབ་ནས་བླངས་ཏེ་ནག་ཚང་དུ་བཞག་པ་དང་། ཆུ་རྫ་རྩ་ཡི་ལྕགས་ཟོ་གཉིས་ཀ་འདེགས་ཤིང་གིས་ཕྲག་ལ་ཁུར། ཡིན་ཡང་ལྕགས་ཟོ་གཉིས་པོ་ས་རུ་དྲུད་བྱུང་། དུས་རྒྱུན་ཆུ་ལེན་གྱི་ལས་ཀ་འདི་གཙོ་བོ་ཨ་མ་དང་ཕུ་བོས་སྒྲུབ་ཀྱིན་ཡོད། ཨ་མས་ཆུ་ལེན་ལ་ཤིང་ཟོ་འཁུར་གྱིན་ཡོད་པ་དང་། ཕུ་བོས་ལྕགས་ཟོ་འཁུར་གྱིན་ཡོད། ཆུ་འཁུར་བྱེད་ཀྱི་འདེགས་ཤིང་འདི་ཡང་ཕུ་བོའི་གཟུགས་ཀྱི་མཐོ་དམའ་དང་འཕྲོད་པར་བྱས་ཡོད། རྟ་གོས་སྣེ་གཉིས་ཀྱི་ལྕགས་ཀྱུ་ཟུང་ཡར་ཨ་ལོང་དུ་སྦྲེལ་ཏེ་ཐུང་ངུར་བསྟུངས་རྗེས་སླར་རང་གི་ཕྲག་ལ་བླངས། ཆུ་ལེན་ས་སྡེ་བའི་གོང་སྟོད་ན་ཡོད། མོ་རང་ཁྱིམ་གྱི་སྒོ་ལམ་ནས་བུད་དེ། གྱེན་དུ་འཐེན་པའི་སྲང་ལམ་དེ་ལ་ཞུགས། ཁྱིམ་ཚང་བཅུ་ལྷག་གི་རུ་བར་བརྒྱུད་དེ་སོང་བ་ན། ལྕགས་ཟོ་?་ལ་ཐོགས་པའི་ཏིང་སྒྲ་ཞིག་སྐབས་སྐབས་སུ་མཆེད་ཡོང་། ཆུ་མིག་ཁ་ན་བུད་མེད་ཅིག་གིས་ཤིང་ཟོ་རུ་ཆུ་བཅུས་ཚར་ཏེ། ཆུ་སྟེགས་ནས་མེར་གྱིས་གང་བའི་ཆུ་ཟོ་རྒྱབ་ལ་ལེན་གྱིན་འདུག མོ་འགུལ་བ་དང་བསྟུན་ནས་ཧ་ཡང་གི་ཐོམ་བུ་ཞིག་ཆུ་ཁ་ན་གཡེང་གིན་གདའ། "རྟ་གོ ཁྱོད་ཀྱང་ཆུ་ལེན་དུ་ཡོང་བ་ཡིན་ནམ"བུད་མེད་དེས་དེ་ལྟར་དྲིས་པ་ན། རྟ་གོས"འོ་ཡིན་ཡ"ཞེས་བཤད་པ་དང་། མྱུར་དུ་ལྕགས་ཟོ་བླངས་ཏེ་སྦྲིག་ཆུ་ཁར་བཟེད། རྟ་གོས་ལྕགས་ཟོ་གཉིས་པོར་ཆུ་གང་གང་ཞིག་དྲངས་པ་དང་། འདེགས་ཤིང་གི་ལྕགས་ལོང་དུ་བརྒྱུས་ཏེ་འཁུར་རྩིས་བྱེད་སྐབས། ཡང་བུད་མེད་ཅིག་ཆུ་ལེན་དུ་སླེབས་བྱུང་། "ཁྱོད་ཀྱིས་དེ་འདྲ་ཞིག་ཐེག་གམ"བུད་མེད་དེས་མིག་གིས་རེས་མོས་སུ་རྟ་གོའི་གཟུགས་པོ་དང་ཆུ་ཟོ་གཉིས་ལ་ཅེར་རྗེས་དེ་སྐད་བཤད་དེ། ཤུགས་སུ་ཆུ་ཕྱེད་ཙམ་རེ་ཁུར་ཏེ་སོང་ན་བཟང་ཞེས་བསྟན་མོད། རྟ་གོས་ངས་ཐེག་ངེས་ཡིན་ཞེས་འཆད་ཀྱིན་ཕྲག་ལ་བླངས། ཡིན་ན་ཡང་ཆུ་ཟོའི་ལྗིད་ཚད་དེ་ལུས་ཕུང་ཆུང་ཆུང་འདིའི་འདེགས་ཤུགས་ལས་འདའ་བས། མོས་ཕྲག་ཏུ་བླངས་མ་ཐག་གོམ་ཚུགས་མ་བརྟན་པར་ཕར་ཡོམ་ཚུར་ཡོམ་འགའ་བྱས་ལ། དེ་དང་བསྟུན་ནས་ལྕགས་ཟོ་གཉིས་ནས་ཆུ་ཡང་མི་ཉུང་བ་ཞིག་ཐང་ལ་ཤག་སེ་གཅོལ་སོང་། "ངས་བཤད་པར་མི་ཉན"བུད་མེད་དེས་ཆུ་བཅུ་མཚམས་བཞག་སྟེ་ཆུ་ལེན་བུ་མོ་ཆུང་ཆུང་འདི་ལ་ལྟ་བཞིན་དེ་ལྟར་བཤད་མོད། རྟ་གོས་སྐད་ཆ་དེ་ཡེ་ནས་མ་གོ་བ་བཞིན་འདེགས་ཤིང་ལ་ལག་པས་དམ་པོར་འཇུས་ཤིང་། ཕྲག་པས་གསིག་གསིག་གིས་བདེ་མོ་ཞིག་བྱས་རྗེས་གོམ་པ་མདུན་དུ་སྤོས། མདུན་དུ་གོམ་འགའ་སོང་བ་ན་ལྕིད་ཤུགས་ཤིག་གིས་མོའི་ཕྲག་པ་མར་མནན་ཏེ་དབུགས་ཀྱང་ལེན་དཀའ་བའི་གནས་སུ་གྱར་བར་བྱས་མོད། མོས་ཨམ་བཙུགས་བསྡམས་ཏེ་མུ་མཐུད་དུ་མདུན་ལ་སོང་།  ཁྱིམ་ཚང་ཞིག་གི་ལྟག་རྒྱབ་ཏུ་ཐོན་པ་དང་། མོས་གཞི་ནས་མ་བཟོད་པས་ཆུ་འཁུར་འདེགས་ཤིང་ཕྲག་ནས་བླངས་ཏེ་ངལ་གསོས། དེ་རུ་ངལ་ཅུང་ཙམ་གསོས་པ་དང་སླར་ཡང་འདེགས་ཤིང་ཕྲག་ཏུ་ཁུར། ད་ཅི་ཟོ་སྟོང་ཡིན་དུས་འདེགས་ཤིང་གི་མཐོ་དམའ་མོའི་གཟུགས་གཞི་དང་མཉམ་མོད། ད་ལྟ་ལྗིད་ཤུགས་ཀྱི་རྐྱེན་པས་མོའི་ལུས་ཕུང་འཁུམས་ཏེ་ཆུ་ཟོ་གཉིས་པོ་ས་ལ་འདྲད་མི་དགོས་པ་ཙམ་དུ་གྱུར། རུ་བར་ནས་སྐབས་རེར་?་འབུར་དང་ས་ཐོ་ལ་ཐོགས་ཏེ། ཟོ་ཁ་ནས་ཆུ་ཤག་སེ་ཤག་སེ་གཏོར་བྱུང་བ་ལ། མོར་སེར་སྣ་སྐྱེས་ཏེ་རྣམ་རིག་སྔར་བས་བསྒྲིམས་ཏེ་སོང་། ཕྲག་ཡས་གཅིག་ས་ནས་འཁུར་རྐྱང་བྱས་ན་ཕྲག་སྟེང་དེ་ཉིད་ན་ཟུག་གིས་མི་བཟོད་པས། སྐབས་ཤིག་ལ་མོས་ཕྲག་ཡས་ཅིག་ཤོས་ལ་སྤོར་ཏེ་ཁུར། ཆུ་ཁུར་ཏེ་ཡོང་གིན་ཡོང་གིན་དེ་སྔོན་སྲད་སོང་བའི་རྔུལ་ཆུ་དག་སླར་ཡང་མོའི་དཔྲལ་བ་རུ་བ?ལ་བྱུང་། མོས་ཆུ་ཁུར་གྱིན་ངོ་གདོང་དམར་ཆིལ་ལེར་ཁྱིམ་དུ་ཐོན་པ་ན། སྤོ་བོ་དང་རྨོ་མོ་གཉིས་ཀྱང་མ་ཎི་ཁང་དང་མཆོད་རྟེན་ཁ་ནས་ཕྱིར་སླེབས་ཤིང་། ཁྱམས་འོག་ཏུ་བསྡད་འདུག བགྲེས་པོ་བགྲེས་མོ་གཉིས་ཀྱིས་འདེགས་ཤིང་ཕྲག་སྟེང་དུ་ཟུག་ཅིང་སྐེ་ནང་དུ་འཛུལ་ལ་ཁད་ཀྱིས་དབུགས་ཧལ་ཧལ་འབྱིན་བཞིན་ཆུ་འཁུར་ཡོང་བའི་ཚ་མོ་མཐོང་བ་ན། "དེ་འདྲ་ཞིག་ཐེག་གམ། ཆུ་ཕྱེད་ཙམ་ཁུར་ཡོང་ན་ཆོག་ནི་རེད་མོད"ཅེས་མི་བཟོད་སེར་སྣའི་བརྩེ་བས་བཤད་པ་ན། ཁྱིམ་སྒོ་ནས་འབུད་བཞིན་པའི་ཨ་མས་ཀྱང་མཐོང་སྟེ། "གླེན་ཕྲུག་མ་འདིས་འདི་འདྲ་ཞིག་ཁུར་ཡོང་མི་རུང་བ་ལོས་ཤེས། ཕྱིས་སུ་ཕྱེད་ཙམ་ཁུར་ཡོང་ན་ཆོག ཨེ་གོ་ཐལ"ཅེས་འཆད་ཀྱིན་བུ་མོའི་ཕྲག་སྟེང་ནས་ལྕགས་ཟོ་གཉིས་ཀ་རང་གི་ཕྲག་སྟེང་དུ་བླངས་ཏེ་ནག་ཚང་ནང་དུ་ཁུར་སོང་། སྤོ་བོས་ཀ་རྩའི་ཁྲིའུ་ཞིག་སྟོན་བཞིན"རྟ་གོ འདིར་ཤོག་ལ་ངལ་གསོས་དང"ཟེར། མོ་ཁྲིའུ་རུ་བསྡད་པ་ན། སྤོ་བོས་ཡང"ཆུ་གན་འདྲ་མང་པོ་ཞིག་ཁུར་ཚེ་གཟུགས་སྐྱེས་པར་ཡང་གནོད་ནི་རེད། རང་གི་ཐེག་ཚོད་ཅིག་ཁུར་ན་ཆོག་ནི་རེད"ཅེས་བཤད་པ་ན། རྨོ་མོས་ཀྱང་རྗེས་མཐུད་དེ"ཆུ་ཉུང་ཉུང་རེ་བླངས་ན་རང་ལ་ལས་འདོད་ཀྱང་སྐྱེ་ངེས"ཅེས་ཉམས་མྱོང་དང་མན་ངག་ལྟ་བུའི་སྐད་ཆ་བཤད་བྱུང་། ཡུད་ཙམ་འགོར་བ་དང་རྨོ་མོས་ལག་པ་རུམ་ལ་འཇུག་བཞིན"ངས་ཁྱོད་ལ་ཅིག་སྟེར"ཞེས་འཆད་ཀྱིན་རུམ་ནས་ཤོག་ཐུམ་ཀ་ར་?ག་གཅིག་བཏོན་བྱུང་། "འདི་ཟོ། ང་ལ་ཨ་ཡེ་ཚེ་རིང་མཚོ་ཡིས་བྱིན་ནི" "འོ་ན། ཁྱོད་ལ"རྟ་གོས་ཕྱིར་རྨོ་མོ་ལ་སྟེར་རྩིས་བྱས་མོད། རྨོ་མོས་ངས་དེ་འཆོས་ན་སོ་ན་ངེས་ཞེས་མགོ་གཡུགས་གཡུག་བྱས་བྱུང་། ཡང་སྤོ་བོ་ལ་དྲངས་པ་ན་སྤོ་བོས་ཀྱང་དེ་རིགས་གློ་བར་མི་འཕྲོད་ཅེས་མགོ་གཡུག་བྱུང་། སྐབས་འདིར་རྟ་གོའི་ལྕེ་རྟིང་ནས་མཆིལ་མ་ཞིག་ཐོལ་གྱིས་འཕྱུར་བྱུང་། མོས་ཀྱང་དེའི་མུར་མཆིལ་མ་ཞིག་མིད་པ་དང་། ཤོག་བུ་སྔོ་ཁྲའི་ཐུམ་དེ་ཕྱིས་ཤིང་མངར་ཟས་སྒང་རིལ་དམར་སེར་ཅན་དེ་ཁ་ནང་དུ་འཕངས། ཟས་མངར་མོ་དེ་ལྕེ་རྩེ་རུ་བླངས་ཏེ་ཅུང་ཟད་ཞུ་བ་ན། ཞིམ་མངར་ཁྱད་པར་བ་ཞིག་ལྕེ་རྩེ་ནས་ལྕེ་རྟིང་དུ་འཁྱིལ། མངར་ཁུ་དལ་གྱིས་མིད་དེ་ཁོང་དུ་བཞུར་པ་ན།  མོའི་ལུས་ངལ་དག་ཀྱང་གང་ཞིག་ལ་ཞུ་བ་ལྟར་ལུས་ཕུང་བདེ་ཞིང་ཡང་བར་གྱུར། སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ཚ་མོའི་ཀ་ར་ཁ་རུ་བཟུང་བའི་ཞིམ་སྣང་ཆེ་བའི་ཉམས་དེ་མཐོང་བ་ན། གཉིས་ཀའི་གདོང་ནས་ཡིད་ཚིམ་པའི་སྤྲོ་སྣང་ཞིག་མངོན་བྱུང་། ཡིན་ན་ཡང་སྐབས་འདིར་ཨ་མ་གཅིག་པུ་ཐབ་ཚང་དུ་ལས་ལ་བྲེལ་བཞིན་པ་རྟ་གོས་ཚོར། དེ་ནས་ཞུ་མ་ཚར་བའི་ཀ་ར་དེ་མུར་གྱིན་ཐབ་ཁང་དུ་འཛུལ། ཨ་མས"ཁྱོད་ཀྱིས་ཞོག་ཁོག་དང་ཚལ་ཀུབ་འགའ་ཁྲུས་དང་། འུ་གཉིས་ཀྱིས་ལོག་རྒྱག་གཉིས་ཀྱི་གུང་ཇར་སྔོ་ཚོད་རྔོད་"ཅེས་བཤད་ཞོར། ཐབ་ཀ་ན་སི་སི་རླངས་པ་འཕྱུར་བཞིན་པའི་བ་མས་ཁ་ཕྱེས་ཤིང་། ཆུ་ཁོལ་ཐོམ་བུས་བཅུས་ཏེ་ཐབ་སྟེགས་སུ་བཞག་པའི་ཚ་དེམ་ལྟོ་ཆེ་གཉིས་ཀྱི་ནང་དུ་བླུགས་བྱུང་། "དེ་རིང་ཚ་བ་ཆེ་བས་ལོག་རྒྱག་གཉིས་སྐོམ་ཡོད་ངེས། ཆུ་ཁོལ་མང་དུ་ཁྱེར་ན་བཟང"ཞེས་འཆད་ཞོར། ཆུ་ཁོལ་བླུགས་པའི་ཚ་དེམ་ལྟོ་ཆེན་དེ་གཉིས་ནངས་ཇ་འཁྱེར་བྱེད་ཀྱི་སླེ་བོ་དེའི་གམ་དུ་བཞག རྟ་གོས་ཞོག་ཁོག་དང་ཚལ་ཀུབ་བཀྲུས་ཚར་བ་དང་། གཙབས་ཤིང་གི་ཐོག་ཏུ་སྤུངས་ཏེ་ཨ་མར་བསྒུགས། ཨ་མ་ཡོང་ནས་གཏུབ་གྲིས་སྔོ་ཚོད་དག་སྲབ་མཐུག་དང་ཆེ་ཆུང་མི་ཤོར་བར་གཙབས་པ་དང་། གཙབས་ཤིང་རིང་མོ་དང་བཅས་པ་ཁྱེར་ཡོང་སྟེ། ཐབ་སྟེགས་སུ་བཞག བ་མ་བླངས་ཏེ་དེའི་ཁ་མལ་དུ་སླ་ང་ཁ་གཡེལ་བ་ཅན་དེ་བཙུགས། འོག་ཏུ་མེ་བུས་པ་དང་། ཐབ་གཉའི་འབྲུ་མར་གྱི་སྣོད་ནས་སྣུམ་འདང་ངེས་པ་ཞིག་སླ་ངའི་ཞབས་མཐིལ་ལ་གཏད་དེ་འཛར་བར་བྱས། རྟ་གོའི་སྣང་བ་ཞིག་ལ་ལས་ཀ་དེ་དག་ཨ་མ་ཁ་ཕར་འཁོར་ཚུར་འཁོར་བར་ནས་སྐད་ཅིག་ལ་གྲུབ་པ་ཡིན་པས། མོ་ཡ་མཚར་ཞིང་ཡིད་ནས་སྨོན་པ་ཞིག་ཀྱང་ངང་གིས་ཤོར་སོང་། ཨ་མས་ཚོད་མ་བརྔོ་ལེན་པར་ཐབ་འོག་ཏུ་མེ་འབུད་རོགས་ཀྱི་གོ་མ་གཏོགས་མ་ཆོད་པས། རྟ་གོ་ཡི་མུག་ཅིང་། ནམ་ཞིག་གི་ཚེ་ན་རང་གིས་ཀྱང་ཚོད་མ་བརྔོ་རྒྱུ་ཅིས་ཀྱང་སློབ་དགོས་སྙམ། ཨ་མས་རང་གི་བུ་མོས་བུས་པའི་མེའི་བཙན་གཉོམ་དང་བསྟུན་ཏེ། ཐུར་མས་བདེ་ལྕག་འཁྱུག་པོས་དཀྲུགས། སྐབས་སྐབས་སུ་སླ་ང་ནས་སྔོ་ཚལ་ཞིག་ཐུར་མས་བླངས་ཏེ། ཚོས་ཡོད་མེད་མྱངས། ཁང་པའི་དཀར་ཁུང་ནས་ཉི་ཐིག་རིང་མོ་ཞིག་ཐབ་འགྲམ་དུ་འཐེན་ཞིང་། དེའི་ཀློང་ན་རྡུལ་དང་རླངས་པ། ཟས་ཀྱི་དྲི་མ་སོགས་འཚང་ཁ་ཤིག་ཤིག་གིས་བར་མེད་དུ་ལྡིང་སྐོར་རྒྱག་བཞིན་འདུག སྐབས་འདིར་ཉི་མ་ཡང་དགུང་གི་དཀྱིལ་ལ་ཕྱོགས་བཞིན་པ་འདྲ། ཁང་ཀླད་དུ་བྱོ་བའི་ཉི་ཟེར་གྱི་ཁུ་བས་ཁང་པའི་ལྕམ་དྲལ་བརྟོལ་ཏེ། ནང་དུ་འཛགས་པ་ན། ཕྱི་རོལ་གྱི་ཚ་རླངས་དང་ཐབ་ཁང་གི་དྲོད་རླངས་གཉིས་དཔུང་སྡེབ་ཀྱིས་མ་སྨད་གཉིས་པོ་བཏུམས་ཏེ་འདུག་མི་བཟོད་པར་བྱས་མོད། ཨ་མའི་རླུང་བསེར་བུ་ལྟར་མྱུར་ཞིང་སྐྱེན་པའི་ལག་པ་དེས་ཞོག་ཁོག་དང་ཚལ་ཀུབ་གཉིས་སྔ་རྗེས་སུ་བརྔོས་ཚར་ལ། དེ་ལོག་རྒྱག་དང་ཁྱིམ་འདུག་གཉིས་ལ་སྐལ་རེ་བགོས། དེ་ནས་དཔྲལ་བའི་རྔུལ་ཆུ་ལག་པས་འབྱིད་ཀྱིན་ཚ་དེམ་ལྟོ་ཆེན་གཉིས་སླེ་བོའི་ནང་དུ་བཞག  ཐིག་སྐུད་གཅིག་གིས་ཚ་དེམ་གྱི་འཇུ་བཟུང་ནས་སླེ་བོའི་ཚགས་ལ་དྲངས་ཏེ་བསྡམས། དཀར་ཡོལ་དང་། སེར་ཏིག་ཏིག་གི་གོ་རེ་བརྔོ་བླངས། ཇ་ལོ། བརྔོས་ཚལ་སོགས་ཚ་དེམ་གྱི་རྩར་བཞག་ལ། ཐོག་ཏུ་མགོ་དཀྲིས་དམར་ཁྲ་དེས་བཀབ། ཨ་མས་སླེ་བོ་བུ་མོའི་རྒྱབ་ཏུ་བཞག་པ་དང་། བསིལ་གདུགས་ཆེ་བོ(འོག་ཏུ་མི་བཞི་ཤོང)དེ་རྟ་གོའི་ཕྲག་པར་འཇོག་བཞིན་ད་ནངས་ལྟར"མགྱོགས་པོར་སོང་། གཞན་གྱི་རྗེས་སུ་ལུས་པར་མ་འཇུག"ཅེས་བཤད་ཀྱིན་ལམ་འཇུག་བྱས། རྟ་གོ་ཐབ་ཚང་ནས་བུད་དེ་ཁྱམས་རར་ཐོན་པ་ན། སྤོ་བོས་སྔར་བཞིན་ཁྱམས་འོག་ཏུ་མིག་ཟུང་ཟིམ་མེར་ཕྲེང་བ་འདྲེན་བཞིན་ཁ་ཏོན་བྱེད་བཞིན་འདུག་ལ།  རྨོ་མོས་ལྷས་ན་ཉི་མར་ལྡེས་པའི་ཆུར་བ་ལག་པས་བརྡལ་གྱིན་མཆི།  ཚ་མོའི་མགོར་ཞྭ་མོ་མེད་པ་མཐོང་བ་དང་། རྨོ་མོས"ཞྭ་གྱོན་ལ་སོང་། དེ་རིང་གི་ཙད་ལ་ལྟོས་དང་།  དངོས་གནས་བསྲེག་རྒྱུ་རེད"ཅེས་འཆད་ཀྱིན་ཕར་སོང་སྟེ་ཀ་མགོར་བཀལ་བའི་རས་ཞྭ་སྣ་འཁྱིལ་དེ་བླངས་ནས་ཚ་མོའི་མགོ་ལ་བསྐོན། 

 

        ཞོགས་པའི་སྐབས་སུ་ཉི་རྩེ་རི་ལ་ཤར་མ་ཐག་ཡིན་པས། སྲང་ལམ་ཀུན་ཏུ་བསིལ་སིང་ངེར་ཡིན་མོད། ད་ལྟ་ཉིན་དཀྱིལ་ལ་ཉེ་བཞིན་པས། གང་སར་ཉི་འོད་ལྷག་ལྷག་འཕྲོས་ཏེ་ཚ་དྲོད་ནི་འཛེམ་བག་དང་ཐོགས་རེག་མེད་པར་འཕྱུར་གྱིན་གདའ། རྟ་གོ་རུ་བར་ནས་སོང་བ་ན།  ནངས་མོ་ལྟར་ལོག་རྒྱག་གི་ཇ་འཁྱེར་མཁན་འགའ་རེ་མོའི་སྔོན་ན་འགྲོ་བཞིན་འདུག་ལ།    འགའ་རེ་གཞུག་ན་འོང་གིན་གདའ། ཚང་མ་ད་ནངས་རྒྱུ་སའི་བཤུལ་ལམ་དེད་དེ་འགྲོ་བཞིན་མཆི། དབྱར་ཟླ་དྲུག་པའི་ཉི་མ་ནི་དངོས་གནས་མེ་ཡི་ཕུང་བོ་ཞིག་དང་མཚུངས་པ་ལ། ད་ལྟ་རྐང་ལམ་དང་གྲོ་ནས་ཀྱི་ཞིང་ཁའི་སྔོ་རྩྭ་དག་ནི་ཉི་མས་ཚིག་སྟེ་ལོ་འདབ་དག་ཐུར་དུ་དཔྱངས་ཤིང་ཉམས་ཤོར་འདུག རྐང་འོག་གི་ས་གཞིའི་བརླན་དག་ཉི་མས་བཞིབས་ཏེ། གྱོང་ཞིང་མཁྲེགས་ཏེ་རྐང་མཐིལ་ལ་རྩུབ་རེག་ཆེ། རྩྭ་མགོ་དང་ནས་ཞིང་གི་མཐོངས་ན་འོད་རླབས་གྱ་གྱུར་རྩེན་ཞིང་། དེ་ནི་མེ་ཡི་ལྕེ་ཞགས་རྐྱོང་བ་ཞིག་དང་མཚུངས་པས། མིག་ལམ་དུ་རྒྱུ་བ་ཙམ་གྱིས་ལུས་ལ་ཚ་དྲོད་ཅིག་ངང་གིས་འཕེལ་བར་བྱས། ཉི་འོད་ཐད་ཀར་དུ་ཀླད་པའི་གཙུག་དང་རྒྱབ་གཞུང་དུ་ཆུ་བཞིན་བཤོ་ཡོང་བས། ལོག་རྒྱག་གི་ཇ་འཁྱེར་མང་བོ་ཞིག་ཉག་ག་དེར་མ་སླེབས་གོང་དུ་རྔུལ་ཆུ་ཤམ་ཤམ་བཞུར་ཞིང་། སྤོ་བའི་གོམ་པ་ཡང་ངར་ཤུགས་བྲལ། ལྷག་ཏུ་བུ་མོ་རྟ་གོ་ལྟ་བུའི་ན་ཆུང་སྐོར་ཞིག་རྒྱབ་ཀྱི་ཁུར་བོ་དང་ཉི་མའི་ཚ་དྲོད་གཉིས་ཀས་མནར་ཏེ། བུད་མེད་དར་མ་དག་གི་དོ་ཡར་ཡོང་ཐབས་མ་བྱུང་། ལས་ཀར་བྱང་བའི་བུད་མེད་ཚོས་གདོང་གི་རྔུལ་ཆུ་འབྱིད་ཙམ་བྱས་རྗེས་མུ་མཐུད་དུ་གོམ་པ་རིང་ལེན་གྱིས་ལོ་ཆུང་ཚོ་གཞུག་ཏུ་སྐྱུར་བཞིན་འགྲོ། རྟ་གོ་ལུས་ངལ་གྱིས་མུ་མཐུད་དུ་མདུན་དུ་འགྲོ་མ་ཐུབ་པར། ཏལ་ཅིག་འགྲོ་མཚམས་བཞག་སྟེ་ངལ་གསོས་མོད། སྔུན་ན་བུད་མེད་ཚོས་བར་ཐག་རིང་མོ་ཞིག་བསྐྱུར་ཏེ་མགྱོགས་ཙམ་འགྲོ་བཞིན་མཆི་ལ། གཞུག་ན་བསྙེགས་ཏེ་འོང་བཞིན་པ་ཚོ་ཡང་མིག་གིས་བལྟས་བལྟས་ལ་མོ་དང་ཉེ་བར་འདུག"མགྱོགས་པོར་སོང་། གཞན་གྱི་རྗེས་ལ་ལུས་སུ་མ་འཇུག"ཨ་མས་བཤད་པའི་སྐད་ཆ་དེ་ཡིད་ལ་འཁོར་བ་ན། མོ་ལ་སྔར་ལས་བྲེལ་བ་ཞིག་ལངས། མོས་རྔུལ་ཆུ་ཕྱིས་ཤིང་། ཁོག་སྟོད་གསིག་རྡེབ་ཅིག་བྱས་ཏེ་ཁུར་བོ་བདེ་མོ་རུ་བཏང་རྗེས་མུ་མཐུད་དུ་མདུན་དུ་སོང་། ཡུད་ཙམ་གྱི་རྗེས་སུ་ཉག་ག་དེ་གཞི་ནས་བརྒལ་སོང་། གྱེན་ལམ་དེར་ཞུགས་པ་ན། ལོག་རྒྱག་ཚོ་ཡང་བསྐྱར་མིག་ལམ་དུ་མངོན་བྱུང་། ལོག་རྒྱག་ཕོ་སྐྱེས་ཚོས་གུང་ཇ་ཁྱེར་ཡོང་བ་མཐོང་ན་ཡང་། ད་ནངས་ལྟར་མཐོང་མ་ཐག་སྐད་མགོ་མཐོན་པོས་ཁ་ཤུ་འདེབས་པ་དང་། གླང་ལྕག་གནམ་དུ་འཕྱར་བའི་སྟོབས་དང་ཉམས་དེ་མི་འདུག ཉི་མའི་ཚ་ཟེར་འོག་ན་ལོག་རྒྱག་ཚོ་ལུས་ཉབ་ཉོབ་འདབ་ལོ་རྙིད་པའི་ཞིང་ཁའི་སྔོ་རྩྭ་དེ་དག་དང་འདྲ། རི་བྱིའུ་དག་ཀྱང་ཚ་བ་ལ་མ་བཟོད་པར་གང་ཞིག་ལ་བྱོལ་བ་ལྟར་ཀྱུར་སྒྲ་ཐོར་རེ་བ་ལས་གོ་རྒྱུ་མི་འདུག ད་ནངས་གསར་དུ་བསློགས་པའི་གནག་སྣུམ་གྱི་ས་རློན་དག་ད་ལྟ་སྐྱ་སིང་ངེར་སྣང་། ཨ་ཕ་དང་ཕུ་བོ་གཉིས་ཀྱིས་ཞིང་རྒན་སྔོན་ཞིག་ནས་བསློགས་ཚར་བར་མ་ཟད། ཞིང་རྒན་གྱི་གོང་གི་ཞིང་དེ་ཡང་བསློགས་ཏེ་གཉའ་ལ་གཏུགས་འདུག ཨ་ཕས་གོང་འོག་དང་གཡས་གཡོན་ལོག་རྒྱག་ཚོས་ད་དུང་གུང་ཟས་མི་ཟ་བའི་ཚུལ་དེ་མཐོང་བ་དང་། "ངེད་གཉིས་ཀྱིས་འདི་བརྒྱབ་ཚར་རྗེས་ཡོང"རྟ་གོའི་ཕྱོགས་སུ་ལྟ་ཙམ་བྱས་རྗེས་དེ་ལྟར་བཤད་། བསིལ་གདུགས་དང་སླེ་བོ་སོགས་ཐང་ལ་ཕོག་ཅིང་། དེ་ནས་བསིལ་གདུགས་བཀར་ཏེ་གུང་ཟས་བཅུག་པའི་སླེ་བོ་དེའི་འོག་ཏུ་བཞག གདུགས་སྔོན་པོ་འདིའི་ནང་རོལ་ཅུང་བསིལ་ན་ཡང་། ཕྱི་རོལ་གྱི་ཚ་བ་ནི་བདག་མེད་སྨྱོན་མ་ཞིག་དང་འདྲ་བར་ཞིང་ནང་གི་མི་ཕྱུགས་གཉིས་ལ་རུབ་རྒོལ་ཡང་ཡང་བྱེད་ཀྱིན་གདའ། རླུང་བུ་འཇམ་པོ་ཞིག་ལྡང་བའི་གོ་སྐབས་གང་ན་ཡོད། ཐ་ན་མཁའ་དབུགས་ཀྱང་དཀག་སྟེ་སྲ་འཐས་སུ་གྱུར། ལྟ་ཕྱོགས་ཤིག་ལ། ལོག་རྒྱག་ཚོའི་གཤོལ་མགོ་ན་འཕྱུར་བཞིན་པའི་ས་ནག་གི་རླབས་དག་ཉི་ཟེར་ཚ་མོས་སྐད་ཅིག་སྐད་ཅིག་ཉིད་ལ་དཀར་སྐྱར་སྒྱུར་གྱིན་གདའ།  ཡིན་ཡང་མི་ལུས་ལ་གཟན་པའི་ཚ་བ་འདི་སྲོག་ལྡན་གཞན་ཞིག་ལ་སྨན་དུ་སོང་ཡོད་དེ། གྲོག་མ་གཤོག་ཐོགས(འབུ་ཨང་ང་ཙི)ཚོགས་ནི་ཉི་རྡུལ་གྱི་ཀློང་ན་ཁྱུ་དང་ཁྱུ་བྱས་ཏེ་འཕུར་ལྡིང་བྱེད་ཅིང་། མིའི་སྟེང་ལ་ཉི་གདུགས་བཞིན་འཁོར་ནས་ཡོང་། རྟ་གོས་ལག་པ་ཕར་ཚུར་གཡུག་བཞིན་ཇི་ལྟར་ཕར་སྐྲོད་ཐབས་བྱས་ན། དེ་ནི་གྲོག་མ་གཤོག་ཐོགས་ཚོ་འབོད་པའི་གཡབ་མོའི་ཟླ་རུ་སོང་སྟེ། བུ་མོ་ཆུང་ཆུང་འདིའི་རྔུལ་ཆུ་ལས་བཅུད་ལྡན་ཟས་ཤིག་མཐོང་བ་བཞིན།  མུ་མཐུད་དུ་གདོང་ལ་མཆུ་འཛུགས་ཡང་ཡང་བྱས་ཡོང་། རྟ་གོས་ཞིང་ཁ་ནས་འབུ་ཉི་ཚེ་ལག་པས་བདའ་བཞིན་སྒུག་འདུག་སྐབས། ཨ་ཕ་དང་ཕུ་བོ་གཉིས་ཀྱིས་ཞིང་དེའི་ལོག་ཡོངས་སུ་བརྒྱབ་ཚར་ཏེ། གུང་ཟས་བཟའ་རུ་སླེབས་བྱུང་། སྐབས་འདིར་ཞིང་ཁ་གཞན་དག་ན་ཡང་གུང་ཟས་རོལ་གྲབས་བྱེད་ཀྱིན་འདུག  ཕ་བུ་གཉིས་ཀྱི་གདོང་ལ་རྔུལ་དྲེག་ཆགས་ཤིང་།  ཁ་ཡང་སྐམ་སྟེ་མཆུ་པགས་ཀྱི་ཤུན་པ་གོག་སྟེ་སྐྱ་ཐལ་ལེར་སྣང་ལ།  ངོ་གདོང་ཉི་མས་ཚིག་སྟེ་སྔར་བས་ཀྱང་དམར་ནག་ཏུ་གྱུར་འདུག  ཁོ་གཉིས་ཀྱི་གདོང་ན་ལས་འགན་ཞིག་གྲུབ་སོང་བའི་སྤྲོ་བ་དེ་འདྲ་མི་མཐོང་ལ། ལུས་ངལ་ཏེ་ཉབ་ཉོབ་ཏུ་གྱུར་པའི་ཚུལ་དེ་ནི། གཡུལ་ས་ནས་ཕྱིར་ལོག་པའི་དམག་མི་ཞིག་དང་མཚུངས།  ཉིན་ཕྱེད་རིང་ལ་གཡུལ་འགྱེད་དུ་ཞུགས་པ་ཡིན་མོད། རྒྱལ་ཕམ་འདི་ཞེས་གླེང་རྒྱུ་མེད་པའི་ཁར། རེ་ཞིག་ངལ་གསོ་ན་ཡང་། གུང་ཟས་ཀྱི་རྗེས་ནས་སླར་ཡང་གཡུལ་འགྱེད་འདི་རུ་ཞུགས་དགོས་པ་སྨོས་ཅི་དགོས། "དྲུག་པའི་ཙད་ལོག་རྒྱག་དུས་སུ། མི་ཤི་ནད་ཀྱིས་འཛིན་པར་ཤོག"རི་མ་ས་ཆར་དར་བའི་བཤད་རྒྱུན་འདི་བུ་མོ་རྟ་གོས་གཏམ་ཕར་བཤད་ཀྱི་བརྡ་འཕྲོད་དུས་དང་། ཚིག་ཚུར་བཤད་ཀྱི་དོན་གོ་དུས་ནས་བཟུང་རྣ་ཐོས་སུ་བྱུང་ན་ཡང་། དེ་རིང་མ་གཏོགས་ཚིག་འདིའི་དོན་མ་གོ མོས་དེ་རིང་ཨ་ཕ་དང་ཕུ་བོ་གཉིས་ཀྱི་ཉོབ་ཅིང་དུབ་པའི་ལུས་པོ་དང་། གདོང་གི་འུ་ཐུག་ཐབས་ཟད་ཀྱི་སྐྱོ་ཤས་སོགས་མཐོང་བ་ན།  བཤད་རྒྱུན་འདིའི་ཤུགས་བསྟན་ཡོངས་སུ་ཧ་གོ་བྱུང་། མོར་ཁོ་གཉིས་ལ་སྙིང་ནས་བརྩེ་བ་ཞིག་བྱུང་བས། རང་གི་ལུས་ཀྱི་ངལ་དུབ་དང་ཉི་མའི་ཚ་གདུང་དག་ཀྱང་རེ་ཞིག་བརྗེད་པར་གྱུར། གུང་ཟས་ལ་རོལ་རྗེས། རྟ་གོས་ཟས་ཀྱི་ལྷག་འཕྲོ་རྣམས་ཕྱིར་སླེ་བོ་རུ་བཅུག་པ་དང་། ཆུ་ཁོལ་འཕྲོ་མ་དེ་དམ་བུར་བླུགས་ཏེ། ཨ་ཕ་དང་ཕུ་བོ་གཉིས་ཀྱི་ཕྱི་དྲོའི་སྐོམ་སེལ་དུ་བསྐྱུར་རྗེས། ཕྱིར་ལྡོག་ལམ་དུ་ཞུགས།  

         ཁྱིམ་དུ་ཐོན་པ་ན། སྤོ་བོ་དང་རྨོ་མོ། ཨ་མ་གསུམ་པོས་ཁྱམས་འོག་ཏུ་གུང་ཟས་ཟ་བཞིན་པའི་སྒང་རེད། ཁོ་ཚོས་རྟ་གོ་ཚུར་བོས་ཏེ་ངལ་གསོ་རུ་བཅུག སྤོ་བོས"གདོང་གི་རྔུལ་དྲེག་ལ་ལྟོས་དང་། ལོག་རྒྱག་གིས་སྡུག་མྱོང་བར་མ་ཟད། ཇ་འཁྱེར་གྱིས་ཀྱང་སྡུག་མྱངས་སོང"སྤོ་བོས་ཚ་མོར་ལྟ་བཞིན་དེ་ལྟར་ལབ། ཡང"དེའི་འཕྲོར་ཁ་ལག་ཅིག་ཁྲུས་དང་། དགེ་བ་ཞིག་ཡིན"ཞེས་བཤད་བྱུང་། རྨོ་མོས"དྲུག་པའི་ཙད་ལོག་རྒྱག་དུས་སུ།  མི་ཤི་ནད་ཀྱིས་འཛིན་པར་ཤོག་ཟེར་བ་ཅིས་མ་བདེན། ཚ་གདུག་གིས་འུ་ཅག་ཁྱམས་འོག་ནས་ཀྱང་འདུག་མི་བཟོད་པའི་ཚོད་རེད། ལོག་རྒྱག་ཚོས་ཐེག་གམ"ཞེས་བརྩེ་བའི་རྣམ་འགྱུར་ཞིག་མངོན་པ་དང་།  མིག་གིས་ཉི་ཟེར་ཐོགས་རེག་མེད་པར་སྤྲོ་བཞིན་པའི་ལྷས་ཀྱི་མཐོངས་དབྱིངས་སུ་ཅེར། ཁོ་ཚོས་གུང་ཟས་ཟོས་ཚར་བ་ན། རྟ་གོས་ཨ་མ་ལ་རོགས་བྱས་ཏེ་དཀར་སྡེར་དང་ཤིང་ཙེ་སོགས་ཐབ་ཚང་དུ་བསྡུས། དཀར་ཡོལ་སོགས་འཁྲུད་རོགས་བྱེད་སྐབས།  ཨ་མས"ཁྱོད་སོང་ལ་མགོར་ཆུ་བྲོན་ལ་སྐྲ་ཤོད་ཅིག དཀར་ཡོལ་ངས་འཁྲུད"ཅེས་བཤད་བྱུང་།

 

        རྟ་གོས་མགོ་སྐྲ་བཀྲུས་ཚར་བ་ན། རྨོ་མོས"ངས་ཁྱོད་ལ་སྐྲ་བསླ"ཞེས་ཚ་མོར་རལ་བ་བསླས་ཤིང་རས་ཚར་དམར་པོ་ཞིག་གིས་ལན་ཚར་སྤྲད་བྱུང་། རྟ་གོའི་སྐྲ་རྫོང་མཐུག་ལ་རིང་བས། རྨོ་མོས་བསླས་པའི་ལན་བུ་གཉིས་པོ་སོག་རྒྱབ་ཏུ་དཔྱངས་པ་ན། སྣུམ་འོད་འཚེར་བའི་རྟ་ལྕག་གཉིས་དང་གཉིས་སུ་མི་འདུག་ལ། རལ་མཐུད་གཉིས་པོ་དྲེས་མའི་མེ་ཏོག་བཞིན་སྙིང་དུ་སྡུག རྨོ་མོས་ཚ་མོའི་ལན་བུ་སྦོམ་པོ་གཉིས་ལ་རེག་བཞིན། "ངའི་གཅེས་ཕྲུག་མའི་སྐྲ་བཟང་གི"ཞེས་བཤད་པ་དང་། ཡང་ཚ་མོའི་བཞིན་རས་ལ་ལྟ་ཙམ་བྱས་ཏེ། འཛུམ་དམུལ་ལེར"ཁ་མིག་ཀྱང་བཞུན་གི རྗེས་སུ་ནར་སོན་ཚེ། གནས་ལ་འགྲོ་ས་ཡོད་མེད་ལ་འདང་རྒྱག་དགོས་རྒྱུ་མ་རེད"ཅེས་དགོད་སྒྲ་ལྷང་ལྷང་དང་བཅས་བཤད་པ་ན། རྟ་གོ་ངོ་གདོང་ཚ་ལམ་མེར་མགོ་བོ་རང་བཞིན་གྱིས་དང་གར་སྨད་མོད། རྨོ་མོའི་བསྟོད་ཚིག་དེས་མོའི་སེམས་ཀྱི་དཔངས་ཀྱང་བསྟད་སོང་། སྤོ་བོས་ཀྱང་རྨོ་མོའི་སྐད་ཆ་གོ་སྟེ"འུ་ཚང་གི་མི་རྒྱུད་འདིར་མི་སྡུག་པོ་ཞིག་གཏན་ནས་མ་བྱུང་། གནས་ལ་འགྲོ་ས་དང་མནའ་མ་ལོན་མིན་ལ་ཅི་སྡུག"ཅེས་ཁེངས་རློམ་ཆེན་པོས་བཤད་པ་དང་། ཡང"ལྟ་ཕྱོགས་ཤིག་མིན་ཚེ། སྡེ་བའི་ནང་ན་འུ་ཚང་གི་བྱིས་པ་ཚོའི་ཡག་ཅིག་མེད་གི"ཅེས་བཤད་པ་ན།  རྨོ་མོས་ཕྱིར"ད་ཆོག་གི ཡང་འུར་བསྟོད་བྱས་སོང་། སྡེ་བས་གོ་ན་འཕྱ་ངེས"ཞེས་སྔར་བཞིན་དགོད་ཀྱིན་བཤད་པར། སྤོ་བོས་ཚ་མོ་དང་རྨོ་མོའི་ཕྱོགས་སུ་ལྟ་བཞིན"བྱིས་པ་ཚོ་ཡག་མི་ཡག་ལ་སེམས་ཁུར་བྱ་དགོས་མེད། གཙོ་བོ་ཚེ་རིང་རྒྱུ་དེ་རེད"ཞེས་བཤད་པ་ན། རྨོ་མོས་ཀྱང"འོ་ལེ། ནད་མེད་ཚེ་རིང་བས་མི་ཆོག་པ་ཅི་ཡོད"ཅེས་རང་གི་ཚེ་གྲོགས་ལ་བདེན་ཁ་བྱིན། སྤོ་བོ་དང་རྨོ་མོས་ཁ་བརྡ་བྱེད་པའི་སྒང་དེར། ཨ་མས་རྒྱུན་འཁུར་སླེ་བོའི་ནང་ལ་ཁྱེམ་བུ་ཞིག་འཕངས་ཤིང་། རྒྱབ་ལ་འཁུར་གྱིན"ང་ཡུག་པོ་འབལ་བར་འགྲོ་རྒྱུ"ཞེས་སྒྱུག་པོ་སྒྱུག་མོ་གཉིས་ལ་གཏད་དེ་བཤད་པ་དང་། ཡང་ལྷས་འདབས་སུ་འགྲོ་བཞིན་ཁ་ཕྱིར་འཁོར་ཏེ"རྟ་གོ དེའི་འཕྲོར་ཁྱོད་ཆུ་ཁར་ལོག་རྒྱག་བསུ་རུ་འགྲོ་དགོས"ཞེས་བཤད་པ་ན། རྟ་གོས་ཡ་ཡ་ཞེས་ལན་བཏབ་པར། ལོ་ལོན་གཉིས་ཀྱིས་ཀྱང་མོ་འགྲོ་ནི་རེད་ཅེས་གསབ་བཤད་བྱས། ཨ་མ་ཞིང་ཁར་སོང་རྗེས། རྟ་གོ་སྤོ་བོ་དང་རྨོ་མོ་གཉིས་ཀྱི་མདུན་དུ་ཡུད་ཙམ་བསྡད་པ་ན། སྡེ་བའི་སྲང་བར་ནས་བྱིས་པ་སྐོར་ཞིག་གི་འུར་རྒྱག་པ་ཐོས་བྱུང་། སྐད་སྒྲ་དྭངས་མོ་དེ་དག་?་ཁབ་ལེན་བཞིན་མོའི་སེམས་ཀྱི་ལྕགས་ཕྱེ་དྲངས་བྱུང་། "ང་སྒོ་རུ་འགྲོ་རྒྱུ"ཞེས་བཤད་མ་ཐག་ཡར་ལངས་ཤིང་། རྒྱ་སྒོའི་ཕྱོགས་སུ་རྒྱུགས། མོ་འུར་སྒྲ་མཆེད་སའི་ཕྱོགས་དེར་ཕྱིན་པ་ན། མོ་དང་ན་མཉམ་གྱི་བྱིས་པ་ཕོ་མོ་སྐོར་ཞིག་རུ་བར་དུ་འདུས། སྲང་ལམ་ན་ཚ་གདུག་གི་ཆུ་བཞུར་གྱིན་འདུག་པས། ཁོ་ཚོ་མ་བགྲོས་གཅིག་མཐུན་ངང་སྡེ་བའི་གཡོན་ཟུར་གྱི་གྲམ་པ་རུ་རྐང་པ་བཀྲུ་རུ་ཕྱིན། ཚང་མས་?་ལེབ་བམ་?་འཇོང་འཇོང་རྐུབ་སྟེགས་སུ་བྱས་ཏེ། ལྷམ་ཕུད་པ་དང་དོར་མའི་འདབས་ཁ་ཡར་ལ་བརྫེས་ཤིང་། རྐང་པ་ཆུ་ནང་དུ་བཏང་། རི་ནས་འབབ་པའི་ཆུ་འདི་བསིལ་ཞིང་འཁྱག་པས། རྔུལ་ཆུས་བརླན་པའི་རྐང་པར་རེག་པ་ན། དེ་མུར་ཁམས་དྭངས་ཤིང་རིག་པ་ཇེ་གསལ་དུ་གྱུར། བྱིས་པ་འགའ་རེས་རྐང་པ་བཀྲུས་ཚར་རྗེས།  ཚང་མས་དོ་སྣང་མི་བྱེད་པའི་སྐབས་དང་བསྟུན་ནས། ལོགས་ཀྱི་ནེའུ་ལྡངས་དེའི་ཐོག་ལ་ཆུ་གཙུབས་ཏེ་སྐད་ཅོར་རྒྱག་བཞིན་ཕར་ཅུང་ཙམ་བྲོས་པ་ན། ཆུས་བརླན་པ་དེས་ཨ་ཆུ་ཆུ་ཞེས་སྒྲོག་གིན་ལྭ་ཐོག་གི་ཆུ་ཐིགས་དེ་སྤྲུག་ཙམ་བྱས་པ་དང་། ཕྱིར་ཕ་རོལ་པོར་གཏད་དེ་ཆུ་རྩེད་བརྩེས།  དེ་ནས་ཚང་མ་དོར་མའི་འདབས་ཁ་བརླ་རྩར་བརྫེས་ཏེ་ཆུ་གཞུང་ནས་ཡར་རྒྱུག་མར་རྒྱུག་གིས་ཆུ་རྩེད་བྱས། ཡུད་ཙམ་ཞིག་ལ་གྲམ་གཞུང་གི་མཐོངས་དབྱིངས་སུ་ཆུ་ཟེགས་དང་བྱིས་པ་ཚོའི་དགོད་སྒྲས་ཁེངས། ཆུ་རྩེད་བྱས་ཏེ་ལུས་ཐང་ཆད་རྗེས། བྱིས་པ་འགའ་རེས་གྱོན་པ་རློན་པ་ཕུད་དེ་?་ཐོག་ཏུ་སྐེམ་པ་དང་། འགའ་རེ་ཆུ་འགྲམ་གྱི་ལྕང་སྡོང་འོག་ཏུ་འོངས་ཏེ་གན་རྐྱལ་དུ་ཉལ་བཞིན་ངལ་གསོས། དགུང་གི་ཉི་མ་ནུབ་ཀྱི་ཕྱོགས་སུ་གསེག་ལ་ཉེ་བ་ན། སྡེ་དཀྱིལ་དང་སྡེ་འདབས་གང་ས་ནས་སྐད་འཛེར་འཛེར་གྱི་འབོད་སྐད་གྲགས་བྱུང་། བྱིས་པ་གཅིག་གཉིས་ཤིག་གིས་སྐད་དེ་གོ་བ་དང"ང་ཡུལ་ལ་ཤོག་ཅེས་འབོད་ཀྱིན་འདུག"ཅེས་ཡར་ལངས་པ་ན། བྱིས་པ་གཞན་དག་གིས་ཀྱང་ཡུལ་ལ་ལོག་རན་པ་ཤེས་ཏེ། ང་ཡང་འགྲོ་རྒྱུ་ཞེས་?་ཐོག་གི་ལྭ་བ་བླངས་ཏེ་ལུས་ལ་གྱོན།  

 

        རྟ་གོ་ཁྱིམ་དུ་ལོག་སྟེ། ཡུད་ཙམ་ཕྱིན་པ་ན། ཨ་ཕ་དང་ཕུ་བོ་གཉིས་ཞིང་ཁ་ནས་ཕྱིར་སླེབས་ལ་ཉེ་བ་ཤེས། རྟ་གོས་སྤོ་བོ་དང་རྨོ་མོ་གཉིས་ལ་ང་ཨ་ཕ་དང་ཕུ་བོ་གཉིས་བསུ་རུ་འགྲོ་རྒྱུ་ཞེས་བཤད་དེ་སྒོ་རུ་བུད། སྡེ་འདབས་ཀྱི་ཆུ་ཁ་རུ་ཐོན་ཏེ་ཅུང་ཙམ་བསྒུགས་པ་ན། ཨ་ཕ་དང་ཕུ་བོ་གཉིས་སྔ་གཞུག་གིས་གཤོལ་ཕྲག་ལ་ཁུར་ཞིང་། གཉའ་ཤིང་སྦྲེལ་བའི་མཛོ་དོར་དང་གཡག་དོར་གཉིས་ཀྱི་སྣ་ཐག་ནས་བཟུང་སྟེ་ཆུ་ཁར་ཐོན་བྱུང་། ཁོ་གཉིས་ཀྱིས་དོར་གྱི་གཉའ་ཤིང་དང་སྣ་ཐག་བླངས་པ་དང་མཛོ་དང་གཡག་རྣམས་ལ་ཆུ་འཐུང་དུ་བཅུག རྟ་གོ་ཕར་སོང་སྟེ་ཨ་ཕའི་ལག་ནས་གཉའ་ཤིང་བླངས་ཏེ་རང་གི་ཕྲག་སྟེང་དུ་ཁུར། ཁོ་ཚོ་གསུམ་པོ་ཆུ་ཁ་ནས་ཁྱིམ་དུ་ལོག་པ་དང་། ཨ་ཕ་དང་ཕུ་བོ་གཉིས་ཁྱམས་འོག་ཏུ་བསྡད་དེ་ངལ་གསོས། བུ་མོ་རྟ་གོ་ཕྱིར་ཁལ་མ་རྣམས་འཚོ་རུ་འགྲོ་དགོས་ཏེ། གལ་ཏེ་མྱུར་དུ་མ་སོང་ཚེ། ཟོག་དེ་དག་མར་གཞོང་གི་འབྲུ་ཞིང་དུ་ཤོར་ཉེན་ཡོད། དེ་ནས་ཆུ་ཕྱིང་དང་ལག་གློག་སོགས་གྲ་སྒྲིག་བྱས། མོས་མགོ་དཀྲིས་ཤིག་གི་ཁུགས་ལ་གོ་རེ་སྣ་གཅུ་དུམ་བུ་ཞིག་བཅུག དེ་སྐ་རགས་ཀྱི་ཚུལ་དུ་སྟོད་ལྭའི་ཐོག་བཅིངས། ཆུ་ཕྱིང་གྲིལ་རིལ་གྱིས་མཆན་འོག་ཏུ་བཟུང་ལ།  ལག་གློག་གློ་ཁུག་ཏུ་བཅུག མོ་འགྲོ་རྩིས་བྱེད་སྐབས། ཨ་ཕས་བུ་མོ་ལ"དགོང་མོའི་དུས་ཚོད་བཅུའམ་བཅུ་གཅིག་སྟེང་ཁལ་མ་རྣམས་ཕྱིར་ཐེད་ལ་ཤོག ནམ་ཕྱེད་བར་དུ་འཚོ་མི་དགོས"ཞེས་བཤད་པ་ན། མོས་ཀྱང་ལན་སྟེར་ཞོར་མྱུར་དུ་སྒོ་རུ་བུད། 

 

        ཁལ་མ་རྣམས་ཀྱིས་ཆུ་འཐུངས་རྗེས།  སྔོན་གྱི་འོང་སའི་ལམ་དེ་དེད་དེ་འགྲོ་བཞིན་འདུག རྟ་གོས་ཟོག་བཞི་བོ་དེད་དེ་རྩྭ་བཀག་བྱེད་ས་དེར་ཕྱིན། རྩྭ་བཀག་བྱེད་ས་ནི་སྡེ་བའི་སྲིབ་ཕྱོགས་ཀྱི་སྟོད་རྒྱུད་དེ། མཚོ་ཁ་ཞིང་རྒན(སྤོ་བོས་ཁོ་རང་གསར་བུ་ཡིན་དུས་ད་དུང་མཚོ་སྔོ་མེར་འཁྱིལ་ཡོད་ལ། ཕྱིས་སུ་རིམ་གྱིས་སྐམ་སྟེ་ཞབས་ན་ཆུ་འཁྱིལ་ཙམ་ལས་མ་ལྷག་ཅེས་བཤད་པ་རྟ་གོས་གོ་མྱོང)ཞེས་འབོད་པའི་ལོག་མའི་ཞིང་དེའི་འོག་རོལ་ན་འཕྲེད་དུ་འཐེན་པའི་ཟོག་ལམ་ཕྲ་བུ་དེའི་ཡན་གྱི་ས་དག་ཡིན། རྩྭ་ས་འདི་སྡེ་བ་གཞུང་གིས་དབྱར་ཟླ་དྲུག་པར་ལོག་རྒྱག་དུས་མ་གཏོགས་ཟོག་འཚོ་མི་ཆོག་པའི་སྒྲིག་ལམ་བཅས་ཡོད་པས།  ཞིང་བར་གྱི་སྔོ་རྩྭ་རྫུབས་ལ་རྩྭ་འཇམ། དེ་བས་ཁྱིམ་ཚང་ཁ་ཤས་ཀྱིས་ཁལ་མ་སྔ་མོ་ཞིག་ནས་དེ་གར་འཚོས་འདུག མོའི་རྗེས་ན་ཁྱིམ་ཚང་སྐོར་ཞིག་གིས་ཁལ་མ་གཅིག་རྗེས་གཅིག་མཐུད་དེ་འདི་ཕྱོགས་སུ་དེད་ཡོང་གིན་འདུག རྟ་གོས་མཛོ་དང་གཡག་བཅས་རྩྭ་གསེང་དུ་བཀྲམ་རྗེས། རྫི་བོ་ཚོ་འདུས་སའི་དེའུ་འབུར་གྱི་སྟེང་ལ་སོང་། ཟོག་རྣམས་རྩྭ་ལ་བཀྲམ་རྗེས། རྫི་བོ་ཚོར་ལས་རྒྱུ་ཅང་མེད། བུད་མེད་ཚོས་རུམ་ནས་འཕང་ལོ་དང་འཕང་བུ་བཏོན་ཏེ་འཁེལ་བྱེད་ཞོར་ལོ་ན་མཐོ་གྲས་ཀྱི་སྐྱེས་པ་རྒན་པ་ཚོ་དང་མཉམ་དུ་ཁ་བརྡ་བྱས་ཤིང་།  སྐབས་སྐབས་སུ་རྩྭ་གསེང་གི་ནོར་ཟོག་ལ་མིག་གཡེང་རེ་བྱེད་ཀྱིན་འདུག སྐབས་ཤིག་ལ་གསར་བུ་ཞིག་གིས་ཤོག་ཕེ་རྩེ་རྒྱུ་འགོ་བསླངས་པ་ན། གསར་བུ་གཞན་དག་ཀྱང་དེ་ལ་འཐད་བྱུང་། དེ་མ་ཐག་མི་བཞི་གོར་གོར་བྱས་ཤིང་། ཤོག་ཕེ་དཀྱིལ་དུ་བཞག་སྟེ་བརྩེས་བྱུང་། རྩེད་འཇོ་འདིའི་གྲས་སུ་མ་ཚུད་པ་རྣམས། མཐའ་ཁར་རུབ་སྟེ་ལྟད་མོར་བལྟས། རྟ་གོ་དང་ལོ་ན་མཉམ་པའི་བྱིས་པ་ཚོ་ཡང་ཏལ་ཙམ་ལ་ཕུ་བོ་ཚོའི་ཤོག་ཕེའི་རྩེད་འཇོ་ལ་བལྟས་མོད། དེས་ཡིད་དབང་འགུགས་མ་ཐུབ་པས་ཁོ་ཚོ་དེ་ནས་གྱེས་ཏེ། ས་སོབ་སོབ་ཀྱི་ཞིང་ནང་དང་སྔོ་ལྗང་ལྗང་གི་སྤང་ཁུགས་ནས་ཕན་ཚུན་བདའ་རེས་བྱས་ཏེ་རྩེ། གལ་ཏེ་མཛོ་རྒོད་པོ་ཞིག་རྩྭ་བཀག་ནས་མི་ཁོགས་པར་ནས་ཞིང་དུ་འཆོར་རྩིས་བྱེད་ཚེ། རྫི་བོ་ལོ་ན་ཆེ་བ་ཚོས་འཕྲལ་མར་ཀི་བཏབ་སྟེ་ཟོག་དེ་ལ་སྐྲག་སློང་བ་དང་། སྤང་ཁུགས་ན་རྩེད་འཇོར་རོལ་བཞིན་པའི་བྱིས་པ་ཚོ་མངགས་ཏེ་མཛོ་ཕྱིར་རྩྭ་བཀག་ཏུ་འདེད་འོང་དུ་འཇུག དེ་ལྟར་ཟོག་འཚོ་ཞོར་འུར་རྒྱག་བཞིན་རྩེ་མོར་གཡེངས་པ་ན། བྱིས་པ་ཚོས་དགུང་གི་ཉི་མ་ནུབ་རིའི་རྩེ་ལ་ནམ་ཞིག་ལ་ལྷུང་བའང་མ་ཚོར། སྲིབ་ཕྱོགས་འདི་རུ་གྲིབ་མ་རིང་ནས་རིང་དུ་འཐེན་པ་ན། སྡེ་བའི་མདུན་རིའི་སྐེད་ན་འཁྱུད་པའི་སེར་ལམ་ལམ་འོད་ཞགས་དེ་ཡང་ཐུང་ངུ་ནས་ཐུང་ངུར་འགྱུར་བཞིན་འདུག མདུན་རིའི་ངོས་ཀྱི་མཇུག་མཐའི་འོད་ཞགས་ཐུང་ཐུང་དེ་ཡོངས་སུ་མི་སྣང་བར་གྱུར་པ་ན། གྲིབ་མ་རིང་བོ་ཞིག་གིས་སྡེ་བའི་ཉིན་སྲིབ་མ་ལུས་པར་གཡོགས་བྱུང་ལ། སྡེ་བའི་ནང་ནས་དུད་སྤྲིན་སྔོན་མོ་མང་པོ་མཁའ་རུ་འཁྱུག སྐབས་འདིར་རྫི་བོ་ཁ་ཤས་ལྟོགས་ཏེ་མགོ་དཀྲིས་ཀྱི་ཁུགས་སམ་ཆུ་ཕྱིང་གི་ཁུད་ལ་བཅུག་པའི་རྒྱགས་ཕྱེ་བླངས་ནས་མགོར་སོ་བཏབ་ཏེ་ཟོས། རྟ་གོ་ཡང་ལྟོགས་བྱུང་བས། གོ་རེ་བླངས་ནས་ཟོས། སྲོད་ཀྱི་དུས་འདས་པ་ན། རྒྱང་མིག་རིམ་གྱིས་ཆད་ཅིང་མུན་པའི་རས་ཡོལ་གང་ཞིག་ནས་འཐེན་ཏེ་ཐོན་བྱུང་། སྐར་ཚོགས་ཀྱང་དང་ཐོག་གི་ཉུང་ངུ་ཐར་ཐོར་ནས་རིམ་གྱིས་ཇེ་མང་དང་འཚང་ཁ་ཤིག་ཤིག་གིས་འཚེར། མཁའ་རུ་རྒྱུ་སྐར་གྱི་ཕྲེང་བ་འཐེན་པ་ན། གྲོང་ཚོའི་ནང་ནས་ཁྱི་ཡི་འབ་སྐད་འགའ་རེ་ཡང་འདི་ཕྱོགས་སུ་རྒྱུ་ཡོང་། སྨག་རིམ་ཇེ་སྟུག་ཏུ་ཕྱིན་པ་དང་། ཉིན་གྱི་མི་བཟོད་པའི་ཚ་བ་དེ་ཡང་གང་ཞིག་ལ་ཡལ་ཟིན་པས། ད་ནི་ས་བབ་མཐོ་བའི་ཞིང་བར་དུ་འཁྱག་བསིལ་བསིལ་དུ་གྱུར། རྫི་བོ་ཚོ་འཁྱག་སྟེ་ལ་ལས་ཆུ་ཕྱིང་ལུས་ལ་གཡོགས་ཏེ་ཙོག་པུར་འདུག་པ་དང་། ལ་ལས་ཆུ་ཕྱིང་གི་ཁུགས་ལ་འཛུལ་ཏེ་ཉལ། རྟ་གོ་ཆུ་ཕྱིང་གི་ཁུགས་སུ་ཉལ་ཏེ་ཡུད་ཙམ་སོང་བ་ན། ལུས་པོ་དྲོས་བྱུང་བས་གཉིད་ལྕོག་ཅིག་ཀྱང་བརྒྱབ་བྱུང་། མོ་གཉིད་ཐུན་ལས་སད་པ་དང་དུས་ཚོད་དུ་རེད་ཅེས་དྲིས་པར། རྫི་རོགས་ཤིག་གིས་མཁྲིག་མའི་ཆུ་ཚོད་ལ་ལག་གློག་བཀར་ཏེ་བལྟས་རྗེས་ཆུ་ཚོད་བཅུ་དང་སྐར་མ་ཉི་ཤུ་རེད་ཅེས་བཤད་བྱུང་། རྟ་གོ་ཡར་ལངས་ཤིང་ཆུ་ཕྱིང་སླར་གྲིལ་རིལ་བྱས་ཏེ་མཆན་དུ་བཙིར་པ་དང་། ཁྱོད་ཚོས་ཁལ་མ་དེད་དེ་འགྲོ་རྒྱུ་ཡིན་ནམ་ཞེས་དྲིས་པ་ན། རྫི་གྲོགས་ཚོས་ང་ཚོས་ཆུ་ཚོད་བཅུ་གཉིས་བར་དུ་འཚོ་རྒྱུ་ཡིན་ཞེས་སྨྲས། རྟ་གོས་དེས་ན་ངས་སྔོན་ན་འདེད་རྒྱུ་ཡིན་ཞེས་འཆད་ཀྱིན་རང་ཚང་གི་མཛོ་དང་གཡག་བཞི་བོར་བསྙེགས་ཏེ་ཕྱིན། 

 

        ཟོག་བཞི་པོ་སྡེ་བའི་ཕྱོགས་སུ་བསྐོར་བ་དང་། ཁ་ཤུ་འདེབས་ཀྱིན་མདུན་དུ་དེད། དབྱར་ཟླ་དྲུག་པའི་མཚན་མོ་ནི་ཤིན་ཏུ་དྭངས་ལ། སྐར་ཚོགས་ཁྲ་ཆིལ་ལེ་འཚེར་བས། ལག་གློག་མ་བཀར་ཀྱང་?ག་ལམ་གསལ་པོ་ཞིག་མཐོང་ཐུབ། རྩྭ་གསེང་གི་འབུ་མེ་འཁྱེར་དག་གིས་ཀྱང་མོ་ལ་ཆེད་དུ་གྲོགས་བྱེད་པ་བཞིན་འོད་ལམ་མེར་འཚེར་གྱིན་གདའ། མོས་ཁལ་མ་བཞི་པོ་མཚོ་ཁ་ཞིང་རྒན་གྱི་གཞུང་ལ་འཐེན་པའི་ལམ་དེར་དེད་དེ་ཡོང་བ་ན། རྫི་གྲོགས་ཚོ་འདུག་སའི་དེའུ་འབུར་དེ་དང་བར་ཐག་རིང་བོ་ཞིག་བསྐྱུར་སོང་བས། མིའི་སྐད་སྒྲ་གཅིག་ཀྱང་གོ་རྒྱུ་མེད་པར་དབེན་འཇགས་སེར་གནས། ཁལ་མ་བཞི་པོ་མཚོ་ཁ་ཞིང་རྒན་གྱི་སྣེ་རུ་ཐོན་ལ་ཁད་དེར། གློ་བུར་དུ་ཞིང་འོག་ནས་རྭ་རྩེ་གནམ་དུ་གཟེངས་པའི་གཡག་རོག་ཞོལ་བོ་ཞིག་ཡར་མཆོངས་ཏེ་ཁལ་མ་བཞི་བོའི་དཀྱིལ་དུ་ལྡིང་བྱུང་། རྟ་གོས་རྟབ་རྟབ་པོར་ལག་གློག་གི་གློག་སྒོ་ཡར་དེད་པ་ན། ལག་གློག་དམར་འཚུབ་སེ་བསྲེགས་ཏེ་འགེར་རྒྱུ་མ་བྱུང་། ཡང་མར་བསྒུར་ཏེ་ལག་པས་མྱུར་དུ་སྤོ་ཐོ་ཞིག་བླངས་ཏེ་ཞོལ་ཆེན་དེ་ལ་བསྣུན་རྩིས་བྱས་པ་ན། གཡག་ཞོལ་ཆེན་དེ་མཐོང་ལམ་དུ་མི་འདུག མོས་མིག་རིག་རིག་གིས་གང་སར་བཙལ་མོད། སེམས་ཅན་སྟོབས་ཆེན་དེ་གར་སོང་ཆ་མེད་དུ་གྱུར་འདུག འོན་ཀྱང་སྐབས་འདིར་ཁོ་ཚང་གི་ཁལ་མ་བཞི་པོ་འདྲོགས་ཏེ་མཚོ་ཁ་ཞིང་རྒན་གྱི་ཡར་སྣེ་རུ་ཞོགས་སོང་། ཨ་ཙི། འདི་ཅི་ཡིན་ནམ། མོས་དངངས་ཤིང་འཚབ་པའི་སྒོ་ནས་སྐེ་ཡི་སྲུང་སྐོར་ལ་སྤར་འཆིང་ཞིག་བྱས་པ་ན། སྲུང་སྐོར་སྔར་བཞིན་སྐེ་ན་འདུག་པ་ཚོར་བས། བྲང་ཁོག་བརྟོལ་ལ་ཁད་དུ་ལྟིག་ལྟིག་ལྡིང་བཞིན་པའི་སྙིང་ཆུང་གི་འཚུབ་ཆ་དེ་ཅུང་ཟད་མར་འཇགས་བྱུང་། དེའི་མུར་ཁལ་མ་བཞི་པོའི་རྗེས་སུ་བརྒྱུགས། རྗེས་སུ་ཆོད་པ་དང་། མོས་ཟོག་བཞི་པོ་ཞིང་བར་ནས་གསེག་ཏུ་འཐེན་པའི་ཐུར་ལམ་དེ་རུ་དེད། ད་སྔོན་གློ་བུར་ཕྲད་པའི་སྦོ་རྩིད་འཇོལ་ལོ་ལོ་ཡི་ཞོལ་ཆེན་དེ་སླར་ཡང་མིག་ལམ་དུ་ཤར་པ་ན། མོས་ཐང་ནས་?་འགའ་ལག་ཏུ་བླངས། གཡས་གཡོན་གཉིས་ལ་མཉམ་བཞག་སྟེ་འོང་མོད། ཞོལ་ཆེན་དེ་ལ་ཡང་བསྐྱར་མ་ཕྲད། ཅང་མ་འགོར་བར་སྡེ་མཐའ་ཡི་གྲམ་ཆུ་ཁ་རུ་སླེབས་བྱུང་། གྲམ་ཆུའི་ཕ་རོལ་ན་ཁྱིམ་ཚང་ཞིག་ཆགས་ཡོད་ལ། ཚུར་རོལ་འདི་རུ་ཁྱིམ་ཚང་དེས་གཡུལ་ཁ་བསྐྱིལ་ཡོད། སྐར་འོད་ལམ་ལམ་འཚེར་བའི་དབྱར་གཞུང་གི་མཚན་མོ་འདིར། ཕ་གིའི་ཁྱིམ་ཚང་གི་སྒོ་ཐད་ནས་སྡེ་བའི་དཀྱིལ་དུ་འཐེན་པའི་ས་བྱེ་འདྲེས་མའི་ལམ་དང་། ཚུར་གའི་གཡུལ་ཁ་སོགས་སྐྱ་ཤག་གེར་མངོན་ཡོང་། རྟ་གོས་ཟོག་བཞི་པོ་ཆུ་འཐུང་དུ་བཏང་བ་དང་། ཕྱུགས་རྫི་ཚོ་དུས་རྒྱུན་འདུག་སའི་?་རྒན་དེའི་སྟེང་ལ་འགོས་ཏེ་ངལ་གསོས། སྤྱིར་ཡིན་ན་གྲམ་པ་འདི་རུ་ཁྱིམ་མི་ཚོ་ཟོག་རྫིའི་སྔོན་དུ་ཡོང་བ་ཡིན་མོད། དོ་ནུབ་ཁྱིམ་མི་གཅིག་ཀྱང་བསུ་རུ་ཡོང་མི་འདུག མོས་མི་ཡོང་བའི་རྐྱེན་ཅི་ཡིན་ནམ་ཞེས་སེམས་ཀྱིན་ངལ་གསོ་བཞིན་པའི་སྐབས་ལ། རྒྱབ་རོལ་གྱི་ས་ཐོ་དེའི་སྒང་ནས་ཧྥེའུ་ཧྥེའུ་ཞེས་སོ་སྒྲ་ཉིས་རྩེག་ལན་འགར་གྲགས་བྱུང་། མོས་སྒྲ་དེ་འབྱིན་མཁན་མི་ཞིག་ཡིན་པ་གདོན་མི་ཟ་སྙམ་སྟེ། ཁ་ཕྱིར་འཁོར་ཏེ་བལྟས་པ་ན། སེར་ཐོ་བཞི་བཙུགས་མ་དེ་ས་འབུར་སྟེང་ན་ནག་ཡོར་ཡོར་འགྲེང་ཡོད་པ་ལས། མི་གཅིག་ཀྱང་མཐོང་རྒྱུ་མ་བྱུང་། མོས་ཅི་ཡིན་ཆ་མ་འཚལ་བར་ཧ་ལས་བཞིན་པའི་སྐབས། ?་ཕ་བོང་འོག་གི་གཡུལ་ཁའི་མཐའ་ཡི་?་ལོག་གི་གསེང་ནས་ཁྲོག ཁྲོག ཁྲོག་ཅེས་མིས་གོམ་པ་སྤོ་བའི་སྒྲ་གསལ་པོ་ཞིག་མཆེད་བྱུང་། རྟ་གོས་མིག་ཧུར་གྱིས་གདངས་ཏེ་ཞིབ་ཏུ་བལྟས་མོད། མི་ཞིག་གི་གཟུགས་ཤིག་གཏན་ནས་མཐོང་མ་བྱུང་། ཁྲོག་ཁྲོག་གི་?ག་སྒྲ་དེ་ཡལ་ཏེ་ཅང་མ་འགོར་བར། ཕ་གིའི་ལམ་སྐྱ་ཤག་དེའི་ནང་ནས་མུ་མཐུད་དུ་གཟུགས་མེད་ཧྲག་ཧྲག་གི་?ག་སྒྲ་ཞིག་བསྟུད་མར་གྲགས་ལ། ཧྲག་སྒྲ་དེ་ཁྱིམ་ཚང་དེའི་སྒོ་ལམ་བར་དུ་འཐེན་བྱུང་། རྟ་གོའི་བསམ་པར་དོ་ནུབ་གཟུགས་མེད་གན་གྱིས་ང་ལ་གནོད་སྐྱེལ་སྲིད་སྙམ་སྟེ། ཁལ་མ་རྣམས་འདྲོགས་ཏེ་གཞུག་གི་མི་མི་གཅིར་བའི་ཆེད་དུ། སྔོན་དུ་འགྲོ་རུ་བཅུག་ལ།  རྫི་བོ་རྗེས་ནས་རྒྱང་བཀྱེད་དེ་སོང་། ས་དཀར་གད་ཁུང་ཞེས་པའི་གནས་དེར་ཉེ་བྱུང་། གད་ཁུང་དེའི་གཤམ་ན་?་མཆིག་གུ་ཆེན་པོ་གཉིས་བསྐྱུར་ཡོད་པ་དེ་མཚན་མོའི་སྐར་འོད་ལམ་ལམ་གྱི་འོག་ན་དཀར་ལོག་གེར་སྣང་། དོ་ནུབ་ཕར་བལྟས་ན་མཆིག་གུའི་ཕག་ན་ནག་རོག་གེ་ཅི་ཞིག་བསྐུངས་ཡོད་པ་འདྲ་ལ། ཕག་ཏུ་ཡིབ་མཁན་དེས་ཚུར་འདི་ཕྱོགས་སུ་ལྐོག་ལྟ་བྱེད་བཞིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར། འོན་ཀྱང་དགའ་འོས་པ་ཞིག་ནི། གད་འོག་དང་གད་གཉའ་གཉིས་ལ་ལམ་རེ་ཡོད་དེ། ལམ་དེ་གཉིས་གང་བརྒྱུད་དེ་སོང་ཡང་། མོ་ཚང་གི་སྒོ་ཁར་བདེ་མོར་སོན་ཐུབ། ད་ནི་ཁལ་མ་བཞི་པོ་གང་ནས་སོང་ན་དེ་ནས་འགྲོ་བ་ལས་འོས་མེད། མོས་དེ་ལྟར་སྙམ་ཞིང་ཟོག་བཞི་པོར་གང་དགར་ལམ་ཁྲིད་བྱེད་དུ་བཅུག ཁལ་མ་བཞི་པོས་ཀྱང་རྫི་བོ་ཆུང་ཆུང་འདིའི་སེམས་ཁམས་རྟོགས་པ་བཞིན་གད་གཉའ་རུ་བསྐོར་བའི་ལམ་དེར་གཤར་བྱུང་། གད་སྟེང་ལས་བབས་ཏེ་མདུན་དུ་ཅུང་ཙམ་སོང་བ་ན། རྟ་གོ་གཞི་ནས་རང་ཁྱིམ་གྱི་རྒྱ་སྒོའི་ཁར་སླེབས་བྱུང་། ཡིན་ཡང་མོས་རྒྱ་སྒོ་ཁྲོག་སེ་ཕྱེས་ཀྱང་ཁྱིམ་མི་ཚོ་སྔར་བཞིན་མོའི་སྔོན་དུ་མ་ཡོང་། མི་ཁང་ནས་འཕྲོས་པའི་གློག་འོད་དེ་ལྷས་སུ་འཕྲོས་ཤིང་། ཁ་བརྡའི་སྐད་སྒྲ་ཡང་ལྷས་རུ་མཆེད་ཡོང་གིན་འདུག མོས་ཁལ་མ་བཞི་པོ་ནོར་ཁང་དུ་བཅུག་པ་དང་། གོམ་པ་མྱུར་དུ་ལེན་གྱིན་མི་ཁང་དུ་འཛུལ་པ་ན། བཟའ་ཚང་གང་པོ་གོ་ཁར་རུབ་སྟེ་ཁ་བརྡ་བྱེད་ཀྱིན་འདུག བུ་མོ་ནང་དུ་ཡོང་བ་མཐོང་བ་ན། ཚང་མས་དེ་འཕྲལ་ཁ་བརྡ་བྱེད་མཚམས་བཞག་སྟེ་མོའི་ཕྱོགས་སུ་འཁོར། "ཨ་ཙི། ཁྱོད་བུད་ཡོང་ངམ། ང་ཚོ་ཁ་བརྡའི་ནང་འཁོར་ཏེ་ཁྱོད་ཀྱི་སྔོན་དུ་འོང་རྒྱུ་ཡང་བརྗེད་ཟིན"ཞེས་བཤད། མ་གཞིར་དོ་ནུབ་ཁོ་ཚང་ལ་སྨད་ཕྱོགས་གཞུང་ལམ་ཁ་ཡི་ཕྱི་སོག་ཤག་པོ་དེ་སླེབས་འདུག་ལ།  ཁོ་ཚོས་དགོང་ཁ་ནས་ཐག་རིང་མགྲོན་པོ་དེ་ལ་མགྲོན་བསུ་དོད་ཅིང་།   ཁ་བརྡ་བྱས་མཐར་ཟོག་རྫིའི་སྔོན་དུ་འགྲོ་རྒྱུའང་ཡིད་ནས་གཏིང་བརྗེད་དུ་གྱུར་པ་རེད།   ད་ནི་རང་ཁྱིམ་དུ་འབྱོར་ཟིན་པས། རྟ་གོའི་ལུས་སྟེང་ནས་མུན་ནག་གི་གྱོན་པ་མཐུག་པོ་ཞིག་ཕྱིས་པ་ལྟར། བློ་བདེ་བོ་རང་བྱུང་མོད།  ཟོག་དེད་དེ་ཡོང་བའི་ལམ་བར་ནས་ཕྲད་པའི་གཡག་ཞོལ་ཆེན་དང་གཟུགས་མེད་ཀྱི་སྒྲ་དེ་དག་ད་དུང་མོའི་སེམས་ངོགས་སུ་ནག་རོག་གེར་འདུག མོས་དེ་དག་རེ་རེ་བཞིན་གླེངས་པ་ན།  ཤག་པོ་ཡིས་ཞོལ་ཆེན་དེ་གདོན་ཞིག་ཡིན་པ་གདོན་མི་ཟ།  ཁོ་ཚོའི་ས་ཆ་ནས་ཀྱང་གདོན་བོང་བུའི་གཟུགས་སུ་སྤྲུལ་པ་དངོས་སུ་མཐོང་མཁན་ཡོད་ཅེས་བཤད་པ་ན།  ཁྱིམ་མི་ཚོའི་གདོང་ནས་སེམས་ཁྲལ་གྱི་མདངས་ཤིག་བྱུང་།  སྤོ་བོ་ཡར་ལངས་ཤིང་།  ཤུག་པ་ཞིག་ལ་མེ་བསྒྲོན་ཏེ་ཚ་མོའི་ལུས་པོ་ལ་བདུག་པ་དང་།  ཡང་མཆོད་ཁང་དུ་སོང་སྟེ་མདུད་པ་གསར་པ་ཞིག་ཁྱེར་ཡོང་སྟེ་མོའི་སྐེ་ལ་བཏགས།  ངོ་མཚར་བ་ནི་བདུག་པའི་བསུང་ངད་བསྣམས་ཤིང་སྲུང་མདུད་དམར་པོ་སྐེ་ལ་གླན་པ་ན་མོའི་སྤྱི་གཙུག་ནས་ལུས་སེམས་ཡོངས་སུ་འོད་ཀྱིས་བཀྲུས་པ་ལྟར་དྭངས་ཆིལ་ལེ་དང་བདེ་ཞིང་ལྷོད་པ་ཞིག་ཏུ་གྱུར།    ཡུད་ཙམ་འགོར་རྗེས་གཞི་ནས་ཚང་མ་མལ་དུ་ལོག་སྟེ་ངལ་གསོ་བྱས།    བུ་མོ་རྟ་གོ་ཡང་ཚ་ཐབ་ཐོག་བུད།    ཉིན་གང་པོར་ལས་ལ་བྲེལ་བའི་ཡུལ་མི་ཚོས་མགོ་བོ་སྔས་སུ་བཞག་པ་ན།    སྔུར་སྒྲ་གཅིག་རྗེས་གཉིས་མཐུད་དུ་འཐེན་བྱུང་།    སྐབས་འདིར་དཀར་ཁུང་ནས་སྐར་མ་ཁྲ་ལམ་མེར་རྟ་གོའི་མཐོང་ལམ་དུ་མངོན།    སྐར་མ་དེ་དག་མོ་དང་རྒྱང་མི་རིང་སྟེ་ཉེ་ནས་ཉེ་ས་རུ་འཛུམ་དམུལ་ལེར་རྒོད།    རྟ་གོས་དགུང་གི་སྐར་ཚོགས་ལ་ལྟ་བཞིན་དེ་རིང་གི་ཚན་པ་དག་ལ་ཕྱིར་དྲན་བྱས།  ཚན་པ་འགའ་ཞིག་མངོན་སུམ་དུ་སྣང་ལ།  འགའ་ཞིག་སྒྱུ་མར་ཤར་ཞིང་།    གསང་བ་ལྐོག་གྱུར་དུ་གནས།    མོས་གབ་ལན་ཨེ་རྙེད་ཀྱིས་བསམ་གཞིགས་ཀྱི་སྐུད་སྣེ་ལ་འཇུས་པ་ན།  ཉེ་འགྲམ་ནས་གྲགས་པའི་སྔུར་སྒྲ་དག་གིས་མོ་ཡང་རིམ་གྱིས་གཉིད་ཀྱི་རྫིང་བུ་རུ་དྲངས་བྱུང་།  

རྩོམ་སྒྲིག་འགན་འཁུར་བ།  རྒྱལ་ལོ།



མཆན།

 

ལོག་རྒྱག-ཨ་མདོའི་སྐད་དེ། ཞིང་ལ་འཕྲུ་སློག་བྱེད་པའི་དོན།

 

ཟེད་སེ།-ཨ་མདོའི་སྐད་དེ། བྲེལ་མྱུར་གྱིས་ཡར་ལངས་པའི་དོན།

 

ཐོང་ལྕགས།-གྲབས་འཇོག་སྟེ།  ཞིང་སློག་སྐབས་ཆག་སྐྱོན་བྱུང་དུས་བཀོལ་ཆོག་གོ།

 

ཤག་པོ།-གྲོགས་པོའི་མིང་སྟེ།  ཤག་པོ་མནའ་འབྲེལ།



རྩོམ་ཡིག་སྔོན་མ།
གྲགས་པ་རྒྱ་མཚོ།
རྩོམ་ཡིག་རྗེས་མ།
རུ་སྡེ་ཕྲ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1