ཨ་ཡེ་མཚོ་མོ་དང་དར་ལྕོག

ལྷ་མཛེས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ངས་སྒོ་གསེབ་ནས་ནང་དུ་ལྟ་ཞོར་ལ་སྒོ་ཐེངས་འགར་བརྡུངས་པ་ན།   ཨ་ཡེ་མཚོ་མོའི་ངོ་ལ་སྡུག་གི་ཁུར་པོ་ཁུར་བ་ལྟར་སྒོ་འབྱེད་ཐོན་བྱུང་།   མོས་སྒོ་ཕྱེ་ཏེ་ང་ལ་བལྟས་ནས་བསྡད།   མོའི་གདོང་གི་སྡུག་ཉམས་དེའི་ཁར་ད་དུང་ཁྲོ་ཉམས་ཤིག་ཀྱང་མངོན་འདུག   ཕར་བལྟས་ཚོད་ལ་མོས་ང་སུ་ཡིན་པ་ཤེས་ཀྱི་མེད་པ་འདྲ།   ཅུང་ཙམ་འགོར་རྗེས་མོས་ང་ལ"ཨ་རོག   ཁྱོད་……"ཟེར།   ངས་མྱུར་དུ"འོ།    ང་སྐལ་བཟང་སྒྲོན་ཡིན།   ཨ་མས་ཁྱོད་ལ་བུད་ཤིང་དགོས་ན་ངེད་ཚང་གི་མཚེར་ཤུལ་ན་ཨོང་བ་བསྐྱུར་ཡོད།   ཁྱོད་ཀྱིས་ནམ་ཞིག་ལ་ལེན་བསམས་ན་བརྡ་རྒྱོབ་དང་ལེན་རོགས་བྱེད་དུ་འོང་ཟེར་གྱི་འདུག"ཅེས་བཤད་པ་ན།    ཨ་ཡེ་མཚོ་མོ་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་དགའ་ཀྲོག་ཀྲོག་ཏུ་གྱུར་ཅིང་།   གདོང་གི་ཁྲོ་ཉམས་དེའང་དེ་མ་ཐག་ཕྱིར་བསྡུས་ཏེ་བཅོས་མིན་གྱི་དགའ་འཛུམ་ཞིག་ཕྱུང་ནས"འོ་ཡ།   ཨ་ཡེའི་ལོ་ལོ།   ངོ་མ་བཀའ་དྲིན་ཆེ་ཞུ།   ཡ་ཡ།   ཁྱིམ་དུ་ཇ་འཐུང་བར་ཤོག"ཟེར་བཞིན་ངའི་ལག་པ་ནས་བཟུང་སྟེ་ནང་དུ་ཁྲིད་བྱུང་བས་ངས་ཅི་ལྟར་ཨུ་ཚུགས་བྱས་ཀྱང་ཐབས་མ་བྱུང་། 

 

        ཕ་ཡུལ་གྱི་རི་ལུང་ཐང་གསུམ་ན་ས་ཞིང་གྲུ་བཞི་ལས་གཞན་ཕལ་ཆེ་བ་ནགས་ཚལ་དང་ལྗོན་ཤིང་གིས་གཏམས་ཡོད་པས་ཡུལ་མི་ཚོས་བུད་ཤིང་གི་ཕྱོགས་ལ་དཀའ་ལས་མྱང་མི་དགོས་མོད།   ཨ་ཡེ་མཚོ་མོར་མཚོན་ན་དེ་ལས་ལྡོག་སྟེ་བུད་ཤིང་འཐུ་རྒྱུ་ནི་སྨྲ་མི་དགོས་པའི་དཀའ་ལས་ཤིག་ལོས་ཡིན།    ཁྱིམ་མཚེས་སེམས་བཟང་ཅན་རེ་གཉིས་ཀྱིས་མཚམས་མཚམས་སུ་ཨོང་བ་སྐམ་པོ་རེ་དང་བུད་ཤིང་རེ་བཏུས་ནས་སྐྱེལ་གྱི་ཡོད་མོད།   ནམ་རྒྱུན་གཞན་ཁོ་ནར་རེ་ནས་སྡོད་ས་མེད་པས་མོས་ཀྱང་སྡེ་བའི་ན་གཞོན་དང་བྱིས་པ་ཚོ་དང་འདྲ་བར་སླེ་བོ་རྒྱབ་ཏུ་ཁུར་ཞིང་སྟ་རེ་ལག་ཏུ་ཐོགས་ནས་བུད་ཤིང་འཐུ་རུ་མི་འགྲོ་ཀ་མེད་ཡིན། 

 

        མོས་དཀར་ཡོལ་འབྲུག་རིས་མ་ཞིག་གི་ནང་ཐུག་པ་གང་བླུགས་ཏེ་ང་ལ་བསྲིངས་པ་དང་།   "དེ་ཐུངས་དང་གོང་དེ་ན་གོ་རེ་ཞིག་ཡོད།   ངས་ལེན་ཡོང"ཞེས་ཁོག་སྟོད་སྒུར་སྒུར་ངང་ཡར་སོང་ནས་རྡུལ་དྲེག་ཆགས་པའི་མདུན་ཅོག་མཐོ་གཟེངས་པ་ཞིག་གི་འོག་ན་འགྱིག་ཁུག་ཅིག་ཏུ་སྣུམ་གོར་འགའ་ཡོད་པ་ལས་གཅིག་བླངས་ཏེ་ཕྱིར་ཐོན་བྱུང་།  "འདི་ཟོ་དང་།   ཡང་མིན་ན་ཐུག་པ་དང་འདི་གཉིས་སྤོགས་ཏེ་ཟོ།"ཟེར་བཞིན་གོ་རེ་དེའང་ང་ལ་བསྲིངས་བྱུང་།   ངས"འོ་ཡ།   ཨ་ཡེ།   ད་ནི་ཆུ་ཚོད་བཅུ་གཉིས་པ་ཡོལ་འདུག་པས་ཁྱེད་ཀྱིས་ཀྱང་གུང་ཇ་འཐུང་རན་འདུག"ཟེར་བཞིན་གོ་རེ་དེ་ཐུག་པ་དཀར་ཡོལ་གང་བོའི་ཁར་འཕྲེད་དུ་བཞག་ནས་བསྡད།    མོས་ངའི་སྐད་ཆ་ཐོས་མེད་པ་འདྲ་སྟེ་ང་ལ་ཁ་ཡ་གཅིག་ཀྱང་མ་བྱས་པར་རྐྱོང་སྐུམ་བདེ་པོ་མེད་པ་འདྲ་བའི་རྐང་པ་གཉིས་པང་གཅལ་ཐོག་འདྲུད་ཞོར་ག་ལེར་ག་ལེར་སོང་ནས་དྲ་མའི་འགྲམ་གྱི་འདུག་སྟེགས་དེར་བསྡད། 

 

            མོ་འདུག་ས་ནི་ངའི་ཁ་སྤྲོད་དུ་ཡིན་པས་མོའི་ངོ་གདོང་དང་ལུས་ཀྱི་ཆ་བྱད་གང་ཡང་མཐོང་ཐུབ།    སྐྱི་མོ་ཙམ་ལས་མེད་པའི་ལག་གཡས་པ་ཚི་དྲེག་གིས་བཏུམས་པའི་འདུག་སྟེགས་ཀྱི་ལག་པ་ཁེན་སའི་ཐོག་བཞག་འདུག་ལ།    ལག་གཡོན་མ་པང་ཐོག་ཏུ་བཞག་འདུག   རྙིང་རལ་དུ་གྱུར་པའི་བལ་གྱི་ཞྭ་མོའི་འདབས་ནས་སྐྲ་དཀར་གྱི་ཉག་མ་རེ་འགའ་ཕྱིར་མངོན་འདུག་ཅིང་།    ཡུན་རིང་མ་ཤད་པའི་སྐྲའི་ལན་བུ་དེ་གཞོགས་གཉིས་སུ་བསླེས་ནས་བསྣར་འདུག   ཤེལ་མིག་སྨུག་ནག་དེའི་ཕག་གི་མིག་འབྲས་གཉིས་ཅི་ལྟ་བུ་ཞིག་ཡིན་པ་དང་།  གང་ཞིག་ཏུ་ལྟ་བཞིན་ཡོད་པ་མཐོང་མི་ཐུབ།   མ་སོ་སེར་པོ་ལྔ་བོ་དེ་ང་ལ་སོ་འདི་དག་ལས་མེད་ཟེར་བ་བཞིན་ཕྱིར་མངོན་ཞིང་།    དེ་དག་གི་མཐའ་དང་གསེང་ནས་བར་མེད་དུ་བཞུར་ཡོང་བའི་མཆིལ་མ་ལྕེ་ནར་ནར་བོ་རིང་དུ་བསྣར་ནས་ཕྱིར་ལྡག་འགྲོ།    ནམ་རྒྱུན་ཕྱིར་འདལ་ནས་སོ་རྟིང་དང་རྙིལ་ཡང་མཐོང་ཐུབ་པའི་མོའི་མ་མཆུ་མཐུག་པོ་དེ་ནི་ལོ་ལོན་སོང་བས་བདག་ཐུབ་ཀྱི་མེད་པ་འདྲ།    མཚམས་ལན་རེར་མོས་ཅི་ཞིག་ལ་འདང་རྒྱག་བཞིན་པའི་བར་ནས་ཁ་ཆུ་ནི་རྦབ་ཆུ་འབབ་པ་བཞིན་བཞུར་ནས་པང་ཐོག་ཏུ་ཐོན་པའང་ཚོར་གྱི་མི་འདུག   གནམ་གཤིས་དྲོ་ཞིང་ཉི་འོད་ཀྱིས་མོའི་ལུས་ཧྲིལ་པོར་དྲོད་ཀྱིས་བརྟས་ཡོད་པ་མིན་ཚེ་དགུན་གཞུང་འདིར་ཁ་ཆུ་དེའང་ཆབ་རོམ་དུ་མི་འགྱུར་བ་ཅི་ལ་སྲིད།

 

        "ཡ།   ལོ་ལོ།   དེ་ཐུངས་དང་།   དེ་ཟོ་དང"ཞེས་ཟེར་མོད།   མོའི་ཁ་ཆུ་དེ་དང་སྣོད་ཅ་ལག་ཚང་མའི་ཐོག་ཏུ་ཆགས་པའི་རྡུལ་དྲེག   ཁྱིམ་གང་པོར་ཁྱབ་པའི་དྲི་མ་སྣ་ལ་གཟེར་བ་དེ་དག་ལས་ང་ལ་ཇ་འཐུང་བའི་ཡི་ག་ཞིག་གཏན་ནས་མ་བྱུང་།  

 

        "ངེད་ཚང་གིས་ནངས་ཇ་འཐུངས་མ་ཐག་ཡིན་པས་ཕོ་བ་ད་དུང་འགྲངས་ནས་འཐུང་ས་ཡེ་ནས་མེད"ཅེས་བཤད་དགོས་བྱུང་།   

 

        ངས་མིག་ཟུང་མོའི་ལུས་ཐོག་ནས་ཕྱིར་ལྡོག་སྟེ་སླར་ཡང་མདུན་གྱི་གོ་རེ་དང་ཐུག་པ་གཉིས་ལ་བལྟས།   ཐུག་པ་ཟེར་ནའང་ཞོག་ཁོག་རག་མོ་འགའ་དང་ཤ་?ག་རེ་གཉིས་ལས་མི་འདུག་ཅིང་།   ཁུ་བ་སྐྱ་ཐང་ཐང་དེ་ལས་ཚྭ་གཅིག་པུ་ལས་བྲོ་རྫས་གཞན་ཅི་ཡང་མེད་པ་རྟོགས་ཐུབ།   གོ་རེ་དེའང་བཙོས་ནས་ཡུན་རིང་འགོར་ཡོད་སྙམ་པ་ཞིག་མཐོང་།

   

        "བྱ་བ་ལམ་འགྲོ་མི་ཡོང་རྒྱུ་ཞིག་ལ་དེས་ཅི་ཞིག་ལ་གནོད་དོ།།   ཨུན་ཨུན།   ཡང་བསྒྱེལ་འདུག"མོའི་གློ་བུར་གྱི་སྐད་ཆ་དེས་ང་ལ་སྔངས་སྐྲག་ཅིག་སྐྱེ་རུ་བཅུག   ངས་སླར་ཡང་མོའི་ཕྱོགས་སུ་བལྟས་པ་ན་མོའི་མིག་གིས་གང་ཞིག་ཏུ་བལྟས་ཡོད་པ་མི་མཐོང་མོད།   གདོང་འཁོར་ཕྱོགས་ལ་བལྟས་ན་ཁ་གཏད་ཀྱི་རི་ངོས་སུ་ཅི་ཞིག་ལ་བལྟས་ཡོད་པ་རྟོགས་ཐུབ།   གོང་དུ་མོས་ཕྱོགས་དེར་གདོང་ཡང་ཡང་ཕྱོགས་དོན་ཡང་དེ་ཡིན་པ་རྟོགས་བྱུང་མོད།   ངས་ཅི་ཡིན་འདི་ཡིན་ཧ་མ་གོ་བར"ཨ།   ཅི་ཞིག"ཅེས་དྲིས་པར།  མོས"ངས་ཡ་གིའི་རི་སྒང་ན་དར་ལྕོག་ཅིག་བསླངས་ཡོད་མོད་བསམ་ངན་ཅན་ཞིག་གིས་བསྒྱེལ་འདུག  ལྟོས་དང་ད་མཐོང་རྒྱུའང་མི་འདུག"ཅེས་སྔར་བཞིན་ཕྱོགས་དེར་བལྟས་ནས་བསྡད་འདུག   ང་མོའི་གམ་དུ་སོང་ནས་ལག་པས་ཉི་འོད་སྒྲིབ་བཞིན་མོའི་ལྟ་ཕྱོགས་དེར་ཞིབ་ཏུ་བལྟས་མོད།    རི་དེའི་ངོས་ནི་ཕལ་ཆེ་བ་ནགས་ཚལ་དང་ལྗོན་ཤིང་གིས་གཡོགས་འདུག་པ་ལས་དར་ལྕོག་འཛུགས་སའི་ས་ཞིག་མེད་པ་འདྲ།   ངས་ཀྱང"གང་ཞིག་ན་……"ཞེས་འདྲི་དགོས་བྱུང་།  "མི་མཐོང་ངམ།   གོང་གི་རི་སྒང་ན་……"མོའི་མཛུབ་མོ་འཁྱོག་པོ་དེས་བསྟན་པའི་ཕྱོགས་སུ་ཡང་ཡང་ཞིབ་ཏུ་བལྟས་པ་ན་རིའི་དམའ་ས་དམའ་ས་ཞིག་ཏུ་ནགས་དང་ལྗོན་ཤིང་སྐྱེས་མེད་པའི་དེའུ་འབུར་ཆུང་ཆུང་ཞིག་ཡོད་པ་དེའི་ཐོག་ཏུ་དར་ལྕོག་ཅིག་དམར་ཤར་རེར་འགྱེལ་འདུག་པ་མཐོང་།  

 

        "འོ།   ད་ངས་མཐོང་བྱུང་།   རི་འདིའི་དམའ་ས་ན་ཡོད་པ་དེ་ཟེར་བ་ཡིན་ནམ།   དར་ལྕོག་དམར་བོ་ཞིག་ཨེ་ཡིན"

 

        "ཨ།   ཨོ་ལེ་ཡིན་ཡིན།   གང་ན་འདུག" "སར་འགྱེལ་འདུག  རླུང་ཡིན་ནམ་ཟོག་གིས་བསྒྱེལ་བ་ཡིན།   མི་ཞིག་གིས་དར་ལྕོག་ཡར་བསླང་མ་ཐུབ་ན་མར་བསྒྱེལ་ག་ལ་སྲིད"

 

         "རླུང་ཡིན་ནམ་ཟོག་ཡིན།  ད་གང་ལྟར་ཟོག་གིས་འཆོས་ཚར་ཡོད་རྒྱུ་རེད།   ཨ་ཧོ།   ད་ཅི་བྱ་……"ཞེས་གདོང་ལ་ཕངས་པའི་ཉམས་ཤིག་ཐོན་པའི་མཚུངས་སུ་དངན་པ་རིང་པོ་ཞིག་ཀྱང་འཐེན་བྱུང་།    ངས"ཟོག་གིས་འཆོས་མེད་པ་འདྲ"ཞེས་སེམས་གསོའི་ཚུལ་དུ་བཤད།    མོས་མིག་ཚ་ཚ་བར་དུ་བལྟས་ཀྱང་ཅི་ཡང་མཐོང་རྒྱུ་མི་འདུག   བར་ཐག་དེ་འདྲ་རིང་རྒྱུ་མེད་མོད་མི་ལོ་གོ་གཅིག་ཡོལ་ཟིན་པའི་མི་ཞིག་གི་མིག་དབང་གིས་གཟུང་བྱའི་ཡུལ་དེ་འདྲ་ཞིག་ཟིན་མི་ཐུབ་པར་ཡང་ཁག་ཅི་ཡོད།  

 

        གློ་བུར་དུ་ངའི་ཡིད་ལ"སོང་ནས་མགྱོགས་པོར་ཕྱིར་ཤོག  ཉིན་གུང་ལ་བསླེབས་འདུག་པས་གུང་ཇ་འཐུང་རན"ཞེས་པའི་ཨ་མའི་སྐད་ཆ་དེ་དྲན་བྱུང་བས།  "ཨ་ཡེ།   ད་ང་ཕྱིར་འགྲོ་རན།  ཁྱིམ་མིས་ང་ལ་བསྒུགས་ཡོད་ངེས"ཞེས་བརྗོད་དེ་འགྲོ་གྲབས་བྱས་པར།   མོས"ཨ།  ཇ་མི་འཐུང་ངམ།   བྲེལ་བ་དེ་འདྲ་ཅི་ཡིན།   ཅུང་འདུག་དང་……"ཟེར།  "མིན་མིན།   ད་ང་བུད་འགྲོ་……"ཞེས་སྒོ་རུ་འགྲོ་རྩིས་བྱེད་སྐབས།   མོས"ཡ་ཡ།   དེས་ན་ད་ཅུང་ཙམ་སྒུགས་དང"ཞེས་འདུག་སྟེགས་ལས་ཡར་ལངས་ཏེ་ཆ་སྟེགས་སུ་ཚ་ལུ་མའི་ཁུ་བ་ཅན་གྱི་དམ་ཟས་ཆེན་པོ་ཞིག་ཡོད་པ་དེ་ཁྱེར་ཡོང་བ་དང་དེའི་སྟེང་གི་རྡུལ་དྲེག་ལག་པས་འབྱིད་བཞིན"འདི་ཁྱོད་ཀྱི་ཨ་མར་སྟེར་རོགས།    ཨ་མར་བཀའ་དྲིན་ཆེ་ཟེར་རོགས།   ནམ་རྒྱུན་དུ་ཨ་ཡེ་ང་ལ་སེམས་ཁུར་བྱེད་མཁན་ཞིག་ཡོད་པ་ཁྱེད་ཚང་གི་ཨ་མ་དྲིན་ཆེན་མ་གཅིག་པུ་ཡིན།   སྤྱིར་ན་ཁྱེད་ཚང་བརྗེད་རྒྱུ་ཞིག་མེད།   རི་བོང་གླག་གིས་ཁུར་ན་འབོད་ས་ཨ་སྔོན་གནམ་ཞེས་པའི་དཔེ་ལྟར་རྒས་པ་ཚིགས་ཀྱིས་ཟིན།  གསེར་ཞུ་ཉི་མས་སྒོག  བསམ་པས་རི་ཁྱབ་རུང་འོག་རྟའི་བང་ཟད་པའི་རྒན་མོ་ང་ལ་རེ་ས་ཁྱེད་ཚང་དང་མིག་ནང་དུ་འཇོག་མཁན་ཞིག་ཡོད་པའང་ཁྱེད་ཚང་ཡིན"ཟེར།   ངས"འདི་དགོས་མ་རེད།   ཁྱོད་རང་གིས་ཟོ"ཟེར་བཞིན་ཕྱིར་བརྫངས་མོད་མོས་ཨུ་ཚུགས་ཀྱིས"དགོས་རེད།   ཁྱེར་རོགས་ཞུ།   ཁྱེར་རོགས་ཞུ།  ཁྱེད་ཚང་གི་ཁར་བུད་སོང་ན་རྒན་མོ་ངའི་ཞེ་བདེ་སོང་།   འོན་ཀྱང་ཕུ་རུང་རིང་ཡང་ལག་པ་ཐུང་བས་ཕན་ལན་འཇལ་སྤྱད་ཅིག་གང་ན་ཡོད།   འདི་-འདི་སེམས་མཚོན་བྱེད་ཙམ་ཡིན་པས་ཁྱེར་རོགས"ཞེས་ངའི་ལག་ཏུ་བཙན་གྱིས་བརྫངས་བྱུང་བས།   ངས"ཧི།   ཡ་ཡ།   དེས་ན་བཀའ་དྲིན་ཆེ།  ཨ་ཡེ"ཟེར་བཞིན་ཚུར་བླངས་པའི་མོད་ལ"དེ་ན་ངོ་མར་ངེད་ཚང་གིས་ཁྱོད་ལ་ཕན་དེ་འདྲ་ཞིག་བཏགས་ཡོད་དམ།    ཡང་མིན་ན'བཟང་ངན་གང་བྱས་ན་དེ་མ་ཐག་ལན་གཞལ་མཁས་ཨ་ཡེ་མཚོ་མོ་འདྲ་བ'ཞེས་སྡེ་མི་ཚོས་རྒྱུན་དུ་ཁ་དཔེར་འཛིན་པ་དེ་དོན་ལ་གནས་འདུག་པ་ཡིན་ནམ"སྙམ་ཞོར་དམ་ཟས་དེ་ལག་པ་གཉིས་ཀའི་ནང་བསྐྱོར་ནས་སྒོ་ཁར་ཐོན་སྐབས།   རང་དབང་མེད་པར་བསྐྱར་དུ་ཨ་ཡེ་མཚོ་མོའི་ཁྱིམ་ལ་ཞིབ་ལྟ་ཞིག་བྱེད་དགོས་བྱུང་སོང་།  ཆེ་རྒྱུ་ཆུང་རྒྱུ་མེད་པའི་མོའི་ཁྱིམ་ཕུགས་ཀྱི་གྱང་ངོས་སུ་བཀལ་ཡོད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ཇོ་བོ་ཤཀྱཱ་མུ་ནེ་གཉིས་ཀྱི་ཐང་ག་ཞིག་དང་།    དེའི་མདུན་དུ་བཤམས་པའི་མཆོད་མེ་གསུམ་པོ་དེ་ལས་གཞན་དངོས་པོ་རྩ་ཆེན་གང་ཡང་མཐོང་ལམ་དུ་མ་བྱུང་།   ཀ་བ་གདུང་ལྕམ་གྱི་བར་དང་གྱང་སྲུབས་གང་སར་འཐེན་པའི་སྡོམ་རྒྱ།    སྟོང་སང་སང་དང་སྐྱ་ཐེར་ཐེར་གྱི་རྣམ་པས་ཁེངས་པའི་ཁང་ཁྱིམ་འདི་ལས་ཨ་ཡེ་མཚོ་མོས་ཡུན་རིང་ནང་ལ་མེ་མ་བཏང་བར་ཐལ་བ་འཚུབ་འཚུབ་ཏུ་ལུས་པའི་ལྕགས་ཐབ་དང་ལྷན་དུ་ཁེར་རྐྱང་གི་འཚོ་བ་ཅི་ལྟར་རོལ་གྱི་ཡོད་དམ་སྙམ་བཞིན་ཡ་ཆུང་གཏིང་ནས་སྙིང་རྗེ་ཞིག་སྐྱེས་བྱུང་།   

 

        ངས་གྲང་ཤུར་ཤུར་གྱི་བསམ་གཞིག་གི་ལམ་རྒྱགས་ཁྱེར་ནས་ཕྱིར་ལོག་པའི་ལམ་ལ་ཞུགས། 

 

        ཕྱི་ཉིན་སྔ་དྲོར་ངས་ལྕགས་ཐབ་གམ་དུ་མེ་ལ་སྲོ་ཞོར་དཔེ་ཆར་བལྟས་ནས་བསྡད་ཡོད་སྐབས་སྒོའི་ཕྱི་རོལ་ནས་སུ་ཞིག་གིས་ངའི་མིང་ནས་འབོད་བཞིན་འདུག  ངས་མྱུར་དུ་སོང་ནས་སྒེའུ་ཁུང་ཕྱེས་ཏེ་ཕྱི་རུ་བལྟས་པ་ན།   ཨ་ཡེ་མཚོ་མོ་ངེད་ཚང་གི་རྒྱ་སྒོའི་ཕྱི་ལོགས་ཀྱི་ཤིང་བརྩིགས་མགོར་ཁེན་ནས་བསྡད་འདུག

 

        "འོ།-ཨ་ཡེ།  ཁྱོད་ཡིན་ནམ།-དོན་དག་ཅི་ཞིག་ཡོད་དམ"

 

        "ཁྱོད་ཁོམ་བསྡད་ཨེ་ཡོད།-ཡང་མིན་ན་ཁྱོད་ཁོམ་དུས་ཤིག་ལ་ང་ལ་དར་ལྕོག་དེ་བསླང་རོགས་ཤིག་ཨེ་བྱེད།-ཁ་དྲོ་ལོ་བརྒྱ་མ།  ཨ་ཡེའི་ལོ་ལོ"

 

        "འོ་ཡ།-དེའི་རོགས་ལོས་བྱེད།"

 

        "ཡ།-ཨ་ཡེ།-ཁྱིམ་དུ་ཤོག་ནས་ཇ་ཐུངས།  ངས་ཁྱོད་ལ་སྒོ་ཕྱེ་རུ་ཡོང"

 

        "མིན་མིན།-ཁ་དྲོ་ལོ་བརྒྱ་མ།   ད་ང་ཕྱིར་བུད་འགྲོ"

 

        "འོ་ཁ་དྲོ་བཀྲ་ཤིས།……"ཨ་ཡེ་མཚོ་མོས་དེ་ལྟར་ལྡབ་ལྡིབ་ངང་ཅི་ཞིག་བཤད་ཞོར་ཁོག་སྟོད་སྒུར་སྒུར་ངང་དབྱུག་རྟེན་གྱིས་རིང་སྙོབ་བྱེད་ཀྱིན་ཕྱིར་འཁོར་ནས་བུད་སོང་།  

        གུང་ཇ་འཐུངས་རྗེས་ང་མོའི་སར་སོང་བ་ཡིན།   ངས་སྔ་ཉིན་ལྟར་སྒོ་གསེང་ནས་ནང་དུ་ལྟ་ཞོར་སྒོ་དལ་མོས་ཐེངས་འགར་བརྡུངས་མོད།   ཨ་ཡེ་མཚོ་མོ་ཡོང་མ་བྱུང་།   སྒོ་ཟྭ་བརྒྱབ་མེད་པས་ཤེད་ཀྱིས་གཏད་པ་ན་སྒོ་དལ་མོས་ཕྱེས།  ནང་དུ་སོང་ནས་ལྟ་དུས་གོ་ཁའི་སྒོ་ལ་ཟྭ་བརྒྱབ་འདུག་པ་དང་ར་སྐོར་ནང་དུ་ཕར་ལྟ་ཚུར་ལྟ་བྱེད་ཞོར"ཨ་ཡེ་མཚོ་མོ་……"ཞེས་ཐེངས་འགར་བོས་ཀྱང་ཨ་ལན་སྟེར་མཁན་ནམ་མཐོང་སར་འབུད་མཁན་ཅི་ཡང་མ་བྱུང་།  གྱང་ར་དེའི་ཟུར་འཁྱོག་ཅིག་ན་ཁང་མིག་ཆུང་ཆུང་ཞིག་འདུག  ངས་ཕར་སོང་ནས་ཤེལ་སྒོའི་ནང་དུ་བལྟས་པ་ན་ནང་གསལ་པོ་ཞིག་མཐོང་མི་ཐུབ་མོད།   ཤེལ་སྒོའི་རྩར་མལ་ས་བཅས་འདུག་པ་མཐོང་བས་དེ་ནི་མོའི་མལ་ཁང་ཡིན་པ་ཤེས་ཐུབ།  

        གྲག་འགུལ་ཅི་ཡང་མི་འདུག་པས་སྒོར་བུད་དེ་རྒྱ་སྒོ་གཏན་རྗེས་ཕྱིར་འགྲོ་རྩིས་བྱས།   ཡང་མོ་མཚམས་མཚམས་སུ་མ་ཎི་འཁོར་ཁང་དུ་འཁོར་ལོ་བསྐོར་བར་འགྲོ་སྲིད་པས་དེར་ཡོད་ན་ཐང་སྙམ་བཞིན་མ་ཎི་ཁང་གི་ཕྱོགས་སུ་འགྲོ་རྩིས་བྱེད་སྐབས།  ཨ་ཡེ་མཚོ་མོས་སླེ་བོ་ཞིག་ཏུ་སིལ་ཁུ་ཆེ་བའི་སྣོད་བཞི་ལྔ་ཙམ་གྱི་ནང་དུ་ཆུ་བཅུས་ནས་ཁུར་ཞིང་།  ལག་པ་གཡས་གཡོན་དུ་ཆུ་དེམ་ཆུང་ངུ་རེ་བཟུང་སྟེ་གྱང་ཟུར་ནས་ཚུར་ཐོན་བྱུང་།  ངས་མྱུར་དུ་མོའི་གམ་དུ་སོང་ནས"ཨ་ཡེ།  ཁྱོད་ཆུ་ལེན་དུ་སོང་བ་ཡིན་ནམ"ཞེས་དྲིས་པར།  "འོ་ལེ།  ཡིན་ཡ།"ཟེར་བ་དང་།  ཡང་མཐུད་ནས"འོ།  ལོ་ལོ།  ཁྱོད་ཀྱིས་ང་བཙལ་ལོག་བྱས་སོང་ངམ།"ཟེར།  "བྱས་མ་སོང་།  སྐྱོན་མེད།  ཅི་རེད།  ཆུ་ཁྱིམ་ཚང་རེ་རེ་བཞིན་རེས་སྐོར་བྱས་ནས་ལེན་གྱི་ཡོད་པ་མིན་ནམ།""ལེན་གྱི་རེད།  འོན་ཀྱང་ངེད་ཚང་གི་ཆུ་ན་ནིང་ནས་བསྐམས་སོང་བས་མེད"ངེད་གཉིས་ཀས་ཁ་བརྡ་བྱེད་ཞོར་ངས་མོའི་ལག་གི་ཆུ་དེམ་གཉིས་ཁྱེར་ནས་ནང་དུ་སོང་།  

 

        "དེས་ན་ཁྱོད་ཁྱིམ་མཚེས་ཚང་གི་ཆུ་ལེན་དུ་སོང་བ་ཡིན་ནམ"

 

        "མིན།  རྔ་ཆུའི་ཁར་སོང་བ་ཡིན།  ཆུ་དྭངས་ཤིང་གཙང"མོས་དེ་ལྟར་ཟེར་ཞོར་རྒྱབ་ཀྱི་སླེ་བོ་དེ་ང་ལ་གཏད་བྱུང་།  ངས་སླེ་བོ་དེ་ཐང་དུ་ཕབ་པ་ན།  མོས"ཨ་རུ་རུ།  ཤུ"ཟེར་བ་དང་གདོང་གི་རྔུལ་ཆུ་འབྱིད་ཞོར་ལོགས་ཤིག་ཏུ་སོང་ནས་ངལ་གསོས། 

 

        རྔ་ཆུ་དྭངས་ཤིང་གཙང་ཟེར་ན་སུ་ཞིག་གི་རྣར་འགྲོ་སྲིད་དམ་སྙམ་མོད་ངས་ཅི་ཡང་མ་བཤད་པར་ཁ་རོག་ཏུ་རང་སར་ལངས་ནས་བསྡད། 

 

        མོའི་ལུས་ཐོག་ཏུ་འགྱུར་ལྡོག་ཅི་ཡང་མེད་པར་སྔ་ཉིན་དང་ཨ་ན་མ་ན་རེད།  འགྱུར་ལྡོག་ཅིག་རང་ཡོད་པ་ནི་གདོང་ལ་ཐང་ཆད་པའི་ཉམས་ཤིག་ཐོན་ཡོད་པ་དེ་རེད། 

 

        ཅུང་ཙམ་འགོར་རྗེས་ད་ངེད་གཉིས་འགྲོ་གྲབས་བྱེད་ཟེར་ནས་སླེ་བོའི་ནང་ལྕགས་མདོང་དང་འཇོར།  ང་ལ་འགྱིག་ཁུག་ཅིག་ཏུ་ས་བཅུ་རུ་བཅུག་པ་དེ་བླུགས་པ་དང་།  ད་སོ་མའི་ཆུ་དེམ་ཆུང་ངུ་གཅིག་བཅས་བཅུག་ནས་ངའི་རྒྱབ་ཏུ་བསྐུར་བྱུང་།  དེ་ནས་མོས་དབྱུག་རྟེན་བཟུང་ནས་ལམ་ལ་ཆས། 

 

        དར་ལྕོག་རིའི་དམའ་ས་ཞིག་ཏུ་ཡོད་ནའང་རྫུབས་མཐུག་པའི་རྩྭ་རྩི་ཤིང་བརྒྱུད་དགོས་ལ་ཅུང་གཟར་བའི་རི་ལམ་འགོས་ནས་འགྲོ་དགོས་པས།   ལོ་འདི་འདྲ་བགྲེས་པའི་ཨ་ཡེ་ཁོང་ལྟ་བུ་ཞིག་ཇི་ལྟར་འགྲོ་ཐུབ་བམ་སྙམ་ནས"ཨ་ཡེ།   ཁྱོད་ཀྱིས་ངལ་གསོས་དང་ང་སོང་ནས་བསླང་ཡོང་།   ཁྱོད་ཐར་རྒྱུའང་མ་རེད།"ཟེར་བར་མོས"སྐྱོན་མེད།  ཐར་གྱི་རེད།   ཐེངས་སྔོན་མ་གཉིས་ལ་ང་རང་གཅིག་པུར་སོང་ནས་བསླངས་པ་ཡིན།  ཞིང་ཁུག་འདི་བརྒྱུད་ནས་ཅུང་ཙམ་སོང་ན་ཐོན་འདུག ཁྱོད་གཅིག་པུས་ཐུབ་ཀྱི་མ་རེད།"ཟེར།  མོའི་ཁྱིམ་དང་རི་གཉིས་ཀྱི་བར་ཐག་ཅུང་ཉེ་ན་ཡང་རི་འདབས་ནས་ཡར་འགོ་རྒྱུ་དེ་ལས་སླ་བོ་ཞིག་ག་ནས་ཡིན།   འོན་ཀྱང་ཐེངས་སྔོན་མར་མོ་ལ་གཤོག་པ་ཐོགས་པ་མིན་ན་ཇི་ལྟར་སོང་བ་ཡིན་ནམ་སྙམ་བཞིན་ཐེངས་འདིར་ངས་ཅིས་ཀྱང་མོ་ཡོང་དུ་མ་བཅུག་པར་ང་གཅིག་པུར་སོང་བ་ཡིན། 

 

        ཨ་ཡེ་མཚོ་མོ་རང་གིས་བཟོས་པ་ཡིན་ནམ།  མ་གཞིར་དེ་རུ་རྒྱང་ནས་མི་མཐོང་བའི་ལམ་བུའམ་རྐང་ལམ་ཕྲ་མོ་ཞིག་རི་འདབས་ནས་དར་ལྕོག་ཡོད་ས་དེར་འཐེན་འདུག དེ་སྔོན་མོས་ང་ལ་དེ་ན་ལམ་ཡོད་རབས་སོགས་ཅི་ཡང་བཤད་མ་མྱོང་བ་ནི།  ཨ་ཡེ་མཚོ་མོ་ནི་རྒས་སོང་བས་ཡིན་ངེས།  ངའི་ཡིད་ལ་མོའི་ཆུང་དུས་ཀྱི་བག་ཆགས་གང་ཡང་མེད་མོད།  ད་སྐབས་ལུས་རྒས་པ་ལྕང་སྡོང་སྒུ་རུ་དང་མིག་རྒས་པ་ཆུ་མགོ་ངུ་བཞུར།  མགོ་རྒས་པ་ཚར་དཀར་ཨ་ལོང་།  ཁ་རྒས་པ་བྲག་ཁུང་སྐམ་པོར་ལོག་ཡོད་ལ།   རྐང་ལག་རྒས་ནས་གཞུ་མོ་ལྟར་འཁྱོག་ཡོད་རུང་མོའི་ཐོས་འཛིན་གྱི་བུ་ག་སྔར་བཞིན་ཡངས་ཤིང་ཕྱི་ལུས་དང་ནང་བསམ་པའི་ལྕོགས་ཚད་ལ་བལྟས་ན་མི་རྒྱུས་མེད་ཅིག་ལ་མོའི་ལོ་གྱ་གསུམ་རེད་ཅེས་ཟེར་ན་དགོད་གཏམ་དུ་འགྲོ་ཉེན་ཆེ།  ཡིན་ནའང་མཚམས་མཚམས་སུ་མོའི་སྐད་ཆ་བཤད་སྟངས་ལས་ལོ་དགུ་བཅུས་སྔས་མགོ་དང་བརྒྱད་ཅུས་སྟན་སྨད་བྱས་ཤིང་།  འཇིག་རྟེན་ལ་རྒྱབ་འཁོར་ཞིང་ཕྱི་མར་སྔུན་གཏད་པའི་རྒས་འཁོགས་ཤིག་ཡིན་པ་ངང་གིས་རྟོགས་ཐུབ། 

 

        ང་དར་ལྕོག་དེའི་གམ་དུ་ཐོན་སྐབས་ཨ་ཡེ་མཚོ་མོའི་སྐད་ཆ་ཞིག་བདེན་པ་ཡིན་པ་གཞི་ནས་རྟོགས་སོང་།  "མི་ཞིག་གིས་རྐང་བཙུགས་ནས་བསྒྱེལ་བ་མིན་ན་ངས་སྲ་མོ་ལྕགས་འདྲ་བ་ཞིག་འཛེར་ཡོད།" དངོས་གནས་དར་ཡུ་བླངས་ཤུལ་གྱི་དོང་ནང་དུ་རྡེའུ་དང་འདམ་བག་བསྲེས་མས་མཐའ་བསྐོར་ནས་བརྫངས་ཡོད་པ་ད་དུང་མཉམ་ཁྲིག་གེར་འདུག་ལ།  གལ་ཏེ་རླུང་ངམ་ཟོག་གིས་བསྒྱེལ་བ་ཡིན་ཚེ་ད་དུང་དེ་འདྲ་མཉམ་པོར་འདུག་ག་ལ་སྲིད། 

 

         ངའི་སེམས་ནང་རིག་གསར་གྱི་རླུང་བུ་ད་དུང་འཇགས་མེད་པ་ཡིན་ནམ།  དཔེ་ཅི་ལ་སྲིད།  ད་སྐབས་སྡེ་བ་ཆུང་ཆུང་འདིའི་ནང་སངས་རྒྱས་ཀྱི་བསྟན་པ་བཤིག་མཁན་ཞིག་དང་སྐུ་གསུང་ཐུགས་རྟེན་དགྲ་རུ་འཛིན་མཁན་ཞིག་ཡོད་པ་གོ་ཡང་མ་མྱོང་།  ཡང་མིན་ན་ཨ་ཡེ་མཚོ་མོ་དགྲ་རུ་འཛིན་མཁན་ཞིག་གིས་ཨ་ཡེ་མཚོ་མོར་སྙིང་རླུང་སློང་འདོད་པ་ཡིན་ཤས་ཆེ།  ཡིན་ནའང་དོན་དམ་དུ་དེ་ནི་སངས་རྒྱས་ཀྱི་བསྟན་པར་གཏོར་བརླག་བཏང་བ་དང་།  "བསམ་ངན་གཞན་ལ་བྱས་ན་སྦྱོར་བ་རང་ལ་འཁོར"ཞེས་པ་ལྟར་རང་ཉེས་རང་གིས་བསགས་པ་མིན་ནམ་ཅི་སྙམ་བཞིན་དར་ལྕོག་དེ་སྔར་ཤུལ་ན་སྲ་མོ་ཞིག་འཛེར་རྗེས"ཨ་ཡེ་མཚོ་མོའི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་ལུས་ལ་ན་ཚ་མི་འབྱུང་བར་སྨོན"ཞེས་སྨོན་ལམ་ཞིག་བཏབ་སྟེ་ཕྱིར་ལོག

 

        ང་ཨ་ཡེ་མཚོ་མོ་ཚང་གི་སྒོ་ཁར་ཐོན་ནས་ནང་དུ་སོང་བ་ན་མོའི་གདོང་ལ་སྔར་མེད་ཀྱི་དགའ་ཉམས་ཤིག་ཤར་ཞིང་།  ལག་པས་ཉི་འོད་བསྒྲིབས་ཏེ་དར་ལྕོག་དེའི་ཕྱོགས་སུ་བལྟས་ནས་བསྡད་འདུག  ང་མཐོང་མ་ཐག་ཤེལ་མིག་བླངས་ནས་རུམ་དུ་བཅུག་པ་དང་འཛར་ལ་ཉེ་བའི་ཁ་ཆུ་དེ་ཕུ་ཐུང་གིས་ཕྱི་ཙམ་བྱས་རྗེས་ངའི་གམ་དུ་ཡོང་ནས"འོ།  ཨ་ཡེའི་ལོ་ལོ།  ཁ་དྲོ།  བྱ་བ་ལམ་ལ་འགྲོ་རྒྱུ་མ།  ངས་ཁྱོད་ལ་འོ་བརྒྱལ་གཏད་སོང"ཞེས་མོའི་སྣང་ངོར་རི་སྒང་ཞིག་ཏུ་མཐོང་བའི་དེའུ་འབུར་སྐྱ་བོ་དེའི་ཐོག་ལྷབ་ལྷུབ་ངང་གཡོ་བཞིན་པའི་དར་ལྕོག་དམར་ལིང་ལིང་དེའི་ཕྱོགས་སུ་ཟུར་མིག་ཡང་ཡང་འཕེན་ཞོར་དེ་ལྟར་ཟེར་བ་དང་།  གཉེར་མ་དང་སྐྱི་མོས་ཕྱུག་པའི་ངོ་གདོང་ལས་ཕྱིར་མངོན་འདུག སྐབས་དེར་ངས་མོའི་མིག་འབྲས་གཉིས་ཀྱང་གསལ་བོར་མཐོང་བྱུང་།  ཁུང་དུ་འཛུལ་བའི་སྔོ་ཤས་ཅན་གྱི་མིག་འབྲས་གཉིས་ཉམ་ང་ལ་མི་ལོ་འདི་དག་རིང་གི་སྐྱིད་སྡུག་གི་རི་མོ་ཚང་མ་མངོན་པར་གསལ་ཞིང་།  སུས་ཀྱང་རྟོགས་དཀའ་བའི་ལྐོག་གྱུར་གྱི་སྐྱོ་གདུང་གང་མང་ཞིག་གིས་མོའི་ལས་དབང་ལ་?ག་བརྫིས་བཏང་ཡོད་པའང་གཞི་ནས་ཚོར།  མཐའ་འཁོར་དུ་ཆགས་ཡོད་པའི་མིག་སྐྱག་དེ་ནི་ཁེར་རྐྱང་གིས་གདོང་བའི་མིག་ཆུ་དང་མཚན་མོའི་གཉིད་ཆག་ལས་བསགས་པ་ལོས་ཡིན་སྙམ། 

 

        "སྐྱོན་མེད། དེ་ངས་བསྒྲུབ་འོས་པ་ཞིག་རེད།"ཅེས་ཟེར་བ་ཡིན།  ཅུང་ཙམ་ནས་མོས་གློ་བུར་དུ་ཅི་ཞིག་དྲན་པ་བཞིན"ཟོག་གིས་འཆོས་ཡོད་དམ"ཞེས་དྲིས་བྱུང་།  "འཆོས་མི་འདུག ཟོག་གིས་བསྒྱེལ་བ་ཡིན་པ་འདྲ།  འོན་ཀྱང་འཆོས་མི་འདུག སྐྱོན་ཅི་ཡང་བྱས་མི་འདུག"ཅེས་ལན་བཏབ་པ་ཡིན།  གལ་ཏེ་སུ་ཞིག་གིས་བསྒྱེལ་བ་ཡིན་པ་འདྲ་ཟེར་བའི་དབང་དུ་བཏང་ཚེ།  ཨ་ཡེ་མཚོ་མོ་ནི་ཁ་ཁོག་པ་ཞེ་སྡང་དང་ཁོང་ཁྲོས་གང་ནས་ཡོད་པའི་རྒན་མོ་ཞིག་ཡིན་པས་རང་ཚོད་ཚོད་དུ་ཡང་ཁྱིམ་མཚེས་རྣམས་འདུག་ཏུ་མི་འཇུག་པར་ཐེ་ཚོམ་མི་དགོས།

 

        ཨ་ཡེ་མཚོ་མོ་ནི་མ་གཞི་ནས་གཤིས་ཀ་དེ་འདྲ་ཞིག་ཡིན་པས་ཁྱིམ་མཚེས་ཚང་མ་མི་དགའ་ཞིང་གཞན་ཁྱིམ་ལ་མགོ་བསྡུ་ས་མེད་པར་ནམ་ཡང་ས་རུབ་པ་ལྟར་རང་ཁྱིམ་ཁོ་ན་མགོ་ལ་གྱོན་ནས་འདུག་དགོས།  གཞན་མི་ལྟ་ཞོག ཐ་ན་རང་གི་ཁྱིམ་མི་ཚོ་དང་ཡང་མ་འཆམ་པར་ད་ལྟའི་ཚད་འདིར་ལྷུང་བ་ཡིན།  སྤྱིར་ན་བུ་ཕྲུག་ཅིག་ལ་མཚོན་ན་རང་གི་ཕ་མ་ཅི་འདྲ་ངན་རུང་།  རང་ཉིད་ཀྱི་ཚེ་གང་གི་ཆེས་བླ་ན་མེད་པའི་དྲིན་ཆེན་གཅིག་པུ་དང་གཙུག་གི་ནོར་བུ་ཡིན་པས་དྲིན་ལན་འཇལ་དགོས་པ་ནི་མི་སྒྲུབ་ཐབས་མེད་ཀྱི་འོས་འགན་ཞིག་ཡིན་མོད།  གོ་ཐོས་ལྟར་ན་མོའི་བུ་ཕྲུག་ལ་ལ་མོ་དང་མ་འཆམ་པ་རེད་ཟེར།  དེ་བདེན་ལས་ཆེ་སྟེ།  དེ་མིན་ཚེ་ད་སྐབས་གམ་དུ་བོས་ན་ཨ་ལན་སྟེར་མཁན་མེད་ཅིང་འདུག་རོགས་གྲིབ་མ་གཅིག་པུ་ཡིན་མི་དགོས་པར་མོ་ལ་ཞབས་ཞུ་སྒྲུབ་མཁན་དང་ཁ་བརྡ་གཏོང་རོགས་རེ་ལོས་ཡོད། 

 

        མོའི་ཁང་པ་ཐོག་གཅིག་མ་དེ་དང་ཁྱིམ་གྱི་སྣོད་ཅ་ལག་དེ་དག་ནི་མོས་མི་ཚེ་འདིར་ཁྱིམ་ཚང་དང་བུ་ཕྲུག་ཚོ་སྐྱོང་ཆེད་དཀའ་ལས་གྲངས་མེད་མྱངས་ཤིང་།   སྡུག་ལས་བོང་བུ་འདུར་འདུར་དང་སྐྱིད་སྡུག་ལས་ཀྱི་རི་མོ་ཐེམ་པ་བརྒལ་བརྒལ་བྱས་པའི་མཇུག་འབྲས་དང་།   མོ་ལ་དབང་བའི་མི་ཚེ་འདིའི་ཆེས་མཐའ་མཇུག་གི་ཐོབ་སྐལ་ཡིན་པར་འདོད། 

 

        "ཡ་ཡ།  ཨ་ཡེའི་ལོ་ལོ།  ད་ངས་མེ་འབུད།  འུ་གཉིས་ཀས་ཇ་འཐུང་།  ཁྱིམ་ལ་འགྲོ"ཞེས་ངའི་ལག་པ་ནས་འཐེན་ཏེ་ཁྱིམ་དུ་འགྲོ་རྩིས་བྱས་བྱུང་།  སྐབས་དེར་ངས་ཨམ་གཙིགས་བསྡམས་ཏེ་ཁྱིམ་དུ་འགྲོ་རྒྱུའི་ཁས་མ་བླངས་པར་ཕྱིར་ལོག་པའི་ལམ་ལ་ཞུགས།  

 

        མོས་ད་དུང་ངའི་གཞུག་ཏུ"དེ་རླུང་རྟའི་དར་ལྕོག་ཅིག་ཡིན།  རླུང་རྟ་རེད།  ཁྱོད་ལ་རླུང་རྟ་དར་གྱི་རེད།  ཁྱོད་རང་གི་བྱ་བ་ལམ་འགྲོ་ཡོང་གི་རེད།  ཁྱོད་ཀྱིས་རྒྱུགས་འཕྲོད་པ་དང་སློབ་མཐར་ཡག་པོ་ཞིག་ཕྱིན་པའི་སྨོན་ལམ་རྒྱག  ཁ་དྲོ་ལོ་བརྒྱ་མ། ……"ཞེས་འཕྲོ་མི་ཆད་པ་ཞིག་ལབ་བཞིན་འདུག  སྤྱིར་ཡིན་ན་ངས་མོ་ལ་བཀའ་དྲིན་ཞིག་ཞུས་ན་འགྲིག་མོད།  མཚམས་འཆད་རྒྱུ་མེད་པའི་ཁ་ཡག་དང་ཚིག་སྙན་མང་པོ་མ་ཎི་འདོན་འདོན་བྱས་བྱུང་བས་ངས་ཅི་ལྟར་བར་མཚམས་ཞིག་བཙལ་ནས་མོར་བཀའ་དྲིན་ཞུ་དགོས་པ་མ་ཤེས།  མཐར"འོ་ཡ།  ཡ་ཡ……"ཞེས་པས་གོ་ཆོད་པར་བྱས་ཏེ་མོ་དང་གྱེས། 

 

        ལམ་བར་དུ་ཨ་ནེ་དགའ་སྐྱིད་དང་ཕྲད་བྱུང་།

  

        "གང་དུ་སོང་བ་ཡིན"

 

        "ཨ་ཡེ་མཚོ་མོར་དར་ལྕོག་དེ་སློང་རོགས་སུ་སོང་བ་ཡིན"ངས་དར་ལྕོག་དེ་སྟོན་ཞོར་དེ་ལྟར་བཤད་པ་ན།  ཨ་ནེས"འོ།  དེ་སློང་ཉན་གྱི་མ་རེད།  དར་ལྕོག་དེས་འུ་ཚོའི་སྡེ་བར་གནོད་ཀྱི་རེད་ཟེར་གྱི་ཡོད།   བསམ་དཀར་ཞིག་གིས་རྐང་བཙུགས་ནས་བསྒྱེལ་བ་ཁོ་ཐག་ཡིན"ཟེར་ཞིང་གདོང་ལ་མི་དགའ་བའི་ཉམས་ཤིག་རང་ཤུགས་སུ་ཐོན་འདུག ངས"ཨ།  ཅི་ཟེར།  ཅི་ལ།  སུ་ཞིག་གིས་དེ་ལྟར་བཤད་པ་རེད།  སྐུ་གསུང་ཐུགས་རྟེན་ལ་གདོན་འདུག་ཟེར་ཕོད་མཁན་ཞིག་ཡོད་དམ"ཞེས་ངག་ལས་ཤོར་སོང་།  "སྤྲུལ་སྐུ་བསྟན་འཛིན་ཚང་གིས་མོ་བཏབ་པས་མོ་ཡིག་ཏུ་བྱུང་འདུག་ཟེར་ལ།  ད་དུང་སྔོན་མ་རང་ཚོའི་སྡེ་བའི་ཨ་ཁུ་སྨན་པས་ཀྱང་དར་ལྕོག་དེ་སྡེ་བ་ཡོངས་ལ་བཟང་རྒྱུ་མེད་པས་མྱུར་དུ་མེད་པར་བཟོ་དགོས་ཟེར་ནས་ཁོང་གིས་ཁྱིམ་མཚེས་ཀྱི་བྱིས་པ་གཉིས་མངགས་ནས་འབལ་དུ་བཅུག་མྱོང་།  འོན་ཀྱང་རྗེས་སུ་ཡང་ཨ་ཡེ་རྒན་མོ་མོ་རང་དངོས་སུ་སོང་ནས་བསླངས་འདུག ལྟོས་དང་།  ད་ཐེངས་ཡང་འདི་རེད"ཅེས་ལག་པ་ཐོད་པར་བཞག་ནས་དར་ལྕོག་དམར་ལིང་ངེ་བོ་དེར་ལྟ་ཙམ་བྱས། 

 

        ངའི་ཡིད་ལ་དེ་སྔོན་ཨ་ཡེས་བཤད་པའི"ཡང་བསྒྱེལ་འདུག"དང"ཐེངས་སྔོན་མ་གཉིས་ལ་ང་རང་ཉིད་སོང་ནས་བསླངས་པ་ཡིན"ཞེས་པ་དྲན་བྱུང་།   མི་ཁོག་མིས་མི་ལོན།  ?་ཁོག་ཆུས་མི་ལོན་ཞེས་པ་ལྟར་ངས་ཨ་ནེས་དོན་དམ་དུ་ཅི་ཞིག་བསམ་བཞིན་ཡོད་པ་མི་རྟོགས་ཤིང་ལན་ཅི་ལྟར་གདབ་དགོས་པའང་མ་ཤེས་ལ།  དོགས་གཞི་དེ་ཅི་ལྟར་དགྲོལ་དགོས་པའང་མ་ཤེས་པར་མཐར་ཨ་ནེ་དང་གྱེས་ནས་མུ་མཐུད་དུ་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད། 

 

        "སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཅེས་པ་ཅིས་མི་བདེན།  དེ་ལྟར་སུ་ཞིག་གིས་ཁ་ཚོན་གཅོད་ཕོད་པ་ཡིན་ནམ།  དངོས་སུ་སོང་ནས་དར་ལྕོག་དེ་འབལ་མཁན་གྱི་སེམས་ལ་གདོན་ཞུགས་སོང་བ་ཡིན་ནམ།   'རླུང་རྟ་རེད།  རླུང་རྟ་དར་གྱི་རེད'ཅེས་པ་བདེན་ན།  མི་དེ་རླུང་རྟ་ཉམས་འགྲོ་བར་མི་སྐྲག་གམ།  སུས་སུ་ལ་ཡིད་ཆེས་སམ།  ཡང་མིན་ན་ཨ་ཡེ་མཚོ་མོས་དགེ་བ་བསྒྲུབ་པར་ཕྲག་དོག་བྱེད་མཁན་ཞིག་གིས་བསྒྱེལ་བ་ཡིན་ནམ།  དེ་ནི"གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བའི་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །"ཞེས་ཨ་མས་རྒྱུན་དུ་ཁ་ཏོན་བྱེད་བཞིན་པའི་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གྱི་གཞུང་ནའང་དེ་ལྟར་གསལ་ཞིང་།  'བདག་གཞན་དགེ་བ་ཐུན་མོང'ཞེས་ཨ་ཕས་རྒྱུན་དུ་ངེད་བུ་ཕྲུག་ཚོར་ཁ་ཏ་སློབ་གསོ་གཏོང་སྲིད་པས།  བྱ་ངན་སྤྱོད་ངན་དེ་འདྲ་བྱེད་མཁན་ཡོད་སྲིད་དམ།  ངས་དེ་ལྟར་བསམ་བློ་གཏོང་ཞོར་ཇི་ལྟར་ཐོན་པའང་མ་ཚོར་བར་སྒོ་རྩར་ཐོན་འདུག  ངས་ལྕགས་སྒོ་ཕྱེས་ཏེ་ནང་དུ་སོང་བ་ན་ཨ་ཁུ་རྒྱ་མཚོས་སོ་ཕག་བརྩིགས་པའི་གྱང་ར་མཐོན་པོ་དེའི་རྩར་སོག་མ་བརྫངས་པའི་སྒྱེ་མོ་ཞིག་སྟན་དུ་བཏིངས་ཏེ་ཉི་མར་ལྡེ་ནས་བསྡད་འདུག ཁོང་གིས་མགོ་ལ་དབྱར་ཞྭ་སེར་པོ་ཞིག་གྱོན་ཞིང་ལག་ཏུ་ཕྲེང་བ་སེར་པོ་ཞིག་བཟུང་ནས་ས་ཏྭ་བགྲང་བཞིན་འདུག

 

        ཨ་ཁུ་རྒྱ་མཚོ་ནི་རྒྱུན་དུ་དགོན་པར་བསྡད་ནས་ཆོས་སྒྲུབ་མཁན་ཞིག་ཡིན་མོད།  ཉིན་འདི་དག་ལ་དགོན་པས་གུང་གསེང་བཏང་འདུག་པ་དང་།   ང་ཡང་སློབ་གྲྭས་དགུན་གནང་བཏང་སྟེ་ཕ་ཡུལ་དུ་ལོག་པ་ཡིན་པས་ཨ་ཁུ་ཁོང་ཆེད་དུ་ང་ལ་བལྟ་རུ་ཡོང་བ་རེད། 

 

        ང་ཨ་ཁུའི་གམ་དུ་སོང་ནས་བསྡད་དེ་ཡར་མར་གྱི་ཁ་བརྡ་གློད་པ་ཡིན།  "ཨ་ཡེ་མཚོ་མོས་བསླངས་པའི་དར་ལྕོག་དེ་འུ་ཚོའི་སྡེ་བ་གང་བོར་གནོད་འདུག་ཟེར་བ་དེ་བདེན་ནམ" ངས་ཨ་ཁུར་དེ་ལྟར་དྲིས་པར།  ཨ་ཁུས་ཕྲེང་བ་འདྲེན་མཚམས་བཞག་ནས"སྤྱིར་སྐུ་གསུང་ཐུགས་རྟེན་ལ་གདོན་འདུག་ཟེར་ན་མི་རུང་མོད།  མཆོད་རྟེན་དང་ལབ་ཙེ།  དར་ལྕོག་སོགས་ཁྱིམ་ཚང་གི་སྒོ་ཐད་དུ་ཁེལ་ཡོད་ཚེ་སྒོ་ལྷ་འགོག་འགྲོ་ཟེར་བ་རེད།  དེ་བས་དར་ལྕོག་དེ་སུ་ཚང་གི་སྒོ་ཐད་དུ་ཁེལ་ཡོད་ན་དེ་ཚང་ལ་གནོད་པ་ལས་སྡེ་བ་གང་བོར་གནོད་ཀྱི་མ་རེད" ཅེས་འགུལ་ནས་ལྷུང་ལ་ཁད་ཀྱི་མདུན་སོ་དེ་ལྕེས་སྒུལ་སྒུལ་གཏོང་བཞིན"ད་ནི་ལོ་ལོན་རིམ་བཞིན་སོའང་གཅིག་རེ་གཅིག་རེ་བྱས་ནས་ལྷུང་བཞིན་འདུག ཧི་ཧི"ཟེར། 

 

        ངས་ཞིབ་འདང་ཞིག་བརྒྱབ་པ་ན།  དར་ལྕོག་དེ་ཨ་ཡེ་མཚོ་མོ་མོ་རང་གི་སྒོ་ཐད་དུ་ཁེལ་ཡོད་པར་འདོད།  དེ་བས་ཨ་ཡེ་མཚོ་མོ་མོ་རང་ལ་མ་གནོད་ན་གཞན་པར་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་བཞིན་ཡར་ལངས་ནས་སོང་སྟེ་ཕྱོགས་སོ་སོར་ཞིབ་ལྟ་ཞིག་བྱས་པ་ན།  བར་ཐག་ཧ་ཅང་རིང་བའི་མཚམས་ཀྱི་རི་མཐོན་པོ་ཞིག་གི་རྩེ་རུ་ལབ་ཙེ་ཞིག་ཡོད་པ་དེ་ངེད་ཚང་གི་སྒོ་ཐད་དུ་ཏག་ཏག་ཁེལ་འདུག་པ་མཐོང་།  ངས་མྱུར་དུ"ཨ་ཁུ།  དེས་ན་ཕར་གྱི་ལབ་ཙེ་དེ་འུ་ཚང་གི་སྒོ་ཐད་དུ་ཁེལ་ཡོད་པ་མ་ཡིན་ནམ"ཞེས་མཛུབ་མོས་ཕྱོགས་དེ་བསྟན་པར།  "ཨི་ཧི།  འོ།  དེ་རེད།  དེ་འུ་ཚང་གི་ཁང་པ་གསར་དུ་སྐྲུན་སྐབས་སྤྲུལ་སྐུ་བསྟན་འཛིན་ཚང་ལ་ཕྱག་མོ་ཞུས་ཏེ་སྒོའི་ཀླད་ཀྱི་གྱང་ངོས་ན་ཡོད་པའི་མེ་ལོང་དེ་བཞག་པ་རེད" ཨ་ཁུའི་མཛུབ་མོས་མེ་ལོང་དེ་སྟོན་ཙམ་བྱས།  

 

        ཆུང་དུས་ནས་སྒོའི་ཀླད་ན་མེ་ལོང་ཆུང་ཆུང་ཞིག་གྱང་ངོས་སུ་སྦྱར་ཡོད་པ་མཐོང་མྱོང་མོད།  དེ་ཅི་རེད་དང་ཅིའི་ཕྱིར་སོགས་སུ་ལའང་དྲིས་མ་མྱོང་ལ་དོ་སྣང་ཡང་དེ་འདྲ་བྱས་མ་མྱོང་། 

        "དེ་ཅི་ཞིག་ལ་ཕན་པ་རེད"ངས་ནི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་དོགས་གཞི་དེ་དག་ལ་གསར་དུ་དོ་སྣང་བྱེད་འགོ་བརྩམས།  "མེ་ལོང་དེ་ལབ་ཙེ་དེ་དང་ཁ་གཏད་དུ་ཡོད་ལ།  ལབ་ཙེ་དེ་མེ་ལོང་ངོས་སུ་བརྒྱབ་སྟེ་ལྡོག་འཕྲོ་བྱས་ནས་ཁ་ཕྱིར་བསྐོར་འགྲོ་བ་རེད།  དེ་བས་ལབ་ཙེ་དེས་འུ་ཚང་གི་སྒོ་ལྷ་འགོག་མི་ནུས"ཟེར་བ་དང་།  ཡང་མུ་མཐུད"སྤྱིར་བཤད་སྲོལ་ལྟར་ན།  དཔེར་ན།  སྒོ་ཐད་དུ་མི་ཞིག་གིས་ལྐོག་ལྟ་བྱེད་བཞིན་ཡོད་པ་ལྟ་བུའི་ལབ་ཙེ་དང་དར་ལྕོག མཆོད་རྟེན་སོགས་ཀྱི་མགོ་ཁོ་ན་མཐོང་བ་ཙམ་དུ་ཡོད་པ་ཁེལ་མི་རུང་ཟེར་བ་ལས།  རྩ་བའམ་གདན་པ་དང་བཅས་པ་མཐོང་ཐུབ་ཚེ་སྐྱོན་གྱི་མ་རེད་ཟེར་སྲིད་མོད།  འོན་ཀྱང་ཚང་མས་རྣམ་རྟོག་བསལ་ཆེད་དུ་དེ་ལྟར་བྱེད་སྲིད"ཟེར།   

 

        ངའི་སེམས་ནང་ནི་དོགས་གཞི་གལ་ཆེན་ཞིག་སེལ་སོང་བ་ལྟར་སྤྲོ་བ་ཞིག་རྒྱས་མོད།  ཡང་ཕྱོགས་གཞན་ཞིག་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་ཙམ་ལའང་གོ་རྟོགས་ཀྱིས་དབེན་པའི་ཤེས་དམན་ངས་སློབ་ཆེན་པ་ཞིག་གི་མིང་བྱང་ཁུར་ཏེ།   གཞན་གྱི་རིག་གནས་ལ་སློབ་སྦྱོང་བྱེད་ཁུལ་བྱེད་པ་འདི་ཅི་འདྲའི་ངོ་གནོང་དགོས་པའི་ལས་ཤིག་མ་ཡིན་ནམ་སྙམ་བཞིན་རང་གིས་རང་ལ་ངོ་གནོང་དགོས་པ་ཞིག་ཀྱང་བྱུང་། 

 

        "དངོས་གནས་དེ་འདྲ་ཞིག་ཡིན་ཚེ།  དེ་སྔོན་ཨ་ནེ་དགའ་སྐྱིད་ཀྱིས་བཤད་པའི་སྐད་ཆ་དེ་དག་ངོ་མ་ཡིན་ནམ།   ཡང་ན་མི་ག་གེ་མོ་ཞིག་གིས་མི་ཤེས་ཤེས་ཁུལ་བྱས་པ་ཡིན།  དེ་ཡིན་ཚེ་ཁྱི་ཉལ་བའི་མགོ་ལ་?་འཕངས་པ་དང་མི་རང་འདུག་མགོ་ལ་གྱོད་བཞག་པ་མིན་ནམ།  ཨ་ཡེ་རྒན་མོ་འདི་འདྲ་བ་ཞིག་ལ་བཙན་ཚོད་མེད་?་ཐོག་ཕུར་འཛུགས་བྱས་པ་མ་ཡིན་ནམ།  ཡང་མིན་ན་ཨ་ཡེ་མཚོ་མོས་གོང་གི་ཨ་ཁུ་རྒྱ་མཚོས་བཤད་པའི་བཤད་སྲོལ་དེ་དག་རྟོགས་ཀྱི་མེད་པའམ།  ཡང་ན་མོས་རྣམ་རྟོག་མཁན་ལ་འདྲེ་སྡང་ཞེས་པའི་གནས་ལུགས་རྟོགས་ཡོད་པ་ཡིན་ནམ།  ཡང་ན་……"ངས་དེ་ལྟར་སེམས་ནས་རང་གིས་རང་ལ་དྲི་བ་མང་པོ་ཞིག་འདོན་དགོས་བྱུང་།

 

        མཚན་མོ་འདིར་གྲང་ངར་ཧ་ཅང་ཆེ།   ཨ་མདོ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནམ་གཤིས་སྔོན་བརྡ་ལྟར་ན།  འདི་ཕྱོགས་སུ་ཉིན་འགའ་ལ་ཁ་བ་ཆེན་པོ་ཞིག་འབབ་པར་ཐེ་ཚོམ་མེད།  དེ་རིང་ནི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ཡིན་ལ།  ཡར་ངོའི་ཚེས་བཅུའི་ཟླ་བ་མཁའ་དབྱིངས་ནས་ཕྱོགས་ཀུན་ལ་འཕྲོས་འདུག ནུབ་བྱང་མཚམས་ནས་སྤྲིན་ནག་ཡུག་གཅིག་གིས་ནམ་མཁའ་འགེང་བར་བྱས་ཏེ་ཡོང་བཞིན་འདུག་ལ།   ཅུང་ཙམ་ནས་ཟླ་འོད་དེའང་རྨེག་མེད་དུ་བཏང་སོང་། 

 

        ཁ་སང་ཉི་མ་བཞུད་ཤུལ་དང་དོ་ནུབ་ཟླ་འོད་ཡལ་ཤུལ་དུ་ཨ་ཡེ་མཚོ་མོས་མགོ་དགྱེ་ནས་བལྟ་ཡུལ་ཁ་གཏད་ཀྱི་ནམ་མཁའ་སྟོང་པ་དང་།  མགོ་བསྒུར་ནས་བལྟ་ཡུལ་རང་ཉིད་ཀྱི་?ག་སྣེ་ཁོ་ན་ཡིན་པའི་ཁེར་རྐྱང་གི་འཚོ་བར་ཆིག་ལབ་རྒྱག་བཞིན་ཉིན་ཞག་སྐྱེལ་བཞིན་པར་སུ་ཞིག་གིས་དོ་སྣང་བྱེད་སྲིད་དམ། 

 

        དེ་ནས་ཅུང་ཙམ་འགོར་བ་ན་ཁ་ཕྱོགས་ངེས་མེད་ཀྱི་རླུང་བུ་རྒོད་པོ་ཞིག་གིས་ཁ་བའི་འདབ་མར་ཁ་ལོ་བསྒྱུར་ཏེ།  ཕ་ཡུལ་འདིའི་ཁོ་ར་ཁོར་ཡུག་ལ་ཁ་བ་བུ་ཡུག་གིས་གཡོགས་པ་དང་ཁོར་ཡུག་འདིའི་ཀློང་ན་དར་ལྕོག་དེས་འཐེན་པའི"ལྕག"སྒྲ་སྔར་ལས་བཙན་ཞིང་གསལ་ལ།  ཨ་ཡེ་མཚོ་མོའི་ཁང་པ་ཐོག་གཅིག་མ་དེའི་འོག་གི་སྒེའུ་ཁུང་ལས་འཕྲོས་པའི་གློག་འོད་དེ་སྔར་ལས་གཉོམ་ཞིང་མོག་པོར་འདུག དུ་ཁུང་ལས་དུ་བ་སྔོ་ལྷོག་ལྷོག་ཅིག་བཙན་དང་ཤུགས་ཀྱིས་རླུང་གི་རྒྱུ་བའི་ཁྲོད་ཁ་བ་བུ་ཡུག་དང་འདྲེས་ནས་སྐྱོད་བཞིན་འདུག 

ཁ་སང་དགོང་མོར་ཨ་མ་དང་ནུ་མོ་གཉིས་སོང་ནས་མཚེར་ཤུལ་གྱི་ཨོང་བ་དག་བསྡུས་ཏེ་ཨ་ཡེ་མཚོ་མོ་ལ་བསྐྱལ་མེད་ཚེ།  དོ་དགོང་མོའི་དུ་ཁུང་གི་དུ་བ་དེ་མཐོང་རྒྱུ་ཡོད་མེད་ལའང་ཐེ་ཚོམ་ཟོས་ཤིང་།  ཨོང་བ་དག་ཁ་བ་མཐུག་པོ་ཞིག་གིས་མནན་ཏེ་ནམ་ཞིག་ལ་ལོན་ཐུབ་མིན་ཡང་མི་ཤེས།  

 

        དེ་ལྟར་ངའི་ལུས་ཡོངས་རྫོགས་གྲང་འདར་བརྒྱབ་ཅིང་ནང་སེམས་པའང་གྲང་ཤུར་ཤུར་དུ་གྱུར།  ངས་ན་ཟུག་མེད་པར་འཁུན་སྒྲ་དང་དོན་དག་མེད་པར་མཆི་མ་བཏོན་པ་མིན་མོད།   ནམ་ཞིག་དར་ལྕོག་དེ་ཡང་བསྐྱར་སུ་ཞིག་གིས་བསྒྱེལ་འགྲོ་བར་དོགས་པ་དང་།  ལ་རྩེའི་ཉི་མ་དང་ལ་རྟིང་གི་གྲིབ་མ་བཞིན་གྱི་ཨ་ཡེ་མཚོ་མོའི་ཚེ་སྲོག་གི་རྒྱུ་བ་དེ་ནམ་ཞིག་གི་བར་དུ་གནས་ཐུབ་བམ་སྙམ་ནས་སྐྱོ་ལྷང་ལྷང་གི་དངན་པ་རེ་དབང་མེད་དུ་ཤོར་བྱུང་། 

 

རྩོམ་སྒྲིག་འགན་འཁུར་བ།  ལྷ་གཡང་ནོར་བུ།


རྩོམ་ཡིག་རྗེས་མ།
གཡང་དཔོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1